མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲང་བདེན་གྱི་སྐད་ཆ་བཤད་རྒྱུ་མང་དྲགས་པ་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ཡོངས་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་སུ། ཁོང་གིས་ད་ལྟ་ཧྥ་རན་སིའི་མཐོ་སློབ་ཅིག་ཏུ་བོད་ཀྱི་སྐད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་གིན་ཡོད་པ་དང་། མི་འགྱངས་པར་བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་འཚོགས་གྲབས་ཡོད་པ་བཅས་ཀྱི་སྐོར་ལ་བཅར་འདྲི་ཁག་ཅིག་བྱས་པ་གཤམ་གསལ་ལྟར་ཡིན། 

 དྲི་བ། རྒན་ལགས་སྔར་ལོ་ས་རཱ་མཐོ་སློབ་དང་ཁ་གྱེས་ཏེ་ཧྥ་རན་སིའི་སློབ་གྲྭ་ཞིག་ཏུ་དགེ་རྒན་དུ་ཕེབས་པའི་སྐོར་དང་། སློབ་གྲྭ་དེ་གའི་སྒྲིག་འཛུགས་དང་གནས་བབ་ངོ་སྤྲོད་ཅིག་གནང་རོགས།

ལན། ང་སྔར་ལོའི་སྤྱི་ཟླ་ ༡༢ པའི་ནང་ཧྥ་རན་སིའི་སྐད་ཡིག་སློབ་ཆེན་ཞིག་ཏུ་བོད་ཀྱི་སྐད་ཡིག་དགེ་རྒན་ལ་སོང་བ་ཡིན། སློབ་གྲྭ་དེ་འཛུགས་མཁན་ཧྥ་རན་སིའི་གཞུང་རེད། སློབ་གྲྭའི་དམིགས་ཡུལ་ནི། ནུབ་ཕྱོགས་པ་ཚོས་ཨེ་ཤ་ཡའི་རིག་གནས་དང་ལེགས་བྱང་ལ་སློབ་སྦྱོང་བྱ་ཆེད་རེད། འོན་ཀྱང་། ད་ལྟ་འཛམ་གླིང་གི་སྐད་ཡིག་སྣ་ཚོགས་སྦྱོང་སའི་སློབ་གྲྭ་ཞིག་ཏུ་གྱུར་འདུག སློབ་མ་ཡང་འཛམ་གླིང་ཤར་ནུབ་གཉིས་ཀ་ནས་སླེབས་འདུག སྐད་ཡིག་ ༩༧ དང་སློབ་མ་ཆིག་ཁྲི་ ༡༠༠༠༠ ལྷག་འདུག བོད་སྐད་ཡིག་ཨང་རིམ་ ༤༦ པ་རེད། དེ་ནི་སྐད་ཡིག་དེ་ལ་སློབ་སྦྱོང་བྱེད་མཁན་གྱི་གྲངས་འབོར་ལ་གཞིགས་ཏེ་ཨང་རིམ་བཀར་གྱིན་ཡོད་པ་འདྲ། བོད་ཡིག་སྡེ་ཚན་གྱི་འཛིན་རིམ་མཐོ་བའི་སློབ་མ་ཚོ་ལོ་ ༥༠ ཡས་མས་ཅན་ཤ་སྟག་རེད། ཁོང་ཚོས་བོད་ཡིག་ཡག་པོ་ཤེས་ཀྱང་། བོད་སྐད་བཤད་རྒྱུར་དཀའ་ངལ་འཕྲད་ཀྱིན་འདུག འཛིན་རིམ་དམའ་བའི་སློབ་མ་ཕལ་ཆེ་བ་ན་གཞོན་རེད་ལ། བོད་སྐད་ཡག་པོ་བཤད་ཤེས་ཀྱིན་འདུག ལོ་འདི་འགར་བོད་ཡིག་སྡེ་ཚན་ནང་ཞུགས་མཁན་མང་དུ་འགྲོ་བཞིན་འདུག་ཟེར། བོད་ཡིག་སྡེ་ཚན་ལ་དགེ་རྒན་བརྒྱད་འདུག་མོད། ང་དང་གཞན་པ་གཅིག་མ་གཏོགས་ཕྱི་གླིང་བ་རེད།  སློབ་གྲྭར་འཛུལ་ཞུགས་བྱེད་སྟངས་རྒྱལ་ཁབ་སོ་སོའི་འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་ཡོད་ན། ལོ་རེའི་སློབ་མའི་བསྡུ་ཚད་དང་བསྟུན་ཏེ་སློབ་འཇུག་བྱེད་ཀྱིན་འདུག  

 

དྲི་བ། རྒན་ལགས་ཧྥ་རན་སིར་ཕེབས་ཏེ་འདས་པའི་ཟླ་བ་དགུའི་རིང་གི་མཐོང་ཐོས་ལྟར་ན། ཧྥ་རན་སིའི་གཞུང་དམངས་ཀྱིས་བོད་རིགས་སྐྱབས་བཅོལ་བ་ཚོར་ལྟ་སྟངས་གང་འདྲ་ཡོད་པ་དང་།  དེ་གའི་བོད་མི་ཚོའི་འཚོ་བ་སྐྱེལ་སྟངས་གང་འདྲ་འདུག་གམ།  

ལན། ཧྥ་རན་སིའི་གཞུང་དམངས་གཉིས་ཐད་ནས་བོད་རིགས་ཚོར་ལྟ་སྟངས་ཧ་ཅང་ཡག་པོ་རེད། བོད་མི་ཚོའི་ལས་འགུལ་དག་གི་སྐབས་སུ་ཧྥ་རན་སིའི་ཡུལ་མི་མང་པོ་མཉམ་ཞུགས་བྱེད་ཀྱིན་འདུག དེ་ནི་ངས་དམིགས་བསལ་ཞིག་ཏུ་མཐོང་སོང་། གང་ཡིན་ཟེར་ན། ང་ཚོ་རྒྱ་གར་ནང་ལོ་ ༥༠ ཙམ་ལ་བསྡད་པ་རེད་དེ། རྒྱ་གར་བ་རེ་ཟུང་ལས་བོད་པའི་ལས་འགུལ་ནང་ཞུགས་མཁན་མེད། ཧྥ་རན་སིའི་གཞུང་གིས་རྒྱལ་ཁབ་དང་མི་རིགས་དབྱེར་མེད་ཐོག སྐྱབས་བཅོལ་དུ་ལེན་གྱིན་ཡོད་མོད། བོད་པར་དམིགས་བསལ་གྱིས་གཟིགས་རྟོགས་ཡག་པོ་གནང་གིན་འདུག རྒྱལ་ཁབ་གཞན་པར་མཚོན་ན། རྒྱ་གར་ནས་ཡོང་བ་ཤེས་ན་སྐྱབས་བཅོལ་གཉིས་པའི་ཐོབ་ཐང་སྤྲོད་ཀྱིན་མེད་མོད། ཧྥ་རན་སིས་རྒྱ་གར་ནས་ཡོང་བ་ཚོར་ཡང་སྐྱབས་བཅོལ་གྱི་ཐོབ་ཐང་འདྲ་མཉམ་གྱིས་སྤྲོད་ཀྱིན་འདུག གོ་ཐོས་ལྟར་ན། དེ་ནི་ཧྥ་རན་སིའི་གཞུང་ངོས་ནས་རྒྱ་གར་ནང་གི་བོད་པ་སྐྱབས་བཅོལ་བའི་གནས་སྟངས་ལ་ཞིབ་འཇུག་བྱས་ཏེ། རྒྱ་གར་གཞུང་གིས་བོད་མིར་སྐྱབས་བཅོལ་གྱི་གནས་བབ་སྤྲོད་ཀྱིན་མེད་པ་དང་། རྒྱ་ནག་གི་བཙན་འོག་ཏུ་བོད་མི་ཚོར་དཀའ་ངལ་ཆེན་པོ་ཡོད་པར་ངོས་འཛིན་འོག དམིགས་བསལ་གྱི་ཐོབ་ཐང་དེ་དག་རག་པ་རེད་ཟེར་གྱིན་འདུག ལོ་སྔ་ཕྱིའི་ནང་ཧྥ་རན་སིར་བོད་རིགས་མང་དུ་འགྲོ་བཞིན་འདུག་ལ། ད་ཆར་ཕལ་ཆེར་བོད་མི་ ༦༠༠ ཙམ་ཡོད་ས་རེད། བོད་པའི་ཚོང་ཁང་དང་ཟ་ཁང་ཡང་གང་འཚམ་ཞིག་འདུག མ་འོངས་པར་ཚང་མས་དོ་སྣང་ཆེན་པོས་ལས་གཞི་རྒྱ་སྐྱེད་བཏང་ན་རེ་བ་ཆེན་པོ་འདུག

 

དྲི་བ། ཕྱི་རྒྱལ་ཁག་གི་བོད་པའི་བྱིས་པ་ཚོ་བོད་ཡིག་བོད་སྐད་དང་ཁ་བྲལ་ཏེ། བོད་པའི་སྟེང་ན་བོད་མིའི་གཤིས་ཀ་མི་མངོན་པའི་སྣང་ཚུལ་ཡོང་གི་ཡོད་རབས་འདུག་སྟབས། དེ་དག་ལ་གཟིགས་ཚུལ་དང་སྐྱོབ་ཐབས་ཀྱི་ལམ་ཁ་འདྲ་མཐོང་གིན་འདུག་གམ།

ལན། བོད་ཀྱི་སྐད་ཡིག་དང་རིག་གནས་ལ་ཤ་ཚ་དང་དགའ་ཞེན་ཡོད་མཁན་གྱི་ཕ་མ་ཞིག་ཡིན་ན། གོང་དུ་ཁྱེད་ཀྱིས་བཤད་པའི་གནད་དོན་དེ་དཀའ་ངལ་ཆུང་ཆུང་ཞིག་མ་རེད། ཆག་སྒོ་དང་གྱོང་གུད་ཚབས་ཆེན་རེད་ལ། ཐ་ན་བྱིས་པ་ཚོའི་མ་འོངས་པའི་མདུན་ལམ་དང་། མི་ཚེ་རིན་ཐང་ལའང་དོ་ཕོག་འགྲོ་སྲིད་པའི་བྱས་ཉེས་ཤིག་ཆགས་ཀྱིན་འདུག་སྙམ་པ་བྱུང་སོང་། ཉེན་ཁ་དེ་དག་གཟིགས་མཁན་གྱི་ཕ་མ་ཚོས་སོ་སོའི་བྱིས་པ་ཕྱིར་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་ཏུ་འཇོག་གིན་འདུག་ལ། རེ་ཟུང་གིས་སློབ་གྲྭའི་གུང་གསེང་དང་བསྟུན་ཏེ་བོད་ཡིག་དགེ་རྒན་འཚོལ་བཞིན་འདུག རབ་བྱུང་ན། གཞུང་དང་སྒེར། ཚོགས་སྡེ་སོགས་མཉམ་རུབ་ཀྱི་ཐོག་ནས་བོད་ཡིག་བོད་སྐད་སློབ་སའི་ཁོར་ཡུག་ཅིག་ངེས་པར་དུ་བསྐྲུན་དགོས་ཀྱིན་འདུག་ལ། དེ་མ་ཡོང་ཚེ། ཕྱི་རྒྱལ་ཁག་གི་བོད་རིགས་ཚོགས་པས་འཛིན་སྐྱོང་གི་འགན་འཁུར་ཞིང་། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཚོས་དགེ་རྒན་གྱི་འགན་ཁུར་ཏེ། བདུན་ཕྲག་རེར་ཐེངས་གཅིག་རེར་བོད་རིགས་བྱིས་པ་ཚོ་བསྡུ་རུབ་བྱས་ཏེ། བོད་པའི་རིག་གཞུང་སློབ་ཁྲིད་བྱ་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད་སྙམ།

 

དྲི་བ། མི་འགྱངས་བར་བོད་རྒྱལ་ཡོངས་རྩོམ་པ་པོའི་འཐུན་ཚོགས་ཀྱི་ཚོགས་ཆེན་འཚོགས་རྒྱུ་གསལ་བསྒྲགས་བྱས་ཡོད་སྟབས། ཚོགས་ཆེན་དེ་འདྲ་ཞིག་འཚོགས་དགོས་པའི་དམིགས་ཡུལ་དང་། ཚོགས་འདུའི་སྟེང་དུ་གྲོས་གཞི་གང་འདྲ་ཡོད་དམ།

ལན། ཐེངས་འདིའི་ཚོགས་ཆེན་ལ་དམིགས་ཡུལ་གཙོ་བོ་གཉིས་ཡོད། དང་པོ། བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཚོའི་ལོ་ལྔའི་ལས་རྒྱུན་རྫོགས་ཏེ། རྒྱུན་ལས་གསར་འདེམ་གྱི་དུས་ཚོད་སླེབས་ཡོད་པ་རེད། གཉིས་པ། ང་ཚོའི་མཐུན་ཚོགས་ཀྱི་ངོས་ནས་ལྔ་བཅུའི་དུས་དྲན་སྲུང་གཙི་དང་འབྲེལ་ཏེ། འདས་པའི་མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་མིའི་རྩོམ་རིག་གི་འཕེལ་རིམ་ལ་ཞིབ་འཇུག་དང་ཕྱོགས་སྡོམ་ཞིག་བྱ་རྒྱུ་ཡིན། ཚོགས་མིའི་གྲུབ་ཆའི་ཐད། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིའི་སྟེང་དུ་རྩོམ་པ་པོ་སྒེར་བ་ཁག་ཅིག་ལ་ཆེད་དུ་འབོད་སྐུལ་ཞུས་ཏེ། བརྗོད་གཞི་དང་འབྲེལ་བའི་སྒང་ལ་བགྲོ་གླེང་གནང་རྒྱུ་དང་། དེ་མིན་གྱི་རྩོམ་པ་པོ་དང་རྩོམ་རིག་ལ་དོ་སྣང་ཡོད་རིགས་ཚོ་ཡང་། ཚོགས་ཞུགས་དང་ཟུར་ཉན་གྱི་གོ་སྐབས་སྤྲོད་རྒྱུ་ཡིན། ཚོགས་ཞུགས་པའི་འགྲོ་གྲོན་ཐད། ཕྱི་རྒྱལ་ཡུལ་གྲུ་ཁག་ཕུད་པའི་རྒྱ་བལ་འབྲུག་གསུམ་ནང་གི་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དང་། དམིགས་བསལ་གདན་ཞུའི་སྐུ་མགྲོན་དག་ལ་འགྲོ་སོང་མཐུན་ཚོགས་ཀྱིས་གཏོང་རྒྱུ་ཡིན། ཚོགས་འདུའི་བརྗོད་གཞིའི་ཐད། དང་པོ། མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་སྤྱི་ཚོགས་ཀྱི་རྩོམ་རིག་གི་འཕེལ་རིམ་དང་། ནང་གསེས་བརྩམས་སྒྲུང་གི་སྐོར་གཅིག་དང་སྙན་ངག་གི་སྐོར་གཅིག དུས་དེབ་དང་ཚགས་པར་གྱི་སྐོར་གཅིག སྒེར་གྱི་ཆེད་དེབ་ཀྱི་སྐོར་གཅིག བུད་མེད་རྩོམ་པ་པོའི་སྐོར་གཅིག བྱིས་པའི་ལྟ་ཀློག་རྩོམ་རིག་གི་སྐོར་གཅིག སློབ་གྲྭ་ཁག་གི་རྩོམ་རིག་སློབ་དེབ་སྐོར་གཅིག སྐད་ཡིག་གཞན་པའི་ནང་རྩོམ་ཡིག་སྤེལ་བ་སྐོར་གཅིག སྐད་ཡིག་གཞན་ལས་ཚུར་བོད་ཡིག་ནང་བསྒྱུར་བ་སྐོར་གཅིག བོད་ནང་རྒྱའི་བཙན་འོག་གི་མི་ལོ་ལྔ་བཅུའི་རྩོམ་རིག་གི་འཕེལ་རིམ་དང་། བཙན་བྱོལ་རང་དབང་ལུང་པའི་མི་ལོ་ལྔ་བཅུའི་རྩོམ་རིག་གི་འཕེལ་རིམ་གཉིས་ལ་དཔྱད་བསྡུར་བཅས་གོ་སྒྲིག་ཞུས་ཡོད།

 

དྲི་བ། སྐུ་ཉིད་ལོ་ལྔའི་རིང་བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོར་བཞུགས་པའི་ཉམས་མྱོང་དང་ལས་དོན་ལེགས་འགྲུབ་བྱུང་བ་ཁག གཞན་ལས་འཕྲོ་ལྷག་ཡོད་པ་དང་། འཐུས་ཤོར་དང་ལེགས་འགྲུབ་མ་བྱུང་བ་ཁག་བཅས་ངོ་སྤྲོད་ཅིག་གནང་རོགས།

ལན། ང་རང་སྒེར་གྱི་བསམ་ཚུལ་ལྟར་ན། སྔོན་ཆད་རྒྱུན་ལས་ཚང་མ་ངྷ་རམ་ས་ལར་ཡོད་པ་རྐྱང་བདམས་པ་རེད། འོན་ཀྱང་། ལོ་ལྔའི་ལས་རྒྱུན་མ་རྫོགས་གོང་དུ་རྒྱུན་ལས་ཚོ་འཐོར་འགྲོ་བཞིན་འདུག ཚོགས་མི་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་ཐོར་ནས་བསྡད་ཡོད་ལ། ས་གནས་སུ་འགན་འཁུར་དགོས་པ་དང་ལས་དོན་བསྒྲུབ་དགོས་རིགས་ཀྱང་གང་འཚམ་ཞིག་ཡོང་གིན་ཡོད་སྟབས། རྒྱུན་ལས་ཡང་ཕྱོགས་ངེས་མེད་ནས་འདེམ་ན་ཡག་པོ་འདུག་སྙམ་གྱིན་ཡོད། དེ་ངའི་འདས་པའི་ཉམས་མྱོང་ཡིན། གཞན་མཐུན་ཚོགས་འདི་ཐོག་མར་འཛུགས་སྐབས་འཆར་གཞི་ཆེན་པོ་ཁག་ཅིག་ཡོད། མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ལོ་རྒྱུས་ཞིབ་འཇུག་སྡེ་ཚན་དང་ཡིག་སྒྱུར་སྡེ་ཚན། བྱིས་པའི་ཀློག་དེབ་རྩོམ་སྒྲིག་སྡེ་ཚན་སོགས་ཡོད། ང་རང་གི་ལས་རྒྱུན་རིང་ལེགས་འགྲུབ་མ་བྱུང་བ་ཁག་ནི། མཐུན་ཚོགས་ཀྱི་དྲུང་ཆེའི་འགན་ཁུར་འོག རྩོམ་པ་པོའི་མཐུན་ཚོགས་ནས་བོད་རྒྱ་དབྱིན་གསུམ་གྱི་དྲ་ཚིགས་ཚད་ལྡན་ཞིག་བཟོ་རྒྱུ་བྱས་ཡོད་ཀྱང་འགྲུབ་མ་སོང་། ཐོག་མའི་འཆར་གཞི་ལྟར་ན། རྒྱུན་ལས་ཚོ་ལོ་ལྔའི་རིང་སྡོད་རྒྱུ་བྱས་ཡོད་ཀྱང་། རིམ་གྱིས་ཁ་འཐོར་ཏེ་ལས་དོན་འཐུས་ཤོར་ལ་ཕྱིན་སྟབས། རོགས་ཚོགས་ལའང་འགྱུར་བ་ཕྱིན་ཏེ། ཤུལ་དུ་སྡོད་པའི་རྒྱུན་ལས་ཚོ་ཡང་སྡོད་མ་ཐུབ་པ་ཆགས་སོང་། མཐུན་ཚོགས་ཀྱི་ཞིབ་འཇུག་དེབ་ཕྲེང་རྩོམ་ཡིག་འདང་མིན་གྱི་དབང་གིས་འདོན་ཐུབ་མ་སོང་། གཞན། སྙན་ངག་དང་དཔྱད་རྩོམ། སྒྲུང་རྩོམ་བཅས་ཀྱི་འགྲན་རྩོམ་ཞིག་གྲ་སྒྲིག་བྱས་ཡོད་ཀྱང་དུས་ལྟར་འདོན་ཐུབ་མ་སོང་། དེ་དག་ལེགས་འགྲུབ་མ་བྱུང་བའི་རིགས་རེད། རྒྱལ་སྤྱིའི་པེན་ཁྱབ་ཁོངས་ཀྱི་ཡན་ལག་མཐུན་ཚོགས་དག་གིས་སོ་སོ་མི་རིགས་དང་སྤྱི་ཚོགས་ནང་། སློབ་ཕྲུག་གཙོ་བོ་བྱས་ཏེ་རྩོམ་རིག་སྒྱུ་རྩལ་སྐོར་ལ་འཛིན་གྲྭ་འཚོགས་པ་དང་བགྲོ་གླེང་བྱེད་པ། རྩོམ་ཡིག་བསྡུ་རུབ་ཀྱིས་དབྱིན་ཡིག་ནང་བསྒྱུར་ཏེ་དེབ་འདོན་པའི་ལས་གཞི་ཞིག་འདུག དེ་ལ་ང་ཚོས་འབྲེལ་བ་བྱས་ཏེ། སྔར་ལོ་ནས་ས་རཱ་སོགས་ས་གནས་ཁག་ཅིག་ནང་མུ་མཐུད་ལས་གཞི་སྤེལ་ཐུབ་པ་བྱུང་ཡོད། དེང་སྐབས་མཐུན་ཚོགས་ནང་ཚོགས་མི་ ༧༤ ཙམ་ཡོད་ལ། ཚོགས་མིའི་སྤུས་ཚད་སྔར་དང་བསྡུར་ན་གང་འཚམ་ཡག་ཏུ་ཕྱིན་འདུག་དྲན་ཡོད། ཟླ་རེའི་སྤྱི་ཚོགས་མེ་ལོང་ཚགས་ཤོག་མཚམས་མ་ཆད་པར་འདོན་མུས་ཡིན། གཞན་ལོ་ལྟར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ལ་བཅར་ཏེ། ཚོགས་ཆེན་གྱི་དགོངས་དོན་ཤེས་རྟོགས་དང་། བོད་ཕྱི་ནང་གི་རྩོམ་རིག་གི་གནད་དོན། ལྷག་པར་དུ་བོད་ནང་གི་ཆབ་སྲིད་རྩོམ་པ་པོ་དག་གི་གནས་ཚུལ་སྙན་སྒྲོན་ཞུ་བཞིན་ཡོད། དེ་དག་ལས་དོན་ལེགས་འགྲུབ་བྱུང་བའི་རིགས་རེད།  

 

དྲི་བ། སྐུ་ཉིད་རྩོམ་པ་པོ་རྒན་རབས་པ་ཞིག་ཡིན་པ་དང་། ལྷག་པར་དུ་རྩོམ་པ་པོའི་མཐུན་ཚོགས་ནང་ཕྱག་ལས་གནང་སྟེ། རྩོམ་རིག་འཛིན་སྐྱོང་གི་ལས་དོན་བསྒྲུབས་ཡོད་སྟབས། བཙན་བྱོལ་བོད་མིའི་རྩོམ་རིག་གི་འཕེལ་རིམ་གང་འདྲ་ཞིག་ལ་ངོས་འཛིན་གནང་གིན་ཡོད་དམ།

ལན། རྡོག་རྡོག་བྱས་ཏེ་བཤད་ན་ཡར་རྒྱས་གང་འཚམ་སོང་ཡོད་པ་རེད་ཟེར་རྒྱུ་ཡིན། ང་ ༡༩༨༩ ལོར་རྒྱ་གར་དུ་ཡོང་བ་ཡིན། སྐབས་དེར་རྩོམ་རིག་གི་བཟང་ངན་ཕར་ཞོག རྩོམ་ཡིག་ཀློག་རྒྱུ་རག་ཁག་པོ་རེད། ཝ་ར་ནཱ་སི་ནས་བསྟོད་རྩོམ་དང་མཆོད་བརྗོད་འདྲ་བའི་རྩོམ་ཡིག་རེ་ཟུང་འདོན་གྱིན་འདུག་ལ། ཤེས་བྱ་དུས་དེབ་ནང་མགུར་གླུ་འདྲ་བའི་སྙན་ངག་རེ་ཟུང་སྤེལ་གྱིན་ཡོད། རྗེས་སུ་པད་མ་འབུམ་དང་ཧོར་གཙང་འཇིགས་མེད་སོགས་གཙོ་བོར་བྱས་ཏེ། བོད་ནས་ཕེབས་པ་ཁག་ཅིག་གིས་རྩོམ་ཡིག་གི་ཕྱོགས་ལ་ཤུགས་བརྒྱབས་ཏེ་ལྗང་གཞོན་དུས་དེབ་དང་༡༩༩༥ ལོ་ནས་རྩམ་པ་དུས་དེབ་བཏོན་པ་རེད། རིམ་གྱིས་སློབ་གྲྭ་ཁག་ནས་དུས་དེབ་དང་ཆེད་དེབ་འདོན་ཞིང་། སྤྱི་ཚོགས་ནང་དུའང་ཚགས་པར་དང་དུས་དེབ་མི་ཉུང་བ་ཞིག་སྔ་རྗེས་སུ་སླེབས་ཏེ། བཙན་བྱོལ་སྤྱི་ཚོགས་ཀྱིས་རྩོམ་ཡིག་གི་རིན་ཐང་དང་ནུས་པར་ངོས་ཟིན་ཕྲན་བུ་བྱུང་བ་རེད། ད་ཆར་རྩོམ་ཡིག་གི་གྲངས་ཚད་མཐོན་པོར་སླེབས་ཡོད་པ་མ་ཟད། སྤུས་ཚད་ཀྱི་ཐད་ནས་ཀྱང་བཙན་བྱོལ་གྱི་རྩོམ་རིག་གི་འཕེལ་རིམ་ཟེར་བ་ཞིག་གླེང་རྒྱུ་ཡོད་པ་རེད།

 

དྲི་བ། སྐུ་ཉིད་ཀྱིས་སྔོན་མ་ནས་ཆེད་ལས་རྩོམ་པ་པོ་ཞིག་བྱ་འདོད་ཡོད་སྐོར་གསུངས་མྱོང་ལ། དུས་ཚོད་བྱུང་ན་བརྩམས་སྒྲུང་དང་འཁྲབ་གཞུང་གི་ཐོག་ལ་ཤུགས་བརྒྱག་འདོད་ཡོད་ཚུལ་གསུངས་ཡོད་སྟབས། ད་ལྟའི་ཆར་རྩོམ་ཡིག་ཅི་ཞིག་འབྲི་བཞིན་ཡོད་དམ།

ལན། ངས་སྔོན་མ་ནས་བོད་ཀྱི་ཉེ་རབས་སྲིད་དོན་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་གློག་བརྙན་འཁྲབ་གཞུང་རིང་པོ་ཞིག་མུ་འབྲེལ་བྱས་ཏེ་འབྲི་ཐུབ་ན་བསམ་ཡོད། དེ་ནི་ས་རཱ་མཐོ་སློབ་གྱི་དགེ་རྒན་ལས་དགོངས་པ་ཞུས་ཏེ། ད་ནས་བཟུང་ང་རང་གི་ཚེ་མཇུག་ཡོངས་ལས་གཞི་དེའི་ཐོག་ལ་བཏང་སྟེ། ཆེད་ལས་རྩོམ་པ་པོ་དང་རིགས་གཅིག་རྐང་འཛིན་པའི་ཟོལ་འདྲ་བོ་བྱས་ན་བསམ་མྱོང་། འོན་ཀྱང་། ས་རཱ་མཐོ་སློབ་ཀྱི་ངོས་ནས་དགོངས་པ་རག་ཡོད་པ་མ་རེད། ལོ་གཅིག་གཉིས་ཙམ་རེ་རེད། འཆར་གཞི་ཆེན་པོ་ཡིན་སྟབས་ལོ་གཅིག་གཉིས་ནང་རྫོགས་ཐུབ་པ་ཞིག་མ་རེད། ཧྥ་རན་སིར་ང་ལ་དུས་ཚོད་གང་འཚམ་འདུག བདུན་ཕྲག་གཅིག་གི་ནང་དུ་ཆུ་ཚོད་ ༩ ཙམ་ལས་སློབ་ཁྲིད་བྱ་མི་དགོས་མོད། ཧྥ་རན་སིའི་གཞུང་གི་སྒྲིག་གཞི་གསར་བའི་ནང་། ཕྱི་ལོགས་ནས་ལས་ཀ་བྱེད་དུ་ཡོང་མཁན་ཚོར་ཆུ་ཚོད་ ༣༠༠ ལ་རིན་མེད་ཀྱིས་ཧྥ་རན་སིའི་སྐད་ཡིག་གི་སློབ་སྦྱོང་སྤྲོད་ཀྱིན་ཡོད་སྟབས། ལས་གཞི་གང་ཡང་མགོ་འཛུགས་བྱ་ཐུབ་མ་སོང་ལ། སྔོན་མ་ནས་སྒྲུང་རིང་ཞིག་འབྲི་བཞིན་ཡོད་པ་དེ་ཡང་མཇུག་སྐྱོང་མ་ཐུབ་པར་ལྷག་བསྡད་ཡོད།

 

དྲི་བ། སྤྱིར་བཙན་བྱོལ་སྤྱི་ཚོགས་ནང་རྩོམ་ཡིག་ལ་དོ་སྣང་མེད་པ་དང་། སྒོས་སུ་སྙན་ངག་ནི་མི་སྒེར་གྱི་ཚོར་བ་ཙམ་རེད། ཅེས་སྙན་ངག་པ་དང་སྙན་ངག་ལ་མཐོང་མེད་པའི་ཐད། སྐུ་ཉིད་ལ་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། ལྟ་སྟངས་དེ་འདྲ་ཡོད་རིགས་ཚོ་སྙན་ངག་ཕར་ཟད། སྤྱིར་བཏང་གི་རྩོམ་ཡིག་ཙམ་ཡང་འབྲི་མི་ཤེས་པ་མ་ཟད། ཐ་ན་ཀློག་ཡང་ཡག་པོ་ཞིག་མི་ཤེས་པའི་གྲས་རེད། ཁོང་ཚོར་སྙན་ངག་ལ་རོལ་མྱོང་གི་མིག་གཉིས་ལྐོག་ནས་མེད་སྟབས། སྙན་ངག་གི་དགེ་མཚན་བཤད་ཀྱང་ཕན་འབྲས་མེད། འོན་ཀྱང་། སྙན་ངག་ལ་རིན་ཐང་མི་འདུག་ཟེར་མཁན་ཚོས་ཐོག་མར་སྙན་ངག་གི་ས་མཚམས་གང་ནས་འཛིན་གྱིན་ཡོད་པ་དང་། སྙན་ངག་ལ་རིན་ཐང་ཇི་ལྟར་གཞལ་གྱིན་ཡོད་པ་དེ་རེད། ལྷག་པར་དུ་སྙན་ངག་ལ་རིན་ཐང་མེད་དོན། མི་སྒེར་གྱི་ཚོར་བ་ཡིན་པའི་རྒྱུ་མཚན་བགྲང་གིན་ཡོད་ན། དེ་ནི་ནོར་འཁྲུལ་ཚབས་ཆེན་རེད། སྙན་ངག་ནི་མི་སྒེར་གྱི་ཚོར་བ་ཡིན་པ་བདེན་པ་རེད། སྤྱི་ཚོགས་དང་མི་རིགས་གང་ཞིག་ཡིན་རུང་། མི་སྒེར་རེ་རེ་ལས་གྲུབ་པ་ཞིག་ཡིན་སྟབས། མི་སྒེར་གྱི་བདེ་སྡུག་སྤྱི་ཚོགས་ཀྱི་བདེ་སྡུག་དང་མ་འབྲེལ་བ་ཞིག་མེད། འགྲོ་བ་མིའི་རིགས་ལ་ཕྱིའི་བདེ་བ་དང་སྡུག་བསྔལ་ཞིག་དང་། ནང་གི་བདེ་བ་དང་སྡུག་བསྔལ་གཉིས་ཡོད་པ་ཁས་ལེན་ན། མི་ཞིག་ལ་ཟས་གོས་འཚོ་བའི་དཀའ་ངལ་ཡོད་ན། ཕྱི་ལུས་ཀྱི་རྣམ་པར་བལྟས་ཏེ་མི་དེ་ཉམ་ཐག་རེད། ཅེས་སྐྱོབ་གསོ་སྤྲོད་ཀྱིན་ཡོད། མི་དེ་འདྲ་མང་པོ་ཞིག་བྱུང་བ་ཡིན་ན། སྤྱི་ཚོགས་ཀྱི་འཚོ་བ་སྐྱོ་བོར་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་། མི་ཞིག་གི་སེམས་ཀྱི་སྡུག་བསྔལ་ཚོར་ཤུགས་ཆེན་པོས་ཡིག་ཐོག་ནས་བྲིས་པ་ཡིན་ན། ནང་སེམས་ཀྱི་འགྱུར་བར་གཞིགས་ཏེ། མི་དེ་ལ་སྡུག་བསྔལ་འདུག ཅེས་དང་ལེན་བྱ་མ་ཐུབ་པ་རེད། མི་དེ་འདྲ་མང་པོ་ཞིག་བྱུང་བ་ཡིན་རུང་། སྤྱི་ཚོགས་ཤིག་གི་སེམས་སྡུག་ཏུ་ངོས་འཛིན་བྱེད་པའི་བློ་མིག་མེད་སོང་བ་རེད།

 

དྲི་བ། ཉེ་ཆར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མགྲོན་འབོད་བྱས་པ་ལྟར། རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོན་བཞུགས་སྒར་དུ་ཡོང་སྟེ། ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་བཅས་ལ་ཐུག་འཕྲད་དང་། མང་ཚོགས་དང་མཉམ་དུ་བགྲོ་གླེང་བྱས་ཡོད། འོན་ཀྱང་། བོད་མི་རེ་ཟུང་ཝང་ལི་ཞོན་ལ་དོགས་པ་སྐྱེ་བཞིན་ཡོད་པ་མ་ཟད། ངོ་རྒོལ་བྱེད་མཁན་ཡང་བྱུང་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། ང་རང་གི་བསམ་པར་ཝང་ལི་ཞོང་གི་ལྟ་ཚུལ་གཙོ་བོ། རྒྱ་ནག་ལ་དམངས་གཙོ་མེད་པ་དང་། ད་ལྟའི་དམངས་གཙོ་གཅིག་བསྡུད་རིང་ལུགས་དེ་འགྲིག་གིན་མེད་པ། ཁོང་གི་བསམ་ཚུལ་དང་པོ་དེ་རེད། བོད་ཀྱི་གནད་དོན་དེ་ངེས་པར་དུ་ཐག་གཅོད་བྱ་དགོས་པ་དང་། བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་༧གོང་ས་མཆོག་གི་དབུ་མའི་ལམ་ལ་བརྟེན་དགོས་པ་ནི། ཁོང་གི་བསམ་ཚུལ་གཉིས་པ་རེད། དེ་བཞིན། ད་བར་རྒྱ་ནག་གཞུང་གིས་བོད་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཁག་གི་ཐོག་འཛིན་པའི་སྲིད་བྱུས་དེ་ཡང་དག་མ་ཡིན་པར་ནོར་འཁྲུལ་ཡིན་པ་དང་དེ་ལ་ལེགས་བཅོས་གཏོང་དགོས་པ་ནི། ཁོང་གི་བསམ་ཚུལ་གསུམ་པ་རེད། ཝང་ལི་ཞོན་གྱིས་བྲིས་པའི་རྩོམ་ཡིག་ཁག་ཏུ་དྲང་བདེན་གྱི་སྐད་ཆ་བཤད་རྒྱུ་མང་དྲགས་པ་རེད། བདེན་པ་རྐྱང་རྐྱང་བྲིས་ན་མ་འགྲིག་པ་ཡོང་གི་རེད། མཚམས་རེར་ཚུར་ཕྱོགས་ལ་ཕན་ཐོགས་པ་དང་། མཚམས་རེར་ཕར་ཕྱོགས་ལ་ཕན་ཐོགས་པ་གཉིས་ཀ་ཡོང་གི་རེད། དེ་ནི་བསམ་བློ་དམན་པ་ཚོའི་ལྟ་སྣང་མཐོང་སྣང་རེད། ང་ཚོས་ང་ཚོའི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཡིན་ཟེར་གྱིན་ཡོད། བློ་གཟུ་བོར་གནས་པའི་དྲང་བདེན་གྱི་རྩོམ་པ་པོ་ཞིག་ཡིན་ན། ཕར་གནོད་ཚུར་གནོད་ལ་མ་ལྟོས་པར་བདེན་པ་དངོས་བཙལ་ཏེ། སྐད་ཆ་དྲང་བོར་བཤད་པ་རྣག་སར་ཕོག་པ་ཡིན་ན། དེ་ནི་རྩོམ་པ་པོའི་སྐྱོན་མ་རེད། རྩོམ་པ་པོ་ཆབ་སྲིད་པ་ཞིག་ཡིན་ན་དགོས་མཁོར་བལྟས་ཏེ། ཕྱོགས་གཅིག་རྐྱང་བ་གཙོར་འདོན་བྱས་ཏེ་བཤད་གི་རེད།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༡༧ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༡༨ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༢༡ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 4

  1. Loten says:
    ལོ་ 16 སྔོན།

    ཁྱོད་ཀྱིས་དྲང་བདེན་ཀྱི་སྐད་ཆ་བཤད་ཀྱི་མང་དྲག་པ་རེད་ཟེར་ཅི་ཡིན
    འོ་ན་སྐྱག་རྫུན་བཤད་དགོས་སམ།
    མི་ཆེན་པོས་སྐད་ཆ་དེ་ཙམ་ཆེན་པོ་མ་བཤད་ན་མགྲིགས

    Reply
  2. bhare says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས།
    དངོས་ནས་ཡག་པོ་རེད།

    Reply
  3. ཨརྱ། says:
    ལོ་ 16 སྔོན།

    རྩོམས་པ་པོའི་མཐུན་ཚོགས་གཉིད་ལས་སད་རན་རེད། ལོ་མང་བོར་གཉིད་བསྡད་པ་རེད།

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ཚོགས་འདུས་དེའི་སྐབས་སུ་གྲུབ་འབྲས་ལྡན་པ་དང་དོན་སྙིང་ཡོད་པའི་ཐག་གཅོད་གྲོས་ཆོད་ཞིག་འཇོག་རྒྱུར་རེ་སྒུག་བྱེད་ཀྱིན་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese