མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    དུས་རབས་ཉི་ཤུ་པ་མཇུག་བསྒྲིལ་ལ་ཉེ་བ་དང༌། ང་ཚོ་བོད་མི་རིགས་ཀྱིས་རང་དབང་སྒེར་ལངས་བྱས་ཏེ་ལོ་སུམ་ཅུ་སོ་བརྒྱད་འཁོར་བར་དྲན་གསོ་བྱེད་པའི་སྐབས་འདིར་རང་ཅག་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འདི་ལོ་རྒྱུས་ཀྱི་དུས་མཚམས་གནད་འགག་ཆེན་པོ་ཞིག་ཏུ་སླེབས་ཡོད། འཛམ་གླིང་འདི་འབྲེལ་ཐག་ཇེ་ཉེར་ཕྱིན་པའི་དབང་གིས་ཕན་ཚུན་གཅིག་ལ་གཅིག་བརྟེན་པའི་ལྟོས་ཤུགས་ཇེ་ཆེར་སོང་ནས་རྒྱལ་ཁབ་གཅིག་གི་དཀའ་ངལ་རྒྱལ་ཁབ་དེ་གཅིག་པུས་སེལ་ཐབས་མེད་པར་འགྱུར་ཡོད་པས། འཛམ་གླིང་འདིར་གཞན་ཕན་གྱི་བསམ་བློ་མེད་ན། རང་རེའི་མདུན་ལམ་ཉེན་ཁའི་གནས་སུ་ལྷུང་ངེས་ཡིན།     དེང་སྐབས་དྲག་པོའི་རྟེན་གཞི་རྒྱ་སྐྱེད་དང༌། འཛུགས་སྐྲུན། མི་འབོར་འཕར་བ་སོགས་ཀྱིས་རྐྱེན་པས་ཁོར་ཡུག་ཉམས་ཆག་ཏུ་འགྱུར་བཞིན་པ་དང༌། རང་བྱུང་གི་ནུས་པའི་འབྱུང་ཁུངས་དང༌། གཏེར་ཁའི་འབྱུང་ཁུངས་གསར་པ་འཚོལ་ཞིབ་བྱེད་པའི་ཐད་ཁྱོན་ཡོངས་ལ་བསམ་བློ་མ་བཏང་བར་འཕྲལ་ཁེ་གཙོ་བཟུང་བྱས་ན། དེ་ནི་མིག་རྒྱང་ཐུང་བའི་བྱ་ཐབས་ཤིག་ཡིན་པས་ཕན་ཐོགས་མེད། དེང་དུས་ཚན་རིག་ཡར་རྒྱས་སོང་བ་འདིས་འགྲོ་བ་མིའི་དཀའ་ངལ་སེལ་རྒྱུར་ཕན་ནུས་གང་ཙམ་བྱུང་ཡོད་ཀྱང༌། གོང་དུ་བརྗོད་པ་ལྟར་འཛམ་གླིང་གི་དཀའ་ངལ་མཐའ་དག་སེལ་ཐབས་སུ་ཚན་རིག་གཅིག་པུ་ཡར་རྒྱས་གཏོང་བ་ཙམ་མ་ཡིན་པར། བྱམས་སྙིང་རྗེ་དང༌། ཕན་ཚུན་མཛའ་བརྩེ། གདུང་སེམས་མཉམ་བསྐྱེད་སོགས་བཟང་སྤྱོད་ཀྱི་ནུས་པ་འཕེལ་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཡིན།

    ང་རང་ཚོས་འགན་ཁུར་ལྡན་པའི་འཚོ་བ་ཚུལ་ལྡན་ལ་སྤྱོད་ཐུབ་པའི་ཆེད་དུ་བསམ་བློ་གསར་པ་གཏོང་རྒྱུ་ནི་གལ་ཆེན་པོ་ཡིན། གལ་ཏེ་ང་ཚོས་དུས་ལས་ཡོལ་ཟིན་པའི་ལྟ་བ་དང་བསམ་བློ་རྒྱུན་འཛིན་བྱེད་པ་དང༌། ཁྱོན་ཡོངས་ཀྱི་གནད་དོན་ལ་བསམ་བློ་མི་གཏོང་བར། རང་དོན་ཁོ་ན་སྙིང་བཅངས་བཅས་བྱས་པ་ཡིན་ན་རང་རེའི་དམིགས་ཡུལ་བཟང་སྤྱོད་ཡར་རྒྱས་འགྲོ་མི་ཐུབ། བསམ་བློ་དེ་འདྲ་གཏོང་མཁན་གྱི་མི་མང་པོ་ཡོད་ན་དེ་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་པའི་འཛམ་གླིང་འདི་ཞི་བདེ་མཉམ་གནས་ཀྱི་སྤྱི་ཚོགས་ཤིག་ཏུ་འཕོ་འགྱུར་འགྲོ་རྒྱུའི་འགལ་རྐྱེན་ཡིན། ང་ཚོས་སོ་སོའི་ཉམས་མྱོང་བྱུང་རིམ་ནས་བསླབ་བྱ་ལེན་དགོས་པ་ལྟར།

    དུས་རབས་ཉི་ཤུ་པའི་འདས་པའི་གནས་ཚུལ་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། དུས་རབས་འདིའི་ནང་མིས་སྡུག་བསྔལ་མྱོང་དགོས་བྱུང་བ་དང༌། མིའི་ཆེ་མཐོང་དང༌། རང་དབང༌། ཞི་བདེ་བཅས་བརླག་པའི་རྒྱུ་རྐྱེན་གཙོ་བོ་ནི་ཕན་ཚུན་བར་གྱི་འགལ་བ་སེལ་ཐབས་སུ་དྲག་ཤུགས་བེད་སྤྱོད་བྱས་པ་དེ་ཡིན། དེར་བརྟེན་དུས་རབས་ཉི་ཤུ་པ་འདི་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་རེད་ཅེས་བརྗོད་ཆོག རིང་མིན་འཆར་ལ་ཉེ་བའི་དུས་རབས་ཉེར་གཅིག་པ་དེ་གྲོས་མོལ་དང༌། ཞི་བདེ་མཉམ་གནས་ཀྱི་དུས་རབས་ཤིག་ཡོང་ཆེད་ང་ཚོས་འབད་བརྩོན་བྱེད་དགོས་པ་ཡིན། མིའི་སྤྱི་ཚོགས་ནང་ཕན་ཚུན་བསམ་ཚུལ་དང༌། ཁེ་ཕན་མ་མཐུན་པ་རྒྱུན་མཐུད་ཡོང་ངེས་ཡིན་ནའང༌། ད་ལྟའི་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་རྒྱུ་སྐར་ཆུང་ཆུང་འདིའི་ཐོག་མཉམ་དུ་སྡོད་དགོས་ཀྱི་ཡོད་པར་བརྟེན་རྒྱལ་ཁབ་ཕན་ཚུན་བར་དང༌། མི་སྒེར་ཕན་ཚུན་བར་ཁེ་ཕན་དང་བསམ་ཚུལ་མི་མཐུན་པའི་དཀའ་ངལ་ཡོད་རིགས་བློ་གྲོས་དང༌། རྣམ་དཔྱོད་ལྡན་པའི་སྒོ་ནས་ཕན་ཚུན་གླེང་མོལ་བྱས་ཏེ་སེལ་ཐབས་བྱེད་དགོས།

    འགྲོ་བ་མིའི་མདུན་ལམ་གྱི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་འགན་གལ་ཆེ་ཞིག་ནི་ཕན་ཚུན་གླེང་མོལ་དང༌། འཚེ་བ་སྤོང་བའི་རིགས་པའི་གཞུང་ལུགས་གོང་འཕེལ་གཏོང་ཐབས་བྱེད་དགོས་པ་དེ་ཡིན་ཞིང༌། སྲིད་གཞུང་ཁག་གིས་འཚེ་བ་མེད་པའི་ལྟ་སྤྱོད་ལ་མོས་མཐུན་བྱེད་པ་དང༌། དེ་རྩ་ཆེར་འཛིན་པའི་ཚིག་ཙམ་གྱིས་མི་ཕན་པར་དེ་དག་ཁྱབ་སྤེལ་འབྱུང་ཐབས་སུ་ལག་ལེན་དངོས་སུ་བསྟར་དགོས། ངོས་ནས་དེ་ལྟར་ཡིད་ཆེས་བྱས་ཏེ་ད་བར་བོད་མིའི་རང་དབང་གི་འཐབ་རྩོད་འདི་འཚེ་མེད་ཞི་བའི་ལམ་ཕྱོགས་སུ་སྣེ་འཁྲིད་བྱས་པ་དང༌། བོད་དོན་དཀའ་ངལ་སེལ་ཐབས་སུ་ཞི་འགྲིགས་ཀྱི་ཀུན་སློང་བཅངས་ནས་གྲོས་མོལ་བྱས་ཏེ་ཕན་ཚུན་གཉིས་མོས་ཀྱི་ཐབས་ལམ་ཞིག་རྙེད་ཐབས་བྱས་ཡོད།

    སྟོན་པ་ཐུགས་རྗེ་ཅན་གྱིས་འཚེ་མེད་ཞི་བ་དང༌། བྱམས་པ་དང་སྙིང་རྗེའི་ལམ་སྟོན་གནང་བ་གཞིར་བཟུང་ང་ཚོས་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་ལ་བརྩེ་གདུང་བཅངས་ནས་དྲག་འཐབ་ཀྱི་རིགས་སྤོངས་དགོས་པ་ལྟར། འཚེ་མེད་ཞི་བའི་ཐབས་ལམ་འདི་ནི་ང་ཚོ་བོད་མིའི་རྩ་དོན་སྒྲུབ་པའི་ཐབས་ལམ་བཟང་ཤོས་དང༌། ཕུགས་རྒྱང་རིང་པོར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན་པར་མ་ཟད། དོན་དངོས་ཐོག་སྒྲུབ་ཐུབ་པ་ཞིག་ཀྱང་ཡིན་པར་ཡིད་ཆེས་ཡོད།

    ང་ཚོས་དེ་རིང་དུས་དྲན་ལ་སྲུང་བརྩི་ཞུ་བ་དང་བསྟུན་བར་ལམ་བོད་ནང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལོ་གཅིག་སོང་བའི་གནས་ཚུལ་ལ་ཕྱི་མིག་ལྟ་སྐབས་རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་པ་རེད། སྔ་ལོ་ཕྱི་ཟླ་བཞི་པར་རྒྱ་ནག་གཞུང་གིས་བོད་ནང་རྡུང་རྡེག་ཚ་ནན་གཏོང་བ་ཟེར་བའི་ལས་འགུལ་སྤེལ་ཏེ་སོ་སོའི་ཆབ་སྲིད་ཀྱི་དགོས་འདུན་ཞི་བའི་ལམ་ནས་འདོན་མཁན་བོད་མི་རྣམས་ལ་མནར་གཅོད་གཏོང་བ་དང༌། བཙོན་འཇུག་བྱེད་ཤུགསཆེ་རུ་བཏང་ཡོད། དེ་བཞིན་དགོན་སྡེ་ཁག་ནང་ཆབ་སྲིད་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་བའི་རྐྱེན་གྱིས་གྲྭ་བཙུན་མང་པོ་ཞིག་དགོན་པ་ནས་ཕྱིར་འབུད་བྱས་པ་དང༌། ཁག་གཅིག་བཙོན་དུ་བཅུག་པ་དེའི་ཁོངས་ནས་འགའ་ཞིག་འདས་གྲོངས་སུ་སོང་ཡོད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གང་དུ་བཞུགས་ཡོད་ད་ལྟའང་གསལ་པོར་ཤེས་རྟོགས་མ་ཐུབ་པར་བརྟེན། ཁོང་གི་དོན་དུ་བློ་འཚབ་ཧ་ཅང་ཆེན་པོ་འདུག

    སྔ་ལོ་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཞིག་བཏང་སྟེ་ཁོང་ཚོས་བོད་ཀྱི་གནའ་རབས་ཀྱི་ཆོས་དང༌། རིག་གཞུང་ལ་གུས་བརྩི་བྱེད་པའི་ཕྱི་ཚུལ་གྱི་རྣམ་པ་དེ་ཡང་ཡོངས་སུ་དོར་བའི་སྲིད་བྱུས་གསར་པ་ཞིག་བཏོན་པའི་ནང༌། ནང་པའི་ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ལ་བསྟུན་དགོས་པ་ལས། སྤྱི་ཚོགས་རིང་ལུགས་ཀྱིས་ནང་པའི་ཆོས་ལུགས་ལ་བསྟུན་ཐབས་མེད་ཅེས་དང༌། ནང་པའི་ཆོས་ལུགས་ཀྱིས་བོད་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་གནོད་ཀྱི་འདུག་ཅེས་བརྗོད་འདུག སྲིད་བྱུས་གསར་པ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང༌། རྒྱལ་ཁབ་ཀྱི་ངོ་བོ་བཅས་གོ་རིམ་ལྡན་པའི་སྒོ་ནས་ཉམས་ཆག་དང་རྩ་མེད་གཏོང་ཐབས་བྱེད་བཞིན་པ་གསལ་པོར་མཚོན་ཐུབ།

    དེ་བཞིན་བོད་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྤྲོད་རྒྱུ་ཉུང་དུ་བཏང་འདུག ལྷ་སར་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ལ་དེའི་གོང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ཀྱི་སློབ་ཚན་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་ཀྱང༌། ད་ཆ་སློབ་ཚན་དེ་དག་རྒྱའི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་འགྱུར་བ་བཏང་ཡོད་པ་དང༌། ལོ་རབས་བརྒྱད་ཅུ་པའི་ནང་ཞི་བར་གཤེགས་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་བོད་ནང་ཚོད་ལྟའི་བོད་ཡིག་གི་འབྲིང་རིམ་སློབ་གྲྭ་ཆེད་འཛུགས་གནང་ཡོད་པ་དེ་དག་ཀྱང་སྒོ་རྒྱག་བཞིན་ཡོད་ཅིང༌། དངོས་འབྲེལ་བྱས་ན་སློབ་གྲྭ་དེ་རིགས་ཀྱིས་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་བརྟེན་བོད་མིས་བསྔགས་བརྗོད་ཆེན་པོ་བྱས་ཡོད་པ་རེད།

    ད་ཆ་བོད་ནང་ཕྱོགས་གཅིག་ནས་བོད་ཀྱི་རིག་གཞུང་དང༌། ཆོས་ལུགས། ཤེས་རིག་སོགས་ཉམས་དམས་སུ་གཏོང་བའི་ལས་འགུལ་གསར་པ་སྤེལ་བ་དང༌། ཕྱོགས་གཞན་ཞིག་ནས་བོད་ནང་རྒྱ་མིའི་མི་འབོར་སྤོ་ཞུགས་མུ་མཐུད་བྱེད་བཞིན་པ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང༌། ཆོས་ལུགས་ཀྱི་ངོ་བོ་ཉམས་དམས་སོང་སྟེ། བོད་མི་རྣམས་རང་གི་ལུང་པའི་ནང་མངོན་གསལ་མེད་པའི་གྲངས་ཉུང་མི་རིགས་ཤིག་ཏུ་འགྱུར་བཞིན་དུ་མཆིས། སྲིད་བྱུས་དེ་དག་ནི་བོད་ཀྱི་རིག་གཞུང་རྩ་མེད་གཏོང་རྒྱུར་དམིགས་པ་ཞིག་ཡིན་སྟབས་ད་ཆ་བོད་ཀྱི་གྲོང་ཁྱེར་ཆེ་ཁག་ནང་བོད་མི་རྣམས་མི་གྲལ་གྱི་མཐའ་ལ་འབུད་བཞིན་ཡོད། ད་ལྟའི་གནས་ཚུལ་ལྟར་རྒྱའི་མི་འབོར་སྤོ་ཞུགས་མུ་མཐུད་བྱས་པ་ཡིན་ན། ལོ་ངོ་བཅུ་ཕྲག་ཁ་ཤས་ནང་བོད་མིའི་གོམས་གཤིས་དཔལ་ཡོན་རྩ་མེད་དུ་འགྲོ་ཉེན་ཡོད།

    རྒྱའི་བྱ་སྤྱོད་དེ་དག་ལ་བོད་མི་རྣམས་ཀྱིས་གཙོ་བོ་ཞི་བའི་ཐབས་ལམ་གྱི་སྒོ་ནས་ངོ་རྒོལ་བྱས་དང་བྱེད་བཞིན་ཡོད་ཅིང༌། མི་མང་སུ་འདྲ་ཞིག་ཡིན་རུང་ཁོང་ཚོར་དྲང་བདེན་མིན་པའི་བྱ་སྤྱོད་རིགས་ལ་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་པའི་ཐོབ་ཐང་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་ཉེ་ཆར་བོད་ནང་འབར་གས་ཀྱི་གནས་ཚུལ་རེ་གཉིས་ཐོན་པ་དེར་ངོས་རང་བློ་འཚབ་ཆེན་པོ་བྱུང༌། ང་རང་གི་ངོས་ནས་བོད་མི་རྣམས་ལ་འཚེ་མེད་ཞི་བའི་ལམ་ཐོག་བསྐྱོད་དགོས་པའི་འབོད་སྐུལ་མུ་མཐུད་བྱ་རྒྱུ་ཡིན། འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་གདུག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱེད་མཚམས་མ་བཞག་ན་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་བཀག་འགོག་བྱེད་མི་ཐུབ་པའི་གནས་སུ་གྱར་ངེས་ཡིན། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱ་ནག་དང༌། ཕྱི་རྒྱལ་ཡུལ་གྲུ་ཁགཏུ་ཡོད་པའི་རྒྱའི་མི་མང་དང་འབྲེལ་བ་བྱེད་རྒྱུ་འདི་དམིགས་བསལ་གྱི་གལ་གནད་ཆེན་པོར་མཐོང༌། བོད་མི་མང་དང་རྒྱའི་མི་མང་བར་བསམ་ཚུལ་ཤེས་རྟོགས་གཏིང་ཟབ་ཡོང་བ་བྱ་རྒྱུ་འདི་ཕན་ཚུན་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན་པས། ཕན་ཚུན་གོ་ཤེས་དང༌། གུས་བརྩི། ཞི་བདེ་བཅས་ཡོང་བའི་ཆེད་དུ་མི་དང་མིའི་བར་འབྲེལ་བ་བྱ་རྒྱུ་འདི་ངས་དུས་རྟག་ཏུ་ཧ་ཅང་གལ་ཆེན་པོར་བརྩི་གི་ཡོད། ཉེ་ལམ་བོད་རྒྱའི་མི་མང་དབར་གོ་བསྡུར་རིམ་པ་འབྱུང་བཞིན་ཡོད་པ་འདིས་ང་ཚོ་ཕན་ཚུན་གཉིས་ཀས་བློ་འཚབ་བྱེད་པའི་གནས་ཚུལ་དང༌། རེ་འདུན་ཇི་ཡོད་ཕན་ཚུན་གོ་རྟོགས་སྤེལ་རེས་བྱ་རྒྱུའི་ཐད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། རྒྱ་ནག་ནང་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་རྒྱའི་སྤུན་ཟླ་ཕོ་མོ་རྣམས་ཀྱི་ནང་ནས་བོད་མི་མང་གི་དཀའ་སྡུག་དང༌། གཞི་རྩའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་སོང་བ་འདི་ང་ཚོར་མཚོན་ན་དམིགས་བསལ་གྱི་སྐུལ་ལྕག་དང༌། ང་ཚོའི་སེམས་ཤུགས་སྤེལ་བའི་ཆ་རྐྱེན་དུ་གྱུར།

    ཉེ་དུས་ཏེང་ཞའོ་ཕིང་འདས་གྲོངས་གྱུར་པ་དེ་རྒྱ་ནག་གི་ངོས་ནས་ཧ་ཅང་ཕངས་པོ་བྱུང་ཡོད་ལ། ཏེང་ཞའོ་ཕིང་དང་ང་རང་ངོ་ཤེས་ཡོད། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་དཀའ་རྙོག་རྣམས་ང་ཚོ་ཕན་ཚུན་ཐད་ཀར་འབྲེལ་བ་བྱས་ཏེ་གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་གྲོས་འགོ་འདོན་མཁན་ཡང་ཏེང་ཞའོ་ཕིང་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ་ཁོང་གི་མི་ཚེའི་རིང་ཁ་བཤད་ལག་བསྟར་གྱི་དོན་ཕན་ལྡན་པའི་གྲོས་མོལ་ཞིག་བྱེད་ཐུབ་མེད། ཁོང་གི་རྗེས་སུ་ལས་གནས་འཛིན་མཁན་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་གནད་དོན་དཀའ་རྙོག་འདི་གྲོས་མོལ་གྱི་ལམ་ནས་སེལ་སླད་ལམ་སྒོ་གསར་པ་ཞིག་འབྱེད་རྒྱུའི་སྙིང་སྟོབས་དང༌། བློ་རྩལ་འདོན་རྒྱུར་ངས་ཁ་ཞེ་གཉིས་མེད་ཀྱི་རེ་བ་བྱེད་ཀྱི་ཡོད།

    རྒྱ་ནག་ནང་དུས་རབས་གསར་པ་ཞིག་འགོ་ཚུགས་ཟིན་པ་དེས་དོན་ཕན་ལྡན་པའི་འགྱུར་བ་གཏོང་རྒྱུའི་གོ་སྐབས་གསར་པ་ཞིག་སྤྲད་ཡོད། ཤར་ཏུར་ཀི་སི་ཐན་ ཤིང་ཅང་ ནང་ཡུ་གུར་མི་མང་གིས་ཉེ་ཆར་ངོ་རྒོལ་རྔམ་སྟོན་བྱས་པ་དེར་དྲག་ཤུགས་ཀྱིས་རྡུང་རྡེག་བཏང་བ་དང༌། དེ་རྗེས་དྲག་པོའི་བྱ་སྤྱོད་བྱུང་བ་རྣམས་ནི་བློ་ཕམ་བྱེད་འོས་པའི་གནས་ཚུལ་ཐབས་སྐྱོ་པོ་ཞིག་རེད། བོད་དང་འདྲ་བར་ཤར་ཏུར་ཀི་སི་ཐན་གྱི་ནང་དུ་ཡང་རྒྱུན་རིང་བདེ་བར་འཚོ་གནས་ཐུབ་པའི་ཐབས་ལམ་དེ་ཞི་བའི་གྲོས་མོལ་ཁོ་ནར་བརྟེན་ནས་འཚོལ་དགོས། རྒྱ་ནག་གཞུང་གི་ལས་འགན་གཞན་ཞིག་ནི་ཧོང་ཀོང་རྒྱ་ནག་གི་མངའ་ཁོངས་སུ་རྩིས་ལེན་བྱེད་སྐབས་དཀའ་རྙོག་མི་ཡོང་བ་བྱེད་དགོས་པ་དང༌། དེ་བཞིན་དུས་བསྟུན་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་རྣམ་དཔྱོད་ལྡན་པའི་སྲིད་བྱུས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་འདི་ཁ་ཞེ་གཉིས་མེད་ཀྱི་ལག་ལེན་བསྟར་དགོས་པ་དེ་ཡིན། གོང་དུ་བརྗོད་པའི་གནད་དོན་རྣམས་ཀྱི་ཐད་དགེ་མཚན་ལྡན་པའི་ལག་ལེན་ཞིག་བསྟར་བ་ཡིན་ན་རྒྱ་ནག་ནང་ཁུལ་དང༌། རྒྱལ་སྤྱིའི་འབྲེལ་ལམ་གང་ཅི་ནས་ཆབ་སྲིད་ཀྱི་ཐོག་ཡིད་ཆེས་དང༌། གུ་ཡངས་ཀྱི་བསམ་ཤེས་ཐོབ་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན།

    དེང་སྐབས་བོད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་པ་འདིས་འགྲོ་བ་མིའི་དཀའ་ངལ་ལ་ཚང་མའི་སེམས་ནང་རང་བཞིན་ལྷན་སྐྱེས་ཀྱི་གདུང་སེམས་མཉམ་སྐྱེད་ཡོང་གི་ཡོད་པ་དང༌། བདེན་པ་དང་དྲང་བདེན་ལ་ཚང་མའི་སེམས་ནང་གཅེས་ཞེན་གྱི་བསམ་བློ་ཞིག་ཡོང་གི་ཡོད་པ་གསལ་པོར་མཚོན་ཡོད། བོད་དོན་ལ་རྒྱབ་སྐྱོར་བྱེད་པ་དེ་རྒྱ་ནག་ལ་མི་དགའ་བའི་ནུབ་ཕྱོགས་དགྲ་འཛིན་སྟོབས་ཤུགས་ཀྱི་བྱུས་ངན་རེད་ཟེར་བ་ནི། ཆབ་སྲིད་ཀྱི་ཁེ་ཕན་འགྲུབ་ཆེད་བདེན་པའི་གནས་ཚུལ་ལས་གཡོལ་ཐབས་བྱེད་པའི་ཐ་ཤལ་གྱི་བྱ་བ་བློ་ཕམ་བྱེད་འོས་པ་ཞིག་རེད། གང་ཡིན་ཞེ་ན། རང་ཉིད་ཀྱི་བསམ་བློར་འདི་ལྟ་བུའི་སྒྲིབ་གཡོག་གིས་བཀབ་ན་དཀའ་ངལ་སེལ་བའི་ཐབས་ལམ་རྙེད་མི་ཐུབ། བོད་ཀྱི་དཀའ་ངལ་ཕན་ཚུན་གཉིས་མོས་ཀྱི་ཐོག་ནས་སེལ་རྒྱུའི་ཐབས་ལམ་མཐར་ཐུག་དེ་བོད་མི་མང་དང༌། རྒྱའི་མི་མང་ནས་འཚོལ་དགོས་པའི་དངོས་ཡོད་ཀྱི་གནས་ཚུལ་འདི་སྙིང་ལ་བཅངས་ཏེ་ང་ཚོས་རྒྱ་ནག་གཞུང་དང་མུ་མཐུད་གྲོས་མོལ་འབྱུང་ཐབས་འབད་བརྩོན་བྱས་པ་ཡིན།

    འོན་ཀྱང་རྒྱ་ནག་གཞུང་ནས་བོད་མི་མང་གི་དངོས་ཡོད་དཀའ་ངལ་སེལ་བའི་ང་ཚོའི་འབད་བརྩོན་ལ་བསམ་ཤེས་མ་བྱས་སྟབས་ང་ཚོའི་ཁྲིམས་མཐུན་དང་དྲང་བདེན་གྱི་རྩ་དོན་འདི་རྒྱལ་སྤྱིའི་ཐོག་མ་སྐྱེལ་མཐུ་མེད་བྱུང༌། བོད་མི་མང་རྣམས་གདུག་རྩུབ་ཀྱི་དྲག་གནོན་ཤིན་ཏུ་ཆེན་པོ་ཞིག་མྱངས་དང་མྱོང་བཞིན་ཡོད་ཀྱང༌། ཁོང་ཚོས་སྡུག་རུས་དང༌། སྙིང་སྟོབས། བཟོད་བསྲན་བཅས་ཧ་ཅང་ཆེན་པོ་བྱས་ཡོད། ད་དུང་ཡང་དྲང་བདེན་མིན་པའི་བྱ་སྤྱོད་དང༌། དྲག་གནོན་ལ་ངོ་རྒོལ་བྱེད་སྐབས་འུ་ཐུག་ཐབས་ཟད་ཀྱི་གནད་དོན་ཅི་འདྲ་ཞིག་བྱུང་རུང་དྲག་པོའི་ལམ་ལ་བསྐྱོད་མི་རུང་ཞེས་ངས་བོད་མི་རྣམས་ལ་འབོད་སྐུལ་ཞུ་རྒྱུ་ཡིན། གལ་སྲིད་ང་ཚོས་འཁོན་འཛིན་དང༌། ཐབས་ཟད་ཀྱི་དྲག་པོའི་ལམ་དུ་ཞུགས་པ་ཡིན་ན་ང་རང་ཚོ་ཡང་མནར་གཅོད་གཏོང་མཁན་ཚོ་དང་འདྲ་བར་སྨད་འོས་ཀྱི་གནས་སུ་ལྷུང་ངེས་ཡིན།

    འཇིགས་སྐུལ་བྱེད་པ་དང༌། བཙན་དབང་གཏོང་བ། དྲག་ཤུགས་བེད་སྤྱོད་བྱེད་པ་བཅས་ནི་མནར་གཅོད་གཏོང་མཁན་གྱི་ལམ་སྲོལ་ཡིན་ཞིང༌། ང་ཚོའི་འཐབ་རྩོད་ཀྱི་གཞི་རྟེན་ནི་བདེན་དོན་དང༌། དྲང་བདེན། རྒྱུ་མཚན་ཡང་དག་པ་བཅས་ལ་བརྟེན་དགོས། འདི་ནི་ང་ཚོའི་ལག་ཆ་ནུས་པ་ཆེ་ཤོས་དེ་ཡིན། ད་ལྟ་དཀའ་ངལ་ཆེ་བའི་དུས་སྐབས་འདིར་ང་ཚོས་སེམས་ཤུགས་དང༌། ཤེས་རབ། བཟོད་བསྲན་བཅས་ལ་བརྟེན་ནས་འབད་བརྩོན་ཆེན་པོ་བྱེད་དགོས་པ་ཡིན་པས་དེ་ལྟར་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མི་མང་གི་རང་དབང་ཆེད་དུ་ལུས་སྲོག་དོར་བའི་དཔའ་བོ་ཕོ་མོ་རྣམས་ལ་གུས་འདུད་དང༌། སྨོན་ལམ་བཅས།།    །།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese