མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྱེ། ཤེས་ཡོན་པའི་ཉེས་དམིགས་གང༌།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཀྱེ། ཤེས་ཡོན་པའི་ཉེས་དམིགས་གང༌།  

རྩོམ་པ་པོ་ལན་དྲུག་དུད་སྒྲེང༌།  ༼བོད་འབྱོར།༽

འུ་ཅག་གི་ཁོར་ཡུག་འདི་ནས་ན་མཉམ་གྲོགས་པོ་དག་དང་གླེང་མོལ་བྱེད་དུས།  ཁོང་ཚོས༼རང་ཉིད་ཀྱང་འདུ༽གཞན་གྱི་དཀའ་སྡུག་དང་རྒྱབ་ལྗོངས་ཀྱི་གནོན་ཤུགས་ལ་ཁྱད་གསོད་བྱས་རྗེས་རྒྱུན་པར་སྡིག་དམོད་གཏོང་བར་མཁས། རྒྱུན་པར་མི་རིགས་ཀྱི་གནད་དོན་དེ་གཞན་གྱི་མགོ་ལ་གཡོག་རྗེས། རང་ཉིད་ཀྱིས་ལྐོག་ནས་ཟུར་མིག་བགྲད་མཁན་དེ་དག་ནི་མ་གཞི་ནས་རང་ཉིད་ལ་ནོར་འཁྲུལ་དང་ཉེས་པ་ཅི་ཡང་མེད་པར་འདོད་མཁན་དང་བོ་རེད། ང་ཚོའི་སྤྱི་ཚོགས་འདི་ན་རྒན་ཁོག་དག་གཙོ་བྱས་ཏེ་རྩོམ་རིག་པ་དང་ཞིབ་འཇུག་པ། ལྷག་པར་ཏུ་ཤེས་ཡོན་པའི་སྡེ་དང་སློབ་ཆེན་པ་གང་མང་ཞིག་གིས་སྤྱི་ཚོགས་སྟེང་ལས་སྣེ་གལ་ཆེན་རེ་འཛིན་པའི་མི་བོད་རིགས་དག་ལ་སྡིག་དམོད་ཆེས་ཆེར་བྱེད། འདི་དག་གིས་དེ་དག་ལ་གོང་ནས་གོང་རིམ་གྱི་གནོན་ཤུགས་དང་འོག་ནས་མང་ཚོགས་ཀྱི་གཅིལ་ཤུགས་ཡོད་ལ། བར་དུ་དེ་དག་ལ་རང་ཉིད་ཀྱི་འཚོ་བ་ཡོད་པའི་གནས་ཚུལ་གཏན་ནས་མི་མཁྱེན་པར། གན་དང་འདི་ཞེས་བམ་བཤད་རེ་འཐེན་ནས་ཅི་ཡང་མི་ནུས་ཟེར།  ལྷག་པར་ཏུ་འུ་ཅག་གི་ཤེས་ལྡན་པ་དག་གིས་སྤྱི་ཚོགས་སྟེང་གི་སློབ་གསོའི་གར་སྟེགས་ཀྱི་གོ་གནས་སོགས་ལ་ཉེས་འགེལ་བྱས་རྗེས་གཡོལ་ཐབས་བྱེད་ལ།  ལྐོག་དང་ཕག་ལ་གཡོལ་ནས་དེ་དག་ལ་སྡིག་དམོད་ཆེས་ཆེར་དང་རང་ཉིད་ཀྱིས་ཉེས་གཡོལ་བྱས་ཏེ་ཅ་ཅོའི་གཏམ་སྣ་ཚོགས་སྨྲ།  ངས་བལྟས་ན་འདི་ནི་ནོར་འཁྲུལ་ཚབས་ཆེན་ཞིག་རེད། 
དེང་གི་དུས་སྐབས་འདི་ལ་མཚོན་ན། དབང་དང་གོ་ས་ནི་ཡོད་དགོས་པ་ཞིག་རེད་ལ་དམིགས་ཡུལ་ངེས་ཅན་ཞིག་འགྲུབ་པའི་སྔོན་འགྲོ་ཡིན་པས། ང་ཚོ་ལ་མཁོ་བ་ནི་དབང་དང་གོ་གནས་རེད། གལ་ཏེ་གོ་གནས་རེ་ཟིན་པའི་དབང་དུ་བྱས་ནའང༌། གོ་སྐབས་ཤིག་ལ་བརྩི་མི་ཤེས་པའི་དྲན་འཕྲུལ་ནི་གཞན་མ་ཡིན་ཏེ། རང་གི་ལྟོ་དོན་ལས་མི་སེམས་པ་དག་གི་བྱ་སྤྱོད་ཅིག་རེད། མི་རིགས་བྱ་བ་དང་དུས་ལ་བབས་པའི་འོས་འགན་དག་ལ་ཆེས་ཆེར་རྨོངས་པའི་མི་དག་ཚོར། ནམ་རྒྱུན་དབང་དང་གོ་ས་སྟེར་བ་ནི་འུ་ཅག་གི་དབུགས་རྒྱུན་གཅོད་ཐབས་ཐུན་མོང་མ་ཡིན་པ་ཞིག་དང་གོ་སྐབས་གཞན་ལ་བྱིན་ནས་ཟུར་འདུག་བྱེད་པའི་རང་མཚང་འཁྲུལ་མེད་ཅིག་རེད། ངེས་པར་ཏུ་འཐབ་རྩོད་བྱེད་དགོས་པ་དང་ཡི་རངས་གཏོང་ཡུལ་ནི་ཤེས་ཡོན་པས་གར་སྟེགས་དེ་འཕྲོག་ལེན་བྱས་རྗེས།  རླབས་ཆེ་བའི་བྱ་བ་གང་ཞིག་གི་འགོ་འཛུགས་ཐུབ་མིན་གྱི་སྙིང་སྟོབས་རེད། དེ་ལས་ལྡོག་སྟེ། སྐོར་ཞིག་ཕག་དང་ཟུར་ལ་གཡོལ་ནས་ཉེས་དམིགས་བགྲང་བ་ནི་རང་ཉིད་སྲུང་སྐྱོབ་དང་མི་རིགས་ཀྱི་ལས་དོན་ཐད་ལ་རྨོངས་པའི་སྡར་མ་ཞིག་གི་མཚོན་བྱེད་ཤ་སྟག་རེད། དེ་དག་གིས་གཅིག་བྱས་ན་མི་རིགས་བྱ་བའི་ལས་དོན་གླེང་བ་ལས་སྒྲུབ་པར་རྨོངས་པ་དང༌།  གཅིག་བྱས་ན་གར་གྱི་སྟེགས་བུ་དེར་བྱུང་ན་སྒྱིད་པ་ལུག་པའི་ཉེན་ཁ་སོགས་གཡོལ་བཞིན་ཡོད་པས་གཏན་ནས་བྱེད་ཐབས་དང་གོ་སྐབས་ནི་མཐུན་རྐྱེན་ཞིག་ཡིན་པར་རྨོངས་པའི་བླུན་རྨོངས་ཀྱང་ཡིན་ཚོད་རེད། 
ཁོང་ཚོས་མཁྲེགས་འཛིན་རིང་ལུགས་དང་མཁས་རློམ་དག་གི་བསྒམ་ཚུགས་བཟུང་སྟེ། ཟུར་ཞིག་ནས་སྐད་ཆ་བསྐུར་བ་ནི་བླུན་པོ་དག་འབེན་ལ་རྫོང་ཐབས་དང་གྲུ་ཟུར་ནས་ལྟད་མོར་གཡེང་ཐབས་ཤིག་རེད། ཁོང་ཚོའི་བསམ་པར་ཤེས་ཡོན་པ་ནི་རྒྱུ་དང་འབྱོར་བ་ལ་མི་ལྟ་ཞིང་དབང་དང་གོ་ས་ལ་མི་དགའ་བ་ཞིག་རེད་སྙམ་ནས་ལུགས་དེ་འདེད་འདོད་ཡོད་ཀྱང༌། དོན་དམ་བཤད་ན། ཤེས་ཡོན་པས་དབང་དང་གོ་གནས། སྟོབས་དང་འབྱོར་བ་སོགས་ཅི་ལའང་མི་བལྟ་བ་དེ་མཐར་དེད་ན་སྒེར་དོན་མི་སྒྲུབ་པའི་དོན་ཡིན་པ་ལས་གཞན་མིན། འདིའི་ཐད་ནས་དོན་དམ་གྱི་ཤེས་ཡོན་པ་རེ་གཉིས་ཀྱི་གཏམ་རྒྱུད་ཀྱིས་དཔང་རྟགས་བཅོལ་ཐུབ། མཐར་དེད་ན། ཤེས་ཡོན་པ་ནི་བཤད་ཕོད་པ་དང་སྒྲུབ་ཕོད་པའི་དམ་པ་ཞིག་ཡིན་པ་མ་ཟད། གོ་སྐབས་གོ་སྐབས་སུ་ཤེས་པར་ནུས་ལ་འོས་འགན་གཙང་ལེན་གྱི་འགན་འཁུར་ཕོད་པའི་བླ་མེད་ཀྱི་རིང་ལུགས་ལྡན་པའི་དཔའ་བོ་ཞིག་ཀྱང་ཡིན། ཤེས་ཡོན་པ་དང་བསམ་བློ་བ་དབྱེར་མེད་པས། ཁོང་ཚོས་རླབས་ཆེ་བའི་བྱ་བ་ནི་ཅི་ཞིག་ཡིན་ཡང་སྒྲུབ་ཕོད་པ་མ་ཟད།  སྒྲུབ་དགོས་པ་དེར་ཅིས་ཀྱང་གདོང་གཏད་ལ། ཐབས་ཤེས་དང་དུས་བསྟུན་གྱིས་ཕ་རོལ་བོའི་བསམ་གཞིགས་འདི་ལྟར་གཏོང་ན་བདག་གིས་འདི་ལྟར་བྱས་ཏེ་གདོང་གཏད་པའི་སྙིང་སྟོབས་དང་ཐབས་ཤེས་ཀྱིས་ཀུན་ནས་ཕྱུག་པ་ཞིག་ཡིན། དེའི་ཆེད་དུ་རང་སྲོག་ཀྱང་ཕངས་པ་མེད་པར་འདོར་ཐུབ་པ་ནི་ཤེས་ཡོན་པའི་ཁྱད་ཆོས་ཤིག་ལས། འུ་ཅག་གི་ཤེས་ཡོན་པ་སྐོར་ཞིག་གཞན་གྱི་གོ་གནས་དེ་ལ་ཡིད་མི་དགའ་བའི་རྣམ་འགྱུར་དང་ཕོག་ཐུག་འཛིན་པ་ལས་ཞི་མཐུན་གྱི་ངང་ནས་གོ་སྐབས་བསྒྲིགས་རྗེས་རླབས་ཆེ་བའི་ལས་དོན་ལ་བརྩོན་པར་མི་ཕོད་པའི་སྡར་མ་དེ་རེད། འུ་ཅག་གི་ཤེས་ཡོན་པས་གཞན་ལ་སྐྱོན་འཛུགས་ཕོད་པ་ལས་གནད་འགག་གི་སྐབས་སུ་གདོང་གཏད་མི་ཕོད་ལ། འུ་ཅག་གི་ཤེས་ཡོན་པ་ནི་དཔོན་པོའི་གོ་ས་ལ་སྡང་མཁན་ཞིག་ལས་དེ་ལ་འཛེགས་ནས་རང་གི་ཞེན་དོན་དེ་སྒྲུབ་པར་མི་ཕོད་པའི་སྡར་མ་ཞིག་ཡིན། འུ་ཅག་གི་ཤེས་ཡོན་པས་དེ་ནི་རང་གི་ཉེས་པ་དང་ནུས་མེད་ཀྱི་མཚོན་བྱེད་ལ་མི་བརྩི་བར། དེ་ལས་ལྡོག་སྟེ་རང་གི་བཟང་ཐང་ཞིག་བསྒྲགས་བཞིན་ཡོད།  ཚ་ཚ་འུར་འུར་གྱི་དུས་རབས་འདི་ལ་མཚོན་ན།  ཤེས་ཡོན་པའི་འགན་འཁྲི་ནི་བདེན་ལུགས་ཡིན་པས།  བདེན་ལུགས་ཡོད་ཀྱང་དེ་ལ་གཟུར་བ་ནི་ཤེས་ཡོན་པའི་མཚང་དང་ཤེས་ཡོན་པ་མ་ཡིན་པས་སྔ་རྟགས་འཁྲུལ་མེད་ཅིག་རེད། མཐར་དེད་ན་འུ་ཅག་གི་ཤེས་ཡོན་པ་ནི་ཆབ་སྲིད་ལ་སྐྲག་པ་དང་ཆབ་སྲིད་ལ་རྨོངས་པ་རེད། ཁོང་ཚོ་ཆབ་སྲིད་ལ་རྨོངས་པའི་སྟབས་ཀྱིས་ཁོང་ཚོས་ཆབ་སྲིད་ཀྱི་ལས་ཀ་ལ་དགའ་བོ་མི་བྱེད་པར་མ་ཟད། དབང་བསྒྱུར་བའི་གཤམ་ནས་གཉའ་ལྷེམ་ལྷེམ་གྱིས་ངོ་རིག་བྱེད་ལ་ཕག་ལ་གཡོལ་ནས་བླ་བཙགས་རྒྱུ་དེ་རེད། ངས་བལྟས་ན་འདི་ནི་ཤེས་ཡོན་པ་རྣལ་མ་ཞིག་གི་བྱ་སྤྱོད་དང་གཏན་ནས་མི་མཐུན།  ཤེས་ཡོན་པ་ནི་གནས་ལུགས་འཚོལ་མཁན་དང་དྲང་བདེན་བརྩི་མཁན་ཞིག་ཡིན་པ་མ་ཟད།  གནས་ལུགས་དང་དྲང་བདེན་གྱི་ཆེད་དུ་གདོང་གཏད་ཕོད་པ་དེ་དང་བོ་ཡིན།  གང་ན་གནས་ལུགས་ཡོད་ན་དེར་སྙིང་སྟོབས་ཀྱིས་འཇུག་པ་ནི་ཤེས་ཡོན་པའི་ཁྱད་ཆོས་ཤིག་ཡིན་ལ།  གང་ནས་ཀྱང་བློ་རིག་གྲུང་མོས་གོ་སྐབས་བརྩོན་ལེན་གྱིས་བསྒྲིགས་པ་ནི་ཤེས་ཡོན་པའི་ཁྱད་ཆོས་ཤིག་ཡིན།  ཤེས་ཡོན་པས་བཤད་ཚད་མཐའ་དག་འགན་འཁུར་བྱེད་པ་མ་ཟད་ལག་ལེན་སྟེང་ནས་དངོས་སུ་གདོང་གཏད་པ་ཞིག་ཡིན།  
ཤེས་ཡོན་པས་བཤད་ཚད་མཐའ་དག་ལ་འགན་འཁུར་བྱེད་པར།  སྐབས་འགར་ཨུ་ཚུགས་ཀྱིས་སྔོན་ལ་མཆོངས་བསྐྱོད་མི་བྱེད་མཐུ་མེད་ཅིག་ཡིན།  འོན་ཀྱང་བྱ་བ་མཐའ་དག་ལ་གནས་ཚུལ་གཅིག་ལྟར་ཐག་གཅོད་བྱེད་ཐབས་ལས་མེད་པ་ཞིག་གཏན་ནས་མིན།   མི་མང་བོ་དེ་ལ་རྨོངས་སྟབས།  ཤེས་ཡོན་པ་ཡིན་མིན་གྱི་ཁྱད་པར་བྱུང་བ་རེད།   འདིའི་ཐད་ནས་ང་ཚོས་པཎ་ཆེན་ལ་སློབ་སྦྱོང་བྱེད་དགོས་པ་རེད།   པཎ་ཆེན་ནི་མི་རིགས་ཀྱི་ཆེད་དུ་བཤད་ཕོད་པའི་གྲས་ཀྱི་དང་བོ་ཡིན་པ་མ་ཟད།   སྒྲུབ་ཕོད་པའི་བླ་མེད་ཀྱི་སྙིང་སྟོབས་ཅན་དེའང་ཡིན་ངེས་རེད།  ཁོས་མི་རིགས་ལ་ཕན་པའི་བྱ་བ་ཞིག་ཅི་ལྟར་སྒྲུབ་དགོས་པ་དེ་རྒྱུན་པར་བསམ་གཞིགས་གཏོང་ས་ཉག་གཅིག་རེད་ལ།  གོ་གནས་ནི་གོ་སྐབས་ཤིག་ལ་བརྩིས་རྗེས། སྟེགས་བུ་དེ་ནས་གོ་སྐབས་དམ་པོར་སྤྱད་དེ་བྱ་བ་སྒྲུབ་སྟངས་ནི་བླ་མེད་ཀྱི་ཐབས་ཤེས་ནུས་ཅན་ཞིག་རེད། ཁོས་ལུས་ཀྱི་སྟེང་ན་གོ་སྐབས་གཉིས་ཡོད་པ་རེད།  དེ་ནི་བླ་མ་དང་སྤྱི་ཚོགས་ཀྱི་གོ་གནས་རེད།  ཁོས་གོ་སྐབས་དེ་གཉིས་དམ་པོར་འཛིན་པ་ལས་གང་ལའང་མཐོང་ཆུང་བྱེད་པ་མ་རེད། 


ང་ཚོས་སྤྱི་ཚོགས་དང་ཤེས་ཡོན་པའི་སྡེ་འདི་ནི་མིག་ཡ་མེད་པའི་གཡག་ཞར་ཞིག་དང་མཚུངས་པར།   ཁོ་ལྟ་བུའི་མི་རིགས་རིང་ལུགས་པའི་བྱས་རྗེས་ལ་བསྟོད་བསྔགས་དང་རྒྱང་འབོད་མེད་ལ།  ཡི་རངས་དང་ཞིབ་འཇུག་མེད།  ཁོ་ལྟ་བུ་ནི་ཤེས་ཡོན་པའི་སྡེ་ལ་མི་བརྩི་་ཞིང་དཔྱད་རིན་མེད་པའི་ངོས་འཛིན་བྱེད།   ཁོང་ཚོས་རང་ཉིད་ཀྱི་མདུན་ན་ལྷག་པའི་དཔེ་དེབ་རེ་གཉིས་ལས་རྩོམ་མཁན་རེ་འགའི་བསམ་བློ་བཙལ་ཏེ་ཡིན་སྙམ་གྱི་དཔྱད་གླེང་གཏོང་བ་ནི།    དཔེ་དེབ་དང་ལུང་འཛིན་རིང་ལུགས་པས་དཔེ་ཆ་ལས་གཞན་མི་མཐོང་བའི་གནས་ཚུལ་ཤ་སྟག་ཅིག་ལས་གཞན་གང་ལའང་རྨོངས་པའི་བརྟུལ་ཞུགས་ཁོ་ན་ཡིན།   ཁོང་ཚོའི་བསམ་པར་ང་ཚོའི་སྤྱི་ཚོགས་དང་མི་རིགས་ཀྱི་བྱ་བ་ནི་རྩོམ་རིག་པ་དང་ཞིབ་འཇུག་པ་ཁོ་ནར་རག་ལས་སྙམ་སྟེ་རྒྱང་འབོད་གཏོང་བ་ནི་དུས་བསྟུན་གྱི་བསམ་བློ་མ་སྨིན་པའི་སྔ་རྟགས་རེད།  དོན་དམ་བཤད་ན། འུ་ཅག་གི་ཤེས་ཡོན་པ་ཡིན་ཚུལ་རློམ་མཁན་དག་གིས། རྩོམ་རིག་དང་ལོ་རྒྱུས་དེབ་ཐེར་གྱི་ངོས་ན་བཀོད་པའི་མི་ཕོ་དག་ལ་བསྟོད་བསྔགས་བྱེད་པ་ལས།   ཆབ་སྲིད་ཀྱི་སྟེགས་བུར་འཛེགས་ནས་མི་རིགས་ཀྱི་བྱ་བ་སྒྲུབ་ཐུབ་པ་གཏན་ནས་མེད།  དེ་ནི་པཎ་ཆེན་ཁོ་རང་གཅིག་པུ་རེད།   མི་རིགས་ཀྱི་བྱ་བ་ནི་ཆབ་སྲིད་དང་གཏན་ནས་འབྲལ་ཐབས་མེད།   དེ་ལ་དམིགས་ཏེ་ཆབ་སྲིད་ལ་གཡོལ་བ་ནི་རང་ཅག་རྒུད་པའི་རྩ་བ་ཡིན། སྤྱི་ཚོགས་གསར་བརྗེ་བ་ཞིག་ལ་མཚོན་ན་ཆབ་སྲིད་ཀྱི་གོ་གནས་ནི་རང་གི་བསམ་བློ་དབང་ཚུགས་པའི་ཆ་རྐྱེན་ཞིག་རེད།  སྤྱི་ཚོགས་ཤིག་གི་ཁ་ཕྱོགས་དེ་དབང་བསྒྱུར་བ་དང་འབྲེལ་བ་དམ་པོ་ཡོད་པས།  དབང་ནི་རང་གི་བསམ་བློ་དེ་ཚུགས་པའི་སྔོན་འགྲོ་རེད།   འུ་ཅག་གིས་ལྔ་བཞིའི་ལས་འགུལ་གྱིས་མཚོན་པའི་སྤྱི་ཚོགས་གསར་བརྗེ་ལ་ཕྱིར་དྲན་བྱས་ནའང༌།   ཤེས་ཡོན་པས་རང་གི་བསམ་བློས་དབང་བསྒྱུར་བྱེད་པ་ལ་གོ་གནས་འཕྲོག་ལེན་དགོས་པ་ཚུར་སྣང་བྱས་ཡོད།   འུ་ཅག་གི་ཤེས་ཡོན་པས་མི་རིགས་ཀྱི་བདེན་དོན་ལ་རྨོངས་པ་དང་ཡང་ན་གནད་དོན་ལ་མཐོང་ཆུང་བྱེད་པའི་ཆབ་སྲིད་པ་དེ་དག་སྤྱུགས་དགོས་པ་མི་ཤེས་པར།  ལྐོག་དང་ཟུར་ལ་བུད་རྗེས་འཇམ་པའི་ངང་བླ་བཙགས་པ་རེད།   འུ་ཅག་གི་ཤེས་ཡོན་པའི་ཐོག་མར་རང་ཉིད་ཀྱི་བདེ་ཐང་དང་འཚོ་བ་ཐག་གཅོད་བྱས་རྗེས་སྐད་ཆ་རླུང་ལ་བསྐུར།   གནས་ཚུལ་དེ་འདྲ་ཞིག་གི་མངའ་འོག་ནས་ཆབ་སྲིད་པ་ལ་གཏན་ནས་ཡི་རངས་དང་ཞིབ་འཇུག་མི་བྱེད་པ་འདི་ནི།   འུ་ཅག་རྒུད་པའི་མཐར་ཐུག་དང་གནས་ཚུལ་ཆེ་ཞིག་ནས་སྲིད་འབྱོར་རིག་གསུམ་གྱི་འབྲེལ་བ་གལ་ཆེན་དེ་མཁྱེན་བཞིན་མེད་པའི་མཚོན་བྱེད་འཁྲུལ་མེད་རེད།   ཆབ་སྲིད་ལས་ཀའི་སྟེང་ནས་བལྟས་ན།   འུ་ཅག་གི་ཤེས་ཡོན་པ་ནི་ཆབ་སྲིད་ལ་རྨོངས་ཤིང་སྐྲག་པའི་སྡར་མ་ཤ་སྟག་ལས།  ཆབ་སྲིད་དཔལ་འབྱོར་ལ་ཞིབ་འཇུག་དང་དེའི་ཕྱོགས་ནས་ཞིབ་འཇུག་གི་ཚད་ཐིག་ངེས་ཅན་སྨིན་པའི་དམ་པ་མིན་ལ་འཐབ་མཁན་ཡང་དེ་བས་མིན།  འུ་ཅག་གི་ཤེས་ཡོན་པའི་སྡེ་ན་གླེང་བའི་གླེང་གཞི་བསྐོར་ཞིག་ལ་རླབས་ཆེ་བའི་བསམ་བློའི་བདེན་སྟོབས་མངའ་ཡང༌།  དེ་ཅུང་ཟད་ཡིན་ཡང་ལག་ལེན་སྟེང་ནས་སྒྲུབ་སྙམ་པའི་འདོད་ཚུལ་ཀུན་ནས་དབེན་པ་ནི་རང་རློམ་ཐལ་དྲག་པ་དང་ཕྱི་ཚུལ་སྨྲ་བའི་རྫུན་སྤྱོད་ཁོ་ན་ཡིན།  འུ་ཅག་གི་བསམ་བློའི་གཡོན་ལྷུང་གི་མཁྲེགས་འཛིན་འདིའི་དབང་གིས།   འུ་ཅག་གི་སྲིད་འབྱོར་རིག་གསུམ་གྱིས་དམིགས་ཡུལ་གཅིག་ལ་ནུས་ཤུགས་དང་གོམ་པ་གཏན་ནས་བསྒྱུར་མི་ཐུབ་ལ། འུ་ཅག་གི་གནས་བབས་ནི་སྲིད་འབྱོར་རིག་གསུམ་གཏན་ནས་དོ་མཉམ་པ་དེ་ཡིན།   འུ་ཅག་གི་ཆབ་སྲིད་ནི་གཞན་གྱིས་བསྒྱུར་ཞིང་དཔལ་འབྱོར་ལ་ཚོད་འཛིན་ཐེབས་པའི་འོག་ཡོད་ནའང་།    འུ་ཅག་གིས་དེ་ལ་ཁ་ཡ་མི་བྱེད་པར་བསམ་བློའི་འཆར་ཡན་གཏོང་བ་རེད།   འུ་ཅག་གི་ལས་དོན་ནི་ཆབ་སྲིད་དང་ཁ་འབྲལ་ཐབས་གཏན་ནས་མེད་པས།   ད་ནི་འུ་ཅག་གིས་ཀྱང་ཆབ་སྲིད་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་བའི་དུས་ཚོད་ལ་ཐོན་འདུག་པ་མ་ཟད་ཧ་ཅང་འཕྱི་དྲག  འདི་ནི་འུ་ཅག་གི་ཤེས་ཡོན་པའི་སྡེ་ལ་མཚོན་ན།   འཇིགས་སྐྲག་གི་སྐྲང་འབུར་ཞིག་ཡིན་པས་ང་ཚོས་ངེས་པར་ཏུ་གཏར་དགོས།   ཆབ་སྲིད་ནི་ཞི་དྲག་གཉིས་ཀྱི་སྒོ་ནས་སྤྱོད་ལམ་ཡོད་པ་ཞིག་ཡིན་ལ། དེང་སྐབས་ཀྱི་གནས་ཚུལ་ནི་ཞི་མཐུན་གྱི་སྒོ་ནས་གོ་སྐབས་བསྒྲིགས་དགོས་པ་ཞིག་ཡིན་མོད།  ཤེས་ཡོན་པས་མི་ཤེས་པའི་མདོག་གིས་འུར་བསྒྲགས་ཏེ་ཆབ་སྲིད་ཀྱི་གོ་སྐབས་མང་བོ་ཞིག་ལ་ནག་ཐིག་ཕབ་ཟིན་པས་ཡིན་ངེས། 


ཆབ་སྲིད་ཀྱི་སྟེང་ནས་ང་ཚོས་འདས་ཟིན་པའི་དོན་རྐྱེན་མང་པོ་ཞིག་ཡིད་ལ་འཛིན་པ་ལས་ངག་ནས་འཁྲོལ་རྒྱུ་གཏན་ནས་མེད།  ཡིན་ནའང་ལུས་ཀྱིས་རྣམ་འགྱུར་དང་བསམ་པ་ནི་ལག་ལེན་སྟེང་ལ་འབབ་དགོས་པ་དེ་རེད།  འདི་ནི་པཎ་ཆེན་གྱི་བྱ་བ་སྒྲུབ་སྟངས་ཐུན་མོང་མ་ཡིན་པ་ཞིག་ཀྱང་རེད།  གལ་ཏེ་འུ་ཅག་གིས་ཀྱང༌། བཅིངས་འགྲོལ་ཚུན་གྱི་རིག་གནས་ཐོན་སྐྱེད་ལ་ཕྱི་མིག་ཕངས་ན།   དེང་རབས་བོད་ཀྱི་ན་གཞོན་མཁས་པ་མང་ཤོས་ནི་ཁྱིམ་པ་ཡིན་ལ།   ཁྱིམ་པ་འདི་དག་གིས་རིག་གནས་བྱ་བཞག་ལ་རླབས་ཆེ་བའི་འབྲས་བུ་ངེས་ཅན་ཞིག་ཐོན་པའི་རྒྱུ་མཚན་གང་རེད་ཅེས་ན།    དེ་ནི་རིག་གནས་ཁོར་ཡུག་དང་གཏིང་འབྲེལ་ཟབ་མོ་ཞིག་ཡོད་པས།  ཕྱི་བལྟས་ཀྱིས་རིག་གནས་ཁོར་ཡུག་དེ་ནས་ཐོན་པའི་བུ་སློབ་སྟེ་སྐུ་ཞབས་དོན་འགྲུབ་རྒྱལ་ལྟ་བུར་འབྲེལ་ཞིང༌།  ཁོང་དང་འགྲོས་མཉམ་པའི་མི་བོ་དག་གི་འཐབ་རྩོད་ཀྱིས་འུ་ཅག་ལ་རིག་གནས་ཁོར་ཡུག་ཆུང་ངུ་ཞིག་གི་མཐུན་རྐྱེན་སྐྲུན་ཡོད།  འོན་ཀྱང་འུ་ཅག་གིས་ཁ་ནང་བལྟས་ཀྱིས་བརྗོད་ན།   འདི་ནི་བསམ་བློའི་ཐད་ཀྱི་ཆ་རྐྱེན་ཞིག་ཀྱང་རེད།  བསམ་བློའི་ཆ་རྐྱེན་འདི་ལ་དངོས་པོའི་ཁོར་ཡུག་གལ་ཆེན་ཞིག་གི་རྨང་གཞི་མེད་ན་མཁའ་དབུགས་དེ་རྒྱས་ཐབས་གཏན་ནས་མེད།    རྨང་གཞི་དེ་འདིང་བའི་བྱེད་པོ་ནི་པཎ་ཆེན་ཁོ་ན་རེད།  འདིས་སྟེང་ནས་བལྟས་ན་ད་བཟོད་འུ་ཅག་གི་ལོག་ལྟའི་དབང་གིས་ཆབ་སྲིད་དང་རིང་དུ་བྲལ་བའི་ཉེས་དམིགས་རྟོགས་སླ།  ཁོའི་བླ་མེད་ཀྱི་སྙིང་སྟོབས་དང་དཀྱེད་ཡངས་ཀྱི་ཤེས་རྒྱ་ལ་བརྟེན་ནས་འུ་ཅག་ལ་ཁོར་ཡུག་མང་བོ་ཞིག་སྩལ་བ་མིན་རྒྱུ་ན།  འུ་ཅག་གི་གོ་གནས་དང་དབང་མང་བོ་ཞིག་གཞན་གྱིས་སྤྱད་ཟིན་ལ་སྒྲུབ་ཟིན་པའི་བྱ་བཞག་མང་བོ་ཞིག་ཀྱང་ད་དུང་སྒྲུབ་མ་ཐུབ་པར་ལུས་ཡོད་པར་མ་ཟད།  བཤད་དགོས་པའི་སྐད་ཆ་མང་བོ་ཞིག་ཀྱང་ད་དུང་ལུས་ཡོད་ངེས།  འདི་ནི་བླ་ན་མེད་པའི་ཤེས་ཡོན་པ་ཞིག་གི་སྤོབས་པ་དང་བློ་གྲོས་ཀྱི་འཐབ་རྩོད་ཡིན་པས་ང་ཚོས་དགའ་མགུ་ཡི་རངས་དང་ཞིབ་འཇུག་མི་བྱེད་པར། ཁོའི་ཆོས་ལུགས་ལྟ་བའི་ཕྱི་ཚུལ་ཁོ་ནར་བལྟས་ཏེ་སྨྲ་སྒོ་འགག་པ་ནི་ཇི་འདྲའི་བློ་དོགས་པོ་དང་མིག་ཆུང་བའི་མཚོན་བྱེད་ཅིག་རེད་ཨང་།   དེང་གི་སྐབས་སུ་ཐོན་ན་བོད་མིའི་བདེ་སྡུག་དང་རིག་གནས་ཀྱི་གནས་བབས་མཁྱེན་པའི་མཁས་པ་དག་གིས་གོ་སྐབས་དེ་ཟུར་ཟ་དང་ཉེས་གཡོལ་བྱས་སྟབས།  འུ་ཅག་གིས་སྟོང་བསམ་ཞིག་ལས་འཆིང་མ་ཐུབ་ལ།  བཤད་དགོས་པའི་སྐད་ཆ་མང་བོ་ཞིག་ཀྱང་རང་སེམས་ནས་སྦྲུམ་ཏེ་འཆི་ཁར་དཔྱང་ཡོད།  འདིའི་ཐད་ནས་བལྟས་ན།  འུ་ཅག་གིས་ཀྱང་གོ་སྐབས་བརྩོན་ལེན་ལས་དམའ་འབེབ་མི་རུང་བའི་ལྕི་ཚད་ཤེས་ཐུབ། 
ད་དུང་མི་རིགས་སློབ་གསོ་མྱོང་བའི་སྡེ་ཁག་སོ་སོའི་བོད་རིགས་སློབ་གྲོགས་དག་དང་ཁ་བརྡ་བྱེད་དུས།  ཁོང་ཚོས་མི་རིགས་ཀྱི་གནད་དོན་དེ་རྒན་པ་ཚོའི་མགོ་ལ་བསྐོར་ཏེ་ཁོང་ཚོས་ཅི་ཡང་མ་ནུས་ཚུལ་གྱི་གླེང་མོལ་རྒྱུན་པར་འཛིན།   ནད་ཡམས་འདི་སྤྱི་ཚོགས་སྟེང་གི་ཤེས་ཡོན་པས་བསླངས་པ་རེད།   ངས་བལྟས་ན་གནད་དོན་དེར་ང་ཚོ་ཕྱི་རབས་པས་ཀྱང་གཞོལ་ཐབས་མེད་པས།  འདི་ནའང་དཔྱད་འཇོག་དང་སྟ་གོན་ཅི་ཡང་མེད་པར་ཁ་རང་ཐོག་གིས་སྐད་ཆ་རླུང་ལ་བསྐུར་བའི་རྫུན་སྤྱོད་དང་འདྲེས་པའི་ནོར་འཁྲུལ་ཚབས་ཆེན་ཞིག་ལྷགས་ཡོད།  འབྲེལ་ཡོད་འགོ་ཁྲིད་དག་ལ་ཉེས་དང་ཞན་ཆ་མེད་པ་ག་ལ་ཡིན།  དེ་ཚོ་ནི་ཕར་ལ་སྤྱུགས་དགོས་པའི་མི་ཚད་ཧ་ཅང་འཕྱི་དྲག་པའི་ཚོད་ཡིན།   འོན་ཀྱང༌།  དེ་ཚོ་ཕར་སྤྲད་རྗེས།  སྟེགས་བུ་དེ་གཞན་ལ་སྟེར་རམ་རང་གིས་བྱེད་དགོས་པ་དེ་ནི་གནད་དོན་ཞིག་རེད།  གནད་དོན་དེ་ལ་ཞིབ་འཇུག་བྱེད་དུས།   བདག་གི་ཁྲག་རྩ་རིད་ཅིང་སྦུག་ལམ་ཀུན་ནས་འཚུབ་འགྲོ།   སྐོར་ཞིག་ཁོང་ཚོས་སྒྲུབ་འདོད་ཀྱང་གོ་སྐབས་མེད་སོང་བར་བཤད་པ་དེའང་རྒྱུས་ལོན་སྤུ་ཙམ་མེད་པའི་སྐད་ཆ་ཞིག་ཡིན་པས།  བདག་གིས་ལགས་སོའི་བརྡ་མི་སྦྱོར།  དེ་ལས་ལྡོག་སྟེ།   བདག་གིས་ནི་གོ་སྐབས་འཕྲོག་པར་འདོད་ལ་བྱ་བ་ཞིག་སྒྲུབ་པར་འདོད།  འོན་ཀྱང་དེ་ནི་དཀའ་མོ་ཞིག་རེད་ཅེ་ན།  ཡིན་དུ་ངེས་ལ། འུ་ཅག་གིས་ཅི་ཡང་མི་ནུས་པ་དེ་རེད།   ངས་བལྟས་ན་མ་འོངས་པ་ན་ང་ཚོ་དང་ན་མཉམ་པའི་གྲོགས་པོ་སྐོར་ཞིག་རྒན་པ་དག་གི་གོ་ས་དེར་འགྱངས་ངེས་ལ།  གོ་སྐབས་དེ་ཅི་ལྟར་བེད་སྤྱོད་མིན་ད་ལྟ་ནས་འདང་རྒྱག་བྱ་དགོས་པའི་གཞི་གལ་ཆེན་ཞིག་ཡིན་པ་མ་ཟད།   ནམ་ཞིག་རང་ཉིད་ལའང་དེ་ལྟར་ཕྱི་རབས་ན་གཞོན་མང་བོ་ཞིག་གིས་སྡིག་དམོད་བྱེད་པ་ལ་སྔོན་འགོག་བྱ་དགོས།   ངས་བལྟས་ན་འུ་ཅག་ལ་གནད་འགག་གི་སྐབས་འདིར་སྟ་གོན་དབེན།   གཅིག་བྱས་ན་འུ་ཅག་གིས་གོ་སྐབས་གཞན་ལ་བྱིན་ནས་དེ་ཚོར་སྡིག་ཉེས་བཏང་རྗེས་རང་སྤྱིལ་གྱི་གྲུ་ཟུར་ཞིག་སྐྱོང་ངེས་མོད། སྐབས་དེར་མཚོན་ན་མི་རིགས་ཀྱི་ལས་དོན་དང་ཁེ་ཕན་དེ་སྒྲུབ་པའི་ལས་བཟོ་བ་ནི་སྟོང་ངེས་ལ།   དེ་རིང་ནང་བཞིན་སྡིག་དམོད་གཏོང་ས་ཉག་གཅིག་ཀྱང་མེད་ཚོད་རེད།   གཅིག་བྱས་ན་འུ་ཅག་ནི་གོ་ས་དེར་འགྱངས་ངེས་མོད།   ད་ལྟའི་སློབ་ཆེན་པ་གཙོས་བོད་རིགས་ན་གཞོན་དག་གི་དཔེ་ཀློག་དང་རྒྱུན་ཐོས་ཀྱི་ཤེས་བྱའི་བརྩོན་ལེན་འདི་ལ་འཁྱུགས་ཙམ་བལྟས་ཚེ་ཧ་མི་གོ་བ་ཞིག་གཏན་ནས་མིན།   ད་ལྟ་ནས་སྐོར་ཞིག་གིས་རང་ཉིད་ལའང་ཤེས་ཡོན་པའི་མཚན་ཞིག་བཏགས་ནས་ཟུར་ལ་འབུལ་འདོད་ཀྱི་སྟ་གོན་བྱེད།  ངས་བལྟས་ན།  གནད་འགག་གི་སྐབས་འདིར་མེད་ན་ཤེས་ཡོན་པ་ག་ལ་ཡིན།  ལས་བྱེད་རྒན་པ་སྐོར་ཞིག་གིས་བུ་ཕྲུག་ཕྱིའི་སློབ་གྲྭར་བཅུག་ནས་མི་རིགས་ཀྱི་སྐད་ཡིག་རིག་གནས་མི་ཤེས་པའི་གནས་ཚུལ་ལ་གད་མོ་དང་སྡིག་ཉེས་གཏོང་གི་གདའ་མོད།  བདག་གིས་བལྟས་ན་འདི་ནི་ཡིད་སྐྱོ་དགོས་པའི་བསླབ་བྱ་དང་ཉམས་མྱོང་ཞིག་ལས་སྒྲུབ་ཟིན་པ་དེར་སྡིག་ཉེས་དང་དམོད་མོ་བྱས་ཀྱང་ཅི་ཡང་མི་ཕན།   ཡིན་རྒྱུ་ནི་ང་ཚོ་ན་གཞོན་དག་གིས་མ་འོངས་པའི་ཁྱིམ་གཞི་དེ་མི་རིགས་རང་ལ་གཏོགས་པའི་ཁྱད་ཆོས་ལྟར་ཅི་ལྟར་སྒྲུབ་དགོས་པ་དེ་རེད།   བདག་གིས་གཞིགས་ན།  མ་འོངས་པ་ནི་དེ་རིང་ནང་བཞིན་གྱི་འབྱོར་བས་དབུལ་བའི་མི་སེར་དག་གི་བུ་ཕྲུག་གི་རྒྱལ་ཁམས་བཟློག་སྟེ་ཅུང་ཟད་འབྱོར་བའི་ཕྱུག་པའི་བུ་ཡི་རྣམ་ཐར་ལ་ཐོན་ངེས་པ་ཞིག་རེད།   སྐབས་དེར་འུ་ཅག་སུས་ཀྱང་མ་དངུལ་བཏང་ནས་ཕྱིའི་རིགས་ཀྱི་སྔོན་ཐོན་རིག་གནས་མྱོང་རོལ་བྱེད་དུ་གཏོང་བའི་འགྲན་རྩོད་ལ་འཇུག་པ་ནི་ཁེག་ཐག་ཡིན་མོད།  འོན་ཀྱང་མི་རིགས་ཀྱི་གནད་དོན་སྟེང་ནས་གླེང་ན།  རང་ཉིད་ཀྱི་བུ་ཕྲུག་དེ་ཕྱིར་མ་འཁྱམས་གོང་རོལ་ནས་རང་ཅག་གི་རིག་གནས་སློབ་གསོ་དང་རང་ཅག་ལ་གཏོགས་པའི་འདུ་ཤེས་ཟབ་མོ་ཞིག་སེམས་ཁམས་ལ་འགོས་སུ་མ་བཅུག་ཚེ་མི་རིགས་ཞེས་པ་དེ་སྟོང་གཏམ་རེད།  དཀའ་ཁག་གི་མདུན་ནས་ང་ཚོས་དེ་རིང་གི་དམོད་མོ་འདིར་ཕྱི་དྲན་བྱས་ན། འདིས་ད་དུང་འུ་ཅག་ལ་དང་ལེན་ཅུང་ཟད་དང་ལས་ཀ་ཅུང་ཟད་བྱེད་རྒྱུའི་བསམ་འདུན་གནས་པ་མཚོན་ཡོད་པ་འདྲ་ལ། རྒྱུ་རྐྱེན་དེ་ལ་དམིགས་ཏེ་ང་ཚོས་ཐོག་མ་ནས་སྟ་གོན་བགྱི་དགོས་པ་རང་ཉིད་ཀྱི་སྟེང་ཡིན་ལ། བསམ་གཞིག་ཀྱང་རང་སྟེང་ནས་ཤར་མར་གཏོང་དགོས།

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

ཆུ་ཚོད་ ༤ སྔོན་ལ།
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

ཆུ་ཚོད་ ༢༠ སྔོན་ལ།
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

ཆུ་ཚོད་ ༢༠ སྔོན་ལ།
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

ཆུ་ཚོད་ ༢༢ སྔོན་ལ།

མཆན། 5

  1. phonya says:
    ལོ་ 16 སྔོན།

    བསེ་རུས་ཟེར་བ་བདེན་ཀི གནས་ཚུལ་མང་དག་ཅིག་དུས་བབ་ནང་ཐོན་གི་མི་འདུག་ལ། ལྷག་པར་དབུས་དང་ཁམས་ཀྱི་གནས་ཚུལ་རིགས་ཧ་ལམ་ཐོན་གྱི་མི་འདུག །བོད་ཀྱི་ཞེས་པའི་ཡིག་འབྲུ་འདིའི་ཚབ་ཏུ་མདོ་སྨད་ཅེས་བཙུད་ན་མི་ལེགས་སམ།

    Reply
  2. བསེ་རུ། says:
    ལོ་ 16 སྔོན།

    བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར།

    སོག་རྫོང་ཁོངས་ནས་བོད་མི་ན་གཞོན་གསུམ་དྲ་རྒྱའི་གནད་དོན་དང་འབྲེལ་བའི་ཐོག་ནས་འཛིན་བཟུང་བྱས་པའི་སྐོར་འཁོད་འདུག ཞིབ་ཕྲ་བོད་གཞུང་དྲ་རྒྱར་གཟིགས་རོགས།

    བོད་གཞུང་དྲ་རྒྱའི་ཐོག་འཁོད་པའི་གསར་འགྱུར་གལ་ཆེའི་རིགས་ཁ་ཤས་དུས་བབ་ཀྱི་ཐོག་ཏུ་ཐོན་གྱི་ཐུབ་ཀྱི་མི་འདུག་པས། ཀློག་པ་པོས་ཚོས་བོད་གཞུང་དྲ་རྒྱའི་ཐོག་ཡང་ཡང་སྐོར་གཡེང་ལ་ཕེབས་ན་དེ་ནས་ཀྱང་གནས་ཚུལ་གལ་ཆེའི་མཁྱེན་རྟོགས་ཡོང་ངེས་སུ་མཐོང་།།

    Reply
  3. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    ཤེས་ཡོན་པའི་ཉེས་དམིགས་གཙོ་བོ་ནི།
    ལྷག་བསམ་དང་རང་དབང་གི་རྣམ་དཔྱོད་གཉིས་ཟུང་དུ་འབྲེལ་མ་ཐུབ་པ་དེ་ཡིན།
    མདོར་ན་ཤེས་ཡོན་ཅན་ཞིག་ཡིན་ན་ནི་མི་ཡག་པོ་ཞིག་ཡིན་དགོས་ཀྱི་ཡོད།

    Reply
  4. བསེ་རུ། says:
    ལོ་ 16 སྔོན།

    ཤེས་ཡོན་ཅན་ནི་མི་མང་གི་མགོན་དང་སྐྱབས་དང་དཔུང་གཉེན་དུ་གྱུར་དགོས་པ་ལས།
    ཤེས་ཡོན་ཅན་ནི་མི་མང་གི་སེམས་ཀྱི་ཚེར་མ་དང་རྡོག་ཁྲེས་ཤིག་ཏུ་འགྱུར་མི་ཉན་པ་ནི་བདེན་པ་རེད།

    Reply
  5. རྨེའུ་དཀོན་རྒྱམ། says:
    ལོ་ 16 སྔོན།

    དངོས་གནས་བློ་སྐྱེད་དམིགས་བསལ་བ་ཞིག་སྟེར་བྱུང་ལ། ལྷག་བསམ་དང་ཤེས་རྟོགས། སྙིང་སྟོབས་དང་ལག་ལེན་གྱིས་བསླངས་པའི་འདི་འདྲའི་དགོངས་ཚུལ་ཡོངས་ཁྱབ་སྤེལ་བ་ནི། དུས་གཏུགས་ཀྱིས་དགོས་མཁོ་ཆེ་བའི་གནད་དོན་ཞིག་ཏུའང་འཁུམས། དེའི་སྟབས་ཀྱིས། སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས། ཧྲིལ་གྱིས་དྲིལ་ན། ཏག་ཏག་འུ་ཅག་གི་ཤེས་ཡོན་པའི་འགན་འཁྲི་དེ་འདྲ་ཞིག་ཡིན་དགོས་མོད། འོན་ཀྱང་། ཁ་ནས་བསྙད་པ་ཙམ་ལས། ལག་ལེན་ཏུ་འཁེལ་མཁན་ནི། འུ་ཚོའི་ཤེས་ཡོན་པར་བརྩི་བ་དག་གི་གྲས་སུ་ཧ་ཅང་ཉུང་ཉུང་ཞིག་རེད། དེའི་རྐྱེན་གཙོ་བོ་སྟེ། ང་ཚོའི་སྤྱི་ཚོགས་ཁྱོན་ཡངས་ཀྱིས་ཤེས་ཡོན་པའི་ཁྱད་ནུས་ལ། སྲུང་སྐྱོབ་བྱེད་མ་ཐུབ་པའི་ལན་པ་ཞིག་ཀྱང་རེད་སྙམ། གང་ལྟར། འུ་ཅག་གི་ཤེས་ཡོན་པ་དང་སྤྱི་ཚོགས་གཉིས་ཀྱི་དབར་ལ། སྟོང་ཆ་དང་ཧེ་བག་ཆེན་པོ་ཞིག་ཤོར་བའི་སྟོབས་ཀྱིས། འདི་ལྟའི་སྐྱོ་གནས་སུ་གྱུར་པ་ཞིག་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese