རྒྱ་ནག་དང་བལ་ཡུལ་གྱི་གསར་ལམ་ཁག་ཅིག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། འབྱུང་འགྱུར་སྤྱི་ཟླ་ ༩ ཚེས་ ༣ ཉིན་ནས་ ༧ བར་གྱི་ཉིན་ལྔའི་རིང་། བོད་ལྗོངས་དང་བལ་ཡུལ་གཉིས་ཀྱིས་གཞིས་ཀ་རྩེ་རུ་ཚོང་ཟོག་བརྗེ་རེས་ཀྱི་བྱེད་སྒོ་ཞིག་སྤེལ་འཆར་ཡོད་འདུག འདི་ནི་སྤྱི་ལོ་ ༡༩༨༥ ཙམ་ནས་མགོ་འཛུགས་བྱས་ཡོད་འདུག ཐེངས་འདིའི་ཚོང་རར་སྡོམ་པའི་ཚོང་ལས་སྡེ་ཚན་ ༡༧༡ དང་ཚོང་པ་ ༤༠༠ ཙམ་ཞུགས་རྒྱུ་ཡིན་འདུག་ལ། བལ་ཡུལ་གྱི་ཚོང་ལས་སྡེ་ཚན་ ༦༠ དང་ཚོང་པ་ ༡༧༩ ཙམ་ཞུགས་རྩིས་ཡོད་འདུག
ཐེངས་འདིའི་ཚོང་ཟོག་འགྲེམ་སྟོན་དེའི་སྟེང་། ཚོང་རྭ་ཆེན་པོ་ ༥ ཙམ་ཡོད་པ་ལས་ཚོང་ཟོག་རིགས་འདྲ་མིན་ ༣༠༠ ཙམ་ཡོད་འདུག དེ་ལ་ཕྱི་རིམ་དང་ནང་རིམ་གཉིས་སུ་བགོས་ཡོད་པ་ལས་ནང་རིམ་ལ་བལ་ཡུལ་གྱི་ཚོང་ཟོག་འགྲེམ་སྟོན་ར་བ་དང་ཀྲུང་གོའི་ཚོང་ཟོག་འགྲེལ་སྟོན་ར་བ། བོད་ཀྱི་ས་གདན་འགྲེལ་སྟོན་ར་བ། བོད་ལྗོངས་ཡུལ་སྐོར་ངོ་སྤྲོད་ར་བ། ཚོང་དོན་གྲོས་མོལ་ར་བ་བཅས་ཡོད་འདུག་ལ། ཕྱི་རིམ་དུ་ཚོང་ཟོག་ཕོན་ཆེན་འགྲེམ་སྟོན་དང་གསོལ་ཚིགས་བཅས་དྲ་སྒྲིག་བྱས་ཡོད་འདུག