མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་བོ་རྣམས་ཀྱི་ཚད་གཞི་འོས་འཚམ་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཟླ་མཇུག་འདིར་བཞུགས་སྒར་དུ་པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་འདུ་འཚོགས་བཞིན་ཡོད་ལ། ཚོགས་ཐོག་ཏུ་བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུའི་རིང་གི་རྩོམ་རིག་གནས་སྟངས་ལ་བསྐྱར་ཞིབ་དང་བགྲོ་གླེང་བཅས་བྱས་ཡོད།

ཟླ་འདིའི་ཚེས་ ༢༩ ནས་ ༣༡ ཉིན་བར་པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱི་དམིགས་བསལ་ཚོགས་ཆེན་དེ་བཞུགས་སྒར་ངྷ་སར་འཚོགས་ཡོད་ལ། ཚེས་ ༢༩ ཉིན་གྱི་ཞོགས་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་སོགས་ཕེབས་ཡོད་པ་མ་ཟད། པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་མི། དེ་མིན་གྱི་དུས་དེབ་དང་ཚགས་ཤོག་ཁག་ཅིག་གི་རྩོམ་སྒྲིག་པ་ཁག་ཅིག་དང་ཟུར་ཞུགས་པ་བཅས་མི་སྣ་བརྒྱ་ལྷག་འདུ་འཛོམས་བྱུང་ཡོད།

ཉིན་དེར་པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་གཙོ་མདོ་སྨད་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་དོན། ང་ཚོས་ཐེངས་འདིའི་ཚོགས་ཆེན་འདིར་དམིགས་བསལ་ཚོགས་ཆེན་ཞེས་དམིགས་བསལ་བརྗོད་དགོས་དོན། གཅིག་ནས་དུས་ཚོད་ཀྱི་ཆ་དང་གཉིས་ནས་ཚོགས་འདུའི་བགྲོ་གླེང་གི་ངོ་བོའི་ཆ། གསུམ་ནས་ཚོགས་ཞུགས་པའི་གྲུབ་ཆའི་ཆ་བཅས་ནས་དམིགས་བསལ་ཡིན་སྟབས་ཡིན། དུས་ཚོད་ཀྱི་ཆ་ནས་ང་ཚོ་བཙན་བྱོལ་དུ་ཡོང་ནས་མི་ལོ་ལྔ་བཅུ་འཁོར་བ་དང་མི་རབས་རྒན་པ་རྣམས་མཇུག་སྒྲིལ་བའི་དུས་དང་མི་རབས་གསར་བས་སྣེ་ཁྲིད་བྱེད་བཞིན་ཡོད་པས་རེད་ལ། ད་ལོ་དམིགས་བསལ་གྱིས་བཀའ་ཤག་གི་ངོས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྐྱར་ཞིབ་ཀྱི་ལས་རིམ་ཞིག་འགྲོ་བཞིན་ཡོད་པའི་ཆ་ནས་ཀྱང་ཡིན། སྤྱིར་བཏང་བཙན་བྱོལ་ནང་མཁས་པའི་ཚོགས་འདུ་དང་རྩོམ་པ་བོའི་ཚོགས་འདུ། རིག་གནས་བགྲོ་གླེང་ཚོགས་འདུ་སོགས་འཚོགས་མྱོང་ནའང་། ཐེངས་འདིའི་ཚོགས་ཆེན་འདི་ནི་མི་ལོ་ལྔ་བཅུ་དང་འབྲེལ་བའི་དམིགས་བསལ་གྱིས་བསྐྱར་ཞིབ་དང་བགྲོ་གླེང་གི་ནང་དོན་ཆ་ཚང་སྒྱུ་རྩལ་རྩོམ་རིག་གི་སྐོར་ཡིན་སྟབས། དམིགས་བསལ་ཞིག་མཐོང་གི་ཡོད། དེ་བཞིན་ཚོགས་ཞུགས་པའི་ཆ་ནས་བཙན་བྱོལ་གྱི་རྩོམ་པ་བོའི་རྐང་འཛིན་པའི་ཚོགས་སྡེའམ་པེན་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་དང་། དེའི་སྟེང་དུ་རྩོམ་པ་བོ་གཞན་པ་དང་རྩོམ་སྒྲིག་པ། ཞིབ་འཇུག་པ། ཀློག་པ་བོ་སོགས་བོད་ཀྱི་རྩོམ་རིག་དང་ཉེ་བར་འབྲེལ་བ་ཡོད་མཁན་གྱི་ཤེས་ཡོན་ཅན་གྱི་དཔུང་སྡེ་ཞིག་འཛུལ་རྒྱུར་རེ་བ་བྱེད་ཀྱིན་ཡོད་ལ། དེ་ང་ཚོའི་ཚོགས་ཆེན་འདིའི་མིང་ལ་དམིགས་བསལ་ཚོགས་ཆེན་འདོགས་དགོས་པའི་རྒྱུ་མཚན་ཡིན། ཞེས་བརྗོད་ཡོད།

ཡང་ཁོང་གིས་ཚོགས་ཆེན་གྱི་དམིགས་ཡུལ་ནི་བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱེད་པའི་མགོ་བརྩམས་པ་ལྟ་བུ་ཆགས་ཡོད། དེ་བསྐྱར་ཞིབ་བྱེད་པ་ལ་བརྟེན་ནས་ང་ཚོའི་ད་ལྟའི་བཙན་བྱོལ་བོད་ཀྱི་རྩོམ་རིག་གི་དངོས་ཡོད་གནས་སྟངས་དང་། རྩོམ་རིག་གི་གནས་བབ། རྩོམ་པ་བོའི་གནས་བབ་སོགས་གང་འདྲ་ཡིན་མིན་ལ་ངོས་འཛིན་བྱེད་སྟངས། དེ་ངོས་འཛིན་བྱེད་པར་བརྟེན་ནས་ད་ལྟ་དང་ལྷག་པར་འབྱུང་འགྱུར་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་ཡར་རྒྱས་གཏོང་རྒྱུར་རྩོམ་པ་བོ་རྣམས་ཀྱི་འགན་འཁྲི་གང་འདྲ་ཡིན་པ་སོགས་ལ་ངོས་འཛིན་བྱེད་ཐུབ་པ་དང་། དེ་ངོས་འཛིན་བྱེད་པར་བརྟེན་ནས་ད་ལྟའི་རྩོམ་རིག་ལ་ནུས་པ་ཞིག་ཡོད་པའི་སྟེང་ལ། སྔར་བས་ཀྱང་ལྷག་པའི་ནུས་པ་ཤུགས་ཆེན་པོར་འདོན་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས་ཡོད།

སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་བཤད་གནང་དོན། བོད་རིགས་རྩོམ་པ་བོ་ཟེར་བའི་མིང་དེ་སུ་ལ་རག་གི་རེད་དམ། ཡི་གེ་ཀྱག་ཀྱོག་ཅིག་འབྲི་ཐུབ་མཁན་ཚང་མར་རྩོམ་པ་བོའི་མིང་དེ་ཐོབ་གི་རེད་དམ་མ་རེད། རྩོམ་པ་པོ་ཚད་ལྡན་ཞིག་ཆགས་པ་ལ་གནས་རིམ་གང་ཞིག་ཏུ་སླེབས་དགོས་པ་རེད། སྤྱིར་རྩོམ་རིག་གི་ལམ་ཁ་དེར་སུ་ཡིན་ནའང་ཞུགས་ནས་འགྲོ་ཆོག་ཀྱང་། དམིགས་འདུན་ཞིག་ཏུ་སླེབས་དགོས་པ་རེད། ལྷག་པར་རྒྱལ་སྤྱིའི་པེན་ཞེས་རྒྱལ་སྤྱི་དང་འབྲེལ་བ་ཡོད་སྟབས་དེའི་ཡན་ལག་གི་རྩོམ་པ་བོ་ཞིག་གི་ཚད་ལོངས་རྒྱུར་ཚད་གཞི་གང་དང་གང་ཚང་དགོས་པ་རེད། ད་ལྟ་རང་ཉིད་ལ་ཡོད་བསྡད་པའི་ཚད་གཞི་དག་གིས་ཚད་ལོངས་གི་འདུག་གམ་མི་འདུག་རང་ཉིད་ལ་བསྐྱར་ཞིབ་ཅིག་བྱེད་དགོས་པ་རེད་ཅེས་རྩོམ་པ་བོ་རྣམས་ཀྱིས་རང་ཉིད་ལ་རྩོམ་པ་བོ་ཞིག་གི་ཚད་ཡོད་མེད་བསྐྱར་ཞིབ་བྱེད་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་ཡོད།
གཞན་ཡང་། ད་ལྟ་ང་ཚོས་འདོད་ཀྱང་རུང་། མ་འདོད་ཀྱང་རུང་། འཛམ་གླིང་ཡོངས་རྫོགས་གོ་ལ་གཅིག་གྱུར་ཡོང་བའི་སྐད་ཆ་ཞིག་བཤད་བཞིན་ཡོད་ལ། ང་ཚོས་དེ་ཤེས་པ་བྱས་ཏེ་ནང་ཆོས་ནང་སེམས་ཅན་ཐམས་ཅད་བདེ་བ་དང་སྡུག་བསྔལ་མི་འདོད་པ་ཟེར་བ་ལྟར། འཛམ་གླིང་སྤྱིའི་བདེ་དོན་ལ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ང་ཚོ་བོད་པ་གཅིག་པུའི་རྩ་དོན་མ་ཡིན་པར་བོད་ཀྱི་རྩ་དོན་མཉམ་དུ་འཛམ་གླིང་སྤྱིའི་རྩ་དོན་གླེང་རྒྱུ་དང་འཛམ་གླིང་སྤྱི་ལ་བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་དང་། ༧གོང་ས་མཆོག་གིས་ཕྱག་ལས་གནང་བསྡད་པའི་རྗེས་ལ་ང་ཚོ་རྩོམ་པ་བོ་དག་གོམ་པ་བརྒྱབ་ནས་འགྲོ་ཐུབ་ཚེ་གཞན་གྱིས་ང་ཚོར་ཁོང་ཚོར་རང་བཙན་མེད་ནའང་འཛམ་གླིང་སྤྱི་ལ་སྤྱི་སེམས་དང་གཞན་ཕན་གྱི་བསམ་བློ་འདི་འདྲ་ཞིག་འདུག ང་ཚོ་མཉམ་དུ་གྲོགས་སྒྲིག་པ་དང་གདུང་སེམས་མཉམ་སྐྱེད་བྱེད་པ་ཞིག་བཟོ་ཐུབ་རྒྱུར་ང་ཚོས་འབད་བརྩོན་བྱེད་དགོས་ཞེས་གསུངས་ཡོད།
ཡང་རྩོམ་པ་བོ་དག་ལ་རྩོམ་ཡིག་འབྲི་བའི་ཐད་དུ་གསུངས་དོན། ཁྱེད་ཀྱིས་སུ་ལ་དམིགས་ནས་རྩོམ་ཡིག་འབྲི་གི་ཡོད། དེ་ལ་ཕན་གི་རེད་དམ་མ་རེད། སྤྱི་ཚོགས་སུ་ཕོགས་ཐུག་འགྲོ་ས་རེད་དམ་མ་རེད། ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་ཚགས་ཤོག་འདོན་པ་དང་རྩོམ་ཡིག་སྤེལ་བ་ནི་གཞི་རྩའི་རང་དབང་རེད། ཡིན་ནའང་། རྒྱལ་ཁབ་སྤྱི་དང་མི་མང་གི་བདེ་འཇགས་ལ་མ་གནོད་པའི་ཐོག་ནས་ཞེས་གསལ་ཡོད་པ་རེད། དེར་བརྟེན་རྩོམ་ཡིག་འབྲི་དུས་ཀྱང་འཕྲལ་ཕུགས་གཉིས་ཀར་གནོད་སྐྱོན་གང་ཡོང་མིན་སོགས་ལ་དམིགས་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་གསུངས་ཡོད་པ་རེད།

ཐེངས་འདིའི་ཚོགས་ཆེན་སྟེང་ཚོགས་གཙོ་ལགས་ཀྱིས་སྤྱིར་ད་ལྟའི་ཆར་ཚོགས་མི་ ༩༠ ལྷག་ལོངས་ཡོད་ནའང་། ད་ལྟ་མང་དག་ཅིག་ཕྱི་ཕྱོགས་སུ་བཞུགས་པ་དང་ཚོགས་མི་རེ་ཟུང་གིས་ལོ་གཉིས་རིང་གི་ཚོགས་དངུལ་སྤྲད་མེད་སྟབས་གྲངས་ཀ་ཏག་ཏག་ཅིག་ཞུ་ཐུབ་རྒྱུ་མེད་ནའང་། ཚོགས་མི་སྔར་ལས་མང་དུ་འགྲོ་བཞིན་ཡོད་པ་དང་། དེའི་ནང་ཞུགས་མཁན་གྱི་རྩོམ་པ་བོའི་ཚད་གཞི་ཡང་འོས་ཤིང་འཚམ་པ་དེ་འདྲ་རག་གི་ཡོད་ཅེས་གསུངས་ཡོད།

ཚོགས་ཆེན་ཉིན་གཉིས་རིང་གི་གལ་ཆེའི་བགྲོ་གླེང་གི་བརྗོད་གཞི་ཁག་ནི། བཙན་བྱོལ་བོད་མིའི་ལོ་ངོ་ལྔ་བཅུའི་རྩོམ་རིག་དུས་དེབ་དང་ཚགས་པར་སོགས་གླེང་བ་དང་མི་སྒེར་བའི་རྩོམ་དེབ་གླེང་བ། ཕྱི་སྐད་བོད་ཀྱི་རྩོམ་པ་བོ་དང་བརྩམས་ཆོས་གླེང་བ། སློབ་གྲྭ་ཁག་གི་སྐད་ཡིག་སློབ་དེབ་དང་འབྲེལ་བའི་རྩོམ་རིག་སྐོར་ཞིབ་ཙམ་གླེང་བ། བརྩམས་སྒྲུང་སྐོར་གླེང་བ། སྙན་དངགས་གསར་རྙིང་གླེང་བ། བྱིས་པའི་རྩོམ་རིག་སྐོར་གླེང་བ། བུད་མེད་རྩོམ་པ་བོ་དང་བརྩམས་ཆོས་སྐོར་གླེང་བ། བོད་ཕྱི་ནང་གཉིས་ཀྱི་རྩོམ་རིག་སྤྱི་ཡོངས་ལ་དཔྱད་བསྡུར་བགྲོ་གླེང་བཅས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 38

  1. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 16 སྔོན།

    ང་རང་མཚོན་ན། སྐྱབས་བཅོལ་བོད་མིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དམིགས་རྩོམ་རིག་ཚོགས་ཆེན་སྒང་ལ་གཟའ་ཉི་མའི་ཉིན་མ་གཏོགས་འགྲོ་རྒྱུ་གོ་སྐབས་མ་བྱུང་མོད། ཡིན་ནའང་། ཉིན་དེར་སྟབས་འགྲིགས་པ་ཞིག་ལ། ཚོགས་ཆེན་གྱི་མཇུག་སྡོམ་སྐབས་སུའང་སྐྱབས་བཅོལ་བོད་མིའི་མང་གཙོའི་གཞུང་གི་ཆེས་མཐོའི་དབུ་ཁྲིད་ཟམ་གདོང་ཕེབས་པ་དང་ཉིན་དེའི་བརྗོད་གཞི་སྣ་ཚོགས་ཀྱི་ཐོག་ཏུ་གསུང་བཤད་མཁན་ཡང་གང་འཚམ་གྱིས་དྲག་གྲས་རྐྱང་རྐྱང་ཕལ་ཆེར་རེད། དེ་བས། སྤྱིར་བཏང་གི་ལེགས་པོ་བྱུང་སོང་། ཡིན་ནའང་། ཐེངས་འདིའི་དམིགས་བསལ་རྩོམ་རིག་ཚོགས་ཆེན་གྱི་བརྗོད་གཞི་ཁག་དེ་ཙམ་གྱིས་སྤྲོ་སྣང་མ་བྱུང་། དེའི་རྒྱུ་མཚན་ནི། བྱུང་རིམ་དང་མཚམས་སྦྱོར་བྱས་པ་ཙམ་མ་གཏོགས་ད་ལྟ་དང་མ་འོངས་པའི་མདུན་ལྗོངས་ལ་ཕན་པའི་བརྗོད་གཞི་ཁ་ཚ་དགོས་གཏུགས་ཅན་ཞིག་ཕལ་ཆེར་དམིགས་འདེམས་མི་འདུག དེའི་རྒྱུ་རྐྱེན་གང་ཞིག་ལ་ཐུག་ཡོད་དམ། གོ་སྒྲིག་པའི་ངོས་ནས་མ་ཡོང་བ་ཞིག་དང་གསུང་བཤད་གནང་མཁན་གྱི་ངོས་ནས་མ་འཇོན་པ་ཞིག་རེད།

    Reply
  2. tashi dawa says:
    ལོ་ 16 སྔོན།

    བོད་མི་ཁ་འཐོར་གྱི་སྤྱི་ཚོགས་སུ་རྩོམ་པ་པོ་དཀའ་ངལ་ཅན་དུ་མཐོང་། རྩོམ་ཐུང་ཞིག་འབྲི་ཡང་བལྟ་མཁན་མེད་པ་དང་། འཚོང་ཀྱང་ཉོ་མཁན་མེད་པ་སོགས་ཀྱི་དཀའ་ངལ་ཡོད། ཐ་ན་chat ལ་བོད་ཡིག་འབྲི་དུས་རོགས་པོ་གཅིག་ཀྱང་ཐོབ་ཀྱི་མི་འདུག བོད་གཞུང་གི་སློབ་གྲྭ་རྣམས་སུ་བོད་ཡིག་ཁུངས་འཁྱོལ་མཁན་མེད་པ་འདྲ།

    Reply
  3. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    ཨ་ཁུ་ཁ་བ་དཀར་པོ་ལགས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ༎
    ཧོར་འཇིགས་དང་རྒན་བློ་གྲོས་དཔལ་བཟང་། ཤེས་རབ་དར་རྒྱས་སོགས་ཚོགས་ཞུགས་བྱས་ཡོད་པ་ཡིན་ན་ནི་དངོས་གནས་མིང་དོན་མཚུངས་པ་ཞིག་ཡིན་རྒྱུ་རེད།
    ངའི་མཐོང་སྣང་ལ་ང་ཚོ་ཚོགས་འདུ་དང་ཟབ་སྦྱོང་སོགས་ལ་བཤད་རྒྱུ་ནི་གཅིག་
    ཡོད་པ་རེད། དེ་ནི་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་བྱ་གཞག་རྐྱང་ཡིན་ཡང་། ལྐོག་ནས་རང་དོན་རྐྱང་སྒྲུབ་མཁན་མང་པོ་མཐོང་རྒྱུ་འདུག་པས་ཡི་ཆད་ཐེངས་
    མང་པོ་བྱུང་མྱོང་།
    མིས་མི་མཐོང་ས་དང་ཕག་ནས་རང་མི་རིགས་ཀྱི་གནད་དོན་ལ་བསམ་གཞིག་བྱེད་
    མཁན་དང་ལས་དོན་སྒྲུབ་མཁན་ནི་ག་ཚོད་ཅིག་ཡོད་དམ།

    Reply
  4. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཚོགས་འདུ་འདིའི་སྟེང་དུ་ཧོར་འཇིགས་དང་བློ་གྲོས་དཔལ་བཟང་། ཤེས་རབ་དར་རྒྱས་དར་སོགས་བཙན་བྱོལ་སྤྱི་ཚོགས་སྟེང་ཅུང་འབུར་དུ་ཐོན་པའི་རྩོམ་པ་པོ་ཞུགས་ཡོད་དམ་མེད། ངའི་བསམ་ཚུལ་ཡིན་ན་ཚོགས་འདུ་འདི་ལྟ་བུའི་སྟེང་དུ་གོང་གསལ་རྩོམ་པ་པོ་རྒན་རབས་པ་དག་གསར་སྐྱེས་རྩོམ་པ་པོ་དག་ལ་ལམ་སྟོན་དང་རང་རང་གི་རྩོམ་རིག་མི་ཚེའི་ཉམས་མྱོང་བརྗེ་རེས་བྱས་ན་ལེགས་པར་མཐོང་།

    Reply
  5. Loten says:
    ལོ་ 16 སྔོན།

    རྩོམས་སྒྲིགས་པ་ལགས
    ངས་འདིར་བསམ་འཆར་ཞིག་བྲིས་ཡོད་མོད་འོན་ཀྱང་མཐོང་རྒྱུ་མི་འདུག
    དེ་ག་རི་རེ

    Reply
  6. བསེ་རུ། says:
    ལོ་ 16 སྔོན།

    མི་འཁྱམ་འདིས་དྲི་བ་གནད་འགག་ཅན་ཞིག་བཏང་འདུག་ཀྱང་ལན་འདེབས་མཁན་ཡོད་མེད་མི་ཤེས།

    ང་ལ་ཡང་ཐེ་ཚོམ་ངང་དྲི་བ་གཉིས་སེམས་ནང་ལ་ཡོད་པ་ཡིན།
    གཅིག རྩོམ་པ་པོའི་མཐུན་ཚོགས་ནང་རྩོམ་པ་པོ་ཤ་སྟག་ཡིན་ནམ།
    གཉིས། ཡིན་ན། རྩོམ་པ་པོའི་ཚད་གཞི་གཞལ་བྱེད་དེ་གང་འདྲ་ཞིག་ལ་ངོས་བཟུང་ནས་ཚོགས་མིའི་ནང་འཇུག་གིན་ཡོད་དམ།
    འདི་ནི་ངའི་དྲི་བ་ཡིན་ལ། ཀློག་པ་པོ་མི་ཉུང་བ་ཞིག་གི་དྲི་བ་ཡང་ཡིན་སྲིད།

    Reply
  7. མི་འཁྱམ says:
    ལོ་ 16 སྔོན།

    རྩོམ་པ་པོ་རྣམས་འོས་འཚམ་ཡིན་ལབ་ན། མང་ཉུང་ཏག་ཏག་ཡིན་ཟེར་གྱི་ཡོད་པ་ཡིན་རྒྱུ་མ་རེད། འོས་འཚམ་ལབ་ན། ཤེས་ཡོན་འོས་འཚམ་ལ་གོ་དགོས་རྒྱུ་འདྲ། དེ་ཡིན་ན། ངའི་གྲོགས་པོ་དྲུག་དེའི་ཁོངས་ན་ཡོད། ཁོང་ཚོས་རྩོམ་ཡིག་ནི་འབྲི་ཤེས་པ་མ་རེད། ལྷག་བསམ་ཡོད་མེད་ངས་མི་ཤེས། ཡིན་ནའང༌། ཁོང་ཚོ་ནི་ཤེས་ཡོན་འོས་འཚམ་ཡོད་མཁན་མ་རེད། རྩོམ་པ་པོའི་ཚོགས་མི་ཡིན་ན། ངེས་པར་དུ་རྩོམ་ཡིག་འབྲི་མཁན་ཡིན་དགོས་ཀྱི་ཡོད་པ་རེད་དམ་མ་རེད། རྩོམ་ཡིག་འབྲི་མ་ཤེས་ནའང་འགྲིག་གི་ཡོད་པ་ཡིན་ན། འོས་འཚམ་གྱི་ཚད་དེ་གང་ནས་འཛིན་དགོས་ཀྱི་ཡོད་པ་རེད་དམ། དྲི་བ་ཞིག་ཕུལ་བ་ཡིན།

    Reply
  8. མི་འཁྱམ says:
    ལོ་ 16 སྔོན།

    བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དམིགས་བསལ་ཚོགས་ཆེན་བསྐོང་འཚོགས་ལེགས་འགྲུབ་བྱུང་བར་དགའ་པོ་བྱུང༌། ད་རེས་རྩོམ་པ་པོའི་ཚོགས་མི་མ་ཡིན་པའི་རྩོམ་པ་པོ་རྒན་གྲས་ཚོས་བགྲོ་གླེང་སྐུ་མགྲོན་གྱི་ངོ་བོ་ནས་མཉམ་ཞུགས་གནང་བར་བསྔགས་བརྗོད་ཞུ་འདོད་བྱུང༌། རྒན་གཞོན་རྩོམ་པ་པོ་རྣམས་ལྷན་དུ་འཛོམས་ཐོག་དེར། ཚོགས་མི་ཚོས་དྲི་བ་གཅིག་འགོད་རྒྱུ་ལྷག་བསྡད་པ་འདྲ། ༼ཁྱེད་རང་རྩོམ་པ་པོ་རྒན་གྲས་ཤིག་གིས་ཚོགས་པ་འདིའི་ཚོགས་མིའི་ཆ་ཤས་མ་བཞེས་པ་དེར། འགྲེལ་བཤད་དང་རྒྱུ་མཚན་དམིགས་བསལ་བ་ཅི་ཡོད་གསུངས་རོགས་གནོངས།༽ཞེས་དྲི་བ་བཀོད་ཐུབ་ཡོད་པ་ཡིན་ན། ད་རེས་ང་ཚོས་རྩོམ་པ་པོ་རྒན་གྲས་ཚོ་འདིའི་ནང་མཉམ་ཞུགས་མ་གནང་བ་དེའི་རྒྱུ་མཚན་ཞིག་ཤེས་ཐུབ་རྒྱུ་རེད། ཡིན་ནའང༌། དེ་བྱུང་མི་འདུག
    རྩོམ་པ་པོ་རྒན་གྲས་ཡིན་པ། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་མིན་པ་ཚོས་ལན་ཞིག་གནངས་རོགས་ཞེས་དྲ་ལམ་འདི་བརྒྱུད་དྲི་བ་ཞིག་འབུལ་འདོད་བྱུང༌། ལན་ཞིག་གནང་རོགས།

    Reply
  9. ནད་པ says:
    ལོ་ 16 སྔོན།

    བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ངོས་ནས་དམིགས་བསལ་ཚོགས་ཆེན་ཞིག་ཟླ་འདིའི་མཇུག་ཏུ་བསྐོང་འཚོགས་གནང་ཐུབ་པ་འདི་དངོས་འབྲེལ་ཡག་པོ་རེད།

    བཙན་བྱོལ་དུ་འབྱོར་ནས་ད་ཆ་ང་ཚོས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞིག་གསར་འཛུགས་གནང་ཐུབ་པ་འདི་རླབས་ཆེན་གཅིག་རེད་ལ་ད་དུང་ང་ཚོས་ཚོགས་པ་འདི་རྒྱལ་སྤྱིའི་པེན་གྱི་ཚོགས་པ་དང་ལྷན་དུ་བོད་ཀྱི་རྩོམ་པ་པོ་རྣམས་སྐྱེད་བསྲིང་ཡག་པོ་ཡོང་ཐུབ་རྒྱུར་འབད་བརྩོན་དང་འབྲེལ་པེན་བོད་ཀྱི་ཚོགས་པ་འདི་མིང་དོན་དང་མཚུངས་པ་ཞིག་ཡོང་རྒྱུར་རེ་འདུན་བཅང་དགོས།

    ང་ཚོས་གཞི་མེད་ཀྱི་སྐྱོན་འཛུགས་དང་། ཕྱོགས་རིས། དམའ་འབེབ་སོགས་ཀྱིས་མཚོན་ངན་ཕྱོགས་ཀྱི་བསམ་བློའའི་འདུ་ཤེས་ངན་པ་དག་དོར་ནས་ད་ཆ་ང་ཚོས་བོད་མི་རིགས་ཟེར་བ་འདིའི་ཁྱད་ཆོས་དང་། རྣམ་དཔྱོད། ཤེས་རིག ཡ་རབས། བཟང་སྤྱོད་སོགས་ཀྱི་བཟང་པོའི་ཡོན་ཏན་དག་འཛམ་གླིང་སྟེང་འདིར་ལེགས་སྐྱེས་དཔྱིས་ཕྱིན་པ་ཞིག་འབུལ་ཐུབ་རྒྱུར་ཤུགས་སྣོན་རྒྱག་དགོས།

    ད་དུང་འཛམ་གླིང་རྒྱལ་སྤྱིའི་སྟེང་དུ་བོད་ཀྱི་གྲགས་ཅན་རྩོམ་པ་བ་སོགས་ཐོན་ཐུབ་རྒྱུར་ང་ཚོས་རེ་བ་བཅངས་ཆོག་ལ་མངོན་འགྱུར་ཡང་ཡོང་སྲིད་པས་འབད་བརྩོན་ཧུར་བསྐྱེད་གནང་རྒྱུའི་སྨོན་འདུན་ཞུ།

    Reply
  10. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དུས་བབ་ཀྱིས་རྩོམ་མཐུན་གྱི་རྒྱུན་ལས་རྣམས་འཕོ་འགྱུར་སོང་མིན་དང་དཔལ་འབྱོར་གྱི་གནས་སྟངས་སྐོར་ལ་གང་ཡང་གསུངས་མེད་པ་ཅི།

    Reply
  11. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    རང་རྟོན་ལགས། ཁྱེད་ཀྱི་སྐད་ཆ་དེར་ངས་གོ་བ་ལེན་མི་ཤེས་ཀི དེ་ནི་ང་ལ་ཤེས་ཚད་དམའ་དྲག་པས་ཡིན་པ་སྨྲོས་མ་དགོས། དྲི་བ་གཉིས་ཡོད་པས་བྲེལ་བ་མེད་ཚེ་ལན་ཞིག་གནང་རོགས། 1 བུད་མེད་རྩོམ་པ་པོ་ཅི་ལྟར་སྐྱེད་བསྲིང་བྱ་དགོས། དཔེར་ན་བུད་མེད་ལ་ཀ་ཁ་བསླབ་དགོས་ཞེས་པའི་དོན་ཡིན་ནམ་ཡང་ན་བུ་གུ་བུ་མོ་མང་ཙམ་སྐྱེ་བར་འབད་དགོས་ཞེས་པའི་དོན་ཡིན། ཡང་ན་གོ་རྒྱུ་གཞན་ཞིག་ཡོད།
    2 རྩོམ་རིག་གི་ཁོར་ཡུག་ཅེས་པ་ངོས་བཟུང་ནས་དེ་སྲ་བརྟན་གཏོང་སྟངས་སྐོར་ཁ་གསལ་ཙམ་གསུང་རོགས།

    Reply
  12. ཚེ་རིང་དོན་འགྲུབ། says:
    ལོ་ 16 སྔོན།

    རྩོམ་མཐུན་གྱིས་ཚེ་རིང་དབང་མོ་ཚོགས་གཙོར་གདན་འདྲེན་ཞུས་ཀྱང་ཁས་ལེན་མ་བྱས་པ་འདྲ། ཚེ་རིང་དབང་མོ་ལ་ཚོགས་གཙོའི་འོས་ཆོས་ཤིག་ཚང་ཡོད་ན། དངོས་གནས་རྩོམ་པ་པོ་འོས་ཆོས་ཚང་མཁན་ཟེར་ནོ་རེད།

    Reply
  13. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཚོགས་འདུ་འདིའི་སྐོར་ལ་ངས་གང་ཡང་ཞུས་ཤེས་ས་མ་རེད།

    Reply
  14. གནས་ཚང་། says:
    ལོ་ 16 སྔོན།

    རྩོམ་བཟོ་མཁན་ནས་མི་བཟོ་མཁན་གླེང་གིན་འདུག དེའང་བརྗོད་གཞི་ཡག་པོ་ཞིག་རེད་ལ། བོད་མི་གཅིག་གིས་ཇེ་མང་དུ་གཏོང་ཐུབ་ནའང་མི་འགྲིག་པ་འདུག་གམ།

    Reply
  15. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    མཆན་འདི་སྤེལ་ས་འདི་མ་རེད་ཨ ང་འདི

    Reply
  16. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    བརྩམས་ཆོས་གསར་བ་གང་མང་ཞིག་གིས་དང་པོ་ནས་དགག་ཡིག་ནས་འགོ་འཛིན་པ་དེ་ང་ཚོའི་སྤྱི་ཚོགས་ཀྱི་གསར་རྩོམ་པའི་ལམ་ལུགས་ཤིག་ཡིན་པ་འདྲ། བླང་དོར་ཞེས་པའི་མིང་ཚིག་དེ་གཉིས་ཁོ་ཚོའི་ཚིག་མཛོད་ན་མེད་པས་རྐྱེན་གྱིས་བསམ་ཡུལ་འདས་པའི་བར་ཆད་མང་པོ་བྱུང་ཡོད་རེད། ཡང་ཅིག་བཤད་ན་ནང་ཆོས་ཀྱི་གོ་རྟོགས་ཧ་ཅང་མཐོ་བ་དག་གི་ངོས་ནས་ཁོ་ཚོར་ཕུར་ཕུར་བྱས་པ་གཅིག་པོ་མིན་པར། དངོས་གཙོ་སྨྲ་བའི་བསམ་བློའི་བདག་པོ་སྟེ་མར་ལེ་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་མའོ་ཙེ་ཏུང་སོགས་ཀྱི་གསུངས་བཏུས་དེབ་ཕྲེང་ལ་བལྟས་བཀླགས་བྱས་པ་ཞིག་གིས་ཁོ་ཚོའི་ལུགས་རྙིང་དགག་རྩོམ་དེ་ཚོ་ལྟ་བ་གསར་བ་ཞིག་ཡིན་པའི་ངོས་འཛིན་བྱས་ཐུབ་མེད་པར་འདོད། ནང་ཆོས་ཀྱི་གོ་བ་སྲབ་པ་དང་དངོས་གཙོ་སྨྲ་བ་དག་གི་བསམ་བློའི་ལངས་ཕྱོགས་མ་མཐོང་ཁག་ཅིག་གིས་ཁོ་ཚོ་ལ་ཧ་ལུས་མདོག་གི་རྣམ་འགྱུར་སྟོན་གྱིན་པ་དངོས་ཡོད་ཡིན་ཡང་། ཁོ་ཚོ་ཁྱུ་ཞིག་གིས་ནམ་ཡང་མེས་པོའི་སྲོལ་བཟང་ལ་དམའ་འབེབ་དང་ཁོ་ཚོ་དང་ལྟ་བ་མི་མཐུན་པ་ས་ཡ་མང་པོར་ཀླད་པ་ལྗང་གུ་དང་དུད་འགྲོ་སོགས་ཀྱི་ཚིག་རྩུབ་བེད་སྤྱད་ཀྱི་ཀུན་སྤྱོད་དེ་འུ་ཐུག་ཐབས་ཟད་དང་རང་ལྟ་མཁྲེགས་ཤིག་ལས་ཅི་ཡང་མཐོང་གི་མི་འདུག དུས་རབས་གསར་རྙིང་གི་བར་མཚམས་རེ་རེ་ན་ང་ཚོའི་སྤྱི་ཚོགས་དང་རིགས་པའི་གཞུང་ལུགས་ལ་ཞབས་ཞུ་ཡང་དག་བྱས་མྱོང་བའི་རྩོམ་པོ་གང་མང་ཞིག་བྱུང་ཡོད་པ་ལོ་རྒྱུས་ཀྱི་བདེན་དཔང་བྱས་ཡོད། འདི་དག་གིས་དཀའ་བ་ཁྲི་ཕྲག་གི་འབྲས་བུ་དེ་བོད་ཆོལ་ཁ་གསུམ་པོའི་རྩ་བའི་ཆོས་ལུགས་དང་མི་རིགས་ཀྱི་ལྟ་བ་གཅིག་ཏུ་སྒྲིལ་ནུས་ཡོད་པ་དེ་རེད། མཐོ་སྒང་གི་མགོ་ནག་པ་ས་ཡ་མང་པོ་རིགས་གཞུང་ལ་ཚད་ཧ་ཅང་མཐོ་བ་དེ་དག་གི་བསླུ་བྲིད་དང་གཡོ་འོག་ཏུ་ཚུད་སོང་བར་འདོད་མྱོང་མེད་པ་མ་ཟད། ཁོ་ཚོའི་བརྩམས་ཆོས་ཀྱིས་སྤྱི་ཚོགས་ཀྱི་སྐྱོན་བཏོན་པའི་བརྒྱུད་རིམ་དིའི་ནང་ནས་སྤྱི་ཚོགས་ཧྲིལ་བོ་ཞིག་བསྒྱུར་བཅོས་དང་འགུལ་ལྕོག་རྒྱག་ནུས་པ་དེར་གཞིག་ན་ཁོ་ཚོ་ལ་ཁྱད་འཕགས་ཀྱི་རྣམ་དཔྱོད་ཅིག་ཡོད་པར་ཡིད་སྨོན་ཤོར་མྱོང་ཡོད། ཡང་ཕྱོགས་གཞན་ནས་གླེང་བ་ཡིན་ན། དཔེ་ནད་པ་མང་པོ་ཞིག་རང་གི་ལུས་ལ་ན་ཚ་ཚབ་ཆེན་ཕོག་ཡོད་པ་སྨན་པས་ངོས་བཟུང་ཡང་། གལ་སྲིད་ནད་པ་དེ་དག་གིས་སྨན་མི་ཟ་བ་དང་ཁབ་ཡང་རྒྱག་མི་འཇུག་པས་ན། སྨན་པས་ཞི་དྲག་སོགས་ཀྱི་ཐབས་སྣ་ཚོགས་སྤྱད་ནས་ནད་པ་དེ་ཚོར་སྨན་བཅོས་ཀྱིས་དྲག་ཐབས་མཛད་ན་སྨན་པ་ཚད་ལྡན་ཡིན་པ་རེད་མ་གཏོགས། སྨན་པས་ནད་པར་གཤེ་གཤེ་ཁོ་ན་ལས་ཐབས་གཞན་མ་རྙེད་ན་སྨན་པ་དེ་སྨན་ཁུག་ཁུར་མཁན་ཙམ་དུ་མཐོང་གི་འདུག
    ངས་བཤད་བཤད་ཀྱི་དམིགས་ཡུལ་གཙོ་བོ་དེ་བཀའ་ཁྲི་མཆོག་གིས་གོང་དུ་གསུངས་བ་བཞིན་དུསརབས་ཀྱི་དཀྱོགས་མཚམས་རེ་རེ་ན་མི་དམངས་ཀྱི་བློ་དང་མཐུན་པའི་བསམ་བློ་བའམ་ནུས་བ་ལྡན་པའི་རྩོམ་པ་པོ་གང་མིང་ཞིག་བྱུང་བས། ད་ལྟའི་དུས་འདིར་ཡང་བཀའ་ཁྲི་མཆོག་གི་གསུངས་བ་ནང་བཞིན་ཡ་རབས་ཀྱི་ཀུན་སྤྱོད་ཚང་བའི་རྩོམ་པ་པོའི་ཚོགས་སྡེ་ཞིག་ལ་རེ་བ་ལས། སྔོན་བྱུང་གི་རྩོམ་པོ་དང་་ད་ལྟའི་སྐབས་ཀྱི་རྩོམ་པ་པོའི་དུས་རབས་ཀྱི་བསམ་བློའི་ལངས་ཕྱོགས་གཅིག་པ་ཡིན་དགོས་འདོད་མྱོང་མེད་ལ། སྔོན་བྱུང་བ་ཚོར་དགག་རྒྱག་པ་ཁྱུ་གཅིག་གི་འདོད་པ་་དེ་བས་ཀྱང་མེད་པས་སོ། གཡས་གཡོན་གང་ཡིན་ཡང་ཕྱོགས་རེས་ཀྱི་ལྟ་བ་སྤང་ཞིང་བརྩམས་ཆོས་གང་གི་རིན་ཐང་གཞལ་རྒྱུ་ནི་ཀློག་པ་པོའི་འཁན་འཁྲི་ཡིན་པར་འདོད། སྤྱིར་སེམས་ཅན་གྱི་ཁ་སངས་རྒྱས་ཀྱི་མི་ཆོད་པ་ནང་བཞིན་རྩོམ་པ་ཞིག་གི་ངོས་ནས་ཀློག་མཁན་ཡོད་ཚད་ཀྱི་འདོད་ཁ་ཁེངས་བ་ཡོང་མི་སྲིད་ཀྱང་། ཀློག་པ་པོ་གང་མང་ཞིག་གིས་དགའ་བསུ་ཐོབ་པར་འབད་རྩོན་ལྷོད་མེད་དགོས་པ་ལས། ངའི་རྩོམ་འདིའི་གོ་བ་ལོན་གྱི་མི་འདུག་གླང་རྒན་འདི་ཚོས་ཤེས་ན་རྩོམ་པ་ཁོར་རང་གི་ནོར་འཁྲུལ་དུ་འདོད།

    Reply
  17. རང་རྟོན། says:
    ལོ་ 16 སྔོན།

    ངས་བལྟས་ན་རིག་གཞུང་སྲུང་སྐྱོབ་གཙོ་ཡང་དེ་ལས་ཀྱང་གཙོ་ཆེ་ནི་རྩོམ་རིག་གི་ཁོར་ཡུག་སྲ་བརྟན་ཞིག་དགོས་རྒྱུ་དེ་རེད།ད་དུང་བུད་མེད་རྩོམ་པ་པོ་སྐྱེད་སྲིང་བྱེད་རྒྱུ་ནི་ཤིན་ཏུ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད།

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གོ་ཚོད་ལ་བཙན་གཡེམ་བྱེད་མཁན་འདི་ནི་ཝར་ནའི་དཔེ་མཛོད་ཁང་གི་འགན་འཛིན་ནམ་དོ་དམ་པ་ཞིག་རེད་ཟེར་ལ། ཁོས་རྒྱ་གར་བུ་མོ་གཡོག་མོ་གཉིས་ཉར་ཡོད་ལ། ཉེ་ཆར་བུ་མོ་གཉིས་ཀར་བཙན་གཡེམ་བྱས་ཤིང་། བཙན་གཡེམ་བྱེད་སའི་བུ་མོ་ཆེ་བ་ལོ་ ༡༤ ཡིན་ཞིང་། བུ་མོ་དེར་མངལ་ཆགས་འདུག་ཟེར། གནས་ཚུལ་འདི་བོད་མི་མང་སྤྱི་འཐུས་ལས་ཐོགས་ཤིག་གིས་གསུངས་བྱུང་། ཡིན་ཡང་། ཞིབ་ཕྲའི་གནས་ཚུལ་རག་མ་སོང་།

    Reply
  19. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    བཀྲ་ཤིས་ནོར་བུ་ལགས། གནས་ཚུལ་སྤེལ་དུས་ཁུངས་ལུང་དང་བཅས་གསལ་པོ་བཤད་དགོས་པ་ལས། འདི་ལྟར་བཙན་གཡེམ་བྱེད་པོ་དང་བྱ་ཡུལ་གཉིས་ཀའི་མིང་ཙམ་ཡང་མེད་པར་གང་བྱུང་བཤད་ན་ཡག་པོ་མི་འདུག

    Reply
  20. གངས་རི་སྐྱབས། says:
    ལོ་ 16 སྔོན།

    བསྟན་འཛིན་ནོར་བུ་ལགས། གནས་ཚུལ་སྤེལ་བ་ཐུགས་རྗེ་ཆེ། གནད་དོན་འདིའི་རིགས་མི་སྒེར་གྱི་གནད་དོན་ཞིག་ཡིན་པ་ལས་གཞུང་དང་ཚོགས་སྡེ་གང་ལའང་འབྲེལ་མེད་པར་བསམ། གལ་ཏེ་ཁྲིམས་ཆད་ཕོག་པའི་དབང་དུ་བཏང་ནའང་ཉེས་ཅན་མི་རང་ཉིད་ཀྱི་ངོས་ནས་འཁུར་དགོས་པ་ཞིག་རེད། བྱིས་པར་བཙན་གཡེམ་བྱེད་པ་ནི་རྒྱལ་སྤྱིའི་འགྲོ་སྲོལ་བྱས་ནའང་ཁྲིམས་འགལ་རང་རེད།

    Reply
  21. གངས་རི་སྐྱབས། says:
    ལོ་ 16 སྔོན།

    བསྟན་འཛིན་ནོར་བུ་ལགས། གནས་ཚུལ་སྤེལ་བ་ཐུགས་རྗེ་ཆེ། གནད་དོན་འདིའི་མི་སྒེར་གྱི་གནད་དོན་ཞིག་ཡིན་པ་ལས་གཞུང་དང་ཚོགས་སྡེ་གང་ལ་འབྲེལ་མེད་པར་བསམ། གལ་ཏེ་ཁྲིམས་ཆད་ཕོག་པའི་དབང་དུ་བཏང་ནའང་ཉེས་ཅན་མི་རང་ཉིད་ཀྱི་ངོས་ནས་འཁུར་དགོས་པ་ཞིག་རེད། བྱིས་པར་བཙན་གཡེམ་བྱེད་པ་ནི་རྒྱལ་སྤྱིའི་འགྲོ་སྲོལ་བྱས་ནའང་ཁྲིམས་འགལ་རང་རེད།

    Reply
  22. Tashi Norbu says:
    ལོ་ 16 སྔོན།

    བོད་པས་རྒྱ་གར་མར་བཙན་གཡེམ་གྱི་ཐོག་མ།

    བདུན་ཕྲག་འགའི་ཡར་སྔོན་ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་

    ་གིས་ཝྭར་ཎའི་ས་གནས་རྒྱ་གར་གྱི་བུ་མོ་ལོ་ན་བརྒྱད་སོན་པ་ཞིག་ལ་བཙན་གཡེམ་བྱས་པར་བརྟེན་སློབ་དཔོན་དེ་ད་ལྟ་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང་ཉུང་མཐའ་ལོ་བཅོ་ལྔ་ནས་ཉི་ཤུའི་བར་བཙོན་འཇུག་བྱ་སྲིད་པ་རེད་ཅེས་ས་གནས་ཀྱི་རྒྱ་གར་ཚགས་པར་ཐོག་ཐོན་ཡོད་པ་རེད་འདུག

    འདས་པའི་མི་ལོ་ལྔ་བཅུའི་རིང་བོད་པ་བཙན་བྱོལ་བ་ཚོར་རྒྱ་གར་གྱི་ས་ཐོག་ནས་རང་དབང་དང་དྲོད་ཁོལ་ཐོབ་པ་ཉུང་ཉུང་ཞིག་གཏན་ནས་མ་ཡིན་ནའང་།བསམ་ཤེས་མི་ཐོངས་པའི་ཡུལ་མིའི་ཕོ་གསར་རེ་ཟུང་གིས་བོད་པའི་བུ་མོ་དང་ཨ་ནེ་མང་པོ་ཞིག་ལ་བཙན་གཡེམ་བྱས་ཤིང་ཁོ་མོ་ཚོའི་ལུས་སེམས་ཀྱིས་མྱངས་པའི་སྡུག་བསྔལ་དེ་མི་སུས་ཀྱང་རྟོགས་དཀའ་བ་ཞིག་ཡིན་མིན་ལ་མ་བལྟས་པར་ང་ཚོ་ བོད་པ་ལ་མཚོན་ན་རྒྱ་གར་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་སྟབས་ད་ལོ་ང་ཚོ་གཞུང་དམངས་གཉི་གས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་རིམ་སྣ་ཚོགས་ཤིག་སྒྲིག་བཞིན་པའི་སྐབས་འདིར་ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་

    སློབ་དཔོན་ཞིག་གིས་གནས་ཀྱི་རྒྱ་གར་བུ་མོ་ལོ་ན་བརྒྱད་ལ་སོན་པ་ཞིག་ལ་བཙན་གཡེམ་བྱས་པར་བརྟེན་བུ་མོ་དེའི་ནང་མིས་ས་གནས་ཉེན་རྟོག་པར་གཏུག་བཤེར་བྱས་ནས་དགེ་རྒན་དེ་ད་ལྟ་ཝྭར་ཎའི་བཙོན་ཁང་དུ་བཅུག་ཡོད་པ་རེད་འདུག

    འདི་ནི་བོད་པ་ཞིག་གིས་རྒྱ་གར་མར་བཙན་གཡེམ་བྱས་པ་ཐོག་མ་དེ་ཆགས་ཡོད་པ་དང་།ལྷག་པར་དུ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་གིས་བྱས་པའི་བཙན་གཡེམ་ཐོག་མ་དེ་ཡང་ཆགས་ཡོད་པ་རེད་ལ།

    འདི་ནི་ང་ཚོས་ངེས་པར་དུ་རྒྱ་གར་ལ་དགོངས་དག་ཞུ་དགོས་པའི་གནད་དོན་ཞིག་ཡིན་ན་ཡང་ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་ངོས་ནས་གནས་ཚུལ་འདི་བྱུང་ནས་བདུན་ཕྲག་གཉིས་འདས་ཟིན་ཀྱང་གསང་རྒྱ་དམ་པོ་བྱས་ནས་བཞག་ཡོད་པ་རེད།

    Reply
  23. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ད་གུས་པ་ལ་གྲོགས་པོ་ཇེ་མང་རེད། སློབ་དཔོན་ཡང་ཡིག་ནོར་ཅན་ཞིག་རེད། གྲོགས་སློབ་དཔོན་ལགས་རྗེས་མར་དཔུང་བ་མཉམ་གཤིབ་ཡིན་ད། ད་དུང་ཨ་མྱེ་ལགས་དང།

    Reply
  24. གངས་རི་སྐྱབས། says:
    ལོ་ 16 སྔོན།

    སློབ་དཔོན་ལགས་ཀྱི་སྐད་ཆ་བདེན་པ་ཡིན་ན་དེའང་གླེང་དགོས་པ་ཞིག་རེད། ཡིན་ནའང་། ཁྱེད་ཀྱིས་མི་རེ་ལ་སྒོར་འབུམ་གཅིག་རེ་ཞེས་བྲིས་པ་དེ་ཡོ་སྒོར་ཡིན་རྒྱུ་མ་རེད། ཕལ་ཆེར་ཧིན་སྒོར་འབུམ་གཅིག་ཡིན་རྒྱུ་རེད། དེ་འདྲ་ཞིག་ཡིན་ན་གོང་ཧ་ཅང་སླ་དྲགས་པ་རེད། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཟེར་བ་རེ་ཟུང་གིས་ཕྱི་རྒྱལ་དུ་འགྲོ་མཁན་ཚོར་ཡོ་སྒོར་ཁྲི་རེ་བླངས་ཏེ་གཏོང་གིན་ཡོད་པ་ཞིག་གོ་སོང་། གང་ལྟར་ཧིན་སྒོར་༡༠༠༠༠༠དེ་ཚོགས་པའི་མ་དངུལ་དུ་འཇོག་ཐུབ་ཡོད་ན་འགྲིག་པ་རེད། ཚོང་ཙག་ཙིག་རྒྱག་དགོས་ནི་རེད།

    Reply
  25. སློབ་དཔོན་ says:
    ལོ་ 16 སྔོན།

    ཆབ་བྲག་ལྷ་མོ་སྐྱབ་གྱི་
    བོད་ཀྱི་རྩམ་པ་པོའི་མཐུན་ཚོགས་གྱི་མིང་ཐོག་ནས་ཡོ་རབ་ལ་མི་རེ་སྒོར་༡༠༠༠༠༠བྱེད་ཏེ་བཏང་བའི་གནས་ཚུལ་དེ་ད་དུང་གསང་བ་ཡིན་ནམ་་་་་་་་་་་དངོས་གནས་བྱེད་ན་ཚོགས་པ་འདི་སྒིར་བདག་ཅན་ཏུ་བཟོ་ན་བཟང་་

    Reply
  26. ཨ་མྱེ says:
    ལོ་ 16 སྔོན།

    ད་ཐེངས་འཚོགས་པ་དངོས་གནས་དགའ་བསུ་ཞུ།་་་་ཡིན་ན་ཡང་ཁ་པྱོགས་གཏན་ཁེད་ཞིག་མི་འདུག་་་་མི་རབས་གསར་བ་འདི་འདྲ་ཡིན་ནམ།

    Reply
  27. རྨ་དུག་ལྕེ། says:
    ལོ་ 16 སྔོན།

    ཁ་་བ་དཀར་པོ་ཁ་འཐོར་སྤྱི་ཚོགས་ཤིག་ནས་མཉམ་འཛོམས་ཚོགས་འདུ་ཞིག་བསྡུ་རྒྱུ་དེ་ཧ་ལས་པའི་ཡག་པོ་ཞིག་ཏུ་མཐོང་དུས་ཁྱེད་ཧ་ལས་སླ་བའི་མི་ཞིག་རེད།

    Reply
  28. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    ཨ་ཁུ་ལགས། འདི་འདྲའི་རླབས་ཆེན་གྱི་ལས་ཀའི་རིགས་ལ་ཁྱོད་ཀྱིས་ཀྱང་ལག་བྱང་པོ་རེ་བྱེད་པའི་རེ་བ་ཡོད།
    གཡུ་དྲུག་དཀར་ཞེས་པ་འདིར་ངས་རྩོད་པ་རྒྱག་འདོད་མ་སྐྱེས་ཐལ། ཡིན་ཡང་། དམིགས་ཡུལ་གཞན་ཅི་ཡང་མེད། ཨ་རོགས་མུ་མཐུད་ནས་མཆན་འདེབས་རོགས།

    Reply
  29. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཁ་འཐོར་སྤྱི་ཚོགས་ཤིག་ནས་འདི་ལྟར་མཉམ་འཛོམ་ཚོགས་འདུ་ཞིག་བསྡུ་ཐུབ་པ་དེ་རང་ཧ་ལས་པའི་ཡག་པོ་རེད། གཞི་རྐང་རྩོམ་པ་པོ་ཚད་ལྡན་ཡོད་མེད་དང་། དེ་དག་གི་བརྩམས་ཆོས་ཀྱིས་སྤྱི་ཚོགས་ཀྱི་ཚུར་སྣང་ཇི་ཙམ་ཞིག་འདྲེན་ཐུབ་མིན་ནི་ད་དུང་གནད་དོན་གཞན་ཞིག་གི་ངོ་བོར་ལྷགས་འདུག་སྙམ།

    Reply
  30. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    མགྲིན་པ་ཟབ་མོ། (ཕ་རོལ་བོར་སྐྱོན་བརྗོད་བྱས་ཚར་རྗེས་བློ་འདོན་བྱེད་དགོས་པ་རེད། ངས་ནི་བློ་འདོན་ཙམ་ཡང་མེད་པར་སྐྱོན་བརྗོད་རྐྱང་བྱེད་ཀྱིན་པ་དེ་དག་ནི་སྐྱོན་ཅན་ཤ་སྟག་ལ་ངོས་འཛིན་བྱེད་ཀྱིན་ཡོད) འདི་ཁྱེད་ཀྱིས་བཤད་པའི་སྐད་ཆ་རེད། ངས་སྐད་ཆ་འདི་དང་འབྲེལ་ནས་ཁྱེད་ལ་ཀུ་རེ་ཞིག་བརྩེས་པ་ཡིན་མོད། ཁྱེད་ཀྱིས་གོ་བ་ལོན་མི་འདུག ད་ཕོ་ངན་ཚིག་ལ་བསྐྱར་ཟློས་མི་བྱེད། དོན་མེད་འཆལ་གཏམ་དུ་འགྱུར་ཉེན་འདུག

    Reply
  31. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    སྤྱིར་རྩོད་པ་བྱས་པ་ཙམ་ཞིག་གིས་སྐྱོན་ཞིག་མིན་པར་འདོད། རྩོད་པ་བྱ་ན་ཡར་རྒྱས་ལ་ཕན་ཐོགས་ཀྱི་ངེས་རེད། ཡིན་ན་དྲ་གྲོགས་རྣམ་པ་གཉིས་ཀྱིས་སེམས་པས་སེམས་པར་རྨས་སྐྱོན་མི་བཟོ་བའི་རེ་བ་ཡོད་ད

    Reply
  32. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    ངས་ཁྱོད་ལ་བློ་འདོན་བྱས་པ་ནི། གཞན་ལ་སྐྱོན་བརྗོད་བྱས་རྗེས་དེ་ལ་བློ་འདོན་བྱ་དགོས་པ་རེད་ཅེས་པ་འདི་ཡིན། འདི་ཁྱོད་ཀྱིས་ག་རེ་བྱས་ནས་མ་གོ་བ་ཡིན་ནམ།

    Reply
  33. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    མགྲིན་པ་ཟབ་མོ། སྐྱོན་བརྗོད་བྱེད་པ་ལ་ཆ་རྐྱེན་གཅིག་གི་མི་ཚད་བརྒྱ་ཡོད་ཀྱང་ཡོད་དུ་ཆུག ངས་ང་རང་སྐྱོན་ཅན་མིན་ཅེས་ནམ་ཡང་བརྗོད་མ་མྱོང་ལ་འདོད་ཀྱང་མ་མྱོང་པས་སྐུ་ཉིད་ནས་ང་སྐྱོན་ཅན་ལ་ངོས་འཛིན་བྱེད་ཆོག་པ་ཡིན། འོན་ཀྱང་ཁྱེད་ཀྱིས་ང་ལ་སྐྱོན་བརྗོད་བྱས་རྗེས་ལམ་སྟོན་གནང་མ་སོང་པས་ཁྱེད་ཀྱང་སྐྱོན་ཅན་དུ་ཤ་སྟག་ཏུ་གྱུར་བ་མ་ཡིན་ནམ། ཧ་ཧ་ཧ

    Reply
  34. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    གཡུ་དྲུག་དཀར། སྐྱོན་བརྗོད་བྱེད་པ་ལ་ཆ་རྐྱེན་གཅིག་ཡོད། དེ་ནི་ཕ་རོལ་བོར་སྐྱོན་བརྗོད་བྱས་ཚར་རྗེས་བློ་འདོན་བྱེད་དགོས་པ་རེད། ངས་ནི་བློ་འདོན་ཙམ་ཡང་མེད་པར་སྐྱོན་བརྗོད་རྐྱང་བྱེད་ཀྱིན་པ་དེ་དག་ནི་སྐྱོན་ཅན་ཤ་སྟག་ལ་ངོས་འཛིན་བྱེད་ཀྱིན་ཡོད།

    Reply
  35. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    གུས་པར་འོས་པའི་སྐུ་ཞབས་མགྲིན་པ་ཟབ་མོ། བུ་གོ་བ་ཅན་ལ་ཚིག་གཅིག་གིས་ཆོག་སྙམ་ནས་གོང་དུ་མདོར་བསྡུས་ཤིག་བཤད་པ་ཡིན་མོད། ད་ནི་གསལ་བཤད་ཅིག་ཀྱང་བྱ་དགོས་བྱུང་། ངའི་སྐད་ཆ་དེ་མདོར་བསྡུས་ན་བོད་ཀྱི་རིག་གཞུང་དེ་ང་ཚོའི་ལག་ནས་སྤྲང་པོའི་ལག་གི་གསེར་དུ་གྱུར་སོང་ཞེས་པ་དེ་ཡིན། མ་རེད་དམ།

    Reply
  36. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    གཡུ་དྲུག་དཀར་ཡ། ཁྱོད་ཀྱིས་འབྲི་བཞིན་པ་འདི་སྐད་ཡིག་གང་རེད། ག་དུས་ཡིན་ནའང་དྲི་མ་ཞིག་འཐུལ་བསྡད་འདུག

    Reply
  37. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    དམིགས་བསལ་ཚོགས་ཆེན་འདི་ལ་གྲུབ་འབྲས་ཤིག་འཆར་ཁག་པོ་རེད། ད་ལྟའི་བར་དུ་བཙན་བྱོལ་ནང་དུ་རྩོམ་པོ་ཚད་ལྡན་ནམ་མི་རིགས་ལ་ཕན་ཐོགས་ཡོད་པ་གཅིག་གཉིས་ཤིག་ལས་མེད་ལ། རྩོམ་པ་པོ་དག་གིས་ཁ་ཕྱོགས་ཀྱང་ལོག་ལམ་ཁོ་ན་སྟེ། ཕན་ཐོགས་ཡོད་མེད་ལ་མ་ལྟོས་པར་ཕྱོགས་གཅིག་ནས་དེབ་གཟུགས་གི་མང་ཉུང་འགྲན་བསྡུར་དང་། ཕྱོགས་གཞན་ཞིག་ནས་བརྩམ་ཆོས་ཀྱི་ཚདགཞི་ལ་ཅི་མི་སྙམ་པར་གྲངས་འབོར་ལ་གཙིགས་འཛིན་བྱེད་པ་འདི་རེད། མུ་མཐུད་ནས་འདི་ལྟར་སོང་ན་ནང་ཆོས་ལས་གཞན་པའི་བོད་ཀྱི་རྩོམ་རིག་ནི་འཛམ་གླིང་མི་མང་ལ་སྐྱུགས་མེད་ལངས་བྱེད་དུ་འགྱུར་ཉེན་ཆེ། །

    Reply
  38. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བགྲོ་གླེང་འདི་ལས་མཆེད་དེ་བོད་ཕྱི་བསྡོད་པའི་རྩོམ་པ་པོའི་ཐུན་ཚོགས་འདི་དོན་སྙིང་ལྡན་པ་ཞིག་དང་བོད་མི་རིགས་ཀྱི་སྤྱི་སེམས་ཅན་གྱི་རྩོམ་པ་པོ་མི་ཉུང་བ་ཞིག་བསྐྱེད་སྲུང་བྱེད་ཐུབ་པ་དང་དེ་དང་འགྲོག་ནས་འདས་པའི་ཉམས་མྱོང་ལས་མ་འོངས་པར་འགན་འཁུར་ཐུབ་མཁན་གྱི་ཚོགས་མི་ཡང་མི་ཉུང་བ་ཞིག་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་རིགས་དག་གིས་རང་གི་རིགས་ཀྱི་རྩོམ་པ་པོའི་ཐུན་ཚོགས་ལ་ཤ་ཞེན་ཡོད་ཞིག་ཆགས་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese