མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྔ་བཅུའི་དུས་དྲན་དང་དཔེ་དེབ་བརྒྱ་དཔར་སྐྲུན། ཁག་དང་པོ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་པ་སྐྱབས་བཅོལ་དུ་འབྱོར་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ཏེ། ཀིརྟིའི་བྱེས་པ་གྲྭ་ཚང་གིས་འདས་པའི་ལོ་ངོ་ ༡༨ ནང་དཔར་སྐྲུན་འགྲེམ་སྤེལ་བྱས་པའི་དཔེ་དེབ་བརྒྱ་ཐམ་ལོངས་བའི་མཛད་སྒོ་རྒྱས་པ་ཞིག་འཚོགས་གཏན་འཁེལ་ཡོད་པའི་གོ་སྐབས་དང་བསྟུན་ཏེ། ཕྱི་ཚེས་ ༢༧ ཉིན་འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་དང་དོན་གོ་གཉིས་ཆེད་དུ་ཀིརྟི་རིན་པོ་ཆེ་མཆོག་གི་གཟིམ་ཆུང་དུ་བཅར་ཏེ། དཔེ་དེབ་བརྒྱ་ཐམ་པ་དང་འབྲེལ་ཏེ། རིན་པོ་ཆེ་མཆོག་གི་བརྩམས་ཆོས་དང་ཁོང་སྒེར་གྱི་ལས་དོན་ཁག་ཅིག་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་པ་གཤམ་གསལ་ལྟར་ཡིན།

དྲི་བ། བོད་པ་སྐྱབས་བཅོལ་དུ་འབྱོར་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ཏེ། འདི་ག་ཀིརྟི་བྱེས་པ་གྲྭ་ཚང་གིས་དཔེ་དེབ་བརྒྱ་ཐམ་པ་འདོན་སྤེལ་བྱས་པའི་མཛད་སྒོ་ཞིག་འཚོགས་གཏན་འཁེལ་ཡོད་པ་འདྲ། མཛད་སྒོ་དེ་འཚོགས་དགོས་པའི་རྒྱུ་མཚན་དང་། དཔེ་དེབ་བརྒྱ་ཐམ་པའི་ནང་དོན་སྤྱི་ཡོངས་ནས་ངོ་སྤྲོད་ཅིག་གནང་རོགས། 
ལན། དུས་བབ་གསར་ཤོག་བཏོན་ཏེ་ལོ་གང་འཚམ་ཕྱིན་པ་རེད། ལོ་ངོ་འདི་དག་གི་རིང་ལ་གནས་ཚུལ་གང་མང་ཞིག་སྤྱི་ཚོགས་ནང་ཁྱབ་སྤེལ་བྱས་ཏེ། རྩ་དོན་དང་སྐད་ཡིག་གཉིས་ཐད་ནས་མི་དམངས་ལ་ཞབས་འདེགས་གང་ལེགས་བསྒྲུབས་ཡོད། དེར་བརྟེན། ཐོག་མར་དུས་བབ་ལས་བྱེད་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཡོད། ད་ལོ་བོད་པ་སྐྱབས་བཅོལ་དུ་འབྱོར་ཏེ་མི་ལོ་ ༥༠ འཁོར་གྱིན་ཡོད་ལ། བོད་ནང་དུ་རྒྱའི་བཙན་འོག་ཏུ་ཚུད་དེ་ལོ་ ༥༠ འཁོར་གྱིན་ཡོད། དེ་བཞིན། བོད་ཀྱི་ཆོས་དང་རིག་གཞུང་ཉམས་ཆག་ཏུ་ཕྱིན་ཏེ་ལོ་ ༥༠ འཁོར་གྱིན་ཡོད། འདི་འདྲ་ཞིག་ལ་དུས་དྲན་སྲུང་གཙི་བྱེད་པར་གཞུང་གི་གོ་སྒྲིག་རྐྱང་པ་མ་ཡིན་པར་སྒེར་སོ་སོའི་ངོས་ནས་གང་ཞིག་འཇོན་མིན་དང་ཅི་ཞིག་བྱ་དགོས་མིན་ལ་བསམ་བློ་གཏོང་སྐབས། ང་ཚོའི་ངོས་ནས་བོད་མིའི་ཆོས་དང་རིག་གཞུང་གི་ཐོག་ལ་ལས་ཀ་བྱས་ཏེ། དུས་ཚོད་ཐུང་ཐུང་ནང་དེབ་ ༡༠༠ དཔར་སྐྲུན་བྱས་ཟིན་པ་འདི་ལག་རྗེས་ཕྲན་བུ་ཞིག་ཏུ་བཞག་ཆོག་པ་རེད་སྙམ་སྟེ། གཞུང་གི་མཛད་སྒོའི་ཆ་ཤས་ཙམ་གྱི་ཆེད་དུ་དེབ་བརྒྱ་ཐམ་པ་འདོན་སྤེལ་བྱས་པའི་མཛད་སྒོ་ཞིག་འཚོགས་གཏན་འཁེལ་ཡོད།
གཉིས་པ་དེ་ལ། དེབ་དེ་དག་གི་ནང་དོན་ཐད་ནས། ཀིརྟི་བྱེས་པ་གྲྭ་ཚང་ཟེར་ན་འདྲ་ལ། ཆེས་མཐོའི་སློབ་གཉེར་ཁང་ཟེར་ནའང་འདྲ། ངོ་བོ་དབྱེར་མེད་ཀྱི་ཤེས་ཡོན་སྦྱང་ས་འདི་འདྲ་ཞིག་འཛུགས་དགོས་པ་དེ། ཕྱི་ལོགས་ནས་ཀིརྟི་ཚང་ལ་དགོན་པ་དང་། ལྷ་ཁང་འདུ་ཁང་བཞེངས་ཏེ་སྔ་མོའི་ལམ་སྲོལ་རྒྱུན་འཛིན་བྱ་དགོས་པ་དེ་འདྲ་མ་རེད། ཐོག་མའི་དམིགས་ཡུལ་གང་རེད་ཟེར་ན། བོད་པའི་བླ་མ་དང་གྲྭ་པའི་ལས་འགན་གང་རེད་ཟེར་ན། བོད་པའི་ཆོས་དང་རིག་གཞུང་གི་ཐོག་ལ་ཕྱག་ལས་གནང་རྒྱུ་དང་། དེ་བརྒྱུད་ནས་མི་ལ་གཞན་ཕན་གྱི་ལས་དོན་བསྒྲུབ་རྒྱུ་དེ་རེད། དེར་བརྟེན། ང་ཚོ་ཕྱི་ལོགས་སུ་ཡོད་པའི་བླ་མ་གྲྭ་པ་ཚོ་མཉམ་རུབ་ཐོག་ལས་ཀ་ག་རེ་བྱ་ཐུབ་མིན་ལ་བསམ་བློ་གཏོང་སྐབས། བོད་ཕྱི་ནང་གཉིས་ཀར་ཆོས་དང་རིག་གཞུང་ཉམས་ཆག་ཆེན་པོ་ཕྱིན་ཡོད་པ་དེའི་ཐོག་ལ་ལས་ཀ་ཕྲན་བུ་རེ་བྱ་ཐུབ་ཀྱིན་ཡོད་སྟབས། གྲྭ་ཚང་འདི་བོད་པའི་ཆོས་དང་རིག་གཞུང་སློབ་གཉེར་བྱ་སའི་ངོ་བོའི་ཐོག་ལ་བཙུགས་པ་རེད། དེར་བརྟེན། ད་བར་དེབ་མང་པོ་ཞིག་བཏོན་པའི་ནང་དོན་ཡང་ཐོག་མའི་དམིགས་ཡུལ་གཞིར་བཟུང་། བརྗོད་བྱའི་ནང་དོན་དང་རྣམ་པ་གཉིས་ཐོག་ནས་བོད་པའི་སྲོལ་རྒྱུན་ཡོང་ཅི་ཐུབ་ཀྱིས་ཕྱོགས་སྒྲིག་དང་རྩོམ་སྒྲིག་བྱས་པ་རེད།

དྲི་བ། འདི་ག་གྲྭ་ཚང་ནས་བཏོན་པའི་དཔེ་དེབ་མང་ཆེ་བ་རྩོམ་རིག་དང་ལོ་རྒྱུས། ནང་ཆོས་སོགས་བོད་པའི་སྲོལ་རྒྱུན་རིག་གཞུང་གི་སྐོར་ཡིན་ལ། སྲིད་དོན་དང་སྤྱི་ཚོགས། དེང་རབས་རིག་གནས་དང་མི་ཆོས་རྒྱུན་ཤེས་ཀྱི་སྐོར་ནས་དེ་ཙམ་མེད་སྟབས། རིན་པོ་ཆེ་མཆོག་ལ་དེའི་ཐད་དགོངས་འཆར་གང་འདྲ་ཡོད་དམ།
ལན། སློབ་གཉེར་ཁང་འདི་ཐོག་མར་བཙུགས་པའི་དམིགས་ཡུལ་གཞིར་བཟུང་སློབ་ཚན་གཏན་འབེབས་དང་། དམིགས་ཡུལ་གཞིར་བཟུང་གྲུབ་འབྲས་བརྩོན་ལེན་བྱ་རྒྱུ་དེ་རེད། བོད་ཀྱི་རིག་གཞུང་གི་ནང་ནས་ཀྱང་། རིག་གཞུང་རྙིང་པ་དང་སྲོལ་རྒྱུན་རིག་གནས་ཉམས་ཆག་ཏུ་འགྲོ་བཞིན་པ་དག་སྲུང་སྐྱོབ་དང་གོང་སྤེལ་ལ་ཤུགས་རྒྱག་རྒྱུ་དེ་ང་ཚོའི་ཐོག་མའི་དམིགས་ཡུལ་ཡིན་སྟབས། རྩོམ་ཡིག་ཕལ་ཆེ་བ་ནང་དོན་དང་རྣམ་པ་གཉིས་ཀ་སྲོལ་རྒྱུན་རིག་གནས་ཤས་ཆེ་བ་ཡོད།  དེང་གི་རིག་གནས་གསར་པ་དང་འགྲོ་སྟངས་གསར་པའི་ཐོག་ལ་འབད་པ་བྱ་དགོས་པ་མ་རེད། མི་ཚང་མ་རང་བཞིན་གྱིས་ཤོར་འགྲོ་བཞིན་ཡོད། དཔེར་ན། རྩོམ་འབྲི་སྟངས་དང་དེབ་དཔར་སྟངས་ཚུན་ནས་གསར་པའི་ཐོག་ལ་ཤོར་འགྲོ་བཞིན་ཡོད། ང་ཚོའི་ངོས་ནས་ཆེད་དུ་སྲོལ་རྒྱུན་དང་གནའ་བོའི་རིག་གཞུང་གནས་ཐབས་དང་། གནས་པ་ཙམ་དུ་མ་ཟད་གང་ནུས་ཅི་འཇོན་གྱིས་འཕེལ་རྒྱས་སུ་གཏོང་རྒྱུའི་ཕྱོགས་ལ་ཤུགས་རྒྱག་གིན་ཡོད་མོད། སྲིད་དོན་དང་དེང་རབས་རིག་གནས་སྐོར་ལའང་ས་མིག་ཁྱོན་ནས་བཞག་མེད་པ་མ་རེད། ང་ཚོའི་གྲྭ་ཚང་ལ་ཟླ་གསུམ་རའི་གསར་ཤོག་ཅིག་ཡོད། དེའི་ནང་ཆབ་སྲིད་དང་འཕྲོད་བསྟེན། དཔལ་འབྱོར་སོགས་དེང་གི་རིག་གནས་ཚན་པ་མང་པོ་ཞིག་གོ་སྒྲིག་བྱས་ཡོད།

དྲི་བ། བོད་པ་སྐྱབས་བཅོལ་དུ་གྱར་ཏེ་ལོ་ངོ་ལྔ་བཅུ་འགོར་བའི་བརྒྱུད་རིམ་ཁྲོད། སྲིད་འབྱོར་གཉིས་ཕུད་པའི་རིག་གཞུང་རྐྱང་པའི་ཐད་དུ་འཕེལ་རྒྱས་དང་ཉམས་ཆག་གཉིས་ཀ་བྱུང་ཡོད་མོད། རིན་པོ་ཆེ་མཆོག་གིས་གྲུབ་འབྲས་འབུར་དུ་ཐོན་པ་གང་དང་། འཐུས་ཤོར་དང་ཉམས་ཆག་ཏུ་ཕྱིན་པ་གང་ལ་ངོས་འཛིན་གནང་གིན་ཡོད་དམ།
ལན། སྔོན་མ་སྤྱི་ལོ་ ༡༩༦༡ ལོར་༧རྒྱལ་བ་རིན་པོ་ཆེ་ཡིས་ངྷ་རམ་ས་ལར་བོད་ཀྱི་ཆོས་ཚོགས་དང་པོ་དེ་བསྐྱངས་པ་རེད། སྐབས་དེར་ཁོང་གིས། ང་ཚོ་ཕྱི་རྒྱལ་ལ་དུས་ཚོད་ངན་པ་ཞིག་ཏུ་ཡོང་བ་འདི་ལ། གོ་སྐབས་ཡག་པོ་ཞིག་ལེན་རྒྱུ་ཡོད་པ་རེད། ང་ཚོས་འདི་ནས་འཛམ་གླིང་སྤྱི་ལ་ཕན་པའི་ལས་དོན་བསྒྲུབ་པ་དང་། འཛམ་གླིང་སྤྱི་ལ་ཕན་པའི་ཆོས་དང་རིག་གཞུང་ཁྱབ་སྤེལ་བྱ་རྒྱུར་གོ་སྐབས་ལེན་རྒྱུ་ཡོད་པ་རེད། ཅེས་གསུངས་སོང་། སྐབས་དེར་ང་ཚོའི་བསམ་པར་བོད་ཆོས་ལྡན་གྱི་ཞིང་ནས་ཆོས་དང་རིག་གཞུང་ཉམས་ནས་ཡོང་གིན་ཡོད་སྟབས། ཕྱི་རྒྱལ་མིའི་ལུང་པ་ཞིག་ནས་འཛམ་གླིང་ལ་བསྟན་པ་སྤེལ་རྒྱུ་ཁག་པོ་རེད་བསམ་པ་ཞིག་བྱུང་། འོན་ཀྱང་། ལོ་ནས་ལོར་བསྟུད་དེ་མི་ལོ་ལྔ་བཅུ་འཁོར་བའི་སྐབས་འདིར་འཛམ་གླིང་ནང་བོད་ཀྱི་ཆོས་དང་རིག་གཞུང་དར་ཁྱབ་ཆེ་ཤོས་ཨང་དང་པོའི་གྲས་སུ་སླེབས་ཀྱིན་ཡོད། དེ་ནི་བཙན་བྱོལ་གྱི་ལོ་ལྔ་བཅུའི་བྱས་རྗེས་ཨང་དང་པོ་རེད་བསམ་ཡོད། ང་ཚོ་བཙན་བྱོལ་ནང་མི་འབོར་ཉུང་ཉུང་ཡིན་ཡང་། སྲ་ཐག་ཐག་ཆགས་ཡོད་པ་མ་ཟད། མི་འབོར་བརྒྱ་ཆ་དགུ་བཅུ་གོ་དགུའི་ཡིག་རྨོངས་སེལ་ཡོད་ལ། དམངས་གཙོ་ཡང་དག་པ་ཞིག་གི་ལམ་སྲོལ་ཐོག་སྐྱོད་ཐུབ་པ་བྱུང་ཡོད། དེ་ནི་འབུར་དུ་ཐོན་པའི་བྱས་རྗེས་གཉིས་པ་རེད། གཞན། སྔོན་མ་དྲུག་ཅུ་རེ་གྲངས་ནང་བོད་ནང་གི་བོད་མི་ཚོས་ཕྱི་རྒྱལ་དུ་བོད་པ་ཞིག་ཡོད་པ་རེད་ཟེར་བའི་རྣ་ཐོས་ཙམ་ལས་ཕན་ཚུན་ལ་ཆ་རྒྱུས་གང་ཡང་མེད། ད་ཆར་བོད་རིགས་ཡོངས་ཀྱི་གློ་སྙིང་བྲང་གསུམ་གཏོད་ས་དང་། དེ་ལྟར་གཏད་ཆོག་པའི་ཡིད་ཆེས་བྱེད་ས་དེ་འདི་ཆགས་བསྡད་ཡོད། འདི་ནི་༧རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བོད་གཞུང་དམངས་གཉིས་ནས་དཀའ་ལས་བརྒྱབས་པའི་གྲུབ་འབྲས་གསུམ་པ་རེད། འཐུས་ཤོར་གང་ཞིག་ཏུ་ཕྱིན་ཡོད་པ་རེད་ཟེར་ན། བོད་ཀྱི་སྐད་ཡིག་ཐོག་ལ་འཐུས་ཤོར་གང་འཚམ་ཕྱིན་ཡོད་པ་རེད། དེ་ནི་ཡུལ་དུས་ཁོར་ཡུག་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་འོག་ནས་བྱུང་བ་རེད། དེ་བཞིན་གཞོན་སྐྱེས་ཚོའི་ཁྲོད་ཡ་རབས་སྤྱོད་བཟང་ཐད་ནས་ཀྱང་ཉམས་ཆག་ལ་འགྲོ་བཞིན་ཡོད་པའི་སྐད་ཆ་ཞིག་ཡོང་གིན་ཡོད། འཐུས་ཤོར་དེ་དག་ཐད་བོད་ཕྱི་ནང་གཉིས་སུ་གླེང་སློང་དང་ཐུགས་ཁུར་ཆེན་པོ་གནང་གིན་ཡོད་ལ། བོད་གཞུང་དམངས་གཉིས་དང་། སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མས་འགན་ཁུར་ཞིག་ལེན་གྱིན་ཡོད་པ་རེད་བསམ་ཡོད། 

དྲི་བ། རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་ངོས་ནས་ད་བར་དཔེ་དེབ་བརྒྱ་ཐམ་པ་འདོན་སྤེལ་བྱས་ཏེ། ལྔ་བཅུའི་དུས་དྲན་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་ཡོད་པ་མ་ཟད། བོད་མིའི་བླ་སྲོག་ཏུ་གྱུར་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པར་ཕྱག་རྗེས་རླབས་ཆེན་བཞག་ཡོད། འོན་ཀྱང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཡིག་ལ་དོ་སྣང་མེད་པ་དང་། བོད་ཡིག་དཔེ་དེབ་ཀློག་མཁན་ཧ་ཅང་ཉུང་བ། ལྷག་པར་དུ་སྲོལ་རྒྱུན་རྩོམ་རིག་གི་དཔེ་དེབ་ཀློག་མཁན་ཆེས་ཉུང་ཉུང་ཡིན་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། སྤྱི་ལོ་ ༡༩༩༢ ལོར་ང་ཚོའི་གྲྭ་ཚང་འདི་ཐོག་མར་བཙུགས་ཏེ་ད་བར་ལོ་ ༡༨ འགྲོ་བསྡད་ཡོད། དུས་ཡུན་ཐུང་ཐུང་རིང་གྲྭ་ཚང་འདི་ནས་བཏོན་པའི་དེབ་བརྒྱ་ཐམ་པར་སླེབས་ཡོད། ཡིན་ནའང་། ཁྱེད་ཀྱིས་གསུངས་པ་ལྟར། ཀློག་མཁན་དཀོན་པ་དེ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་། རྩོམ་འབྲི་མཁན་སྒེར་གྱི་ངོས་ནས་ཡིན་ན་འདྲ་ལ། དཔར་མཁན་གཞུང་ངོས་ནས་ཡིན་ནའང་འདྲ། དང་པོ་ཡུལ་གྱི་ཆ་ནས། རྒྱ་གར་སྐྱབས་བཅོལ་ནང་གཅིག་པུར་དམིགས་པ་མ་རེད། ང་ཚོས་དེབ་བརྒྱ་ཐམ་པ་དཔར་བ་ལས་ལྔ་མ་གཏོགས་བྲིན་ཡང་། དེབ་ལྔ་དེ་སླེབས་ས་ཞིག་ལ་སླེབས་པ་དང་། བོད་ནང་ལྟ་བུར་དེབ་གཅིག་སླེབས་ཐུབ་པ་བྱུང་བ་ཡིན་ན། ང་ཚོའི་དམིགས་ཡུལ་འགྲུབ་སོང་བ་རེད་ལ། དེབ་བཏོན་པའི་གོ་ཡང་ཆོད་སོང་བ་རེད། དེ་གཅིག་རེད། གཉིས་པ། དུས་ཀྱི་ཆ་ནས། ང་ཚོས་བོད་པ་བཙན་བྱོལ་བའི་དུས་ཡུན་ཙམ་ལ་དམིགས་པ་མ་རེད། གནས་ཚུལ་གང་རུང་ཞིག་ཡིག་ཐོག་ཕབ་སྟེ་དེབ་ཏུ་དཔར་ཟིན་པ་ཡིན་ན། མི་ཐོག་མང་པོ་ཞིག་དང་། དུས་རབས་གཅིག་གཉིས་ཤིག་ལ་གནས་གི་རེད། མ་འོངས་པ་ཞིག་ལ། ད་ལྟའི་དུས་ཀྱི་ལས་དོན་བྱེད་ཕྱོགས་དང་བསམ་བློའི་ཁྱེར་ཕྱོགས། ཆོས་དང་རིག་གཞུང་ཐོག་ལ་ལྟ་སྟངས་སོགས་མཁྱེན་ཐུབ་གི་རེད། དེ་ལྟར་ཕུགས་རྒྱང་རིང་བོའི་དམིགས་ཡུལ་ཞིག་བཟུང་བ་ཡིན་ན་ཕན་ཞིག་ཏན་ཏན་ཐོགས་གི་རེད་དྲན་ཡོད། རྒྱ་གར་བོད་མིའི་སྐྱབས་བཅོལ་ནང་བོད་ཡིག་གི་དེབ་ཀློག་མཁན་མི་འདུག་ཟེར་བ་དེ་བདེན་པ་རེད། འོན་ཀྱང་། དེ་ལ་ཁག་ཀྱང་ཡོད་པ་མ་རེད། ཐོག་མར་ང་ཚོ་སྐྱབས་བཅོལ་དུ་འབྱོར་སྐབས། ཡར་གནམ་དང་མར་ས་ལས་ཡོད་པ་མ་རེད། གནས་ཚང་རྒྱ་གར་གྱི་སྐད་ཤེས་ཀྱིན་ཡོད་པ་མ་རེད། གནས་སྟངས་དེའི་འོག་ནས་གཞིས་ཆགས་བཙུགས་ཤིང་། སློབ་གྲྭ་བརྒྱབས་པ་རེད། ཡིན་ནའང་། དགེ་རྒན་མང་ཆེ་བ་རྒྱ་གར་བ་རེད། སློབ་ཚན་མང་ཆེ་བ་དབྱིན་ཡིག་རེད། བོད་ཡིག་གི་སློབ་ཚན་ཆུ་ཚོད་གཅིག་ཙམ་ལས་ཡོད་པ་མ་རེད། དེ་གཅིག་རེད། གཉིས་པ། མི་སྒེར་སོ་སོའི་ཐད་ནས་ཀྱང་སློབ་ཐོན་སྐབས་བོད་ཡིག་གི་ལས་ཀ་བྱེད་ས་རག་གི་མེད་ལ། འགྲོ་འདུག་སྤྱོད་གསུམ་གྱི་ཁོར་ཡུག་ནང་དུའང་བོད་ཡིག་བོད་སྐད་སྤྱོད་ས་ཉུང་ཉུང་ཡིན། བོད་ལ་རང་དབང་ཞིག་བྱུང་བའི་ཉིན་མོར། གནས་སྟངས་འདི་ལ་ལམ་སེང་འགྱུར་བ་འགྲོ་གི་རེད་སྙམ། ང་རང་སྔོན་མ་ཆོས་དོན་ནང་ལས་ཀ་བྱེད་སྐབས། སོག་པོའི་ལུང་པར་ཕྱིན་པ་ཡིན། སོག་པོའི་རྒྱལ་ཁབ་ཨུ་རུ་སུའི་འོག་ཏུ་ལོ་ ༤༠ ཙམ་བསྡད་པ་རེད། སྐབས་དེར་སོག་པོའི་སྐད་ཡིག་ཤེས་མཁན་དཀོན་པའི་གནས་སྟངས་ཆགས་ཤིང་། ཚང་མས་ཨུ་རུ་སུའི་སྐད་ཡིག་བེད་སྤྱོད་བྱས་པ་རེད། རྗེས་མ་རང་བཙན་ཐོབ་སྟེ། ལོ་གཅིག་གཉིས་ནང་ཨུ་རུ་སུའི་སྐད་རྒྱག་མཁན་མེད་པ་ཆགས་པ་རེད། ང་ཚོའི་བོད་པར་ཡང་དེ་འདྲ་ཞིག་ཡོང་སྲིད་གི་རེད་དྲན་ཡོད། 

དྲི་བ། སྔར་ལོའི་སྤྱི་ཟླ་ ༢ པར་ཀིརྟི་བླ་བྲང་གི་སྲོལ་རྒྱུན་གྱི་ལམ་སྲོལ་ལ་འགྱུར་བ་བཏང་ཞིང་། ཀིརྟིའི་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་ཏེ་མདུན་སྐྱོད་ཀྱི་གོམ་ཞེང་ཆེན་པོ་ཞིག་སྤོས་ཡོད་སྟབས། རིན་པོ་ཆེ་མཆོག་ལ་ཀིརྟི་བླ་བྲང་ལ་འགྱུར་བ་གཏོང་རྒྱུའི་ཐུགས་འདུན་ཐོག་མར་ཇི་ལྟར་འཁྲུངས་པ་དང་།  ཀིརྟིའི་དགེ་རྩ་ཚོགས་པ་བཙུགས་པར་དགོས་པ་རྒྱུ་མཚན་གཙོ་བོ་གང་ལ་གཟིགས་པ་ཡིན་ནམ།
ལན། ཀིརྟིའི་བླ་བྲང་ཟེར་བ་འདིར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་ལ། ཆོས་དང་ཆབ་སྲིད་གཉིས་ཀའི་དབང་འཛིན་གྱི་ལམ་སྲོལ་ཡོད་པ་རེད། དེ་ང་ཚོ་གཅིག་པུ་མ་རེད། བོད་ཀྱི་བླ་མ་ཕལ་ཆེ་བར་འགྲོ་སྟངས་འདི་ཡོད། དེ་ཡང་སྲོལ་རྒྱུན་འདྲ་བོ་ཞིག་ཆགས་བསྡད་ཡོད། བོད་ལ་ཆོས་དང་རིག་གཞུང་དར་ཞིང་། བླ་མ་ཟེར་བ་འདི་བྱུང་བ་ནས་བཟུང་། དགེ་སྐྱོན་གཉིས་ཀ་བྱུང་ཡོད། ད་བར་དེ་ལ་འགྱུར་བ་གཏོང་རྒྱུའི་གོ་སྐབས་ཤིག་བྱུང་མྱོང་ཡོད་པ་མ་རེད། སྔར་བོད་ནང་གི་བོད་གཞུང་ཟེར་བ་དང་རྒྱལ་པོའི་ལམ་ལུགས་ཟེར་བ་དེ་དག་དམར་ཤོག་སླེབས་པ་ནས་འགྱུར་བ་ཕྱིན་ཡོད། འོན་ཀྱང་བླ་བྲང་ཟེར་བ་འདི་ལ་སོ་སོའི་ངོས་ནས་འགྱུར་བ་ཞིག་མ་བཏང་ན། འགྱུར་བ་གཏོང་རྒྱུའི་གོ་སྐབས་ཤིག་ལ་འཕྲད་ཡོད་པ་མ་རེད། དེར་བརྟེན། བླ་བྲང་ཟེར་བ་འདི་ཡོད་ན་གང་ལ་ཕན་པ་དང་མེད་ན་གང་ལ་གནོད་པ། བླ་མ་ཟེར་བ་དེའི་མཛད་པ་གང་ཡིན་པ་དང་། བླ་མའི་དགོས་པ་གང་ཡིན་པ། སྤྱིར་བླ་མའི་བརྒྱུད་རིམ་འདི་དགོས་པ་ཞིག་རེད་དམ་མ་རེད། དེའི་ཐོག་ལ་བསམ་བློ་གཏོང་དགོས་པ་ཆགས་ཡོད།
ད་ལྟ་འཛམ་གླིང་ཧྲིལ་བོར་འགྱུར་བ་འགྲོ་བཞིན་ཡོད། དེས་མཚོན་པའི་ཆོས་ལུགས་པ་ཚོ་ལའང་འགྱུར་བ་འགྲོ་དགོས་པ་རེད། སྤྱིར་བླ་མ་ཟེར་བ་འདི་མི་དམངས་ཀྱི་བདེ་དོན་དང་། སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་གི་ཆེད་དུ་བྱུང་བ་རེད། ནམ་ཞིག་མི་དམངས་ལ་མ་དགོས་པའི་ཉིན་ནས་མཚམས་འཇོག་རྒྱུ་རེད། ༧གོང་ས་མཆོག་གིས་ཀྱང་དེ་ལྟར་བཀའ་གནང་གིན་ཡོད། ཀིརྟི་ཚང་མི་དམངས་ལ་ཅི་ཙམ་བར་དགོས་མཁོ་ཡོད་པ་དེ་སྲིད་དུ་ཕེབས་གི་རེད་ལ། ཕན་ཞིག་ཀྱང་ཐོགས་གི་རེད། མི་དམངས་ལ་མ་དགོས་པའི་ཉིན་མོ་དེར་ང་ཚོའི་སྲོལ་རྒྱུན་ཡིན། ཞེས་འཇུས་ནས་འདུག་དགོས་དོན་ཡོད་པ་མ་རེད། ངས་སྔོན་མ་ནས་འདི་ལྟར་བཤད་མྱོང་། བོད་ནང་ད་ལྟའི་གནས་སྟངས་འདིའི་འོག་བསྡད་པ་ཡིན་ན། སྔ་མོའི་བླ་བྲང་ཁག་གི་འཛིན་སྐྱོང་དང་། ལྷ་སྡེ་མི་སྡེ་ཟེར་བ་དེ་རིགས་འདུག་ཐབས་ཡོད་པ་མ་རེད། རྫོང་དང་ཁུལ་སོ་སོར་བགོས་བཞག་ཡོད་ལ། བོད་ལ་རང་བཙན་ཐོབ་པ་ཡིན་ན་ཡང་། རྫོང་དང་མངའ་སྡེ་བཟོས་ཏེ་སྔར་གྱི་བླ་བྲང་ཁག་གི་ཆབ་སྲིད་ཀྱི་འཛིན་སྐྱོང་དེ་མི་དགོས་པ་ཆགས་གི་རེད་ཟེར་གི་ཡོད།  
གཉིས་པ། དེང་སྐབས་བླ་བྲང་ཟེར་བ་དེའི་རིགས་རྒྱུ་འབྱོར་ཆེན་པོ་ཆགས་ཡོང་གིན་ཡོད། དངུལ་མང་པོ་རག་གི་ཡོད། གང་ཡིན་ཟེར་ན། མི་དམངས་ཀྱིས་དད་པའི་ཐོག་ནས་འབུལ་བཞིན་ཡོད། མི་དམངས་ཀྱི་རྒྱུ་དེ་མི་དམངས་ལ་ཐོབ་པ་ཞིག་དང་། མི་དམངས་ཀྱི་དམིགས་ཡུལ་ཐོག་ལ་ཕན་པ་ཞིག་ལ་བསམ་བློ་གཏོང་སྐབས། སྔར་གྱི་ལམ་སྲོལ་ལ་འགྱུར་བ་ཞིག་མ་བཏང་ན་ཡོང་ཐབས་མེད་པའི་བཟོ་འདྲ་བོ་ཞིག་རེད། འོན་ཀྱང་། སོ་སོའི་ལས་དོན་ལ་ང་རང་གིས་འགྱུར་བ་མ་བཏང་ན། གཞན་སུ་གང་གིས་ཀྱང་འགྱུར་བ་གཏོང་གི་མ་རེད། དེ་ཡིན་དུས་ང་རང་གིས་འགྱུར་བ་བཏང་སྟེ་མི་དམངས་ཀྱི་ལག་ཏུ་བཞག་པ་ཡིན་ན། མི་ཐོག་རྗེས་མ་དག་ལ་མུ་མཐུད་སྡོད་དང་མི་སྡོད། མི་དམངས་ལ་དགོས་དང་མི་དགོས་མི་དམངས་ཚོས་ཐག་གིས་གཅོད་གི་རེད། སྤྱིར་མ་འོངས་པར་བོད་ཀྱི་བླ་མ་ཚོའི་སྲོལ་རྒྱུན་གྱི་སྒྲིག་འཛུགས་འགྲོ་སྟངས་ལ་འགྱུར་བ་ཞིག་གཏོང་རྒྱུ་གལ་ཆེན་པོ་ཞེ་དྲག་རེད།  སྔར་བོད་གཞུང་གི་སྐབས་སུ་རྒྱལ་ཁབ་ལ་ཁྲིམས་ཤིག་ཡོད་སྟབས། ཁྲིམས་དེའི་འོག་འགྲོ་བསྡད་ཡོད། ད་ཆར་དེ་མེད་པ་ཆགས་ཏེ་བླ་བྲང་སོ་སོས་འདོད་པ་གང་ཡོད་བྱེད་ཀྱིན་ཡོད་སྟབས། སྒྲིག་གཞི་ཞིག་གི་ཐོག་ནས་བླ་བྲང་དེ་མི་དམངས་ལ་ཕན་པ་ཞིག་མ་བཟོས་ན། རྒྱ་ནག་གུང་ཁྲན་གྱིས། ཇག་པ་སེར་པོ་དང་། རྐུན་མ་དམར་པོ། ཞེས་མིང་བཏགས་ཡོད་པ་བཞིན་ཆགས་ཡོང་གིན་ཡོད་སྟབས་གནོད་ཚབས་ཆེན་པོ་རེད།

དྲི་བ། འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་འདི་ཉིད་གྲྭ་ཚང་ཞིག་གི་མིང་ཐོག་ཏུ་ཡོད་ནའང་། ལག་ལེན་ངོ་མའི་ཐོག་ནས་ནང་བསྟན་མཚན་ཉིད་རིག་པ་དང་ཐུན་མོང་རིག་གནས་ཟུང་དུ་འབྲེལ་བའི་གཙུག་ལག་སློབ་གཉེར་ཁང་ཞིག་གི་ངོ་བོར་གྲུབ་ཡོད། འོན་ཀྱང་། འཆར་གཞིའི་སློབ་ཚན་ལྟར་ན་དབྱིན་ཡིག་དང་གློག་ཀླད་སོགས་དེང་རབས་ཀྱི་རིག་ཚན་དེ་ཙམ་མེད་པ་མ་ཟད། གྲྭ་ཚང་གི་ཚགས་པར་དང་དུས་དེབ་སོགས་སུའང་དེང་རབས་ཀྱི་རྩོམ་རིག་སྐོར་ནས་དེ་ཙམ་འཐོན་ཐུབ་ཀྱིན་མེད་དོན་གང་ཡིན་ནམ། 
ལན། སྤྱིར་རྒྱ་གར་ནང་གི་དགོན་པ་ཕལ་ཆེ་བ་ཤེས་ཡོན་སློབ་གཉེར་གནང་སའི་བསྟི་གནས་ཆགས་ཡོད་ལ། ལྷག་པར་དུ་ང་ཚོ་ཀིརྟི་བྱེས་པ་གྲྭ་ཚང་འདི་གཙུག་ལག་སློབ་གཉེར་ཁང་ཞིག་གི་ངོ་བོ་ཤུགས་ཆེ་བ་ཆགས་དོན། ང་རང་སྒེར་ལ་འབྲེལ་བ་ཡོད་པ་རེད་དྲན་ཡོད། གང་ཡིན་ཟེར་ན། ང་རང་རྒྱ་གར་དུ་སླེབས་སྐབས་ལོ་ ༡༨ རེད། དེ་ནས་དགེ་རྒན་འོས་སྦྱོང་དང་མཐོ་རིམ་སློབ་གྲྭ་ཨཱཅརྱ་བར་སློབ་གྲྭ་ནས་སློབ་སྦྱོང་བྱས་པ་རེད། སློབ་གྲྭའི་འགྲོ་ལུགས་གནས་སྟངས་ཆ་ཚང་བ་ཞིག་ངས་ཤེས་ཀྱིན་ཡོད་སྟབས། སློབ་ཚན་གྱི་སྐོར་ནས། ངས་གོང་དུ་ཞུས་པ་བཞིན། བོད་པའི་ཆོས་དང་རིག་གནས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་ང་ཚོའི་དམིགས་ཡུལ་གཙོ་བོ་དང་། འདི་ག་སློབ་གཉེར་ཁང་ནས་ཐོན་པ་ཚང་མ་སོ་སོའི་ས་གནས་སུ་ལོག་སྟེ་དགེ་རྒན་གནང་རྒྱུ། བོད་ནང་གི་དགོན་སྡེ་ཁག་གི་ལོ་ཆུང་ཚོ་རིག་གནས་ཡོད་པ་དང་ཤེས་ཡོན་ལྡན་པ། མ་མཐའ་ཡང་གཞི་རིམ་འཛིན་གྲྭ་བརྒྱད་པའི་ཤེས་ཡོན་ཡོད་པར་བྱ་རྒྱུ་དེ་ང་ཚོའི་དམིགས་ཡུལ་གཉིས་པ་རེད། མི་སྒེར་སོ་སོ་ཤེས་ཡོན་ཅན་བཟོ་རྒྱུ་དེ་ང་ཚོའི་དམིགས་ཡུལ་མ་རེད། འོན་ཀྱང་། མཚམས་རེར་དམིགས་ཡུལ་འདིའི་ཐོག་ལ་ཏག་ཏག་འགྲོ་ཐུབ་མ་ཐུབ་དང་། སོ་སོའི་འདོད་པ་ནང་བཞིན་ཡོང་ཐུབ་དང་མ་ཐུབ་ཀྱི་གནས་ཚུལ་ཕྲན་བུ་ཡོང་གིན་འདུག 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 12

  1. བསྟན་འཛིན་ཡོན་ཏན། says:
    ལོ་ 17 སྔོན།

    ཨ་ལ་ལ་འདི་གཟི་བརྗིད་ཆེན་པོ་རེད་ཐུགས་རྗེ་ཆེ། མ་གཞི་ནས་རིན་པོ་ཆེའི་ཕྱག་ལས་གནང་སྟངས་ཧ་ཅང་རྒྱ་ཆེན་པོ་དང་གཏིང་ཟབ་པོ་རེད། སློབ་སྦྱོང་དང་སྒྲིག་སྲོལ་ཡང་ཁོང་གི་དགོན་པ་དེ་ཡག་པོ་ཡོད་པ་བཤད་ཀྱི་འདུག བོད་ནང་དུ་དགོན་སྡེ་ཁག་དང་། གཞི་རིམ་དང་འབྲིང་རིམ། མཐོ་རིམ་སློབ་གྲྭ་གང་མང་ཞིག་གི་ནང་དེ་ག་ནས་སློབ་མཐར་ཕྱིན་པ་ཚོས་དགེ་རྒན་གྱི་ཕྱག་ལས་གནང་ནས་ཕན་ཐོགས་ཆེན་པོ་ཐོན་བཞིན་པ་རེད། ངོ་སོ་བསྟོད། ང་ཚོའི་ཚོགས་སྡེ་གཞན་པ་ཚོས་ཀྱང་ལྔ་བཅུའི་དུས་དྲན་ལ་འདི་འདྲའི་གྲུབ་འབྲས་རེ་ཁུར་ཡོང་རྒྱུའི་སྨོན་ལམ་འདེབས་ཡ།

    Reply
  2. ཁ་བའི་འདབ་མ says:
    ལོ་ 17 སྔོན།

    ལྷག་བསམ་དག་པའི་སྒོ་ནས་དེབ་མང་པོ་འདི་འདྲ་དཔར་སྐྲུན་གནང་བར་དགའ་བསུ་ཞུའོ།

    Reply
  3. རྐང་རྗེན་པ། says:
    ལོ་ 17 སྔོན།

    ཀིརྟི་གྲྭ་ཚང་གི་དེབ་ལ་དགའ་བསུ་ཐོབ་དགོས་ན་དགའ་བསུ་ཞུ་མཁན་དེ་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་མཁན་དང་། སྲོལ་རྒྱུན་རྩོམ་རིག་ལ་དགའ་མཁན་ཞིག་ཡིན་དགོས་འདུག་ལ། དེ་ཡིན་དགོས་ན་དེ་དག་སྦྱངས་མྱོང་མཁན་དང་དེ་དག་ཤེས་མཁན་ཞིག་ཡིན་ལོས་དགོས། འདི་ནི་དགའ་ཕྱོགས་གང་ལའང་གཅིག་མཚུངས་ཀྱི་ཆོས་ཉིད་ཅིག་རེད། དེ་ལས་ལྡོག་པ་རྣམས་ཀྱིས་དགའ་བསུ་བྱེད་མི་སྲིད་ལ་བྱེད་པའི་ནུས་པའང་མེད།
    ལུང་རིགས་ལགས། འདི་ལྟར་བསམས་ན་གནམ་ལྕགས་ལགས་ལ་ཁག་མེད་ཚོད་རེད།

    Reply
  4. རྐང་རྗེན་པ། says:
    ལོ་ 17 སྔོན།

    དེབ་བརྒྱ་ཐམ་པ་འདོན་སྤེལ་བྱས་པ་ལས་སླ་པོ་ཞིག་ག་ལ་ཡིན། ལྷག་པར་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ནད་པ་ཟུངས་ཟད་ལྟ་བུར་གྱུར་པའི་གཉན་འཕྲང་གི་སྐབས་འདིར་ཕན་ཐོགས་མི་དམན་པ་ཞིག་བྱུང་ཡོད་ངེས་རེད།
    ཀིརྟི་རིན་པོ་ཆེའི་བཀའ་ལན་འདི་དག་ནང་བོད་པའི་བླ་མ་དང་གྲྭ་པའི་ལས་འགན། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་སྟངས། རྩོམ་འབྲི་མཁན་དང་དེབ་དཔར་མཁན་ཚོའི་དམིགས་ཡུལ་འཛིན་ཕྱོགས། བླ་མ་དང་བླ་བྲང་གི་འགྲོ་སྟངས་ལ་འགྱུར་བ་གཏོང་ཕྱོགས། བཙན་བྱོལ་བོད་མིའི་གྲུབ་འབྲས་དང་འཐུས་ཤོར། བོད་ཀྱི་སྐད་ཡིག་གི་ཁོར་ཡུག་དང་རང་དབང་གི་གནད་དོན། དགོན་སྡེ་ཁག་གི་གྲྭ་ཆུང་རྣམས་ཤེས་ཡོན་ཅན་དུ་བསྒྱུར་རྒྱུ་སོགས་ཕྱོགས་མང་པོ་ཞིག་ལ་གོ་རྒྱུ་ཟབ་པ་མང་པོ་གསུངས་འདུག་ལ། ཕྱག་ལས་ཀྱང་འཕྲལ་ཕུགས་རྒྱང་གསུམ་དང་སྤྱི་སྒེར་གཞུང་གསུམ་ལ་ཕན་པ་མང་པོ་གནང་འདུག་པས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུ། ད་ལྟའི་བོད་ཀྱི་བླ་མ་ཚང་མས་འདི་འདྲ་གནང་ཐུབ་ན་ཅི་མ་རུང།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    གནམ་ལྕགས་ལགས། ད་ཐེངས་ཁྱོད་རང་སྒེར་ངོས་ནས་ནོར་མུ་འདུག་རུང་། སྤྱི་ཚོགས་ཤིག་གི་ངོས་ནས་བལྟས་ན་ཏོག་ཙམ་འཁྱོག་འདུག་བསམ་བྱུང་། དགོངས་དག བོད་ཀྱི་བླ་སྤྲུལ་འདི་དག་གིས་དེང་སང་ལམ་ཀ་ཞིག་འཚོལ་གིན་འདུག ཁོང་ཚོར་རྒྱུ་འབྱོར་བ་ཡོད་པ་ཁྱོད་ཀྱིས་ཤེས་གི་རེད། དེ་རིང་ང་སོང་ནས་བཀའ་འགྱུར་རིན་པོ་ཆེར་མཇལ་བ་ཡིན། དད་པ་ཞིག་གིས་ཁྲིད་ནས་སོང་བ་མིན། ལས་འཆར་དེ་དག་གི་ཆེད་དུ་སོང་བ་ཡིན།
    རྗེས་མ་ཞིག་ལ་སླར་ཡང་བོད་ཀྱི་ལས་དོན་མཐའ་དག་ང་ཚོའི་སྤྲུལ་སྐུ་འདི་དག་གིས་སྒྲུབ་ས་རེད། འདི་བོད་མི་རིགས་ཀྱིས་མ་བསམ་ས་ནས་བྱུང་བའི་དོན་དག་ཅིག་ཆགས་སྲིད་པ་རེད། མ་གཞི་ནས་ང་ཚོའི་བླ་བྲང་དེ་ཚོ་སྒོར་མོ་ཡག་པོ་ཡོད་པ་རེད།

    ཡིན་ཡང་། སྤྲུལ་སྐུ་ལེ་ལོ་ཅན་དེ་དག་ཁ་ཁ་རེད།

    Reply
  6. གསེར་རྟ་ཆོས་དབྱིངས། says:
    ལོ་ 17 སྔོན།

    ཀིརྟི་ཚང་གི་བླ་བྲང་མེད་པ་བཟོས་པ་དེ་ཤཱཀྱ་ཐུབ་པའི་རྗེས་འཇུག་རབ་བྱུང་
    ཞིག་གི་རྟགས་རེད།

    Reply
  7. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    རིན་པོ་ཆེས་ཕྱག་རྗེས་མི་ཆུང་གི་རིན་པོ་ཆེ་ཚང་མས་འདི་འདྲ་བ་རེ་ལ་འབད་གནང་རོགས།
    ཨུ་ཚུགས་ཅན་འདི་བོད་ལ་དགའ་རིགས་ཞེན་མེད་ཟེར་མཁན་གི་གྲས་ཡིན་ས་རེད་ཧ་ཧ་ཧ། ངོ་མ་ཨུ་ཚུགས་རང་རེད།

    Reply
  8. བསེ་རུ། says:
    ལོ་ 17 སྔོན།

    སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་དགོངས་གཞི་དགོངས་པ་གང་ཡོད་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཞུ།

    Reply
  9. ཨུ་ཚུགས་ཅན། says:
    ལོ་ 17 སྔོན།

    བློ་བཟང་ལ་སྐྱབས་སུ་མཆིའོ། ཕྱོགས་ཞེན་ལ་ཕྱག་འཚལ་ལོ།

    Reply
  10. གནམ་ལྕགས། says:
    ལོ་ 17 སྔོན།

    དཔེ་དེབ་བརྒྱ་དེའི་ཁྲོད་ཀྱི་རྣམ་ཐར་གསེར་ཕྲེང་དག་དགོས་མཁོ་ཞིག་གིས་མཐར་ཆགས་སུ་བཀླགས་པ་ཡིན། དེ་མ་ཡིན་པའི་རྒྱབ་ཤོག་དམར་ཐག་ཆོད་དང་ཡང་ན་སེར་ཐག་ཆོད། དེ་མིན་སྔོ་ཐག་ཆོད་ཀྱི་དཔེ་དེབ་དེ་ཚོའི་ནང་ན་འདི་ཡིན་བསམ་པ་ཞིག་ཡོད་པ་ནི་དགེ་ཆོས་ཀྱི་ལོ་རྒྱུས་ཞབས་བཏགས་མ་གཅིག་བུ་རེད། དེ་མིན་ཀིརྐི་གྲྭ་ཚང་གི་དེབ་ཟེར་ནས་དགའ་བསུ་ཐོབ་པ་གཅིག་ཀྱང་གོ་མ་མྱོང༌། དེ་ནི་འགན་འཁུར་གྱི་རྣམ་པ་ཞིག་གི་སྟེང་ནས་བསྒྲིགས་པའམ། ཡང་ན་བརྩམས་པ་ཞིག་ཡིན་མིན་ཁོ་ནས་ཐག་ཆོད་པ་རེད།

    Reply
  11. གཡུ་སེང་ཨ says:
    ལོ་ 17 སྔོན།

    ངེས་དོན་གྱི་བླ་མ་རིན་པོ་ཆེ་བོད་ལ་བཀའ་དྲིན་ཆེ་བ་བརྗོད་མི་ནུས་བ་རེད།སྐུ་ཚེ་བརྟན་པར་སྨོན།

    Reply
  12. བློ་བཟང༌། says:
    ལོ་ 17 སྔོན།

    བདག་གི་རྩ་བའི་བླ་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་དང་ཀིརྟི་རིན་པོ་ཆེ་ལ་སྐྱབས་སུ་མཆི།
    བླ་མ་ཁྱེད་རྣམ་ཀྱི་བཀྲིན་གྱིས་ངེས་ཅག་ཨ་མདོ་བའི་ལ་རྒྱ་གཏན་པོར་གནས་ཐུབ་པ་མ་གཏོགས་དེང་སྐབས་སྐྲ་རིང་ཁ་ཤས་ཀྱིས་ཞབས་འདྲེན་ཞུ་གི་འདུག
    རྩ་བའི་བླ་མ་སྙིང་ནས་བཀྲིན་ཆེའོ༎

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese