མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇམ་དབྱངས་ནོར་བུས་སླར་ཡང་བོད་རང་བཙན་ཁུངས་སྐྱེལ་བྱས།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱི་ལྷག་བསམ་དང་ལར་ཞེན། སྙིང་སྟོབས་བཅས་ལ་ཉམས་པ་མེད་པར་ལོ་མང་རིང་དཀའ་སྤྱད་འབད་བརྩོན་བརྒྱུད་དེ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་རྒྱལ་གླུ། ས་ཁྲ། དངུལ་སྒོར། ཕྱིར་སྐྱོད་ལག་ཁྱེར། རྒྱལ་ཁབ་བར་གྱི་ཆིངས་ཡིག རྒྱལ་ཁབ་ནང་ཁུལ་གྱི་སྒྲིག་འཛུགས་བཅས་ཕྱོགས་བདུན་གྱི་ཐད་ནས་བོད་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་འཚོལ་བསྡུ་བྱས་ཏེ། འཛམ་གླིང་མི་དམངས་ལ་དྲ་ཚིགས་དང་བརྙན་འཕྲིན་བརྒྱུད་དེ་ངོ་སྤྲོད་བྱ་མགོ་བརྩམས་ཡོད། 

 

ཕྱི་ཚེས་ ༡༨ ཉིན་ངྷ་ས་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་ནང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་དམངས་སུམ་བརྒྱ་ཡས་མས་ཤིག་ལ། བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་༼རང་བཙན་དོན་དངོས་ཀྱི་ལོ་རྒྱུས་༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བར་ལན་འདེབས། བོད་རང་བཙན་སྐོར་ཁུངས་སྐྱེལ་སྐོར་གྱི་རྒྱུ་ཆ་གལ་ཆེན་ཁག་ཅིག་བརྙན་འཕྲིན་བརྒྱུད་སྤྲོད་བཅས་གནང་སོང་ལ། ཁོང་མུ་མཐུད་དུ་བཙན་བྱོལ་བོད་མིའི་གཞིས་སྒར་གཞན་ཁག་ཅིག་ཏུའང་འགྲོ་རྒྱུ་ཡིན་སྐོར་ཡང་གསུངས་སོང་། ཁོང་གིས་ (www.rangzen.net) ཞེས་བའི་དབྱིན་ཡིག་གི་དྲ་ཚིགས་ཤིག་གསར་དུ་སྒོ་འབྱེད་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་སླར་ཡང་བོད་རང་བཙན་དག་སྐྱེལ་བྱེད་མགོ་བརྩམས་ཡོད་པ་མ་ཟད། དབྱིན་ཡིག་ཐོག་༼བོད་རང་བཙན་གྱི་བཅའ་ཁྲིམས་༽ཞུ་བ་ཞིག་གསར་རྩོམ་གནང་སྟེ། ད་ལྟ་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་སྒྱུར་བྱེད་བཞིན་ཡོད་པ་དང་། མི་འགྱངས་པར་ཁྱབ་བསྒྲགས་བྱ་འཆར་ཡོད་འདུག

 

སྐབས་དེར་འཇམ་དབྱངས་ནོར་བུ་ལགས་ཀྱིས་གསུངས་དོན། ང་རང་རྩོམ་པ་པོ་ཞིག་ཡིན་སྟབས་འདས་པའི་ལོ་མང་རིང་། བོད་རང་བཙན་དང་འབྲེལ་བའི་རྒྱུ་ཆ་མང་པོ་ཞིག་འཚོལ་བསྡུ་བྱས་ཡོད། སྤྱི་ལོ་ ༡༩༤༩ ལོར་རྒྱ་དམག་ཁམས་དང་ཨ་མདོར་སླེབས་པ་རེད། དུས་ཚོད་དེ་ཧ་ཅང་གནད་འགག་རེད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་འཁེལ་ཡོད་སྟབས། ཨ་རི་དང་ཡུ་རོབ་སོགས་ཀྱི་རྒྱལ་ཁབ་ཕལ་ཆེ་བ་དབུལ་བོ་རེད། རྒྱ་གར་དང་རྒྱ་ནག ཉི་ཧོང་སོགས་ཀྱི་གནས་སྟངས་སྐྱོ་བོ་དང་རྙོག་འཛིང་ཆེན་པོ། ཐ་ན་མི་མང་པོ་ལྟོགས་ཤི་ཐེབས་ཀྱིན་ཡོད། སྐབས་དེར་བོད་ནི་རྒྱལ་ཁབ་ཅིག་གི་ངོ་བོར་བསྡད་ཡོད་པ་མ་ཟད། དྲ་རྒྱས་པོ་མེད་ཀྱང་ཟས་གོས་གཉིས་ཀར་དཀའ་ངལ་མེད། དམངས་གཙོ་སྤུས་དག་མེད་ཀྱང་ཁྲིམས་དང་འགྲོ་སྟངས་ཆ་ཚང་ཡོད། སྤྱི་ལོ་ ༡༩༡༢ ལོར་མན་ཇུ་བོད་ནས་ཕྱིར་ཕུད་བཏང་སྟེ། བོད་རང་བཙན་གསལ་བསྒྲགས་གནང་བ་མ་ཟད། བཙོན་པ་ཉེས་ཅན་ཡིན་རུང་སྲོག་ཁྲིམས་མེད་པ་གཏན་འབེབས་བྱས་ཡོད། དེ་འདྲའི་ཁྲིམས་བཟོ་མཁན་འཛམ་གླིང་ནང་བོད་པ་སྔ་གྲས་རེད། རྒྱལ་དབང་ལྔ་བའི་སྐབས་ནས་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་ལ་བདག་གཅེས་ཀྱི་ཁྲིམས་བཟོས་ཡོད། དེ་ཡང་ཡིག་ཐོག་ནས་ཁྲིམས་གཏན་འབེབས་བྱེད་མཁན་བོད་པ་སྔ་གྲས་རེད། ཅེས་གསུངས་བྱུང་།

 

ཁོང་གིས་བོད་ཀྱི་རྒྱལ་དར་སྐོར་ནས་བོད་རང་བཙན་བསྒྲུབས་དོན། སྤྱི་ལོ་ ༡༩༡༦ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་ཀྱི་རྒྱལ་དར་གཏན་འབེབས་བྱས་ཏེ་ལྷ་སའི་དམག་སྒར་དུ་བསྒྲེངས་འཛུགས་བྱས་འདུག སྐབས་དེར་རྒྱལ་དར་གྱི་མཐའི་མཚོན་མདོག་སེར་པོ་དེ་མེད་པ་འདྲ། རྗེས་སུ་ཆོས་མཚོན་བྱེད་དུ་ཁ་སྣོན་བྱས་ཚུལ་བཤད་སྲོལ་འདུག སྤྱི་ལོ་ ༡༩༣༦ ལོར་བོད་ཀྱི་རྒྱལ་དར་དེ་རྒྱལ་སྤྱིའི་སྟེང་སླེབས་པ་རེད། ལོ་དེར་ཨ་རིའི་གསར་དེབ་ཟེར་བ་ཞིག་ཏུ་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་དར་བཀོད་འདུག དེའི་ནང་བོད་པའི་རྒྱལ་དར་ཡང་ཚུད་འདུག སྤྱི་ལོ་ ༡༩༣༣ ལོར་འཇར་མན་གྱི་ཐ་མག་ཅིག་གི་རྒྱབ་ངོས་སུ་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་དར་བཀོད་པའི་ཁྲོད་བོད་པའི་རྒྱལ་དར་བཀོད་འདུག སྤྱི་ལོ་ ༡༩༤༧ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཚོགས་འདུ་ཞིག་འཚོགས་ཏེ། སེམས་དཔའ་ཆེན་པོ་གྷན་ངྷི་མཆོག་གིས་གསུང་བཤད་གནང་འདུག སྐབས་དེར་བོད་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་གཉིས་ཚོགས་ཞུགས་གནང་འདུག་ལ། ཚོགས་ཁང་ཕྱི་རོལ་གྱི་རྒྱལ་ཁབ་ཁག་གི་རྒྱལ་དར་ཁྲོད་དུ་བོད་ཀྱི་རྒྱལ་དར་ཡང་བསྒྲེངས་འདུག

 

ཡང་འཇམ་ནོར་གྱིས་བོད་ཀྱི་རྒྱལ་གླུའི་ཐད་ནས་གསུངས་དོན། སྔོན་མ་འབྲས་སྤྱི་བློན་ཆེན་གྱིས་དེབ་ཅིག་བྲིས་པའི་ནང་། བོད་ལ་གངས་རི་ར་བ་ཟེར་བའི་རྒྱལ་གླུ་རྙིང་པ་ཞིག་ཡོད། ཞེས་བཀོད་འདུག  སྤྱི་ལོ་ ༡༧༤༥ ཡས་མས་སུ་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་མཆོག་གིས་བོད་ཀྱི་རྒྱལ་གླུ་ཐོག་མར་བརྩམས་འདུག ཁོང་བླ་མ་དང་གྲྭ་བ་དེ་འདྲ་མ་རེད། མི་སྐྱ་རེད། ཁོང་ལ་སྡེ་སྲིད་ཀྱི་གོ་གནས་ཡོད་པ་རེད། ད་ལྟའི་བཀའ་བློན་ཁྲི་པ་ལས་གོ་གནས་མཐོན་པོ་རེད། རྗེས་སུ་ང་ཚོ་སྐྱབས་བཅོལ་དུ་འབྱོར་སྐབས། རྒྱལ་བའི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་མའེ་སོར་ནས་བོད་ཀྱི་རྒྱལ་གླུ་གསར་བ། ད་ལྟ་གྱེར་འདོན་བྱེད་བཞིན་པའི་སྲིད་ཞིའི་ཕན་བདེ་ཟེར་བ་འདི་ལྗགས་རྩོམ་གནང་བ་རེད། ཅེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་བོད་ཀྱི་ས་ཁྲའི་ཐད་ནས་བོད་རང་བཙན་དག་སྐྱེལ་བྱས་དོན། སྤྱི་ལོ་ ༡༦༨༠ ལོར་ཧྥ་རན་སིའི་ས་རྒྱུས་མཁས་པ་ཞིག་གིས་ས་ཁྲ་བྲིས་པའི་ནང་བོད་ཆེན་པོ་ Great Tibet ཞེས་ལོགས་སུ་བྲིས་འདུག དེའི་ནུབ་ཕྱོགས་སུ་ད་ལྟའི་ལ་དྭགས་ལ། བོད་ཆུང་བ། ཞེས་བྲིས་འདུག ཟུར་དུ་འབྲུག་ཡུལ་བྲིས་འདུག འབྲུག་ཡུལ་གྱི་མིང་ལ་རྒྱལ་སྤྱིའི་སྟེང་། བྷོད་ཊྲན་ Butan ཟེར་གྱིན་ཡོད། བྷོད་ཟེར་བ་བོད་ཀྱི་དོན་དང་། ཊྲན་ཟེར་བ་སམ་ཊི་ཏའི་སྐད་ནང་སྒོ་ཞེས་པའི་དོན་རེད། དེ་གཉིས་སྦྱར་བ་ཡིན་ན་བོད་ཀྱི་སྒོ་ཟེར་བ་རེད། སྤྱི་ལོ་ ༡༨༢༧ ལོར་ཨ་རི་ནས་ས་ཁྲ་ཞིག་བྲིས་པའི་ནང་དུའང་བོད་དེ་རྒྱ་ནག་ལས་ལོགས་སུ་བཏོན་ཡོད། དེ་བཞིན། མན་ཇུའི་སྔོན་ལ་རྒྱ་ནག་རང་གིས་བཏོན་པའི་ས་ཁྲ་དག་ཏུའང་བོད་དེ་རྒྱ་ནག་གི་ས་ཁོངས་སུ་བཀོད་མེད། མན་ཇུའི་གོང་མ་ཁཱང་ཤིས་ཡི་ཤུ་ཆོས་སྤེལ་མཁན་ཕྱི་གླིང་བ་གཉིས་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་ས་ཁྲ་བཟོ་རུ་བཅུག་ཅིང་། བོད་ཡང་རྒྱ་ཁོངས་སུ་བསྡུ་དགོས་པའི་བཀའ་གནང་ཡོད་ཀྱང་། ཁོང་གཉིས་ཕྱི་རྒྱལ་བ་ཡིན་སྟབས་བོད་ནང་འགྲོ་མ་ཐུབ་པར་སོག་པོའི་གྲྭ་བ་གཉིས་གསང་སྟབས་ཀྱིས་བོད་ནང་བཏང་འདུག སྤྱི་ལོ་ ༡༤༩༢ ལོར་བཟོས་པའི་སའི་གོ་ལའི་དབྱིབས་གཟུགས་ཅན་གྱི་འཛམ་གླིང་གི་ས་ཁྲ་རྙང་ཤོས་དེ་འཇར་མན་གྱི་རྒྱལ་སར་ཡོད། དེའི་ནང་བོད་གསལ་བོར་བཀོད་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

 

འཇམ་ནོར་གྱིས་མུ་མཐུད་དུ་བོད་རང་བཙན་སྐབས་ཀྱི་དངུལ་སྒོར་ངོ་སྤྲོད་གནང་དོན། སྔོན་མ་བོད་ལ་ཊམ་ཀ་དང་ཟངས་ཀྱི་སྒོར་མོ་བཅས་གཉིས་ཡོད། སྐབས་དེར་ཊམ་ཀ་མང་ཆེ་བ་བལ་ཡུལ་ནས་བཟོ་བཞིན་ཡོད། མན་ཇུའི་བཙན་འཛུལ་སྐབས་བོད་དང་མན་ཇུའི་མཉམ་འབྲེལ་ཐོག་ཊམ་ཀ་ཞིག་བཟོས་མྱོང་། མན་ཇུའི་འོག་ནས་རང་བཙན་ཐོབ་མ་ཐག དགའ་ལྡན་ཕོ་བྲང་གི་དངུལ་སྒོར་གཏན་འབེབས་བྱས་པ་རེད། དངུལ་དེར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ཨང་གྲངས་ལག་པས་བྲིས་པ་རེད། དེ་ནི་གཞན་གྱིས་རྫུན་མ་བཟོ་མི་ཐུབ་པའི་སྲིད་བྱུས་ཤིག་ཡིན་པ་འདྲ། སྤྱི་ལོ་ ༡༩༥༡ ལོར་རྒྱ་མི་ལྷ་སར་སླེབས་ཏེ་རྒྱ་སྒོར་བེད་སྤྱོད་གཏོང་རྒྱུར་བཙན་སྐུལ་བྱས་ཀྱང་། བོད་མི་ཚོས་རྩ་བ་ནས་རྒྱ་སྒོར་བེད་སྤྱོད་བཏང་མི་འདུག ཐ་ན་ང་དགུ་ལོར་སྐྱབས་བཅོལ་དུ་ཡོང་སྐབས་ཀྱང་། བོད་པའི་དངུལ་མང་པོ་ཉར་ཏེ་ཡོང་ཡོད་སྟབས། རྒྱ་གར་ནང་བེད་སྤྱོད་མེད་པར་གྱོང་རག་ཡོད་པའི་སྐད་ཆ་ཡོད།  

 

ཡང་ཁོང་གིས་བོད་པའི་ཕྱིར་སྐྱོད་ལག་ཁྱེར་ཐད་ནས་གསུངས་སོན། སྤྱི་ལོ་ ༡༦༨༨ ལོར་བོད་གཞུང་གིས་ལྷ་ས་ནས་ཨར་མེ་ནའེ་ཡན་ཟེར་བའི་ཨུ་རུ་སུའི་ས་མཚམས་སུ་ཡོད་པའི་ཚོང་པ་སྐད་གྲགས་ཅན་ཞིག་ལ་ཐོངས་མཆན་སྤྲད་འདུག རྒྱ་གར་ལ་དབྱིན་ཇུ་ཐོག་མར་སླེབས་སྐབས། ཚོང་རྒྱག་མཁན་གྱི་སྐུ་ཚབ་རྒྱ་གར་བ་ཞིག་ལ། ལྷ་སར་ཡོང་ཆོག་པའི་ཐོངས་མཆན་སྤྲད་འདུག དེ་བཞིན། སྤྱི་ལོ་ ༡༩༢༡ ལོར་དབྱིན་ཇུ་བས་ཇོ་མོ་གླང་མའི་རྩེར་འཛེགས་རྒྱུ་བྱས་ཀྱང་བལ་ཡུལ་གྱིས་བཏང་མེད། དེའི་རྗེས་འབྲས་སྤྱི་བློན་ཆེན་ལྷ་སར་ཡོང་སྟེ། བོད་གཞུང་ལ་བཀའ་འཁྲོལ་ཞུས་ཏེ། བོད་གཞུང་གིས་ཐོངས་མཆན་སྤྲད་འདུག ཐོངས་མཆན་ཡི་གེ་དེ་ད་ལྟ་རྡོ་རྗེ་གླིང་གི་གངས་འཛེགས་ཚོགས་པའི་འགྲེམ་སྟོན་ཁང་དུ་ཡོད། ཇོ་མོ་གླང་མའི་རི་རྩེར་འཛེགས་མཁན་ཐེངས་ ༤ ཙམ་བྱུང་བ་དག་ལ་བོད་གཞུང་གི་ཐོངས་མཆན་སྤྲོད་ཀྱིན་ཡོད། དེ་མིན། བོད་ཡུལ་དུ་ཉམས་ཞིབ་བྱེད་མཁན་ཨི་ཊ་ལི་དང་འཇར་མན་པ་བཅས་ཡོང་སྐབས་བོད་གཞུང་གིས་ཐོངས་མཆན་སྤྲད་ཡོད། ཅེས་བསྟན་བྱུང་།

 

འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་དང་རྒྱལ་ཁབ་གཞན་ཁག་ཅིག་བར་གྱི་ཆིངས་ཡིག་སྐོར་གསུངས་དོན། སྤྱི་ལོ་ ༨༢༡ ལོར་བོད་རྒྱ་གཉིས་བར་དམག་འཁྲུག་ཆེན་པོ་བྱུང་སྟེ། ལྷ་སའི་ཇོ་ཁང་མདུན་དང་རྒྱ་ནག་གི་རྒྱལ་ས་ཁྲཱང་ཨན། བོད་རྒྱའི་ས་མཚམས་བཅས་སུ་རྡོ་རིང་བཞེངས་ཡོད། དེའི་ནང་། བོད་བོད་ཡུལ་དུ་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། ཅེས་གསལ་བོར་བཀོད་ཡོད། སྤྱི་ལོ་ ༡༩༠༤ ལོར་བོད་དང་དབྱིན་ཇུའི་བར་རྙོག་ཟིང་སྐབས། དབྱིན་གཞུང་དང་མཉམ་དུ་རྩེ་ཕོ་བྲང་ནས་ཆིངས་ཡིག་བཞག་ཡོད། སྤྱི་ལོ་ ༡༨༥༦ ལོར་བལ་ཡུལ་དང་ཆིངས་ཡིག་བཞག་ཡོད། ཡ་མཚན་པ་ཞིག་ལ། བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ནང་འཛུལ་སྐབས། བོད་དང་ཆིངས་ཡིག་བཞག་པ་དེ་བལ་ཡུལ་རང་བཙན་རྒྱལ་ཁབ་ཡིན་པའི་ཁུངས་སྐྱེལ་དུ་དྲངས་འདུག སྤྱི་ལོ་ ༡༩༡༣ ལོར་བོད་སོག་བར་ཆིངས་ཡིག་བཞག་པའི་ནང་། རང་རེ་བོད་སོག་གཉིས་མན་ཇུའི་རྒྱལ་ཁབ་ཀྱི་མངའ་འོག་ནས་ཐོན། རྒྱ་ནག་པོ་དང་བྲལ་ཏེ་བོད་སོག་སོ་སོར་རྒྱལ་ཁབ་རང་བཙན་དུ་གྱུར། ཞེས་བཀོད་ཡོད། ད་ལྟ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སྐོར་ལ་གྲོས་མོལ་བྱེད་ཀྱིན་ཡོད་མོད།  ཐག་གིས་གཅོད་ཐུབ་རྩ་བ་ནས་ཡོད་པ་མ་རེད། མེག་མོ་ཧན་ས་ཐིག་ཟེར་བའི་རྩོད་གཞི་དེར་སྔོན་མ་བོད་གཞུང་གི་སྐུ་ཚབ་དང་དབྱིན་གཞུང་གི་སྐུ་ཚབ་ཀྱིས་ཐམ་ག་བརྒྱབས་ཏེ་ས་རྟགས་སྐྱོན་ཡོད། ཅེས་གསུངས་བྱུང་།

 

མཇུག་མཐར་ཁོང་གིས་སྔར་གྱི་བོད་གཞུང་གི་སྒྲིག་འཛུགས་ཐད་ནས་བོད་རང་བཙན་ཁུངས་སྐྱེལ་བྱས་དོན། སྤྱི་ལོ་ ༡༩༤༡ ལོར་བོད་གཞུང་ཕྱི་སྲིད་ལས་ཁུངས་བཙུགས་ཡོད། རྒྱ་ནག་གོ་མིན་ཏང་གིས་སྤྱི་ལོ་ ༡༩༣༤  ལོར་བོད་དུ་གཞུང་ཚབ་བཙུགས་ཤིང་། དབྱིན་གཞུང་གིས་སྤྱི་ལོ་ ༡༩༣༦ ལོར་བོད་ནང་གཞུང་ཚབ་བཙུགས་འདུག རྒྱ་ནག་གི་སྲིད་འཛིན་མའོ་ཙེ་ཏུང་ལ་ཕྱག་འཕྲིན་ཞིག་བསྐུར་བའི་ནང་། ཁྱེད་ཀྱི་དམག་མི་དང་ལས་བྱེད་ཚོས་བོད་པའི་ས་མཚམས་སུ་གང་བྱུང་བྱེད་པ་དེ་རྩ་བ་ནས་འགྲིག་གིན་མེད། ཁྱེད་ཀྱིས་ཁོང་ཚོར་དེ་ལྟར་བྱ་མི་ཆོག་པའི་བཀའ་གསལ་བོ་གནང་དགོས། ཞེས་བཀོད་འདུག འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་བོད་པས་བར་གནས་རྒྱལ་ཁབ་ཡིན། ཞེས་དམག་ནང་ཞུགས་མེད། སྤྱི་ལོ་ ༡༩༢༧ ལོར་ལྷ་སར་གློག་ཁང་བཙུགས་པ་མ་ཟད། སྦྲག་ཁང་ཡང་བཙུགས་ཏེ་སྦྲག་ཟམ་ཐོག་སྦྱར་བྱང་ཡང་བོད་རང་གིས་བཟོས་འདུག སྤྱི་ལོ་ ༡༩༢༣ ལོར་རྒྱལ་རྩེ་བར་དར་འཕྲིན་འཐེན་འདུག སྤྱི་ལོ་ ༡༩༤༨ ལོར་ལྷ་སའི་རླུང་འཕྲིན་ཟེར་བ་དེ་བཙུགས་པ་རེད། སྐབས་དེར་བོད་རྒྱ་དབྱིན་གསུམ་ནང་གསར་འགྱུར་རྒྱང་སྲིང་བྱེད་ཀྱིན་ཡོད་ལ། རྒྱ་ཡིག་ནང་གསར་འགྱུར་ཀློག་མཁན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་རེད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 55

  1. བསེ་རུ། says:
    ལོ་ 16 སྔོན།

    སྐལ་བུ་ལགས། མཆན་བཏབ་པར་རྗེས་སུ་ཡི་རངས་ཡོད།
    ང་ནི་ཉེན་རྟོག་པ་ཆུང་ཆུང་ཞིག་ཡིན་པས་ཁྱེད་ཀྱིས་ཡིག་ནོར་གང་འཚམ་སྤེལ་འདུག་པས་རྗེས་སུ་གཟབ་གཟབ་གནང་རོགས།
    དཔེར་ན།
    མ་དག་པ། དག་པ།
    ིརིད། རེད།
    སྔགས་བརྗོད། བསྔགས་བརྗོད།
    ར་ཁྲོད། ར་སྤྲོད།
    བློ་ཟུར་ཅན། བློ་གཟུར་ཅན།
    སུ་ལྟས་ན། སུས་བལྟས་ན།
    ཡིད་ཆད། ཡིད་ཆེས།
    ཕེལ་ངས། ཕེར་ངེས།
    མཁས་ཕེན། ཁེ་ཕན།
    ཏེ་འབྲུས། ཏིལ་འབྲུ།
    འདི་རྣམས་ཡིན་པས་དེ་དོན་ངེས་གནང་ཡོད་པ་ཞུ་རྒྱུ་དང་།
    ད་དུང་ཁ་སྐད་རིགས་གང་ཐུབ་ཀྱིས་མི་འགོད་པ་གཙོ་འདོན་གནང་དགོས་པར་མཐོང་།

    Reply
  2. སྐལ་བུ་ says:
    ལོ་ 16 སྔོན།

    ༄༅།། ངས་གང་ཞིག་བཤད་འདོད་པ་ནི་གོང་གི་བསམ་ཚུལ་ལས་ལྷག་པ་ང་
    ལ་བཤད་ཡག་མེད། གང་ཡིན་ཞུ་ན་ཧ་ལས་པའི་སྔགས་བརྗོད་བྱེད་འདུག་ལ་
    དགོས་ངས་ཡང་རིད། སྔོན་གྱི་དཔེ་ལྟར། བཟང་པོ་ལ་བཟང་ལན་དང། ངན་པ་ལ་ངན་ལན་དགོས་ཟེར་བ་ལྟར་རེད། མ་ཟད་བོད་རང་བཙན་གཙང་མ་ཡིན་པའི་ར་ཁྲོད་བློ་ཟུར་ཅན་གྱི་གང་ཟག་སུ་ལྟས་ན་ཡིད་ཆད་ཕེལ་ངས་ཞིག་འདུག། ཡིན་ནི་གལ་ཆེ་ཤོས་ནི་ཀུན་སློང་ནི་བོད་ཁོ་ནི་ཆེད་་དུ་མ་གཏོགས་སྒེར་གྱི་མཁས་ཕེན་གྱི་བསམ་པ་ཏེ་འབྲུས་ཙམ་ཡང་མེད་པ་དགོས་རྒྱུ་ནི་དེ་བས་ཀྱང་གལ་ཆེན་རེད་དེ་ནམ་ཡང་མ་བརྗེད་པ་བྱེད་དགོས།

    Reply
  3. སྐལ་བུ་ says:
    ལོ་ 16 སྔོན།

    གང་ཡིན་ན་དྲི་བ་དེ་ལ།

    Reply
  4. སྐལ་བུ་ says:
    ལོ་ 16 སྔོན།

    ཡ་རེད་ཨ།

    Reply
  5. སྐལ་བུ་ says:
    ལོ་ 16 སྔོན།

    y

    Reply
  6. ཐུབ་འཕྲིན་ལས། says:
    ལོ་ 16 སྔོན།

    ཡ་ངོ་མ་རིད་ཨ།

    Reply
  7. མཁར་རྔ་། says:
    ལོ་ 16 སྔོན།

    ཕྱི་ལོ་ ༡༤༩༢ ལོར་སའི་གོ་ལའི་དབྱིབས་གཟུགས་ཀྱི་ས་ཁྲ་རྙིང་ཤོས་ཟེར་པ་དེར། བོད་ཀྱི་ས་མཚམས་ཁག་གསལ་བ་རེད་དམ་ཡང་ན་མིང་ཙམ་གསལ་པ་རེད། གལ་ཏེ་སྔ་མ་ཡིན་ན་དེར་ཆོལ་གསུམ་ཡོངས་སུ་ཚུད་ཡོད་མེད་དང་།
    ཅིག་ཤོས་མིང་ཙམ་ཡིན་ན་དེ་ནི་ས་ཁྲ་ཀུན་ལ་དེང་སེང་ཡང་བཀོད་ཡོད་པས་དགེ་མཚན་དེ་ཙམ་རེད། བལ་ཡུལ་རང་བཙན་སྒྲུབ་བྱེད་དུ་བོད་དང་ཆིངས་ཡིག་བཞག་པ་བཀོད་པ་བདེན་ན་མཉམ་འབྲེལ་རྒྱལ་ཚོགས་ནས་ཅིའི་ཕྱིར་བོད་རྒྱ་ནག་གི་ཆ་ཤས་སུ་ཁས་བླངས་པ་ཡིན་ནམ། དེ་ལ་སོགས་པའི་ཁུངས་ཚན་རིགས་རང་པཞིན་ལྡན་མིན་དོགས་གནས་མང་དུ་འདུས་ད།
    བུ་མེད་ཚེ་མིང་ཅན། རང་བཙན་རང་སྐྱོང་གང་དུ་འགྲོ་མིན་ཞེ་འདོད་མཐུན་མིན་འུ་ཚང་ལ་ཡོད་ཀྱང་། གཞན་དུ་ཆོལ་གསུམ་གཅིག་སྒྲིལ་གྱི་གནད་དོན་བསམ་པ་གྲུ་ནང་ཡིན་པས་དེ་འདྲ་མ་གླེང་ན་བཟང་སྙམ།
    ཡང་ཉིད་ཀྱིས་ཁོ་པའི་བགྲོ་གླེང་ཐོག་བཀའ་ཟུར་དང་སྤྱི་འཐུས་ཡོད་ཚུལ་བྲིས་ཤ་དེ་དག་སུ་སུ་རེད། དེ་དག་གིས་དེ་འདྲ་ཙམ་ཡང་མ་མཁྱེན་པ་མེད་འགྲོ།

    Reply
  8. ཚེ་རིང་སྐྱིད། says:
    ལོ་ 16 སྔོན།

    གསར་བརྗེ་སྐྱབས་ལགས། ཁྱེད་ཀྱིས་གསུངས་པ་དེ་ལ་ངས་བསམ་ཤེས་བྱ་ཤེས་ཀྱིན་འདུག རང་བཙན་ཁུངས་སྐྱེལ་དེ་དག་གི་ཚད་ཏག་ཏག་ཅིགགམ་ཡང་ན་ཉུང་བ་དང་མང་པོ་དགོས་མིན་བོད་མི་རང་གི་འཐབ་རྩོད་ལ་རག་ལས་ཡོད། གལ་ཏེ་ང་ལ་ཐག་གཅོད་ཀྱི་དབང་ཆ་ཞིག་ཡོད་ན་ས་ཁུལ་གཅིག་ཁོ་ནའི་རང་བཙན་སྤྲད་ཀྱང་དགོས་ཀྱིན་ཡོད།
    མདོ་སྟོད་སྨད་ཀྱི་ས་གནས་མང་པོ་བོད་རང་བཙན་གྱི་ཡིག་ཆ་ཁག་གི་ཁོངས་སུ་འདུས་མེད་པ་ཡིན་ཡང་ས་ཁུལ་དེ་དག་གི་མི་རྣམས་རང་ཉིད་བོད་མི་བྱ་འདོད་དམ་ཡང་ན་རྒྱ་མི་བྱ་འདོད་ཡོད། འདི་ནི་གནད་འགག་ཅིག་ཡིན་པ་རེད་བསམ་གྱིན་ཡོད།
    འཇམ་དབྱངས་ནོར་བུ་ལགས་ཀྱིས་ཁུངས་སྐྱེལ་བྱས་པའི་ཡིག་ཆ་དེ་དག་ཁོ་ན་མ་ཡིན་པར་བོད་མི་རང་ཉིད་ཀྱི་ཁ་སེམས་གཉིས་སུ་ལྟa་བ་དང་བསམ་ཚུལ་དེ་འྟར་འཛིན་མཁན་ཡོད་པ་རེད། ཡིན་ཡང་འདི་གལ་གནད་ཅིག་མ་ཡིན་ཏེ་གཙོ་བོ་ས་ཁུལ་དེ་དག་ཏུ་ཡོད་པའི་མི་དེ་དག་གི་འདོད་པ་དང་བསྟུན་དགོས་པར་འདོད།

    Reply
  9. ཨ་མའི་གཅེས་ཕྲུག says:
    ལོ་ 16 སྔོན།

    ཚེ་རིང་སྐྱིད་ལགས་དང་གསར་བརྗེ་སྐྱབས་ལགས་གཉིས་ཀྱི་སྐད་ཆ་ལ་རྒྱུ་མཚན་འདུག ཨ་ཁུ་འཇམ་ནོར་དང་ད་དུང་ཁྱེད་རང་གཉིས་ཀ་བཅས་ང་ཚོ་ལ་དགོ་བའི་མི་ཡིན། ཁྱེད་ཅག་ཚང་མའི་རང་རང་ས་ནས་སྤྱི་དོན་ལ་ཐུགས་ཁུར་གནང་འདུག བཀའ་དྲིན་ཆེ། བག་ལེབ་བཙོང་མཁན་ཟེར་དུས་སུ་ཡིན་ཡང་གྲལ་རིམ་དམའ་ཤོས་ལ་རྩི་བཞིན་འདུག དེ་ནི་ནོར་འཁྲུལ་ཞིག་ཏུ་སྣང། ཆེ་ས་ནས་ཆོལ་ཁའི་བར་དང་ཆུང་ས་ནས་མི་སྒེར་གྱི་བར་དུ་གཅིག་གིས་གཅིག་ལ་བརྩི་འཇོག་གུས་ཞབས་གནང་རྒྱུ་གལ་ཆེ་སྙམ།

    Reply
  10. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    དབུས་པ། གཙང་པ། ཨ་མདོ་བ། ཁམས་པ། དེ་ནས་རིམ་བཞིན་་་་ འབྲུག་པ། ཤར་པ། ལྷོ་པ། མོན་པ། ལ་དྭགས་པ། འབྲས་ལྗོངས་པ། དེ་བཞིན་དུ་་་་་་རྒྱ་གར་བ། ཨ་རི་བ་་་

    འདི་ལྟར་ང་ཚོ་བོད་པ་ཚོས་སོ་སོ་ནི་རང་རང་གང་དུ་གནས་སའི་ལུང་པ་དེའི་མི་ཡིན་པར་སྟོན་པ་དང་། ལུང་པ་འདིའི་བོད་པ་ནི་ལུང་པ་གཞན་གྱི་བོད་པ་དང་རྦད་དེ་ཁ་ཁར་ཕྱེ་ལ། ཡུལ་ལུང་མང་པོ་ཞིག་དེང་སྐབས་ཐ་ན་བོད་པའི་ཁོངས་ནས་རྦད་དེ་ཐ་དད་དུ་གྱུར་ཡོད།

    གནས་སྐབས་རིང་མི་རིགས་ཤིག་གི་ངོ་བོར་འདུ་བཞིན་པ་ནི། དབུས་གཙང་བ་དང་། ཁམས་པ། ཨ་མདོ་བ་གསུམ་རེད། འདི་གསུམ་ཡང་ཆོལ་ཁ་ཆེན་པོ་གསུམ་དུ་བཀར་ཏེ་མཚམས་རེར་མཉམ་དུ་འདུ་མ་ཐུབ་པའི་དཀའ་ངལ་རིམ་པར་འཕྲད་ཀྱིན་ཡོད།

    Reply
  11. གསར་བརྗེ་སྐྱབས། says:
    ལོ་ 16 སྔོན།

    ཚེ་རིང་སྐྱིད་ལགས། ངས་ང་ཚོར་རང་བཙན་ཁུངས་སྐྱེལ་གྱིས་མ་འདང་བའི་དཀའ་ངལ་མིན་པར་ངོས་ལེན་བྱེད་མཁན་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་འདུག་ཅེས་པ། ཁྱོད་ནང་བཞིན་རྒྱ་ནག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཙམ་ལ་གཟས་ནས་བཤད་པ་མིན། འདི་ངོས་ལེན་མི་བྱེད་མཁན་བོད་མི་ཚོའི་ནང་ནའང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག ངའང་དེ་ནང་གི་གཅིག་ཡིན། ངས་གོང་གི་མཆན་བུ་ནང་གསལ་བཤད་བྱས་པ་ལྟར་མཁས་དབང་འཇམ་དབྱངས་ནོར་བུས་ཁུངས་སྐྱེལ་དུ་དྲངས་པའི་དཔང་རྟགས་ཁག་བདུན་པོས་དེ་སྔའི་བོད་སྡེ་བ་གཞུང་གི་སྒྲིག་འཛུགས་ཁྱབ་ཁོངས་ཁག་ལས། ཁྱོད་དང་ངའི་ཕ་ཡུལ་སྟེ། རིག་གཞུང་གི་བོད་ཁོངས་སུ་འདུས་པའི་ཡུལ་ལུང་ཁག་རང་བཙན་ཁུངས་སྐྱེལ་མི་ཐུབ། བོད་མི་མང་པོ་ཞིག་གིས་འཇམ་དབྱངས་ནོར་བུའི་ཁུངས་སྐྱེལ་འདིས་བོད་རང་བཙན་ཁུངས་སྐྱེལ་གནང་སྐབས་དེའི་ནང་ཆོལ་ཁ་གསུམ་འདུས་ཡོད་པར་དགོངས་ཀྱིན་ཡོད་ནའང་། ཁོང་གི་དྲངས་པའི་ཁུངས་སྐྱེལ་རེ་རེ་ལ་ཞིབ་མོ་གཟིགས་དང་། ས་ཁྲའི་ནང་དུ་མདོ་ཁམས་ཀྱི་ཡུལ་ལུང་མང་པོ་ཞིག་འདུས་མེད་ལ། བོད་ཀྱི་དངུལ་ལོ་དེ་ཡང་དབུས་ཁུལ་ཙམ་ལས་མདོ་ཁམས་ཀྱི་ཡུལ་ལུང་མང་པོ་ན་བཀོལ་སྤྱོད་མི་བྱེད། གཞུང་གི་ཁྲིམས་གཞི་བོད་སྡེ་བ་གཞུང་གི་ཁྱབ་ཁོངས་ལས་མདོ་ཁམས་ཀྱི་ཡུལ་མང་པོར་ཁྱབ་མེད། ཆབ་སྲིད་ཀྱི་བོད་ཁོངས་སུ་མ་འདས་པའི་བོད་ཁུལ་གྱི་རིག་གཞུང་དང་ཚོང་བསྒྱུར་སོགས་ཀྱི་ཆེད་སྡེ་བ་གཞུང་གི་རྒྱལ་ཁབ་གཞན་མཉམ་གྲོས་མཐུན་བཞག་མྱོང་མེད། རིག་གཞུང་གི་བོད་ཁུལ་གྱི་བོད་མི་ཞིག་ཕྱི་སྐྱོད་སྐབས་སྡེ་བ་གཞུང་གིས་ཐོངས་མཆན་གནང་མྱོང་མེད་ཐོག དེ་ལས་ལྡོག་སྟེ་མཚམས་ལ་ལར་རིག་གཞུང་གི་བོད་ཁོངས་ཀྱི་བོད་མི་ཞིག་དབུས་སུ་བསྐྱོད་སྐབས་ལམ་ཡིག་སྤྲོད་ཀྱི་ཡོད། དེར་བརྟེན་མཁས་དབང་ཁོང་གིས་དྲངས་པའི་ཁུངས་སྐྱེལ་གྱི་རང་བཙན་དེ་ཐོབ་པའི་དབང་དུ་བཏང་ཡང་བོད་མི་མང་པོ་ཞིག་གིས་ངོས་ལེན་བྱེད་ཁག་པོ་ཞིག་རེད་མི་འདུག་གམ། ཁྱོད་ཀྱིས་ངོས་ལེན་བྱེད་ཐུབ་བམ།

    Reply
  12. གསར་བརྗེ་སྐྱབས། says:
    ལོ་ 16 སྔོན།

    སྐུ་ཞབས་ལུང་རིགས་ལགས། རིག་གཞུང་གི་བོད་ནི་བོད་ཀྱི་རིག་གཞུང་གིས་ཁྱབ་པའི་ས་ཁུལ་གང་ཡིན་ལ་གོ་གི་མེད་པ་འདྲ། ཆབ་སྲིད་དང་རིག་གཞུང་གི་བོད་གཉིས་དབྱེ་སྟངས་ལ་གཞི་རྩའི་ཆ་རྐྱེན་དུ་བོད་རིགས་ཡིན་པ་བཟུང་ཐོག དེ་གཉིས་ལ་ས་མཚམས་དང་། འཛིན་སྐྱོང་ལམ་ལུགས། ཆབ་སྲིད་བདག་དབང་སོགས་དོན་ཚན་འགའ་གཙོ་བོ་བཟུང་འདུག་སྙམ། དུས་རབས་བཅོ་བརྒྱད་པའི་དུས་མགོར་མན་ཇུས་ལྷ་སར་དམག་དཔུང་བཏང་སྟེ་བོད་ཀྱི་ཐོག་ཏུ་སྟངས་འཛིན་དམ་པོ་མེད་པའི་སྲུང་སྐྱོབ་མངའ་ཁུལ་བཙུགས་པ་དང་ཆབས་གཅིག འབྲི་ཆུ་དང་རྫ ཆུའི་དབར་དུ་རྒྱལ་མཚམས་གཏན་འབེབས་བྱས་ཡོད་པ་དེ་ས་མཚམས་དང་། ཆབ་སྲིད་ཀྱི་བོད་ཀྱི་ཤར་རྒྱུད་དང་། རྒྱ་ནག་གི་མངའ་ཁོངས་ཧན་མི་རིགས་ས་ཁུལ་གྱི་ནུབ་རྒྱུད་བོད་རིགས་རྣམས་འདུས་སྡོད་བྱེད་ས་རྣམས་རིག་གཞུང་གི་བོད་ཀྱི་ས་ཁུལ། ས་ཁུལ་དེ་དག་དུས་སྐབས་སོ་སོར་མན་ཇུ་དང་རྒྱལ་དམངས་སྲིད་གཞུང་གི་ས་གནས་དམག་ཁང་དང་སྲིད་འཛིན་ལས་ཁུངས་ཀྱི་སྟངས་འཛིན་འོག་ཡོད་པ་ཆབ་སྲིད་བདག་དབང་། དེ་དག་སྤྱིར་བཏང་རྒྱ་ནག་གི་དབང་འཛིན་པ་ཚོའི་འོག་ཏུ་ཡོད་ཀྱང་། ཉིན་རེ་ཉིན་རེའི་དབང་བསྒྱུར་ནི་རྒྱུན་སྲོལ་གྱི་ས་གནས་འགོ་པ་ཚོ་སྟེ་རྒྱལ་ཕྲན་གྱི་རྒྱལ་བོ་དང་སྟོང་དཔོན། ཐུའུ་སི། སྡེ་བ་སོགས་ཀྱིས་བོད་ཀྱི་རྒྱུན་སྲོལ་ལྟར་འཛིན་སྐྱོང་བྱེད་བཞིན་པ་འཛིན་སྐྱོང་ལམ་ལུགས་ཡིན་འདུག གནད་འདི་ནས་བཤད་ན་ཧི་མ་ལ་ཡའི་རི་བརྒྱུད་ནང་དང་ཨ་རུ་ན་ཅལ་མངའ་སྡེ་ནང་བོད་ཀྱི་རིག་གཞུང་དར་ཡོད་ནའང་། རིག་གཞུང་ཉམས་ལེན་གནང་མཁན་རྣམས་བོད་མི་མིན་ཞིང་། ས་མཚམས་དང་འཛིན་སྐྱོང་ལམ་ལུགས། ཆབ་སྲིད་བདག་སོགས་ཐད་ནས་ཀྱང་རིག་གཞུང་གི་བོད་ཁོངས་སུ་བསྡུ་ཐབས་མེད་འདོད།

    Reply
  13. ཚེ་རིང་སྐྱིད། says:
    ལོ་ 16 སྔོན།

    ངས་བསམ་ཚུལ་འདི་དག་ཀློག་པ་ན་འཇམ་དབྱངས་ནོར་བུ་ནི་བོད་མིའི་སེམས་ཁམས་སུ་མཚམས་རེར་ནག་པོ་ཞིག་དང་མཚམས་རེར་དཀར་པོ་ཞིག། ཡང་ན་ལན་རེར་་་་་་་། ཡིན་ན་ཡང་གང་ལྟར་ང་ཚོས་འཇམ་དབྱངས་ནོར་བུའི་ལྟ་གྲུབ་དང་ལངས་ཕྱོགས་ཕར་བཞག་ནས་ཁོང་རང་གི་སྐུ་ཚེ་ཧྲིལ་བོར་གང་གནང་བ་དེ་ཤེས་ན་ངོ་མ་དགའ་གུས་འོས་པའི་མི་བུ་ཞིག་རེད་ལ། བོད་དོན་བཤད་ནས་རྒྱ་ཁ་སོས་ཡོད་པ་འགར་བོད་མི་ཚོས་ཧ་ཅང་བཀུར་ཞིང་ལྷག་པར་བཀའ་ཤག་ལ་སོགས་པ་གདོང་ལ་བུད་ནས་སྣེ་ལེན་བྱེད་པའི་གོ་སྐབས་རིང་ལུགས་པ་དེ་ཚོ་ལས་བོད་རང་ཉིད་ཀྱི་འཇམད་བྱངས་ནོར་བུ་འདི་དོན་དངོས་ཐོག་ནོར་བུ་ལ་བརྩི་ཆོག་པར་འདོད།
    གཞན་མི་མང་པོ་ཞིག་གིས་རང་བཙན་ཁུངས་སྐྱེལ་དང་བདེན་དཔང་གིས་མ་འདང་བ་མིན་ཡང་ངོས་ལེན་བྱ་མཁན་མེད་པའི་དཀའ་ངལ་བཤད་ཀྱིན་འདུག རྒྱ་ནག་དང་རྒྱལ་སྤྱིའི་སྤྱི ཚོགས་ཀྱི་ངོས་ལེན་བྱ་མིན་དེ་དུས་ཚོད་དང་ང་ཚོའི་འཐབ་རྩོད་ཀྱི་དུས་ཡུན་སོགས་ལས་ཁ་གྲགས་ངེས་ལ་ང་ཚོ་སུ་ཞིག་གིས་ག་དུས་དང་དེ་དུས་ལ་སོགས་པ་གང་ཡང་བརྗོད་ཐུབ་པ་མེད་ཀྱང་། ད་སྐབས་བོད་མིའི་ནང་དུ་ཡང་བོད་རང་བཙན་ལ་འཐབ་རྩོད་ལ་བྱ་འོས་དང་དབུ་མའི་ལམ་ལ་ཡིད་ཆེས་མེད་ཟེར་ན་ཁྱེད་འཁྲིས་སུ་ཡོད་པའི་མི་དེ་ཚོས་ཁྱེད་ལ་མིག་ཟུང་གང་འདྲ་ཞིག་གིས་ལྟ་གིན་འདུག བོད་མི་རང་ཉིད་ཀྱིས་ཀྱང་བོད་རང་བཙན་བཤད་ན་མ་འོས་པར་བརྩི་བའི་མཚམས་འདི་འདྲ་ཞིག་ལ་བོད་མི་ཞིག་གིས་དཀའ་ལས་གང་མང་བརྒྱབ་ནས་ཡུན་རིང་འཇམ་ཅག་གེར་ལུས་པའི་སེམས་ཀྱི་རེ་བ་ཞིག་དྲན་གསོ་གནང་བར་ང་ཚོས་བཀའ་དྲིན་ཅི་ནས་ཀྱང་ཞུ་འོས།
    ཡང་མི་ཁ་ཤས་ཀྱིས་རང་བཙན་ཁ་ནས་བཤད་ནས་ག་རེ་གནང་དགོས་པ་རེད། ལག་ལེན་ལ་བསྟར་དགོས་ཟེར། དྲི་བ་འདི་ཏག་ཏག་རང་གིས་རང་ལ་འདྲི་དགོས། ང་ཚོ་མི་སྒེར་སོ་སོ་ནས་རང་བཙན་གྱི་ལྟ་གྲུབ་དང་་ལངས་ཕྱོགས་བཟུང་ནས་སྤྱི ཚོགས་དང་ཚོགས་པ་ཁག་གི་ཁྲོད་དུ་སྐད་ཤུགས་ཆེན་པོས་བཤད་ཀྱིན་ཡོད་དམ། རང་ཉིད་ཀྱིས་རང་བཙན་གྱི་ལྟ་གྲུབ་ལས་གཞན་ལངས་ཕྱོགས་གཞན་པར་མཉམ་ཞུགས་བྱེད་ཀྱིན་ཡོད་དམ། རང་བཙན་སླར་གསོའི་ལྟ་གྲུབ་ཅིག་གི་འོག་ནས་ཆབ་སྲིད་པ་ཚོས་སྣེ་གང་ཁྲིད་ལ་ལངས་ཤག་ཤག་བྱ་མཁན་དེ་ང་ཚོ་མ་རེད་དམ། འཇམ་དབྱངས་ནོར་བུའི་སྐུ་ཚེ་གང་བོར་ལྟ་གྲུབ་གཅིག་དེ་ལ་འགྱུར་བ་གང་ཡང་བཏང་མེད་ལ་འཇམ་དབྱངས་ནོར་བུ་མ་ཤི་བར་དུ་ཡང་འགྱུར་བ་མི་གཏོང་བར་སྣང་། འདི་ནི་མི་བུ་སྒེར་ཞིག་གིས་གང་བྱ་ཐུབ་པ་དེ་རེད་ལ། མི་བུ་སྒེར་ཞིག་གིས་སྤྱི ཚོགས་ཁྲོད་རང་ཉིད་ཁེར་རྐྱང་དུ་ལྷག་་ཀྱང་རང་གིས་ལྟ་གྲུབ་དང་ལངས་ཕྱོགས་གསལ་བོ་བཟོས་ཡོད་པ་དེ་རེད། ང་ཚོ་སྒེར་སོ་སོ་ནས་ཀྱང་ལག་ལེན་འདི་ལྟར་བྱ་དགོས་པ་ལས་གྲི་དང་མེ་མདའ་བཟུང་ནས་རྒྱུག་དགོས་པ་གཏན་ནས་མ་རེད། རང་བཙན་འཐབ་རྩོད་ལབ་དུས་ལམ་སེང་དྲག་པོ་ལྟ་བུའི་སྣང་ཚུལ་ཡོང་གི་ཡོད་པ་ནི་བག་ཆགས་སམ་སྤྱི་ཚོགས་རང་བཞིན་གྱི་སྣང་ཚུལ་རེད།
    ད་དུང་ཡང་མི་ཞིག་གིས་འཇམ་ནོར་གྱིས་རྡ་སར་ཡོང་ནས་ཟ་ལེ་རྒྱ་སྐོར་ཞིག་དང་བག་ལེབ་འཚོང་མཁན་ཚོར་བོད་རང་བཙན་བདེན་དཔང་བྱས་པ་དེས་དོན་དངོས་ཐོག་ང་ཚོར་ཕན་ཐོག་ཅི་ཞིག་ཡོད ། དངོས་གནས་བྱས་ན་ཁ་བྱང་འདི་གཞིས་ལུས་མི་མང་གི་མཐོང་ན་ངོ་ཚ་རེད་ལ་སེམས་ཤུགས་གཅོག་བྱེད་ཀྱང་མ་རེད་དམ། ཞེས་བྲིས་འདུག ཁྱེད་ཀྱིས་རྡ་སའི་ཟ་ལེ་རྒྱལ་ཚོ་དང་བག་ལེབ་ཚོང་མཁན་ཚོར་བོད་རང་བཙན་གྱི་འཐབ་རྩོད་པར་རན་པོ་མེད་པར་བཤད་པ་ཡིན་ནམ། ཡང་ན་ཁྱེད་ཀྱིས་རྡ་ས་རུ་ཟ་ལེ་རྒྱལ་དང་བག་ལེབ་ཚོང་མཁན་མ་གཏོགས་མི་འདུག་ཟེར་བ་ཡིན། ཁྱེད་ཀྱི་སྐད་ཆ་འདི་དག་་ད་གཟོད་མགོ་ནག་བོད་མི་སུས་གོ་ན་ཡིད་སྐྱོ་ཞིང་མིག་ཆུ་ཤོར་དགོསཔ་ཞིག་རེད་འདུག རྡ་ས་རུ་༧གོང་ས་མཆོག་གཙོས་པའི་བོད་གཞུང་གི་མཐོ་རིམ་མི་སྣ་ཁག་དང་། རྒྱལ་སྤྱིའི་ཡུལ་སྐོར་བ། མེ་རླབས་ལྟར་འཕྱུར་བཞྀན་པའི་བོད་ཀྱི་ན་གཞཽན་ཚཽ་ཡོད། འཇམ་དབྱངས་ནོར་བུ་གཏམ་བཤད་དེར་སྤྱི་འཐུས་དང་བཀའ་ཟུར། ལས་བྱེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོའི་ཚོགས་གཙོ། རང་དབང་གི་ན་གཞཽན་འཐབ་རྩོད་པ་ཚོ། རང་དབང་ཚོ། ་རྩོམ་པ་ཚོ། རྡ་སའི་རི་ངོས་ཀྱི་མི་མང་ཚོའི་ཁ་རུ་གྲགས་པའི་རྒྱ་རྒན་ཝང་ཟེར་བ་དེ་ལ་སོགས་པ་སླེབས་འདུག ཡིན་ཡང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་ཟ་ལེ་རྒྱལ་དང་བག་ལེབ་ཚོང་མཁན་ཚོ་ནི་འདི་དག་ལས་གལ་ཆེ་བ་མེད་ན་གལ་ཆུང་བ་གཏན་ནས་མ་ཡིན། བག་ལེབ་བཙོང་མཁན་ཚཽའི་ནང་དུ་ང་ཚོ་ལྟ་བུའི་བོད་ཡིག་འབྲི་ཀློག་ཤེས་མཁན་མང་པོ་ཡོད་ལ་ཟ་ལེ་རྒྱལ ཚོའི་ནང་དུ་ཡང་དེ་བཞིན་ཡིན། ང་ཚོ་ལས་ཁོ་ཚོས་ཉིན་རེ་རེ་ལ་རང་ཉིད་སྐྱབས་བཅོལ་བ་ཡིན་པ་དང་རང་ཉིད་ལ་ཕ་ཡུལ་དགོས་པ་དྲན་གྱིན་ཡོད། ཁོ་ཚོ་ནི་གཞི་ནས་ང་ཚོའི་བོད་དོན་ཤི་རུ་མི་འཇུག་མཁན་དག་ཡིན། བོད་དོན་འཐབ་རྩོད་ཐད་ཟ་ལེ་རྒྱལ་དང་བག་ལེབ་ཚོང་མཁན་ལ་སོགས་བོད་མི་ཚང་ལར་གཅིག་མཚུགས་ཀྱི་འགན་ཡོད་པ་རེད།
    ང་ཚོ་སུ་ཡིན་ཡང་སྐད་ཆ་བཤད་སྐབས་ཚད་ལས་བརྒལ་ན་དེ་ནི་རང་ཉིད་མི་རུ་མ་བགྲངས་པའི་ནག་ཉེས་ཡིན།

    Reply
  14. བློ་ལྡན། says:
    ལོ་ 16 སྔོན།

    མོ་ལི་བདེ་ཆེན་སྒྲོལ་མ་ཅན་གྱི་འཇམ་ནོར་ནི་བཤད་སྡོད་མཁན་ལས། ལག་ལེན་ལ་འགྲོ་མཁན་ཞིག་མིན་པ་ལྟ་བུའི་ཅོལ་གཏམ་བུས་འདུག་པ་ལ་བསམ་ན།མོ་ལི་ཁོ་ཅན་ནི་མིག་མཐོང་གི་བློ་རྒྱ་གང་འདྲ་ཡོད་མེད་ལྷང་ལ་གསལ་ངེར་བུད།
    འཇམ་ནོར་འདིའི་བོད་དོན་སྙིང་ནས་མ་བསམ་པར་ཁ་བཤད་སྟོང་བཤད་ལྟ་བུ་བྱས་ནས་སོང་ཡོད་ཚེ།་འདི་ལ་དུས་འདིར་སྐབས་འཚོལ་བ་ལྟར་ཁང་བ་དང་རླངས་འཁོར་རེ་ཡོད་ཚོད། དེ་མ་རེད། བོད་ཀྱི་རང་བཙན་གྱི་དར་ཆ་ཞིག་ཆགས་ཡོད་པ་རེད། ལོ་རྒྱུས་ཀྱི་མི་བུ་གཙང་མ་དག་མ་རེད།

    Reply
  15. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    སྤྱིར་རླབས་ཆེན་གྱི་མི་བུ་ཁོས། གཏན་ཚིགས་རང་བཞིན་གྱིས་སྐད་ཆ་དེས་མི་བུ་གསར་བ་སྟོང་ཁྲག་མང་བོའི་སེམས་ནང་ལ་བག་ཆགས་བཞག་པ་ངོ་མ་ཡིད་རེ་མཚར། སྐུ་ཞབས་འཇམ་དབྱངས་ནོར་བུ་ལྟ་བུ་ལ་མཚོན་ན། ཁོའི་མི་ཚེ་རིང་བོ་བོད་མི་རིགས་ཀྱི་བདེ་སྡུག་ཁོ་ནའི་ལམ་ནས་རང་གི་ཡོད་ཚད་བློས་བཏང་བ་དེ་ཡང་ང་ཚོ་བོད་མི་ཚོའི་གཟི་བརྗིད་དུ་མཐོང་།

    Reply
  16. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཆབ་སྲིད་ཀྱི་བོད་དང་རིག་གཞུང་གི་བོད་ཀྱི་སྐོར་ནས་བཤད་ཚེ། ཧི་མ་ལ་ཡའི་རི་བརྒྱུད་འདི་ནའང་རིག་གཞུང་གི་བོད་ཡོད་ལ། ཨ་རུ་ན་ཅལ་མངའ་སྡེའི་ནང་དུའང་རིག་གཞུང་གི་བོད་དེ་ཡོད་པ་བདེན་པ་ཡིན། དེ་བས་བོད་ཀྱི་གནད་དོན་འདིར་རྒྱ་དཀར་ནག་གཉིས་ཀས་བློས་གཏོང་ཆེན་པོ་རེ་བྱ་དགོས་པ་མིན་ནམ།
    སྒྲུང་འདིའི་ཁ་བྱང་ནི་ཏག་ཏག་སྒྲུང་གི་བསྟན་བྱ་རེད་འདོད། དེ་བས་ཁ་བྱང་བརྗེ་དགོས་པ་ཞིག་མཐོང་གི་མི་འདུག
    བོད་རང་བཙན་ཡིན་པ་ཁུངས་སྐྱེལ་བྱས་ཏེ་ཤེས་ཟིན་པའི་རྗེས་སུ། དོན་དག་གལ་ཆེ་ཤོས་ནི། བོད་རང་བཙན་ངེས་པར་དུ་དགོས་པ་དང་མེད་ཐབས་མེད་པའི་རྒྱུ་མཚན་དེ་གསལ་བཤད་གནང་དགོས་ཀྱི་འདུག བོད་པ་ཚོར་བོད་རང་བཙན་ངེས་པར་དུ་རྩོད་དགོས་པའི་ངེས་ཤེས་གསལ་བོ་ཞིག་མེད་ལ། དེ་ཇི་ལྟར་རྩོད་དགོས་པའི་ཕྱོགས་ལ་དེ་བས་ཀྱང་དོགས་པ་ཆེན་པོ་ཡོད། དེ་བས་འདིའི་ཐད་དགོངས་ཚུལ་བཏོན་ན་འགྲིག་གི་འདུག
    ལོ་ཤས་གོང་ཞྭ་སྒབ་པ་ཚང་གི་བུ་ཚུལ་ཁྲིམས་ཞུ་བ་ཞིག་གིས་བོད་རང་བཙན་ངེས་པར་དུ་དགོས་པའི་སྐོར་ལ་དོན་ཚན་བཅུ་ཅན་ཞིག་བཀོད་ཡོད་བསམ། དེ་འདྲའི་གནད་ལ་འཁེལ་མིན་གང་ལྟར་བསམ་བློ་གཏོང་ཕྱོགས་གསར་པ་ཞིག་རེད་བསམ།

    Reply
  17. ལི་ཐང་བཤད་སྒྲུབ says:
    ལོ་ 16 སྔོན།

    དེ་འདྲ་རེད་

    Reply
  18. ལི་ཐང་བཤད་སྒྲུབ says:
    ལོ་ 16 སྔོན།

    དངོས་གནས་གསུངས་འདུག་དཔེ་རེད་་་དེ་འདྲ་དགོས་

    Reply
  19. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    ཧ་ཧ་ཧ་ཧ་ཧ་ཧ ང་ཚོ་བོད་མི་རིགས་ལ་བསམ་བློ་རྣལ་མ་གཏོང་མཁན་ཞིག་ཡིན་ན་བོད་རང་བཙན་ཡིན་མིན་ལ་དོགས་པ་ཟ་མཁན་ཞིག་ཡོད་མི་སྲིད་ལ། གལ་ཏེ་དེ་འདྲ་ཞིག་ན་བོད་དོན་ལ་བསམ་བློ་རྣལ་མ་གཏོང་མཁན་ཞིག་མིན་པར་ངོས་འཛིན་བྱས་ཆོག ད་ལྟ་ང་ཚོར་དགོས་པ་ནི་སྔར་རང་བཙན་ཡིན་པ་དེ་རྩོད་ལེན་ཅི་ལྟར་བྱེད་རྒྱུ་དེ་རེད། གལ་སྲིད་ང་ཚོས་བོད་རང་བཙན་ཡིན་པའི་དཔང་རྟགས་གསར་བ་ཞིག་རེག་ནས་སུ་ལ་སྟོན་དགོས། མཉམ་འབྲེལ་རྒྱལ་ཚོགས་ལ་སྟོན་རྒྱུ་ཡིན་ནམ། ཡང་ན་རྒྱ་ནག་ལ་སྟོན་རྒྱུ་ཡིན། བསྟན་ན་ཕན་ཐོགས་ཅི་ཞིག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ནས་ང་ཚོ་རང་བཙན་ཡིན་པ་མ་ཤེས་པར་ང་ཚོསརང་བཙན་མ་རེག་པ་རེད་དམ། གལ་སྲིད་བོད་དོན་འདི་དགོན་པའི་ཆོས་གྲྭ་ནང་གི་རྟགས་གསལ་གཏོང་བ་ཅི་བཞིན་རྩོད་རྒྱུ་ཞིག་ཡིན་ན་དཔང་རྟགས་མང་ན་ཕན་ཐོགས་འབྱུང་སྲིད་པ་ཡིན། དེ་མིན་དཔང་རྟགས་བཙལ་ནས་ཕན་ཐོགས་ཅི་ཡང་མེད། ང་ཚོར་བོད་རང་བཙན་ཡིན་པའི་དཔང་རྟགས་གྲངས་ལས་འདས་པ་ཡོད་མོད། དེས་ད་ལྟའི་བར་དུ་ཕན་ཐོགས་ཅི་ཞིག་བྱུང་ཡོད། དུས་བབ་གསར་ཁང་ནས་ འཇམ་དབྱངས་ནོར་བུས་སླར་ཡང་བོད་རང་བཙན་ཁུངས་སྐྱེལ་བྱས་ཟེར་བའི་ཁ་བྱང་དེ་བརྗེས་ན་ལེགས་སྙམ།
    འཇམ་ནོར་གྱིས་རྡ་སར་ཡོང་ནས་ཟ་ལེ་རྒྱ་སྐོར་ཞིག་དང་བག་ལེབ་འཚོང་མཁན་ཚོར་བོད་རང་བཙན་བདེན་དཔང་བྱས་པ་དེས་དོན་དངོས་ཐོག་ང་ཚོར་ཕན་ཐོག་ཅི་ཞིག་ཡོད ། དངོས་གནས་བྱས་ན་ཁ་བྱང་འདི་གཞིས་ལུས་མི་མང་གི་མཐོང་ན་ངོ་ཚ་རེད་ལ་སེམས་ཤུགས་གཅོག་བྱེད་ཀྱང་མ་རེད་དམ།

    Reply
  20. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    ཧ་ཧ་ཧ་ཧ་ཧ་ཧ་ ང་ཚོ་བོད་མི་རིགས་ལ་བསམ་བློ་རྣལ་མ་གཏོང་མཁན་ཞིག་ཡིན་ན་བོད་རང་བཙན་ཡིན་མིན་ལ་དོགས་པ་ཟ་མཁན་ཞིག་ཡོད་མི་སྲིད་ལ། གལ་ཏེ་དེ་འདྲ་ཞིག་ན་བོད་དོན་ལ་བསམ་བློ་རྣལ་མ་གཏོང་མཁན་ཞིག་མིན་པར་ངོས་འཛིན་བྱས་ཆོག ད་ལྟ་ང་ཚོར་དགོས་པ་ནི་སྔར་རང་བཙན་ཡིན་པ་དེ་རྩོད་ལེན་ཅི་ལྟར་བྱེད་རྒྱུ་དེ་རེད། གལ་སྲིད་ང་ཚོས་བོད་རང་བཙན་ཡིན་པའི་དཔང་རྟགས་གསར་བ་ཞིག་རེག་ནས་སུ་ལ་སྟོན་དགོས། མཉམ་འབྲེལ་རྒྱལ་ཚོགས་ལ་སྟོན་རྒྱུ་ཡིན་ནམ། ཡང་ན་རྒྱ་ནག་ལ་སྟོན་རྒྱུ་ཡིན། བསྟན་ན་ཕན་ཐོགས་ཅི་ཞིག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ནས་ང་ཚོ་རང་བཙན་ཡིན་པ་མ་ཤེས་པར་ང་ཚོསརང་བཙན་མ་རེག་པ་རེད་དམ། གལ་སྲིད་བོད་དོན་འདི་དགོན་པའི་ཆོས་གྲྭ་ནང་གི་རྟགས་གསལ་གཏོང་བ་ཅི་བཞིན་རྩོད་རྒྱུ་ཞིག་ཡིན་ན་དཔང་རྟགས་མང་ན་ཕན་ཐོགས་འབྱུང་སྲིད་པ་ཡིན། དེ་མིན་དཔང་རྟགས་བཙལ་ནས་ཕན་ཐོགས་ཅི་ཡང་མེད། ང་ཚོར་བོད་རང་བཙན་ཡིན་པའི་དཔང་རྟགས་གྲངས་ལས་འདས་པ་ཡོད་མོད། དེས་ད་ལྟའི་བར་དུ་ཕན་ཐོགས་ཅི་ཞིག་བྱུང་ཡོད། དུས་བབ་གསར་ཁང་ནས་ འཇམ་དབྱངས་ནོར་བུས་སླར་ཡང་བོད་རང་བཙན་ཁུངས་སྐྱེལ་བྱས་ཟེར་བའི་ཁ་བྱང་དེ་བརྗེས་ན་ལེགས་སྙམ།
    འཇམ་ནོར་གྱིས་རྡ་སར་ཡོང་ནས་ཟ་ལེ་རྒྱ་སྐོར་ཞིག་དང་བག་ལེབ་འཚོང་མཁན་ཚོར་བོད་རང་བཙན་བདེན་དཔང་བྱས་པ་དེས་དོན་དངོས་ཐོག་ང་ཚོར་ཕན་ཐོག་ཅི་ཞིག་ཡོད ། དངོས་གནས་བྱས་ན་ཁ་བྱང་འདི་གཞིས་ལུས་མི་མང་གི་མཐོང་ན་ངོ་ཚ་རེད་ལ་སེམས་ཤུགས་གཅོག་བྱེད་ཀྱང་མ་རེད་དམ།

    Reply
  21. གསར་བརྗེ་སྐྱབས། says:
    ལོ་ 16 སྔོན།

    ཚེ་རིང་སྐྱིད་ལགས། ངས་འདིར་རིན་ཐང་ཞིག་མཐོང་བ་ནི་ཁུངས་སྐྱེལ་དཔུང་རྟགས་ཁག་བདུན་པོ་མ་ཡིན་པར། བོད་མི་ཞིག་གི་ངོས་ནས་ཐེངས་དང་པོར་ཁུངས་སྐྱེལ་བསྡུ་རུབ་གནང་བ་དེ་གཅིག་བུ་ཡིན། འདིའི་ཐད་ནས་ངས་འཇམ་དབྱངས་ནོར་བུ་ལ་དགའ་གུས་བརྩི་གསུམ་ཞུས་ཡོད་པ་ལས་ཁྱེད་ཀྱིས་གསུངས་པ་ལྟར་གཞན་གྱི་དཀའ་ལས་བརྒྱབ་པར་སྣང་མེད་དང་གུས་མེད་གང་ཡང་བྱས་མེད། འདི་ངེད་གཉིས་བར་གྱི་གོ་ལོག་ཅིག་རེད་འདོད།

    བོད་རང་བཙན་ཁུངས་སྐྱེལ་གྱི་དཔུང་རྟགས་འདི་དག་གསར་བ་གང་ཡང་མིན་པ་བདེན་པ་ཡིན། ཕྱི་ལོ་དྲུག་ཅུའི་ནང་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་ཀྱིས་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལ་ཁྲིམས་ཐོག་ནས་བདེན་དཔང་གནང་ཡོད་ལ། སྐབས་དེའི་ཁུངས་སྐྱེལ་ལ་གོང་གི་དོན་ཚན་རྣམས་བགྲངས་ཡོད། གལ་སྲིད་ཁྱེད་ཉིད་དཔེ་ཀློག་གནང་མཁན་ཞིག་ཡིན་ཚེ་ང་ལས་གསལ་བོ་མཁྱེན་ཡོད་རྒྱུ་རེད། དྲང་མོར་བཤད་ན། ང་ཚོར་རང་བཙན་ཡིན་པའི་ཁུངས་སྐྱེལ་གྱི་མ་འདང་བའི་དཀའ་ངལ་དེ་མེད་འདོད། ཁུངས་སྐྱེལ་ངོས་ལེན་བྱེད་མཁན་ཉིན་རེ་བཞིན་ཉུང་དུ་འགྲོ་བཞིན་པ་འདི་གནད་དོན་རེད་འདོད། འདི་དང་མཉམ་དུ་དོན་གནད་གལ་ཆེན་གཞན་ཞིག་གླེང་དགོས་ངེས་ཆགས་ཡོད། རང་བཙན་སྒྲུབ་བྱེད་འདི་དག་གིས་དེ་སྔ་བོད་སྡེ་བ་གཞུང་གི་སྒྲིག་འཛུགས་ཁྱབ་ཁོངས་ཁག་རང་བཙན་ཡིན་པ་སྒྲུབ་ཐུབ་ནའང་། སྒྲིག་འཛུགས་ཁྱབ་ཁོངས་ནང་མ་ཚུད་པའི་མདོ་ཁམས་ཀྱི་ཡུལ་ལུང་གང་མང་ཞིག་རང་བཙན་ཕར་ཟད། སྡེ་བ་གཞུང་གི་སྒྲིག་འཛུགས་ཁྱབ་ཁོངས་ཡིན་པ་ཙམ་ཡང་སྒྲུབ་མི་ཐུབ། ལོ་རྒྱུས་ཉམས་ཞིབ་གནང་མཁན་ཞིག་ཡིན་ཚེ་འདིའི་ཐད་ཀྱི་ཁུངས་སྐྱེལ་གསར་བ་རེ་འཚོལ་ཞིབ་དང་བསྡུ་རུབ་གནང་ཐུབ་ན་དེ་ནི་ད་གཟོད་ཁུངས་སྐྱེལ་གསར་བ་ཞིག་ཆགས་པ་རེད།

    Reply
  22. ཚེ་རིང་སྐྱིད། says:
    ལོ་ 16 སྔོན།

    སྒང་ནས་བསམ་འཆར་སྤེལ་མཁན་གྱི་ནང་དུ་འཇམ་དབྱངས་ནོར་བུའི་བཙལ་བའི་དཔང་རྟགས་དེ་དག་ནི་གསར་བ་གང་ཡང་མ་རེད་བརྗོད་འདུག་མོད། གོང་གི་དོན་ཚན་བདུན་པོ་དེར་བདེན་དཔང་པར་གཅིག་རེ་དང་ཚོག་གཅིག་རེ་གཏན་ནས་་མ་རེད་འདུག་ལ། ཁོང་གིས་ཁ་འཐོར་ལ་སོང་བའི་བོད་རང་བཙན་གྱི་ཕྱོགས་སྣེ་གང་མང་ཞིག་ཡིག་རིགས་མ་འདྲ་བའི་མི་སྒེར་གྱི་ལོ་རྒྱུས་རེ་རེ་ལས་ཉར་ཚགས་དང་ལྟ་ཀློག་བྱས་པར་ང་ཚོས་རྗེས་སུ་ཡི་རངས་དང་དད་མོས་བྱ་དགོས་པ་ཞིག་ཡིན་པ་ལས། མི་ཅིག་གིས་མི་ལོ་གྲངས་མེད་ལ་དཀའ་ལས་བརྒྱབ་ནས་འབྲས་བུ་ཐོན་ཡོད་པ་དེ་རང་གི་གོ་ཐོས་རེ་ཡིས་གསར་བ་མ་རེད་ཟེར་ནས་གཞན་གྱི་དཀའ་སྡུག་གི་འབྲས་བུ་ལ་སྣང་མེད་དང་གུས་མེད་བྱ་མི་ཉན་པར་བསམ་ཡོད། ང་ཚོས་རང་གི་ནོར་བུ་མི་མཐོང་བར་གཞན་གྱི་ནོར་བུ་དེ་རང་གི་ནོར་བུ་ལ་ཡང་བརྩི་གིན་འདུག

    Reply
  23. ནད་པ says:
    ལོ་ 16 སྔོན།

    དྲ་གྲོགས་ན་གཞོན་ཚོ་སྐུ་ཁམས་བཟང་། མཁྱེན་དགོས་པ་ཞིག་ལ་ང་ཚོའི་དམིགས་ཡུལ་ངོ་མ་དེ་བོད་རང་བཙན་མ་རེད། ཆོལགགསུམ་གཅིག་ཏུ་སྒྲིལ་བའི་མི་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཁོ་ན་རེད།

    རང་བཙན་ཟེར་ན་བད་དེ་རྒྱ་མི་ཚོ་འདྲོགས་འགྲོ་གི་རེད་པ། དེ་འདྲ་སོང་ཙང་ང་ཚོས་ཁོང་ཚོའི་དངོས་ཡོད་གནད་ལུགས་ལ་རྒྱུས་ལོན་མང་ཙམ་བྱས་ཏེ་སྐབས་བབ་ཀྱི་རང་དོན་མ་འཕྱུགས་པ་ཞིག་བྱེད་དགོས་ཡ།

    Reply
  24. ཨ་ལ་ལ says:
    ལོ་ 16 སྔོན།

    དཱ་བཤད་ཐུབ་ན་གོ་སྐབས་རེད་ད།བཤད་ཐུབ་ན་ལས་མི་དགོས།ང་ཚོས་རྩོད་པ་ནི་དོན་དམ་གྱི་རང་བཙན་མིན།དེའི་རྐྱེན་གྱིས་ཁ་ནས་འདྲ་ཆགས་པོ་ཇི་ལྟར་བཤད་ཐུབ་ན་དེ་ལྟར་བཟང་གི་རེད་དྰ།

    Reply
  25. གངས་ཕྲུག says:
    ལོ་ 16 སྔོན།

    མཁས་དབང་འཇམ་དབྱངས་ནོར་བུ་ལགས།
    ཉིད་ནས་བོད་རང་བཙན་གྱི་ཐལ་འབད་བརྩོན་གནང་བར་བཀའ་དྲིན་ཆེ།
    རྗེས་སུ་ཡི་རངས་ཡོད།

    Reply
  26. ཨ་མའི་གཅེས་ཕྲུག says:
    ལོ་ 16 སྔོན།

    དགྲ་འཇམ་ཟེར་བ་གོ་ནས་དེ་རིང་བར་དེ་འདྲའི་རླབས་ཆེན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པ་ངོ་མ་ངོས་མ་ཟིན། ངའི་སེམས་ནང་གི་དགྲ་འཇམ་དེ་རིང་ནས་བོད་ཀྱི་ནོར་བུ་ཡིན། ངོ་མ་བཤད་ན་མཁས་དབང་འཇམ་ནོར་ལགས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ།

    Reply
  27. རི་སྤྱང་སྔོན་མོ། says:
    ལོ་ 16 སྔོན།

    ང་ཚོ་བོད་པ་ཚོར་འདི་འདྲའི་གསོན་ཤུགས་དང་སྙིང་སྟོབས་ལྡན་པའི་མི་བུ་རེ་རེ་ཡོད་ན་ངོ་མ་རེ་བ་འདུག།

    Reply
  28. བློ་ལྡན། says:
    ལོ་ 16 སྔོན།

    འཇམ་ནོར་ལ་དགའ་བསུ་ཡོད། ཁོང་ནི་རླབས་ཆེན་གྱི་མི་བུ་ཡིན།རང་བཙན་གྱི་དར་ཆ་ཡིན། དུས་ནམ་ཡང་ཁོང་གི་རྗེས་སུ་ང་ཚོ་གཞོན་སྐྱེས་རྣམས་རྒྱག་ཅིག་མཆོངས་གཅིག་ཡིན།

    Reply
  29. གསར་བརྗེ་སྐྱབས། says:
    ལོ་ 16 སྔོན།

    མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་གསལ་འདོན་གནང་བའི་རང་བཙན་སྒྲུབ་བྱེད་ཁག་བདུན་པོ་འདི་གསར་བ་གང་ཡང་མ་རེད་འདོད། འདིའི་སྐོར་བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་ནང་གསལ་བོ་འཁོད་ཡོད་སྙམ། ཡིན་ནའང་བོད་མི་ཞིག་གི་ངོས་ནས་གསལ་འདོན་གནང་བ་ཐེངས་དང་པོ་མི་འགྲོ།
    ཁོང་གིས་གསལ་འདོན་གནང་བའི་རང་བཙན་ཁྱབ་ཁོངས་ནང་དེ་སྔའི་བོད་གཞུང་གི་སྒྲིག་འཛུགས་ཁྱབ་ཁོངས་ལས་མདོ་ཁམས་ཀྱི་ཡུལ་ལུང་ཁག་ཅིག་ཚུད་མེད། བོད་དོན་ཉམས་ཞིབ་མང་པོས་བོད་ལ་ཆབ་སྲིད་ཀྱི་བོད་དང་རིག་གཞུང་གི་བོད་ཅེས་གཉིས་སུ་ཕྱེ་བཞིན་འདུག་ལ། ཆབ་སྲིད་ཀྱི་བོད་ནི་དེ་སྔའི་བོད་སྡེ་བ་གཞུང་གི་སྒྲིག་འཛུགས་ཁྱབ་ཁོངས་ཁག་དང་། རིག་གཞུང་གི་བོད་ནི་ཆབ་སྲིད་ཀྱི་སྒྲིག་འཛུགས་ནང་མ་ཚུད་པའི་མདོ་ཁམས་ཀྱི་ཡུལ་ལུང་དག་ལ་གོ་དགོས་འདུག གནད་འདི་གཞིར་བཞག་ནས་བཤད་ན་བོད་རང་བཙན་སྒྲུབ་ཐུབ་ཀྱང་ང་ཚོའི་ངོས་ནས་རྩོད་ཐུབ་མིན་དང་ཐོབ་ཐུབ་མིན་ནི་ད་དུང་བཤད་དཀའ་བ་ཞིག་རེད་འདོད། མ་གཞི་ད་ལྟ་ང་ཚོས་རྩོད་བཞིན་པ་ནི་བོད་རིགས་ཡོངས་ལ་གཅིག་གྱུར་གྱི་ཚད་མཐོའི་རང་སྐྱོང་ཙམ་མ་ཡིན་ནམ།

    Reply
  30. ཚ་ཕྲུག་འདུན་མཚོ་ says:
    ལོ་ 16 སྔོན།

    ཕ་བཟང་བུ་ཡིན་དེ་འདྲ་མུ་མཐུད་དེ་བཀོད་ན་ཕན་ཐོག་ཆེན་པོ་ཡོང་ངེས་རེད།

    Reply
  31. ཚ་ཕྲུག་འདུན་མཚོ་ says:
    ལོ་ 16 སྔོན།

    ཕ་བཟང་བུ་ཡིན་
    རླབས་ཆེན་གྱི་བྱ་བ་ཞིག་སྒྲུབ་འདུག་དེ་འདྲ་མུ་མཐུད་དེ་སྒྲུབ་རྒྱུ་གུས་པའི་རེ་བ་

    ཡིན་ལ་རང་བཙན་རྩོད་སྒྲུབ་པ་ཡོང་ཀྱི་རེ་བ་ཡང་ཡིན་

    Reply
  32. ཚ་ཕྲུག་འདུན་མཚོ་ says:
    ལོ་ 16 སྔོན།

    ཕ་བཟང་བུ་ཡིན་
    རླབས་ཆེན་གྱི་བྱ་བ་ཞིག་སྒྲུབ་འདུག་དེ་འདྲ་མུ་མཐུད་དེ་སྒྲུབ་རྒྱུ་གུས་པའི་རེ་བ་

    ཡིན་ལ་རང་བཙན་རྩོད་སྒྲུབ་པ་ཡོང་ཀྱི་རེ་བ་ཡང་ཡིན་

    Reply
  33. ཨ་ལ་ལ says:
    ལོ་ 16 སྔོན།

    ད་ཡིན་ན་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་གནང་ཚར་སོང་།ད་རང་བཙན་རེག་ཚར་བ་དང་གཅིག་པ་མ་རེད་པས།ག་རེ་བྱས་ནས།ད་བར་དུ་ང་ཚོས་རང་བཙན་གཙང་མ་ཡིན་པ་མ་ཤེས་པ་དང་དེ་ལ་ཁུངས་སྐྱེལ་བྱེད་མ་ཐུབ་ནས་ལུས་པ་མ་རེད་པས།

    Reply
  34. ནད་པ says:
    ལོ་ 16 སྔོན།

    མཁསདབང་ཁོང་གིས་གསུང་བཤད་བ་དེར་དགའ་བསུ་ཞུ། དེས་གཞོན་སྐྱེས་ཚོར་སེམས་མཚོར་དྲག་པོ་ཞིག་དང་ལྷན་ཕནགཐོག་ཡོང་རྒྱུའི་རེ་བ་ཡོད།

    ད་ཆ་ང་ཚོས་ངེས་པར་དུ་དེའི་ཐད་ལ་ཐབས་ལམ་དམིགས་བསལ་བ་ཞིག་བཙལ་རྙེད་ཐུབ་རྒྱུའི་ཐད་ཚང་མས་བསམ་བློ་གཏོང་པའི་དུ་བབ་ཅིག་ལོས་ཡིན།

    Reply
  35. ནད་པ says:
    ལོ་ 16 སྔོན།

    མཁས་དབང་འཇམ་དབྱངས་ནོར་བུ་ལགས་ནས་དཔང་རྟགས་གང་མང་གཅིག་དང་ལྷན་དུ་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གསུང་བཤད་གནང་བ་འདིས་བོད་པའི་གཞོན་སྐྱེས་ཚོར་སེམས་ཚོར་དྲག་པོ་ཞིག་དང་། ཕྱིས་འབྱུང་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།

    ད་ཆ་ང་ཚོས་དེའི་ཐད་ལ་ཐབས་ལམ་གང་འདྲ་ཞིག་བཙལ་རྙེད་ཐུབ་རྒྱུར་ཁོང་ཙམ་མ་ཟད་ཚང་མས་བསམ་བློ་མང་ཙམ་གཏོང་དགོས་པའི་དུས་ལ་བབ་ཡོད་སྙམ།

    ཁོང་གིས་འདིའི་ཐད་ལ་སྐུ་ལས་གང་ཙམ་སྐྱོན་ནས་གང་སར་གསལ་བཤད་གནང་བཞིན་ཡོད་པ་དེར་སྙིང་ཐག་པ་ནས་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ། ཁོང་དང་འདྲ་བར་ང་ཚོ་གཞོན་སྐྱེས་ཚང་མས་གང་ཐུབ་ཀྱིས་བོད་ཀྱི་རྩ་དོན་ཐད་ལ་འགན་འཁུར་ལེན་དགོས་པའི་དུས་བབ་ཞིག་ལས་ཡིན།

    Reply
  36. བདེ་ཆེན་སྒྲོལ་མ། says:
    ལོ་ 16 སྔོན།

    ངའི་བསམ་པར། ང་ཚོས་གནས་ལུགས་དང་རྒྱུ་མཚན། ལྟ་གྲུབ་བཅས་བཤད་ནས་ཕན་གྱི་མི་འདུག འདི་ཚོ་ང་ཚོས་མི་རིང་གཅིག་ལ་བཤད་བསྡད་པ་རེད། ད་བཤད་ནས་འདུག་རྒྱུའི་ཚབ་ལ། བཤད་རྒྱུ་དེ་རག་རྒྱུ་ཞིག་གི་ལག་ལེན་ཁྲོད་འཁྱེར་དགོས་ཀྱི་འདུག མ་གཞི་སྐུ་ཞབས་འཇམ་ནོར་གྱིས་བཤད་པ་འདི་བདེན་པ་རེད། བདེན་པ་ལ་རྒྱལ་ཁ་ཐོབ་ངེས་པར་ང་ཚོས་གདེང་ཚོད་ཆེན་པོ་དང་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་ཡིན་སྟབས། བདེན་པའི་ནང་ནས་བདེན་པ་དེ་ང་ཚོར་རག་དགོས་ཀྱི་འདུག་ལབ་ན། དེར་མི་དགའ་མཁན་ཞིག་གང་ན་ཡོད། ཡིན་ནའང༌། ང་ཚོས་བཤད་ནས་སྡོད་པ་ལས། ལག་ལེན་ལ་བསྟར་གྱི་མེད་པ་འདིས། ང་ཚོའི་བདེན་པ་དང་རེ་བ་གཉིས་ལ་ཆེ་ཆུང་ཤོར་འགྲོ་གི་ཡོད་པར་མཐོང་སོང༌། སྐུ་ཞབས་འཇམ་ནོར་གྱིས་ད་རེས་མང་ཚོགས་ཚོ་ལག་ལེན་ངོ་མའི་ནང་གོམ་བསྐྱོད་ཀྱི་ཐབས་ཤེས་ཡོད་ན། ཡང་ཐོག་ལེགས་བརྩེགས་ཡོང་བ་འདུག་འདོད།

    Reply
  37. ཨརྱ། says:
    ལོ་ 16 སྔོན།

    ལོ་རྒྱུས་ཡག་པོ་བཤད་འདུག་ལ་བདེན་པ་དེ་དག་ང་ཚོར་ཡོད་པ་ཞིག་ཀྱང་རེད། འོན་ཀྱང་ད་ལྟའི་འཛམ་གླིང་གི་ཁྲིམས་སྟེང་ནས་བོད་རང་བཙན་ལ་ཁུངས་སྐྱེལ་ཚད་ལྡན་བྱེད་རྒྱུར་འདང་གིན་ཡོད་དམ། ཁྲིམས་ཐོག་ནས་དག་འབུད་བྱེད་ཕྱོགས་སྐོར་ཞིབ་གསལ་ཞིག་གསུང་ན་སྤྱི་ཚོགས་ཡོངས་དང་ལྷག་དོན་ཁྲིམས་མི་ཤེས་པ་བདག་ལྟ་བུ་ལ་ཧ་ཅང་ཕན་ཐོག་ཆེ་ངེས་ལགས་ན་དེ་དོན་དགོངས་འཇག་ཡོང་བར་ཞུ།།

    Reply
  38. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    འཇམ་དབྱངས་ནོར་བུ་ལགས།
    བོད་ཀྱི་རྩ་དོན་ཆེད་དུ་འབད་བརྩོན་གནང་བར་བཀའ་དྲིན་ཆེ། ང་ཚོའི་དམིགས་ཡུལ་ངོ་མ་ཇི་ལྟར་ཡིན་ཀྱང་། དངོས་ཡོད་གནས་ཚུལ་ལ་རང་བཙན་གཙང་མའི་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་གཅིག་ཡིན་པ་ཁུངས་སྐྱེལ་བྱེད་རྒྱུ་ཤིན་ཏུ་གལ་ཆེ།།

    Reply
  39. གནས་ཚང་། says:
    ལོ་ 16 སྔོན།

    ད་ཡིན་ན་ཡག་པོ་ཞེ་དྲག་གསུང་འདུག ཡིན་ནའི། གཟི་བརྗིད་འདིར་བདག་པོ་ཇི་ལྟར་རྒྱག་གི་ཡིན་ནམ། བདག་པོ་རྒྱག་མཁན་ཡོད་དམ།

    Reply
  40. རི་བོང། says:
    ལོ་ 16 སྔོན།

    མཁས་དབང་འཇམ་ནོར་ལ་ཐུགས་རྗེ་ཆེ་ཞུ། དངོས་གནས་གཟི་བརྗིད་རེད།

    Reply
  41. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    མ་ཧྰ་གན་དེས་བྱམས་དང་སྙིང་རྗེས་ས་ཆེན་གོ་ལ་ཡང་ཡང་བསྒུལ།།
    སུའུ་བྷ་ཅན་དྷར་བྷོ་ཡི་སྙིང་སྟོབས་ཨེ་ཤར་གླིང་གི་ཡུལ་ལ་ཁྱབས།།
    གང་གིས་ཞི་བའི་དར་ཆ་བསྒྲེངས་ཤིང་སྐྲ་སེར་དཔོན་པོའི་སེམས་པ་ཞུམ།།
    ཁོང་གིས་རྣོན་པོའི་མཚོན་ཆ་བཟུང་ནས་དབྱིན་དམག་སྡར་མའི་སྙིང་རྩ་བྲེགས།།

    Reply
  42. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    མཁས་དབང་འདི་ལྟ་བུའི་བཀའ་བློན་ཁྲི་བ་ཞིག་ཡོད་ན་ཅི་མ་རུང་། བླ་རྒན་ཚོ་ངོ་སོ་སྟོད་ད་་་་་་་་་་ཤུ

    Reply
  43. kunsal says:
    ལོ་ 16 སྔོན།

    འཇམ་དབྱངས་ནོར་བུ་ལགས། ཉིད་ནས་བོད་རང་བཙན་གྱི་ཁུངས་སྐྱེལ་ཡིག་ཆ་སྔ་རྗེས་སུ་ཐབས་འཚོལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ད་དུང་མུ་མཐུད་རྒྱུན་ཁྱོང་ཡོང་བ་ཞུ། བོད་ཀྱི་བདེན་དཔང་དང་མི་མང་ནམ་དུ་ཡང་ཉིད་ཀྱི་རྒྱབ་ཏུ་ཡོད།

    Reply
  44. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་འདི་ལོ་རྒྱུས་ཐོག་རང་བཙན་ཡིན་པ་ནི་སྨྲོས་མེད་ཆགས་ཡོད་ཀྱང་། ད་ལྟའི་འཆར་ངེད་ཅག་ལ་ཆེས་དགོས་འཁོ་ཆེ་བ་དེ་ནི་བོད་ནང་ཞི་འཇག་ཡོང་ཐབས་དེ་ནི་དངོས་ནས་གལ་ཆེན་ནང་གི་དོན་ཆེན་ཆགས་ཡོད་པ་རེད། ཡིན་ཡང་། སྐུ་ཉིད་ཀྱིས་བདེན་དབུང་བྱས་པའི་ཡིག་ཆ་འདི་དག་ནི་སྔོན་ཆད་ཅིག་ལ་རྩོམ་པ་པོ་ཞིག་གིས་ང་རང་ལ་བསྟན་པ་དྲན་གྱི་འདུག ད་ལྟ་ངས་དྲན་པ་གསོས་ཀྱི་མི་འདུག
    འཇམ་ནོར་ཉིད་ཀྱིས་ལོ་ངོ་ཁ་ཤས་རིང་དུ་གྲགས་འགུལ་མེད་པར་བསྡད་སོང་། ད་ཡང་གྲགས་འགུལ་ཞིག་བྱེད་བཞིན་པ་དེ་ནི་དགའ་བསུ་ཞུ། རེ་བ་ཞིག་ཡོད་པ་ནི་སྐུ་ཉིད་ཀྱིས་ཕྱག་ལས་འདི་ཉིད་རྒྱུན་སྐྱོང་ཡོང་རྒྱུར་རེ་བ་ཡོད་ལ། རང་ཉིད་ཀྱིས་མགོ་ཁྲིད་དེ་ལོ་རྒྱུས་ཐོག་གི་རང་བཙན་འཐབ་མོ་བ་ཞིག་ཆགས་རྒྱུར་དེ་བས་ཀྱང་རེ་སྐུལ་སེམས་གཏིང་ནས་ཞུ།

    Reply
  45. བཀྲ་ཤིས་མགོན་པོ། says:
    ལོ་ 16 སྔོན།

    ཨ་མའི་བུ་རྒོད། ངོ་མ་མཉན་ཤེས་མཁན་ཞིག་ཡོད་ན། འདི་རང་གིས་ཆོག་ག་བསམ་པ་རེ་བཤད་འདུག རྒྱུ་མཚན་ལྡན་ལ་རྣོ་ངར་ཆེར་བའི་དཔང་པོ་རེ་བཀོད་འདུག རྗེས་མ་མུ་འཐུད་ནས་ཞིབ་འཇུག་གནང་རོགས། ཡར་རྒྱས་ལ་མཐའ་མེད་པ་དང་གཅིག རྒྱ་མི་ལ་ཁྲེལ་མེད་པ་གཉིས་ལ་བསམས་ནས་འབད་བརྩོན་གནང་རོགས་ཞུ།།

    Reply
  46. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    དངོས་གནས་ཡག་པོ་བཤད་འདུག ད་དུང་ས་མཚམས་ཀྱི་ཐད་དང་བདག་དབང་གི་ཁྱབ་ཚད་སོགས་ཀྱི་ཐད་ནས་ཀྱང་ལྷུག་པོ་རེ་བཤད་ཐུབ་ན་ཡག་པོ་འདུག་སྙམ།

    Reply
  47. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    འཛམ་བུ་གླིང་ལ་འདི་འདྲ་དྲི་སྒྲགས་བྱེད་པ་རྗེས་སུ་ཡི་རངས་ཡོད།

    Reply
  48. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    ངས་ཁྱེད་ལ་ཐུགས་རྗེས་ཆེ་ཞུ་ལས་དོན་འདི་འདྲ་སྒྲུབ་ན་བུ་རྒོད་པོ་རེད།

    Reply
  49. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    འཇམ་དབྱངས་ནོར་བུས་རང་བཙན་ཁུངས་སྐྱེལ་གྱི་ངོ་སྤྲོད་ཡག་པོ་བྱས་འདུག
    འགན་ཁུར་ནས་ལས་དོན་བསྒྲུབ་འདུག
    རྗེས་སུ་ཡི་རངས་ཡོད།
    ཨ་མའི་བུ་ད་དུང་མུ་མཐུད་དུ་དཔང་རྟགས་འདི་འདྲ་འཚོལ་བསྒྲུབ་གནང་རོགས།
    རྗེས་མ་ཞིག་ལ་ཕན་ངེས་ཡིན་ནི་རེད།

    Reply
  50. ཨ་མྱེ says:
    ལོ་ 16 སྔོན།

    ངོ་མ་གཟི་བརྗིད་རེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese