མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་དགེ་རྒན་ཞིག་གི་ལྟ་ཕྱོགས། སོག་སྨོན་ལམ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

ཤེས་ཡོན་འཐུས་ཤོར་གྱི་གནས་སྟངས་དངོས་ལས་འཕྲོས་པའི་གནད་དོན་འགའ་གླེང་བ།     
ལག་ཏུ་སྙུག་གུ་བཟུང་ནས་སྐད་ཆ་བཤད་མཁན་ཞིག་ཡིན་པའི་ཆ་ནས། སྐད་ཆ་དྲང་པོར་མ་བཤད་ན་འགྲིག་ཐབས་མེད།

           
སོག་སྨོན་ལམ།

ངས་སྲིད་འབྱོར་རིག་གསུམ་ལྡན་པའི་མི་རིགས་ཤིག་གི་མ་འོངས་པའི་རྒྱུད་འཛིན་པ་རྣམས་ཀྱི་སློབ་གསོའི་སེམས་ཁམས་དང་ཀུན་སྤྱོད་སྤུས་ཚད་འདི་མཐོང་དུས་བློ་ཕམ་ཧ་ཅང་ལྕི། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། སྤྱིར་བཏང་རྒྱུས་མེད་ཀྱི་སྤྱི་ཚོགས་དང་ཁོར་ཡུག་གཞན་ཞིག་ནས་གསར་དུ་གཞིས་ཆགས་པའི་གནས་སྟངས་ལ་བསམ་བློ་བཏང་ན། རིག་གཞུང་གི་ཆ་ནས་གནའ་བོའི་སྲོལ་རྒྱུན་ཤེས་རིག་ངོ་སྤྲོད་དང་རྒྱུན་འཛིན་བྱེད་ཐབས་ཙམ་ལས་མ་བྱུང་ཡང་དེ་ཙམ་སྐྱོན་མེད་པར་བརྩི་ཆོག ཡིན་ནའང༌། ང་ཚོའི་སློབ་གྲྭའི་ཁོར་ཡུག་ཟེར་བ་འདི་མི་རིགས་ཀྱི་འདུ་ཤེས་དང་ཆབ་སྲིད་གོ་རྟོགས། རིག་གནས་སྙིང་སྟོབས་བསྐྱེད་སྲིང་བྱེད་ས་ཞིག་ནས་ཡིག་ཚད་སྦྱོང་བརྡར་བྱེད་ས་ཙམ་གྱི་ངོ་བོར་གནས་འདུག དེ་ཡང་ཆུང་དུས་ནས་ཕྲུ་གུ་ལ་ཕ་མ་དང་དགེ་རྒན་སོ་སོས་ལམ་སྟོན་སློབ་གསོ་མ་ནོར་བ་ཞིག་བྱེད་ཐུབ་མིན་ལ་རག་ལས་པའི་གནད་དོན་ཞིག་རེད། དེང་སང་བཙན་བྱོལ་སྤྱི་ཚོགས་ཁྲོད་ལས་ཞུགས་གོ་སྐབས་ཐོབ་ཟིན་པའི་གཞོན་སྐྱེས་དེ་ཚོས་འཛམ་གླིང་གི་ཤེས་བྱ་རགས་པ་ཙམ་ལས་ཅི་ཡང་ཤེས་ཀྱི་མེད། ཁོ་ཚོའི་བསམ་པར། མི་ཚེའི་རིན་ཐང་ནི་བག་ཡངས་དང་རྩེད་འཇོ་ཁོ་ནས་དུས་འདའ་བར་བྱེད་རྒྱུ་དེ་ཡིན་པའི་སྣང་བ་སྐྱེས་ཡོད་ལ། རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་ནས་བསྡད་ཡོད་པའི་རང་གི་གནས་སྟངས་ལ་དཔག་པའི་བསམ་བློ་གཏོང་ཤེས་མཁན་རེ་གཉིས་ལས་མེད། རང་དབང་འཐབ་རྩོད་ཀྱི་སེམས་ཤུགས་དང་དམིགས་ཡུལ་ཅི་ཡང་མེད་པའི་མི་རབས་གསར་བ་འདིའི་སེམས་ཁམས་ལ་རྟོག་འཇུག་བྱེད་ཐེངས་རེ་རེ་བཞིན། སློབ་གྲྭ་དང་ཁྱིམ་ཚང་སློབ་གསོའི་ནང་དོན་གཟས་ཕྱོགས་ལ་གཡོན་ཐལ་ཆེ་བའི་བསམ་བློའི་ནོར་འཁྲུལ་གང་མང་ཞིག་ཡོད་པ་མཐོང་ཡོང་གི་ཡོད།

སློབ་གཞི་བཅོས་སྒྲིག་སྐོར་གྱི་བསམ་འཆར།

རྣམ་པ་གསར་བའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་བསྟུན་ནས་སློབ་གཞི་བཅོས་སྒྲིག་བྱེད་དགོས་པ་སྟེ། གཙོ་བོ་ཤེས་ཡོན་སློབ་དེབ་དང་ལས་ཞུགས་བྱེད་སྒོ་གཉིས་ཀྱི་བར་ཐག་ཇེ་ཉེ་རུ་གཏོང་ཐབས་དེ་དམིགས་ཡུལ་དུ་འཛིན་དགོས་པ་ནི་གཡོལ་ཐབས་བྲལ་བའི་གནད་དོན་གཅིག་རེད། ཉིན་ཤས་རིང་དུས་བཀག་ཡིག་ཚད་ཅིག་གཏོང་སྲོལ་ཡོད་པ་དེ་རྩ་མེད་བཏང་ནས། དཔྱད་གླེང་དང་རྩོམ་འབྲིའི་ལག་ལེན་དངོས་ཀྱི་ཐོག་ནས་སྦྱངས་པའི་ཡོན་ཏན་དང་བསམ་བློའི་སྨིན་ཚད་ལ་བལྟས་ཏེ། སློབ་གྲྭའི་ལག་ཁྱེར་གྱིས་སློབ་ཐོན་པའི་ཤེས་ཡོན་གྱི་ཚད་གཞི་འཇལ་ཐུབ་པ་ཞིག་གམ། ཡང་ན་སློབ་མའི་ཤེས་ཚད་དང་སློབ་ཐོན་ལག་ཁྱེར་གཉིས་དོ་མཉམ་ཡོད་པ་ཞིག་དགོས་གལ་ཆེ། གནས་སྟངས་ཀྱི་ཆ་ནས་མི་རིགས་ཀྱི་འདུ་ཤེས་དང་ཆབ་སྲིད་འཐབ་རྩོད་ཀྱི་སེམས་ཤུགས་སློང་ཐབས་གཙིགས་སུ་འཛིན་དགོས་སྟབས། སློབ་གསོའི་ཁ་ཕྱོགས་དང་ནང་དོན་ཐད་ལ་འགྱུར་བ་ངེས་ཅན་ཞིག་གཏོང་དགོས་པའི་དུས་ལ་བབ་ཡོད་པར་མ་ཟད། སྲིད་དོན་རིག་པ་དང་བྱིས་པའི་སེམས་ཁམས་རིག་པ་བཅས་ནི་འཛིན་གྲྭ་དྲུག་པ་ནས་འཛིན་རིམ་སོ་སོའི་གནས་ཚད་དང་འཚམ་པའི་སྒོ་ནས་ཟུར་ལྟའི་སློབ་ཚན་ནང་འཇོག་དགོས་གལ་ཆེ། འཛིན་རིམ་དང་པོ་ནས་ལྔ་བ་བར་དུ་འབྲི་ཀློག་ཉན་བཤད་གཙོས་པའི་སྐད་ཡིག་གི་རྨང་གཞིའི་ཤེས་བྱར་སྦྱོང་བརྡར་གནད་དུ་ཁེལ་བ་བྱེད་དགོས་པའི་སྐབས་ཡིན་སྟབས། བོད་ཡིག་དང་དབྱིན་ཡིག རྩིས་རིག་སློབ་ཚན་གསུམ་ལས་ཚན་རིག་དང་སྤྱི་ཚོགས་རིག་གནས་གཉིས་དངོས་གཞིའི་སློབ་ཚན་ནང་མ་བཞག་ན་དགེ་མཚན་ཆེ་བར་སྣང༌།

སློབ་དེབ་རྙིང་པ་ཁག་ཏུ་སློབ་མས་སྦྱང་བྱ་མང་ཆེ་བ་དངོས་ཡོད་འཚོ་བ་དང་ཁ་ཐག་ཆེས་རིང་ཞིང༌། ལྟ་སྤྱོད་གང་གི་ཆ་ནས་སློབ་མ་ཞིག་གིས་དང་ལེན་བྱེད་མི་ཕོད་པའི་ནང་དོན་གཏིང་ཟབ་ལ་དམིགས་ཡུལ་རྒྱ་ཆེ་དྲགས་པའི་སློབ་གསོའི་སྐྱོན་གནད་དེ་གང་ནས་འབྱུང་གིན་ཡོད་མེད་འཚོལ་ཞིབ་དང་ངོས་འཛིན་གསལ་བོ་ཞིག་མ་བྱུང་བར་དུ་སྐད་ཡིག་གི་རྨང་གཞི་བརྟན་པོ་བཟོ་བའི་གོ་སྐབས་ཕྲ་ཞིང་རེ་བ་མི་ཆེ། སློབ་མ་ཞིག་ལ་མཚོན་ན། སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ལྡང་ངེས་ཅན་ཞིག་གི་ཚད་དུ་མ་སླེབས་གོང་ནས། ཀླད་པ་སྟོང་པའི་མི་ཞིག་ལ་ལྟ་བ་གཏིང་ཟབ་པོ་ཞིག་དང་རྩོམ་ཡིག་འབྲི་འཇུག་གི་ཡིན་ཟེར་བ་ནི། མ་རྩ་མེད་པའི་མི་ཞིག་ཚོང་རྒྱག་ཏུ་མངགས་པ་ལས་མ་འདས། བོད་ཡིག་སློབ་ཚན་མང་ཆེ་བ་བྱིས་པའི་སེམས་ཁམས་དང་ཀུན་སྤྱོད་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་དཀའ་བའི་རིགས་ཡིན་པར་མ་ཟད། བློ་ཁ་ཆོས་ལ་ཕྱོགས་པའི་ཐབས་འབའ་ཞིག་ལ་དམིགས་ནས་སློབ་གཞི་བཅོས་སྒྲིག་བྱས་ཡོད། དཔེར་ན། མགོ་མཇུག་བར་གསུམ་གྱི་བྱུང་རིམ་དང་སྒྲིག་གཞི་སོགས་གནའ་སྒྲུང་འབྲི་སྲོལ་ལྟར་གཅིག་རྗེས་གཉིས་མཐུད་ཀྱི་ཚུལ་དུ་བྲིས་ཡོད་པའི་སྟག་མོར་ལུས་སྦྱིན་དང་རྫ་ཙིག་གཏམ་རྒྱུད། སྤྲེའུ་བྱང་ཆུབ་སེམས་དཔའི་སྒྲུང་སོགས་སློབ་ཚན་དུ་བཞག་ཡོད་པ་འདི་དག་གིས། སློབ་ཕྲུག་ཚོས་རྩོམ་ཡིག་སློབ་ཚན་དེ་དག་བཀླགས་རྗེས་ཡིད་འགུལ་ཐེབས་པའི་ཚབ་ཏུ་ཡི་ཆད་དང་སུན་སྣང་སྐྱེས་ཏེ། སྤྱིར་བོད་ཡིག་ཐོག་བྲིས་པའི་དེབ་རིགས་ཡོད་ཚད་ཀློག་མི་འདོད་པའི་ཚོར་བ་འབྱུང་བཅུག་གི་ཡོད། དཔེར་ན།  སྐབས་ཤིག་ང་ལ་དྭགས་ཀྱི་ས་ཆ་གང་སར་གནས་མཇལ་དང་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན། སྐབས་དེར་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་བུ་མོ་ཞིག་གྲོགས་པོ་བརྒྱུད་ནས་ངོ་ཤེས་བྱུང༌། བུ་མོ་དེ་འཛིན་རིམ་བཅུ་བ་རེད་འདུག ཁོ་མོའི་བོད་ཡིག་ཟིན་བྲིས་འབྲི་དེབ་ནང་ཚིག་དུམ་རེ་ཟུང་གིས་སྣོན་འཕྲི་བྱས་ཡོད་པ་མ་གཏོགས་སི་ཏུའི་ཞལ་ལུང་གི་རྩ་ཚིག་དང་འགྲེལ་བཤད་ཇི་མ་ཇི་བཞིན་ངོ་བཤུས་བརྒྱབ་འདུག སྐབས་དེར་ངེད་གཉིས་ཀྱི་སྐད་ཆ་རྣམས་འདིར་བཀོད་ན། ༼སློབ་དེབ་ནང་གི་ཚིག་དོན་ཇི་བཞིན་འབྲི་དེབ་ནང་བཤུས་ནས་ག་རེ་བྱེད་རྩིས་ཡིན།༽ ༼དེ་རྒན་ལགས་ཀྱིས་ནག་པང་ཐོག་བྲིས་ནས་ང་ཚོར་བཤུས་བཅུག་པ་རེད། ཤེས་ཡོན་རྟོག་ཞིབ་པ་ཕེབས་དུས་འབྲི་དེབ་སྟོང་པ་ཡིན་ན་བཀའ་བཀྱོན་གནང་གི་རེད་གསུངས་སོང༌།༽ ༼ཚིག་དོན་ཧ་གོ་ཡི་ཡོད་དམ།༽ ༼ཚིག་དོན་ཁ་ཤས་མ་གཏོགས་ཧ་གོ་ཡི་མེད། རྒན་ལགས་ཀྱིས་འགྲེལ་བཤད་བརྒྱབ་མ་སོང༌། སློབ་ཚན་ཚར་ས་མ་རེད་གསུང་གི་འདུག༽ཟེར། ད་དུང་བཤེས་སྤྲིངས་དང་ལེགས་བཤད་བློ་གསར་མིག་འབྱེད་ཀྱི་དེབ་ཅིག་ཁྱེར་ཡོང་ནས། ༼དེབ་འདི་ཡང་ང་ཚོའི་སློབ་ཚན་རེད། ཚིག་དོན་གོ་དཀའ་བའི་སློབ་ཚན་འདི་འདྲའི་རིགས་མཐོང་ཡོང་དུས། སྤྱིར་བཏང་བོད་ཡིག་སྦྱང་རྒྱུའི་འདོད་པ་བརླགས་འགྲོ་ཡི་འདུག༽ ཅེས་བོད་ཡིག་སློབ་ཚན་དང་དགེ་རྒན་གཉིས་ཀྱི་ཐད་ནས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་མྱོང་ཚུལ་ང་ལ་བཤད་བྱུང༌།

སློབ་དེབ་ནི། ཤེས་བྱ་རིག་པའི་གནས་མཐའ་དག་གི་ནང་དོན་ངོ་འཕྲོད་པ་ལ་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པའི་མཐུན་ཕྱོགས་སུ་འགྲོ་བ་ཞིག་དགོས་གལ་ཆེ་བར་མ་ཟད། སློབ་དེབ་གསར་བཟོ་བྱེད་པའི་བརྒྱུད་རིམ་ནང་རིགས་གང་དུ་མཁས་པའི་མི་རེ་རེ་བློ་འདྲི་སའམ་རྩོམ་སྒྲིག་པར་འཇོག་དགོས་པ་ལས། མི་གཅིག་སློབ་སྟོན་པར་བཞག་ན་ཐམས་ཅད་མཁྱེན་པ་འདྲ་ཡིན་ན་མ་གཏོགས་ཕྱོགས་གང་ཐད་ནས་སྐྱོན་འབྱུང་ངེས་ཡིན། ལྷག་པར་དུ་རྩོམ་རིག་གསར་བའི་གཞུང་ལུགས་ལ་རྒྱུས་མངའ་ཆུང་ཞིང་ལོ་མང་བསགས་པའི་རྩོམ་འབྲིའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཉམས་མྱོང་མེད་མཁན་རེ་ཟུང་ཞིག་མཁས་པའི་མིང་གིས་སློབ་དེབ་རྩོམ་སྒྲིག་པ་དང་སློབ་སྟོན་པར་འཇོག་སྲོལ་ཡོད་པ་འདི་དག་གི་ཐད་འགྱུར་བ་ངེས་ཅན་གཏང་དགོས་པར་སེམས།

གལ་ཆེན་པོ་ཡིན་ཚད་སློབ་ཚན་དུ་འཇོག་དགོས་སམ།

བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁོངས་གཏོགས་ཡིན་ཚད་སློབ་ཚན་དུ་བཞག་ནས་སྦྱངས་དགོས་པའི་ལྟ་ཚུལ་འཛིན་མཁན་ཡང་ཡོད། གཏམ་རྒྱུད་ཐུང་ངུ་ཞིག་བཤད་ན། བོད་ཀྱི་མཐོ་རིམ་སློབ་གྲྭ་ཞིག་ཏུ་ཡིག་གཟུགས་སྣ་ཚོགས་སློབ་མཁན་གྱི་དགེ་རྒན་ཞིག་ཡོད། དགེ་རྒན་དེས་ཡིག་གཟུགས་དྲི་ཤོག་ནང་ཡིག་གཟུགས་འབྲི་སྟངས་བསླབས་ན་ཕན་ཐོགས་ཡོད་མེད་སྐོར་ལ་བསམ་ཚུལ་རེ་འབྲི་དགོས་ཞེས་བཀོད་ཡོད་པ་ལྟར། སློབ་མ་ཞིག་གིས་ཡིག་གཟུགས་རིགས་གཅིག་རྐང་འཛིན་པ་ཞིག་མིན་ཚེ། བོད་ཀྱི་ཡིག་གཟུགས་འབྲི་སྟངས་ཡོད་ཚད་སྦྱང་དགོས་པའི་ངེས་པ་མེད་པའི་བསམ་ཚུལ་བྲིས་པ་དེར་ཡིག་གཟུགས་དགེ་རྒན་མ་འཐད་ནས། ༼ཡིག་གཟུགས་ཀྱང་བོད་ཀྱི་རིག་གཞུང་ཡིན་པའི་ཆ་ནས་སློབ་ཚན་གཞན་དག་དང་འདྲ་བར་སྦྱང་དགོས་ཚུལ་དང་་ཡིག་གཟུགས་སློབ་ཚན་དུ་འཇོག་མི་དགོས་པའི་བསམ་ཚུལ་འདོན་མཁན་དེ་ངས་སློབ་སྤྱི་ལ་རྩིས་སྤྲོད་ཀྱི་ཡིན་༽ ཞེས་འཇིགས་སྣང་སྐུལ་མཁན་ཡང་དངོས་སུ་བྱུང་མྱོང་ཡོད་པ་ལྟ་བུ་རེད།

གཞི་རིམ་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་ཉིན་རེའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད། ཆེས་སྤྲོ་སྣང་ཆེ་ཤོས་ནི། ནག་པང་ཐོག་ཚིགས་བཅད་ཤོ་ལོ་ཀ་རེའམ་གོང་ས་མཆོག་གི་བཀའ་སློབ་ཐིག་ཕྲེང་རེ་གཉིས་ཤར་མར་བྲིས་ཏེ། སློབ་ཕྲུག་ཚོའི་ཡིག་གཟུགས་འབྲི་སྟངས་ཐད་ལམ་སྟོན་གནང་བ་དང༌། གལ་སྲིད་ཤེས་བྱ་ཡོན་ཏན་ཕུན་སུམ་ཚོགས་པ་ཡོད་ཀྱང་ཡིག་གཟུགས་ཡག་པོ་འབྲི་མི་ཤེས་མཁན་དེ། དཔེར་ན། དཔའ་བོ་ལག་རྡུམ་ལྟ་བུ་རེད། ཅེས་རྒྱུན་དུ་ཁ་བརྡ་སློབ་གསོ་གནང་རྒྱུ་སོགས་ཡིན། ངས་ཤེས་ཚོད་ལྟར་ན། ཕལ་ཆེར། འཛིན་རིམ་དང་པོ་ནས་བཅུ་བ་བར་དུ་ཚུགས་རིང་དང་ཚུགས་ཐུང་ལ་སོགས་པའི་ཡིག་གཟུགས་ཆེ་ཆུང་མི་འདྲ་བ་རེ་རེ་ལོ་རེ་བཞིན་གསར་དུ་སྦྱོང་དགོས་པའི་དཀའ་ངལ་འདིས། སློབ་ཕྲུག་ཚོའི་ཡིག་གཟུགས་འབྲི་སྲོལ་རབ་རིབ་སབ་སིབ་ཅིག་ཏུ་འགྱུར་འགྲོ་གི་ཡོད་པ་འདྲ། ད་ལྟའི་ཆར་འཛིན་རིམ་དང་པོ་ནས་ལྔ་བ་བར་གྱི་བོད་ཡིག་སློབ་དེབ་སོགས་ཀྱི་ཡིག་གཟུགས་དབུ་མེད་ཐོག་བྲིས་པར་དགོས་པ་དམིགས་བསལ་བ་ཞིག་ཡོད་མེད་ཁ་མཚོན་ཆོད་དཀའ་ནའང༌། གལ་སྲིད་འཛིན་གྲྭ་དང་པོ་ནས་བཟུང་སློབ་ཕྲུག་ཚོའི་རྒྱུན་སྤྱོད་ཀྱི་ཡིག་གཟུགས་དབུ་ཅན་གཅིག་པོ་གཙོར་བཟུང་གིས་ལོ་རེར་ཡིག་གཟུགས་མི་འདྲ་བ་རེ་སྦྱངས་མི་དགོས་པའི་དབང་དུ་བཏང་ན། མ་མཐའ་ཡང་སློབ་མ་སྤྱིའི་ཡིག་གཟུགས་ཀྱི་གནས་ཚད་ཁམས་གཙང་ཞིང་སྤུས་དག་པོ་ཞིག་ཡོང་རྒྱུར་ཤུགས་གནོན་ངེས་ཅན་ཐེབས་ཡོད་པ་གཏན་ཁེལ་ཆོག་ལ། འཛིན་རིམ་བཞི་བ་དང་ལྔ་བའི་སློབ་མ་ཚོས་དབུ་ཅན་གྱིས་བྲིས་པའི་ཚགས་པར་ཙམ་ཡང་ཀློག་མི་ཤེས་པའི་དཀའ་ངལ་འདི་འདྲ་ང་ཚོའི་མགོ་ཐོག་ཏུ་བབས་ཨེ་ཡོད་སྙམ།

 ངས་བལྟས་ན། ཆོས་ལུགས་གྲུབ་མཐའ་ཁག་གི་གནད་འགག་གང་མང་ཞིག་ཟུར་འདོན་བྱས་ཏེ་སློབ་ཆུང་སློབ་མའི་སློབ་ཚན་ནང་བཞག་དགོས་དོན་ཡང༌། བོད་ཀྱི་རིག་གཞུང་ཡིན་པའི་རྒྱུ་མཚན་ལ་ཐུག་ཡོད་ཚོད་འདུག་ཀྱང༌། སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་ནི། འབྲི་ཀློག་ཉན་བཤད་ཀྱི་སྦྱོང་བརྡར་གནད་དུ་ཁེལ་ཞིང་རང་རྐྱ་ཐུབ་པའི་རྨང་གཞི་ནས་མགོ་བརྩམས་ཏེ། ༼བསམ་གཞིགས་ཀྱི་ནུས་པ༽དང་༼དབྱེ་ཞིབ་ཀྱི་ནུས་པ།༽ ༼གནད་དོན་ཐག་གཅོད་ཀྱི་ནུས་པ་༽གསོ་སྐྱོང་རྒྱུ་བཅས་ཡིན་ལ། འདི་ནི་སློབ་མའི་རང་འགུལ་གྱི་འདུ་ཤེས་ལ་སྒུལ་ཤུགས་སློང་མཁན་དང་ཀླད་པའི་ངལ་རྩོལ་བརྒྱུད་ནས་བསམ་བློ་གསར་བའི་སྒོ་མོ་འབྱེད་བྱེད་ཀྱི་གསེར་གྱི་ལྡེ་མིག་ལྟ་བུ་ཞིག་ཀྱང་ཡིན། སློབ་མའི་རང་འགུལ་གྱི་འདུ་ཤེས་ནི་སློབ་སྦྱོང་དང་གོམས་གཤིས་ཟུང་དུ་སྦྲེལ་དགོས་པའི་གཞི་རྩའི་ཆ་རྐྱེན་ཡིན། རྒྱ་ཆེ་ས་ནས་བཤད་ན། མི་ཚེ་དང་སློབ་སྦྱོང་ཟུང་འབྲེལ་བྱེད་པ་ལ་ཡང་རང་འགུལ་གྱི་འདུ་ཤེས་མེད་ན་དགོས་མཁོ་དང་གནོན་ཤུགས། ཁྲིམས་ཀྱི་བཙན་སྐུལ་ལ་བརྟེན་ནས་མཐའ་འཁྱོངས་པ་ཞིག་ཡོང་ཐབས་མེད།

ཡང་དགོན་པ་གྲྭ་ཚང་ཁག་གི་འདོན་རྟ་དབྱངས་དང་ཐིག་རྡུལ་ཚོན། རྡུང་ཕྱག་ལེན་ཡོད་ཚད་སློབ་གྲྭའི་ཁོར་ཡུག་ལ་ཁྱེར་ཡོང་ནས་སློབ་ཕྲུག་ཚོར་འདོད་མོས་མེད་བཞིན་དུ་བོད་ཀྱི་རིག་གཞུང་ཡིན་པའི་ཆ་ནས་སྦྱངས་དགོས་པའི་ཨུ་ཚུགས་རྒྱག་མགོ་རྩོམ་བཞིན་ཡོད་པ་འདི་ཚོ་ནི། ཁོང་ཚོ་ཐེག་ཆེན་པའི་གང་ཟག་འགའ་རེ་མ་གཏོགས་ང་དང་ང་འདྲ་བའི་སོ་སྐྱེས་ཕལ་བ་ཞིག་གི་བློ་ངོར་ཆེས་ཤོང་དཀའ་བའི་གནད་དོན་ཞིག་ཅིས་མ་ཡིན།

བོད་ཀྱི་ཟློས་གར་སློབ་ཚན་ལ་མཚོན་ནའང་གཅིག་མཚུངས་རེད། ཕྱི་དྲོ་ས་མ་རུབ་པའི་སྔོན་ཙམ་ལ་ལྷ་ས་གཙུག་ལག་ཁང་གི་མདུན་ཐང་དུ་ལྷ་ས་གྲོང་ཁྱེར་གཡས་གཡོན་གྱི་གྲོང་གསེབ་ཁག་ནས་ཡོང་བའི་སློང་མོ་བ་དང་རྒན་འཁོགས་མང་པོ་ལག་རྡང་སྦྲེལ་ནས་འཁྲབ་སྟོན་བྱེད་བཞིན་ཡོད་པའི་གནའ་སྔ་མོའི་འཁྲབ་གཞས་དེ་ཚོ་ཡང་བོད་ཀྱི་རིག་གཞུང་ཡིན་པའི་ཆ་ནས་སློབ་ཕྲུག་ཚོར་འདོད་པ་མེད་བཞིན་དུ་སྦྱོང་འཇུག་གི་ཡོད། འཛམ་གླིང་ཐོག་གནའ་སྔ་མོའི་དུས་གླུ་གར་འཁྲབ་སྟོན་བྱེད་མྱོང་མེད་པའི་རྒྱལ་ཁབ་དང་མི་རིགས་ཤིག་ཡོད་མི་སྲིད་ཀྱང༌། དུས་རབས་གསར་བའི་ནང་མི་རབས་གསར་བའི་སེམས་ཁམས་མཚོན་ཐུབ་པའི་གླུ་གར་གསར་གཏོད་བྱེད་མི་ཤེས་པའི་མི་རིགས་ནི་བཙན་བྱོལ་སྤྱི་ཚོགས་འདི་གཅིག་པུ་ཡིན་ན་ཐང༌། མཁས་དབང་དོན་གྲུབ་རྒྱལ་གྱིས།  “ཁ་སང་གིས་དེ་རིང་གི་ཚབ་བྱེད་མི་ཐུབ།” ཅེས་གསུངས་དོན་ཡང་གནད་འགག་འདི་འདྲ་ལ་ཐུག་ཡོད། རང་ལ་གླུ་གཞས་གསར་རྩོམ་གྱི་ཤེས་འཇོན་མེད་པ་ཁོག་ཏུ་སྦས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གལ་ཆེན་པོ་ཡིན་པའི་ཁ་གཡང་སྟོང་པ་རླུང་ལ་སྐུར་བཞིན་པའི་ཟློས་གར་དགེ་རྒན་དེ་ཚོས། མི་རབས་འདིའི་འགན་ཁུར་ནས་དུས་རབས་རང་བཞིན་གྱི་མི་རབས་གསར་བ་ཞིག་སྐྱེད་སྲིང་བྱེད་ཐུབ་ན་ཅི་མ་རུང་ཨང༌།

ཀུན་སྤྱོད་དང་ལག་ཁྱེར་ཤེས་ཡོན་གྱི་ཚབ་ཏུ་བེད་སྤྱོད་གཏོང་མི་རུང༌།

རྩོམ་ཡིག་འབྲི་བ་ནི། “སྦྱངས་ཟིན་པའི་ཤེས་བྱ་སློབ་མའི་རང་སྟོབས་ཀྱི་ནུས་པ་ཞིག་ཏུ་བསྒྱུར་ཆེད་ཡིན”པས། ཚང་མས་ཁ་གཅིག་གྲགས་ཀྱི་ཚུལ་དུ་སློབ་ཕྲུག་ཚོའི་རྩོམ་འབྲིའི་སྦྱོང་བརྡར་ཡར་རྒྱས་གཏོང་དགོས་རབས་གླེང་གི་ཡོད་ཀྱང༌། སློབ་མའི་རྩོམ་འབྲིའི་བྱང་ཚད་ཡར་རྒྱས་འགྲོ་བ་ལ་མེད་དུ་མི་རུང་བའི་དགེ་རྒན་རྣམ་པའི་ཁྲོད་ན། རྩོམ་འབྲིའི་གཞུང་ལུགས་སློབ་ཁྲིད་བྱེད་ཤེས་མཁན་དང་ལག་ལེན་དངོས་ཀྱི་སྟེང་ནས་རྩོམ་འབྲིའི་ཉམས་མྱོང་དང་གྲུབ་འབྲས་གང་འཚམ་ཡོད་མཁན་ཙམ་ཡང་རེ་ཟུང་ལས་མེད། དགེ་རྒན་རང་གིས་རྩོམ་ལུགས་འཆད་མི་ཤེས་ཤིང་རྩོམ་ཡིག་འབྲི་ཤེས་ཀྱི་མེད་ན་སློབ་མ་ལ་ཁ་ཚ་དགོས་གཏུགས་ཀྱི་ལམ་སྟོན་རྣལ་མ་ཞིག་ཇི་ལྟར་བྱེད། སྐད་ཡིག་སློབ་ཁྲིད་དང་བསམ་བློའི་སློབ་གསོ་བཅས་ལ་གོ་བསྐོན་བློ་འགུག་གི་ནུས་སྟོབས་ཆེ་ཤོས་སུ་བརྩི་འོས་པའི་དགེ་རྒན་རྣམ་པའི་ཞན་ཆ་དང་ལོ་ངོ་སུམ་ཅུའི་རིང་གི་ཤེས་ཡོན་འཐུས་ཤོར་གྱི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། དངོས་གཙོ་རྩོད་སྒྲུབ་རིག་པའི་ལག་ལེན་གྱི་ལྟ་བ་རྒྱུན་འཁྱོངས་བྱེད་རྒྱུར་དམིགས་དཔེ་མི་བལྟ་བར་དངོས་མེད་ལྐོག་གྱུར་རིང་ལུགས་པའི་ལྷ་སྒྲུང་གིས་སེམས་རྒྱུད་བསླུས་ཤིང༌། གཞན་དབང་གི་ལྟ་སྤྱོད་ཁོ་ནར་ཡིད་ཆེས་མི་བྱེད་ཀ་མེད་ངང་རང་ཉིད་ལ་སྒེར་ཚུགས་རང་བཞིན་གྱི་རང་མཚན་པའི་ལྟ་བ་དང་བསམ་བློའི་ལངས་ཕྱོགས་ཏིལ་འབྲུ་ཙམ་ཡང་མེད་པ་འདི་དང༌། ཤེས་ཡོན་གྱི་ཚབ་ཏུ་ལག་ཁྱེར་དང་ཀུན་སྤྱོད་ཉམས་མྱོང་བེད་སྤྱོད་གཏོང་བཞིན་པའི་དགེ་རྒན་རྣམ་པའི་རྩོམ་འབྲིའི་ཉམས་མྱོང་དང་ཤེས་ཚད་ཀྱིས་ལྡང་གིན་མེད་པ་འདིས་ཀྱང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ངེས་རེད། 

སློབ་གྲྭའི་ཁོར་ཡུག་ན་དམངས་གཙོ་ཡང་མེད།

ཁོར་ཡུག་གང་འདྲ་ཞིག་ལ་མཚོན་ན། ལས་དོན་ཅི་ཞིག་སྒྲུབ་དགོས་ཀྱང་རྩ་བའི་ཆ་རྐྱེན་ཞིག་ལ་བརྟེན་ནས་ཁྲིམས་དང་སྒྲིག་གཞིའི་ནང་དོན་ཐད་ཀར་བ་དེ་རང་དབང་དང་གུ་ཡངས་ཀྱི་ངོ་བོར་གཏན་འབེབ་བྱེད་དགོས། སློབ་གྲྭའི་ཁོར་ཡུག་ནས་མི་ཚང་མར་བསམ་བློ་བཏང་ནས་ལས་ཀ་བྱེད་རྒྱུའི་དབང་ཆ་ཡོད་པས། ཡོད་ཚད་རང་གི་འདོད་པ་དང་བསྟུན་ནས་ཁྲིམས་དང་སྒྲིག་གཞིར་བཅོས་མི་རུང༌། སློབ་གྲྭའི་འཛིན་སྐྱོང་གི་དམིགས་ཡུལ་གཏད་ཕྱོགས་ལ་གང་ཟག་སྒེར་གྱི་འདུ་ཤེས་འཛིན་སྟངས་ཀྱིས་ཤན་ཤུགས་ཐེབས་མི་རུང་བས། སློབ་གྲྭའི་ཉིན་རེའི་བྱེད་སྒོ་དང་མ་འོངས་པའི་ལས་འཆར་ཡོད་ཚད་ཐུན་མོང་དང་འདྲ་མཉམ་གྱི་རྣམ་པའི་ཐོག་ནས་གྲོས་མོལ་བྱེད་དགོས་པ་ལས། སློབ་སྤྱིའམ་དབུ་འཛིན་སུས་ཀྱང་དབང་ཆ་བེད་སྤྱོད་བཏང་ནས་ཐག་གཅོད་བྱེད་མི་ཆོག  སློབ་གྲྭ་ནི་སློབ་གྲྭ་ཉིད་ཡིན་པས་སློབ་གྲྭའི་ཁོར་ཡུག་ནས་མི་སུས་ཀྱང་རང་གི་དགའ་མོས་འདོད་ཕྱོགས་ལྟར་བྱེད་སྒོ་སྤེལ་བར་དགག་བྱ་འདོན་པའི་དབང་ཆ་ཡོད། དཔེར་ན། འཛིན་གྲྭ་འཚོགས་རྒྱུ་བློས་གཏོང་གིས་དགེ་སློབ་ལས་གསུམ་དང་བཅས་པ་དབང་ཞུ་བ་དང་ཆོས་ཉན་དུ་གཏོང་བ། རང་གི་འདོད་མོས་ལྟར། རིན་པོ་ཆེའི་རིགས་འདྲ་མིན་གདན་འདྲེན་ཞུས་ཏེ་གསུང་ཆོས་གནང་དུ་འཇུག་པ། རང་ལ་འདོད་མོས་མེད་པའི་ལས་འཆར་ཅི་རིགས་ཀྱིས་གཞུང་སྒེར་དང་འཕྲལ་ཕུགས་གང་ལ་ཕན་ཐོགས་ཀྱི་ཡོད་རུང་དེ་འདྲའི་བསམ་ཚུལ་འདོན་མཁན་ལ་ཁ་རྡུང་དང་གནོན་ཤུགས་དྲག་པོ་གཏོང་བ། གོང་རིམ་ལ་ཆོག་མཆན་ཞུ་མི་དགོས་པར་སློབ་གྲྭ་གཞུང་ལ་རིན་གོང་ཆེས་མཐོ་བའི་མཆོད་ཆས་སྣ་ཚོགས་རང་སྣང་གང་དྲན་གྱིས་ཉོ་སྒྲུབ་བྱེད་པ་བཅས་ནི། སློབ་སྤྱི་ཞིག་གི་དབང་ཚད་ལས་བརྒལ་ཞིང་དམངས་གཙོའི་སྤྱི་འགྲོས་དང་འགལ་བའི་སྒེར་གཅོད་ཀྱི་བྱ་སྤྱོད་ལག་ལེན་བསྟར་བ་ཡིན།

སྤྱིར་བཏང༌། ཟང་ཟིང་གི་འཚོ་བར་ཕུགས་རེ་བཅོལ་ཞིང་འཁོར་བ་བློས་གཏོང་གི་གྲལ་དུ་མ་ཚུད་པའི་བོད་མི་སློབ་གྲྭ་བ་ཞིག་ལ་ཆ་བཞག་ནའང༌། འཚོལ་འདོད་པའི་ཕུགས་བསམ་དང་བགྲོད་འདོད་པའི་ལམ་ཁ་ནི། ཆེས་བདེ་འཇགས་ཤིག་མིན། ཕལ་ཆེར། གང་ཟག་གི་དབང་སྒྱུར་འོག་ན་ལྟ་བ་གཅིག་དང་སྐད་ཆ་གཅིག་ལས་བཤད་མི་ཆོག་པའི་ཚད་ཐིག་ཅིག་ཡོད་པས་ཡིན་སྲིད། སློབ་གྲྭའི་ཁོར་ཡུག་ན་འདུར་རྒྱུག་དང་འཚག་འཕག་གིས་བྲེལ་བའི་བྱིས་པ་སྣབས་བླུག་ཚོ་གཙོས་པའི་ན་གཞོན་སློབ་ཕྲུག་རྣམས་ཀྱི་དགོས་མཁོ་དང་བསམ་བློའི་རང་དབང་ལ་ཀླད་རྙིང་མཁྲེགས་འཛིན་པ་དང་དབང་ཆ་ལོག་སྤྱོད་པ། དཔོན་ཉམས་རིང་ལུགས་པ་སོགས་ཀྱི་སྒེར་གཅོད་ཀྱི་བྱ་སྤྱོད་ལག་ལེན་བསྟར་མུས་ཡིན། འདིའི་དཔེ་མཚོན་ཡག་ཤོས་གཅིག་ནི། ༢༠༠༨ ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་ང་གཞུང་འབྲེལ་ལས་དོན་ཞིག་གི་ཆེད་མ་སུ་རི་བོད་ཁྱིམ་སློབ་གྲྭར་འགྲོ་དགོས་བྱུང༌། སྐབས་དེར་སུ་ཇ་སློབ་གྲྭའི་སློབ་མ་ཞིག་གིས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང༌། “སློབ་མའི་ཤེས་ཡོན་ཡར་རྒྱས་འགྲོ་བ་ལ་དགེ་རྒན་ཡག་པོ་དགོས་ཀྱི་འདུག ལྷག་པར་དུ་བོད་ཡིག་དགེ་རྒན་ཚད་ལྡན་དགོས་ཀྱི་འདུག ཅེས་བསམ་འཆར་ཡང་ཡང་བཏོན་མྱོང་ཡོད། ཡིན་ནའང༌། ང་ཚོའི་སློབ་སྦྱོང་ཡར་རྒྱས་འགྲོ་གི་ཡོད་པའི་སྒྲུབ་བྱེད་དུ། བོད་ཡིག་གི་ཕྱོགས་ནས་ཁྱེད་ཚོ་སློབ་གྲྭ་གཞན་གྱི་སློབ་ཕྲུག་ལས་སློབ་སྦྱོང་ཚད་མཐོ་བ་དང་ཡག་པོ་ཡོད་པ་ནི། ད་ལྟའི་དགེ་རྒན་རྣམ་པའི་བཀའ་དྲིན་རེད། ཅེས་བཀའ་གནང་བ་ཙམ་ལས། དགེ་རྒན་ཚད་ལྡན་ཞིག་འཚོལ་ཆོག་པའི་ཁས་ལེན་གཏན་ནས་གནང་གི་མི་འདུག” ཅེས་ང་ལ་སྙིང་གཏམ་གྱི་ཚུལ་དུ་བཤད་པའི་སྐད་ཆ་འདི་དག་ནི། དོན་ངོ་མའི་ཆ་ནས༌། སློབ་མའི་ཤེས་ཡོན་དང་མི་ཚེའི་མདུན་ལམ་སོགས་ལ་ཐད་ཀར་འབྲེལ་བ་ཡོད་སྟབས། སློབ་མའི་ཁ་གཅོད་ཐབས་ཙམ་གྱི་ལན་ཞིག་བརྒྱབ་ནས་རང་དགར་འཇོག་འོས་པ་ཞིག་ག་ལ་ཡིན།  སློབ་གྲྭའི་དབང་འཛིན་པ་རེ་འགས། དགེ་སློབ་ལས་གསུམ་གྱི་བསམ་འཆར་ལ་རང་གི་ཞེ་འདོད་ལྟར་འགྲེལ་བཤད་རྒྱག་པ་དང་ཉམས་མྱོང་བཤད་པ། དཔེ་མཚོན་ལོ་རྒྱུས་སྣ་ཚོགས་བགྲངས་ནས། མཐར་དབྱེ་ཞིབ་དང་གྲོས་བསྡུར་བྱེད་མི་དགོས་པར་གནད་དོན་ཡོད་ཚད་རང་གིས་ཐག་ཆོད་པར་བྱེད་པས་ན། སློབ་གྲྭའི་ཁོར་ཡུག་ན་དམངས་གཙོ་ཡང་མེད། མ་གཞི་ཡིན་རྒྱུ་རེད། ཤེས་རིག་མེད་པའི་མི་ལ་རྨོངས་དད་རང་རློམ། ཨུ་ཚུགས་ལས་རེ་ས་གཞན་མེད། ཡང་གཅིག་བཤད་ན། སློབ་སྤྱི་འགའ་རེས། སློབ་གྲྭའི་ཁོར་ཡུག་ནི་རང་གིས་ཚོགས་བསགས་སྒྲིབ་སྦྱོང་བྱེད་སའི་དགོན་པ་ཆུང་ཆུང་ཞིག་གི་ངོ་བོར་སྒྱུར་བཞིན་པའི་གནས་བབ་དངོས་ལ་ཞིབ་འཇུག་གིས་ཐག་གཅོད་དང་དོ་དམ་ནན་པོ་བྱེད་མཁན་གཅིག་ཀྱང་འབྱུང་གིན་མེད་པ་འདི་ཅི་འདྲའི་ཡིན་མདོག་ཁ་བ་ལ།

མདོར་ན། གཏོང་ཡིག་འབྲི་མི་ཤེས་མཁན་དེ་སློབ་ཕྲུག་གཅིག་པུ་མིན།

ཁྱོན་ཡོངས་ནས་འགྱུར་བ་ཞིག་གཏོང་རྒྱུ་གལ་ཆེན་པོ་རེད། འགྱུར་བ་འདི་མཐོ་རིམ་གནད་ཡོད་མི་སྣའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་དང་ཀླད་པར་བཤགས་བཅོས་བྱེད་སྟངས་ནས་རིམ་བཞིན་མགོ་འཛུགས་དགོས་པ་ཞིག་ཡིན། རྒྱུ་མཚན། བོད་ཀྱི་སྐད་དང་ཡི་གེ་བེད་སྤྱད་ནས་གཏོང་ཡིག་ཙམ་ཡང་འབྲི་མི་ཤེས་མཁན་དེ་སློབ་ཕྲུག་གཅིག་པུ་མ་རེད། དེང་སང་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པའི་དགེ་རྒན་གསར་རྙིང་གཉིས་ཀའི་ནང་ན་སློབ་ཚན་འཁྲིད་མི་ཤེས་མཁན་དང་གཏོང་ཡིག་འབྲི་མི་ཤེས་མཁན་ཡོད་པར་མ་ཟད། སྙན་ཞུ་དང་མི་སྣ་ངོ་སྤྲོད། ལོ་འཁོར་ལས་བསྡོམས་སོགས་ཀྱིས་མཚོན་པའི་རྒྱུན་སྤྱོད་ཡིག་རིགས་ཙམ་ཡང་འབྲི་མི་ཤེས་པའི་དབུ་འཛིན་དང་སློབ་སྤྱི། དྲུང་ཡིག གཞུང་ཞབས་པ་སོགས་ཆེས་མང་པོ་ཞིག་གཞུང་གི་རྐུབ་བཀྱགས་སྟེང་སྟག་ནང་བཞིན་འགྱིང་བསྡད་ཡོད། འདི་དག་ལས་གཅིག་ལ་དཔེ་མཚོན་ལོ་རྒྱུས་ཐུང་ངུ་ཞིག་ཞུས་ན། འདི་ལྟར། སློབ་ཕྲུག་གྲངས་འབོར་གཅིག་སྟོང་ཟིན་གྲབས་ཡོད་པའི་སློབ་གྲྭ་ཞིག་ཡོད། སློབ་གྲྭ་དེའི་སློབ་སྤྱི་ནི་སྤྱིར་བཏང་སྐད་ཆ་མཐོ་དམའ་ཅི་ཞིག་བཤད་དགོས་ཀྱང་ཁ་ཤོམ་ཆེ་ཞིང་དབང་སྡུད་ཅན་ཞིག་ཀྱང་ཡིན། ཉིན་ཞིག་ལས་དོན་ཞིག་ཤེས་རྟོགས་འབྱུང་ཆེད་གསལ་བསྒྲགས་ཐུང་ངུ་ཞིག་བྲིས་ནས་བཀྲམས་ཡོད་ལ། བོད་ཡིག་དགེ་རྒན་ཞིག་གིས་སེམས་ཀྱིས་མ་བཟོད་པར་མི་མང་པོ་ཡོད་ས་ནས་གསལ་བསྒྲགས་དེའི་ནང་ཡིག་ནོར་ཧ་ཅང་མང་པོ་ཡོད་པ་གསལ་བཤད་བྱས། དེ་ནས་དུས་ཡུན་ཅུང་མ་འགོར་བར་སློབ་སྤྱིས་བོད་ཡིག་དགེ་རྒན་དེ་ཡིག་ཚང་དུ་སྐད་བཏང་ནས། ༼རྒན་ལགས་ཀྱིས་གསལ་བསྒྲགས་ཤོག་ལྷེ་འདི་ཡིག་ནོར་གྱིས་ཁེངས་འདུག ཅེས་གསུངས་ཡོད་ས་རེད། གསལ་བསྒྲགས་འདིའི་ནང་ཡི་གེའི་དག་ཆ་ནོར་བ་ཞིག་ཡོད་ན་སྙུག་གུ་དམར་པོས་ནོར་རྟགས་དགོད་རོགས་༽ཞེས་ཅི་མི་སྙམ་པར་སྒམ་ཚུགས་ཀྱིས་གླེང༌། བོད་ཡིག་དགེ་རྒན་གྱིས་གསལ་བསྒྲགས་ཀློག་ཞོར་ནོར་རྟགས་འགོད་ཞོར་གྱིས་དག་ཆ་ནོར་བ་མི་ཉུང་བ་ཞིག་ཡོད་པ་རེ་རེ་བཞིན་ངོ་འཕྲོད་པར་བྱས་པ་ན། སློབ་སྤྱི་ཅུང་ཟད་ཡིད་མ་འཐད་པའི་ཚུལ་དུ་རྗེས་མ་ནས་དོན་དག་འདི་འདྲའི་རིགས་འབྱུང་སྐབས་ང་ལ་ཐད་ཀར་འབྲེལ་བ་གནང་དགོས་པ་ལས། མི་མང་པོ་ཡོད་ས་ནས་ཁྱབ་བསྒྲགས་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་ལ། བོད་ཡིག་དགེ་རྒན་གྱིས་གསལ་བསྒྲགས་དེ་འབྲི་མཁན་དྲུང་ཡིག་ཡིན་ཤག་བྱས་ཡོད་པའི་གསལ་བཤད་དང་སློབ་སྤྱི་ལ་དགོངས་དག་ཞུ་དགོས་བྱུང་བའི་གནས་ཚུལ་ཡ་ང་ཞིང་ཉན་མི་སྤྲོ་བ་འདི་འདྲ་ཡང་གོ་རྒྱུ་འདུག མདོར་ན། བཙན་བྱོལ་སྤྱི་ཚོགས་འདི་ནི་སྐུ་ངོ་དང་སྐུ་སྲས་རྣམ་པའི་དབང་འཛིན་སྲིད་བྱུས་འོག་ཡོད་སྟབས། གཞུང་གི་ལས་དོན་ཐོག་ཤེས་ཡོན་དང་ལྷག་བསམ་ཤ་ཚ་ཞེན་ཁོག་གིས་ལྡང་གིན་མེད་པའི་འཐུས་ཤོར་རབས་དང་རིམ་པ་འབྱུང་མུས་ཡིན་པ་ཤེས་བཞིན་དུ། ༧གོང་ས་མཆོག་མ་ཡིན་པའི་མི་སུ་ཞིག་གིས་བཤད་ཀྱང་ངོས་ལེན་བྱེད་སྲོལ་མེད། གལ་སྲིད་གནས་སྟངས་འདི་ལ་འགྱུར་བ་ཞིག་གཏང་མ་ཐུབ་ཚེ། རིགས་གཅིག་རྐང་འཛིན་པ་དང་ཡིག་ངག་གཉིས་ཐོག་ནས་བོད་ཀྱི་སྐད་ཡིག་བེད་སྤྱོད་བཏང་ནས་སྔར་སྲོལ་རྒྱུན་འཛིན་དང་སྔར་མེད་གསར་གཏོད་བྱེད་ཕྱོགས་ལ་ནུས་པ་ཐོན་པའི་མི་རབས་གསར་བའི་དཔུང་ཁག་ཅིག་སྐྱེད་སྲིང་བྱེད་རྒྱུ་ཡིན་ཟེར་བ་ནི། རྨི་ལམ་ནང་ནས་ཀྱང་འགྲུབ་མི་སྲིད་པའི་གནད་དོན་ཞིག་ཁ་ནས་གླེང་བ་ཙམ་དུ་ཟད་དོ།།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 22

  1. Dhonling Bhu says:
    ལོ་ 15 སྔོན།

    སོག་སྨོན་ལགས་ཀྱིས་དུས་ཡུན་རིང་མོ་ཞིག་གི་རྗེས་སུ་རང་ཉིད་དགེ་རྒན་བྱེད་པའི་ཉམས་མྱོང་ལས་གྲུབ་པའི་བསམ་ཚུལ་འགའ་ངེད་ཚོའི་སྤྱན་ལམ་འབུལ་བ་འདིར་སྙིག་ཐག་པ་ནས་ཐུགས་རྗེ་ཆེ་དང་། ཁྱེད་ཀྱི་བཅོས་མིན་གྱི་བསམ་ཚུལ་རྣམས་ངོ་མ་ང་རང་ཚོའི་སྤྱི་ཚོགས་ཀྱི་སྟེང་འཕྲད་དང་འཕྲད་བཞིན་ཡོད་ལ། མ་འོངས་པར་ཡང་དེ་ལྟ་བུའི་དཀའ་ངལ་རྣམས་དོར་ཕྱིར་ཁྱེད་ཀྱི་བསམ་ཚུལ་རྣམས་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཞིག་ཀྱང་རེད་འདུག་
    ཁྱེད་ཀྱི་བསམ་ཚུལ་འདི་བཞིན་སྤེལ་ནས་སྤྱི་ཚོགས་ཀྱི་ནང་ཁྱེད་ལ་མཐོང་སྟངས་མི་འདྲ་བ་ཞིག་འགྱུར་སྲིད་ཀྱང། ཁྱེད་ཀྱིས་ཞུམ་པ་མེད་པར་སྙིང་སྟོབས་གསར་བ་ཞིག་སྐྱེས་ནས་མ་འོངས་པར་ཡང་བོད་མི་རིགས་དང། ལྷག་པར་རྩ་ཆེའི་སྐད་ཡིག་དེ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་ཞབས་འདེགས་ཞུ་ཐུབ་རྒྱུའི་ངའི་རེ་བ་དང་སྨོན་ལམ་ཉག་གཅིག་དེ་ཡིན།

    བཀྲ་ཤིས་བདེ་ལེགས།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དོན་ངོ་མ་བཤད་ན་ཡག་པོ་བྲིས་འདུག སོག་ཚང་ཟེར་བའི་མྱི་ལྡང་འདི་སྔོན་མ་ཞིག་ནས་གོ་མྱོང་དང་ཐོས་མྱོང་ཡོད། ད་ལྟ་གང་ནཡོད་་ཧ་གོ་མེད། འདི་ཚོ་བོད་གཞུང་གིས་བདག་རྒྱག་དགོས་པའི་གྲས་ཡིན་ཁོ་ཐག་རེད། ངས་བལྟས་ན་ཕལ་ཆེར་ཧི་མ་ལ་ཡི་རི་རྒྱུད་ཅིག་ན་ལོས་ཡོདབསམ་གི གནས་མཆོག་རྡོ་གདན་ནས། ས་འདིར་བོད་ཡིག་སྐོར་ཡག་པོ་ཞིག་མེད་པས་འབྲི་ས་མི་འགྲོ་གི

    Reply
  3. lobsang says:
    ལོ་ 15 སྔོན།

    སོག་སྨོན་ལགས། ཁྱེད་རང་གི་ལྟ་ཕྱོགས་ནོར་འདུག བཙན་བྱོལ་ཁྲོད་ཀྱི་་སློབ་གྲྭ་གང་གི་ནང་དུ་ཡང་དགོན་པ་གྲྭ་ཚང་གི་འདོན་རྟ་དབྱངས་དང་། ཐིག་རྡུལ་ཚོན། རྡུང་ཕྱག་ལེན་ཡོད་ཚད་སློབ་གྲྭའི་ཁོར་ཡུག་ལ་ཁྱེར་ཡོང་ནས་སློབ་ཕྲུག་ཚོར་འདོད་མོས་མེད་བཞིན་དུ་བོད་ཀྱི་རིག་གཞུང་རེད་ཅེས་བཙན་གྱིས་སྦྱང་སུས་བཅུག་སོང༌བཅུག་མེད། དེ་ནི་ཁྱེད་རང་གིས་བཙན་བྱོལ་བོད་གཞུང་དང་ཤེས་རིག་ལས་ཁུངས་ལ་མི་འདོད་པའི་སྐད་ཆ་བཤད་པ་ཞིག་རེད། དོན་དམ་པའི་ཁྱེད་རང་གིས་ཁ་གཡས་སྐོར་གཡོན་སྐོར་ཅི་ཙམ་བྱས་ཀྱང༌། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭ་ཚོས་ཚད་མའི་རིགས་ལམ་སྦྱང་དགོས་ཞེས་བཀའ་ཡང་ཡང་གནང་བ་དེར་དགག་པ་རྒྱག་གི་ཡོད་པ་རེད་ལ། དེ་ནི་བློ་གཟུར་བོར་གནས་པའི་སྐད་ཆ་མ་རེད། ཁྱེད་རང་ལ་སློབ་སྦྱོང་དེ་མེད་པས་རེད། གལ་སྲིད་ཁྱེད་རང་ལ་སློབ་སྦྱོང་དེ་ཡོད་ན་དེ་ཡག་རབས་དང་བཟང་རབས་མང་པོ་ཞིག་བཤད་རྒྱུ་ཡོད་པ་རེད་སྙམ།

    Reply
  4. ངྷ་སའི་ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    དགེ་རྒན་ཡིག་གཟུགས་མི་ཤེས་མཁན་ཚོས་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་གྲོས་ཆོད་ཁག་ལ་ཞིབ་ཀློག་གྱིས་མ་མཐར་ཡང་ཡིག་གཟུགས་རེ་སྦྱོང་དགོས་པ་ལས་དེ་མུར་གཞུང་གི་གླ་ཕོག་རྐྱང་པར་བསམ་ནས་སྡོད་ཐབས་མེད། ཡིག་གཟུགས་གལ་ཆེ་མིན་དང་ཕན་འབྲས་སོགས་ཀྱི་སྐོར་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་གྲོས་ཆོད་ནང་དམིགས་བསལ་ཡིག་གཟུགས་སྐོར་གྲོས་ཆོད་ཅིག་འཇོག་གནང་མཛད་འདུག་པ་ལས་གསལ་བས་འདིར་བསྐྱར་འབྲི་མ་བྱས། དགེ་རྒན་ཡིག་གཟུགས་སློབ་མི་ཐུབ་མཁན་ཚོས་ཧམ་བཤད་བྱས་ཏེ་ཁུངས་འཁྱོལ་དཀའ་བས་དེ་ལུགས་མཛོད།

    Reply
  5. གཉོམ་ཆུང་། says:
    ལོ་ 15 སྔོན།

    དགེ་རྒན་གྱི་འགན་འཁུར་དང་ཤེས་རྟོགས་གཉིས་ཀྱི་གང་གལ་ཆེ་བ་འདུག་གམ།

    Reply
  6. གནམ་ལྕགས། says:
    ལོ་ 15 སྔོན།

    ཟ་དང་ཚོང་ཁང་།མགྲོན་ཁང་སོགས་ཀྱི་སྒོ་བྱང་འབྲི་དགོས་ན་ངའི་རྩར་ཤོགཐ་ན་སུམ་རྐང་སྤེལ་དགོས་ནའང་ངས་ལཎྫ་དང་ཝ་ཏི་སོགས་ཡག་པོ་འབྲི་ཤེས་ཀྱི་ཡོད།

    Reply
  7. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    ཡིག་གཟུགས་སྙིང་རྗེ་བོ་འབྲི་མཁན་ཞིག་དངོས་གནས་ཡོད་ན་ད་ནི་སྨྱུ་གུ་བཟུང་ནས་ཡོང་རན་རེད། རྡ་རམ་ས་ལ་གཙོས་པའི་བོད་མི་གནས་སྡོད་ཀྱི་ས་ཁུལ་གང་སར་སོང་ནས་སྒོ་བྱང་དེ་དག་ཀྱང་སྙིང་རྗེ་བོ་དང་དག་མོ་ཞིག་འབྲི་དགོས་པར་འདུག

    བཞུགས་སྒར་གྱི་ཟ་ཁང་ཚོང་ཁང་དག་གི་སྒོ་ཁར་བཀལ་བའི་ཡི་གེ་འཁྱར་རེ་འཁྱོར་རེ་དེ་དག་ཕལ་ཆེ་བ་ནི་རྡ་ཤོད་བོད་ཁྱིམ་སློབ་གྲྭར་འགྲོ་སའི་ལམ་བར་གྱི་རྒྱ་གར་བ་དེ་དག་གིས་བྲིས་པ་རེད།

    བོད་པ་ཚོར་ག་དུས་ཡིན་ནའང་། ཁ་བཤད་དང་ལག་ལེན་གཉིས་ཀྱི་བར་ཐག་ལོ་ཟླས་ཆོད་ཡོད།

    Reply
  8. blackman says:
    ལོ་ 15 སྔོན།

    ཤེས་རིག་ཚོགས་ཆེན་ཞིག་འགུལ་ནས་འཇམ་ཅག་གེར་བུད་འགྲོ་ནི་རེད། ཚོགས་ཆེན་བཀོད་་སྒྲིག་གནང་མཁན་ཚོས་ཚོགས་ཆེན་ཞིག་ཚོགས་པས་ལས་འགན་འགྲུབ་སོང་སྙམ་ནས་བསྡད་ཡོད་ནི་རེད། ལག་ལེན་བསྟར་བའི་གོ་རིམ་དང་ཆོད་སེམས་ཤིག་མེད་ན་དཀའ་མོ་རེད། ཤེས་ཡོན་དང་སྐད་ཡིག་གི་ཆེད་དུ་སེམས་ནས་ངུ་འབོད་བྱེད་མཁན་ཚོ་ལ་དབང་ཆ་ང་གོ་སྐབས་གང་ཡང་མེད་ཙ་ན་ཤེས་ཡོན་དང་སྐད་ཡིག་གི་གནས་བབ་འདི་སུས་ཐག་གཅོད་དགོས་ནི་རེད།

    Reply
  9. རི་བོང། says:
    ལོ་ 15 སྔོན།

    སོག་སྨོན་ལམ་ལགས་ཀྱིས་བཤད་པ་ཤིན་ཏུ་བདེན། ལོ་འགའི་ཡར་སྔོན་ལ་ངས་སློབ་གྲྭ་ཞིག་ནས་སློབ་དགེ་བྱེད་བཞིན་པའི་སྐབས་སུ། དགེ་རྒན་འགས་ནང་ལས་ནག་བང་སྟེང་བྲིས་ཏེ། སློབ་ཕྲུག་ཚོར་ཕབ་བཤུས་བྱེད་བཅུག་ནས་མིག་གིས་ལྟ་ཙམ་ཡང་མི་བྱེད་པར་འགྲིག་རྟགས་རྒྱག་བཞིན་པ་མཐོང་ནས་བློ་ཕམ་བྱུང་སོང་། ཡིན་ནའང་སློབ་ཕྲུག་མང་ཆེ་བ་དེ་ལ་དགའ་གི་ཡོད་པ་རེད། ཤ་ཚ་ཚ་བྱས་ནས་སྟངས་འཛིན་བྱེད་མཁན་གྱི་བོད་དགེ་ཚོ་ཁོང་ཚོའི་མིག་ནང་གི་ལིང་ཏོག་ནང་བཞིན་ཆགས་ཀྱིན་འདུག

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་ཀྱི་བུ་ཕྲུག་རྣམས་ལ་འཇིག་རྟེན་འཁོར་བ་ཡར་རྒྱས་གཏོང་ཐུབ་པའི་རིག་གནས་མ་བསླབ་པ་འཇིག་རྟེན་འཁོར་བ་རྩ་མེད་བཟོ་རྐྱེན་གྱི་རིག་གནས་བསླབ་སྡོད་པ་ཡིན་ན་མི་རིང་བ་ཁ་བ་རི་པའི་འཇིག་རྟེན་འཁོར་བ་སྟོང་ངེས་རེད།
    གྲྭ་པ་དང་ཨ་ནེ་ཚང་མས་འཇིག་རྟེན་འཁོར་བ་སྤངས་གང་ཐུབ་བྱས་མ་ཟད་སློབ་མ་རྣམས་ཀྱིས་ཀྱང་འཇིག་རྟེན་འཁོར་བ་སྤངས་རྐྱེན་གྱི་རིག་གནས་ལ་བསླབ་པ་སློབ་གཉེར་བྱེད་སྡོད་པ་ཡིན་ན། འོ་ན་ད་སུ་ཡིས་ཁ་བ་རི་པའི་འཇིག་རྟེན་འཁོར་བ་སྒྲུབ་དགོས་སམ་སམ་སམ་སམ། འཇིག་རྟེན་ཕ་ཆོས་ནི་ངེས་པ་དུ་ཡར་རྒྱས་གཏོང་དགོས།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སུད་སི་ལྟ་བུར་ཆ་མཚོན་ན་ཀམ་པུང་དྲའི་ནང་དུ་པར་རྒྱག་པའི་ཡིག་གཟིགས་མ་གཏོགས་ལག་པས་བྲིས་པའི་ཡིག་གཟིགས་དེ་ལས་ཁུངས་རྣམས་ཀྱིས་ངོས་ལེན་བྱེད་ཀྱི་མེད། དེང་རབས་རྙིང་པའི་སྐབས་སུ་ལག་བྲིས་དེ་གལ་ཆེན་པོ་ཡིན་ཀྱང་དེང་སང་ཀམ་པུང་དྲའི་དུས་རབས་འདིར་ལག་བྲིས་ཡིག་གཟིགས་དེར་དེ་ཙམ་དོན་དག་མི་འདུག་སྙམ།

    Reply
  12. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    ཡིག་གཟུགས་སྣ་གཅིག་ཡག་ན་ཆོག ཡིག་གཟུགས་ཚང་མ་ཤེས་དགོས་པའི་ངེས་པ་མེད། ཡིག་གཟུགས་ནི་ཐང་ཀ་འབྲི་རྒྱུ་དེ་མ་རེད། ཡིག་གཟུགས་ནི་རི་མོ་རིགས་གཅིག་གི་ལམ་ནས་དོན་དག་ཅིག་སྟོན་རྒྱུ་དེ་རེད།

    Reply
  13. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སོག་སྨོན་ལམ་ལགས་ཀྱིས་གསུངས་དང་ལ་དག་བུ་མོ་དེས་ལབ་པ་བརྒྱ་ཆ་བརྒྱ་བདེན་པ་རེད།དེ་ལྟ་བུ་སློབ་གྲྭ་ཁག་ཏུ་མང་པོ་ཡོད།ཤེས་རིག་བཀའ་བློན་དང་བཀའ་བློན་ཁྲི་པ་གཉིས་ཀྱི་ངོ་མ་ལག་ལེན་་་་་་་་་་་་་་་

    Reply
  14. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    སོག་སྨོན། ངས་གནད་དོན་མང་པོ་ཞིག་གཞིར་བཞག་ནས་འདང་རྒྱག་སྐབས། བོད་ཡིག་གི་དགེ་རྒན་ནི་བཟང་བཙོན་ལ་གནས་པའི་བཙོན་མ་ལྟ་བུ་ཞིག་རེད། ་་གང་ལྟར་བོད་ཡིག་གི་དགེ་རྒན་དེ་ནུས་པ་འདོན་མི་ཐུབ་པའི་ར་བ་ཞིག་ཏུ་ལྷག་འདུག་པའི་མྱོང་ཚོར་ཤིན་ཏུ་ཆེ། དེའི་ཕྱིར་ལོ་གསར་པ་འདི་དང་བསྟུན་ནས་ངས་སློབ་དཔོན་ཐོན་མིའི་མཛད་རྗེས་དང་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་རྗེས་དྲན་བྱེད་འོས་པའི་གླེང་བརྗོད་ཅིག་འབྲི་ཁུལ་བྱས་ཡོད་་་་་་འདི་ཡང་ཕྱོགས་གཅིག་ནས་ཨུ་ཐུག་པའི་སྐད་ཆ་ཡིན།

    Reply
  15. ཕུན་ཚོགས ། says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་ལ་ཞིབ་ཚགས་པོ་དང་རྣོ་བསམ་གྱི་གཤིས་ཤིག་འདུག་པས་ང་ཚོས་ངེས་པར་དཔྱད་གཞི་བྱ་འོས་པ་ཤིག་འདུག

    Reply
  16. ཀླུ་རྩེད། says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་བཀླག་རྗེས་འདང་རེ་བརྒྱག་རྒྱུ་ཡོང་གི།ངོ་མ་དཔྱད་བརྗོད་ཡག་པོ་བྲིས་འདུག
    ཐུགས་རྗེ་ཆེ་ཞུ།

    Reply
  17. ངྷ་སའི་ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    ཡིག་གཟུགས་སྦྱོང་རྒྱུར་མི་དགའ་བའི་རྒྱུ་མཚན་དེ་སོ་སོ་དགེ་རྒན་གྱི་གོ་སར་ཞུགས་ཏེ་ཡིག་གཟུགས་ཤིག་ཀྱང་ཤེས་མེད་པའི་རྟགས་རེད། ད་དུང་མི་འདི་ཚོས་རང་ཉིད་དགེ་རྒན་མིན་པའི་སྐབས་སུ་དགེ་རྒན་གྱིས་མ་འཇོན་པ་ཤས་གཅིག་བཤད་མཁན་དེ་རེད། ད་ལྟ་སོ་སོ་དགེ་རྒན་གྱི་གོ་སར་འགྱིངས་པའི་སྐབས་ཅི་ཞིག་འཇོན་ཡོད་ཞིབ་རྩིས་ཤིག་རྒྱོབ་དང། དགེ་རྒན་ཞིག་གིས་ཡིག་གཟུགས་འབྲི་མ་ཤེས་པར་ཉིན་ལྟར་འཛིན་ཁང་དུ་ཡོང་ནས་ནག་པང་ཐོག་ཅི་ཞིག་འབྲི་རྒྱུ་ཡིན། དགེ་རྒན་རང་ཉིད་ཀྱིས་མ་ཤེས་པ་དེ་མི་གླེང་བར་ད་དུང་ཡིག་གཟུགས་སློབ་རྒྱུར་ཕན་ཐོག་མེད་པ་བཤད་པ་འདི་ངོ་མི་ཚའམ།

    Reply
  18. གནམ་ལྕགས། says:
    ལོ་ 15 སྔོན།

    དེང་སང་བཙན་བྱོལ་ཁྲོད་འདི་འདྲའི་དགེ་རྒན་ཞིག་ཡོད་པ་སེམས་ལའང་དྲན་མ་མྱོང་།གོང་གི་རྩོམ་ཡིག་སྤེལ་མཁན་གྱི་དགེ་རྒན་འདི་སུ་རེད།སོག་སྨོན་ལམ་ཟེར་བ་ནི་གང་ནས་རེད།ནམ་ཞིག་ལ་གང་ཞིག་ཏུ་དགེ་རྒན་གནང་གི་ཡོད།འདིའི་གོང་གི་ཚན་པ་རེ་རེའི་ལྗིད་ཁོག་ཅན་གྱི་སྐད་ཆས་ང་རང་དྲངས་སོང་།ད་དུང་སློབ་གྲྭའི་ཁོར་ཡུག་ན་དམངས་གཙོ་ཡང་མེད་ཅེས་པ་ཤིན་ཏུ་ནས་དགའ་འོས་པའི་སྐད་ཆ་ཞིག་རེད་འདོད་སོང་།

    Reply
  19. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    ཉིན་ཁ་ཤས་གཞུང་དམངས་ཀུན་པོས་གསར་འགྱུར་འདི་གླེང་གི་རེད། དེ་ནས་ཉིན་ཤས་རྗེས་སླར་ཡང་རྒྱུན་ལྡན་ཆགས་ཡོང་གི་རེད།

    Reply
  20. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཡ ཡ པར་དུ་བཏབ་ནས་ཁྱེར་རྒྱུ་ཡིན། དགོང་མོར་ཞིབ་ཀློག་ཅིག་བྱ་ཡ།

    Reply
  21. དབུས་ཕྲུག་ཚེ་རིང་། says:
    ལོ་ 15 སྔོན།

    དེ་རིང་གློ་བུར་དུ། སོག་ཚང་གིས་རྩོམ་ཡིག་ལྗིད་ཏིག་ཏིག་ཅིག་ཁྱེར་བྱུང་ཡ། ངོ་མ་རེད་ང་རང་ཡང་སློབ་གཞི་བཅོས་བསྒྱུར་གྱི་སྐོར་ལ་སེམས་ཚོར་ཡོད་མཁན་ཞིག་ཡིན་ལ། དེ་སྔོན་ནས་བསམ་ཚུལ་ཁག་འགའ་ཤས་སྟོན་མྱོང་། འོན་ཀྱང་ཁ་དང་ཞལ་ཐུག་པ་དང་། གཉིས་ནས་བོད་ཡིག་ལ་རིན་ཐང་མེད་དུས་དེའི་སྐོར་གྱི་སློབ་གསོ་ལའང་། བརྩི་མཐོང་མེད་པར་སྣང་། འོན་ཀྱང་དགེ་རྒན་བྱེད་མྱོང་བ་ཞིག་གིས་ངོས་ནས་འདི་ལྟར་བྲིས་ན། དོན་དངོས་དང་རྦད་དེ་འཚམས་པ་ཡོད། འདི་ཚོར་ངེས་པར་དུ་ཤེས་རིག་ནས་དོ་ཁུར་གཟབ་བཞེས་གནང་དགོས་སྙམ།

    Reply
  22. མི་ཆུང་། says:
    ལོ་ 15 སྔོན།

    ཤེས་རིག་གི་ཚོགས་ཆེན་འདི་ཡིས་རྒན་ལགས་ཚོ། ཅུང་ངར་ཡོད་ཚོད་འདུག གང་ལྟར་དོན་དངོས་དང་འཚམས་པའི་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ལྷག་ཡོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese