མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་ཆ་འདི་དག་སྙིང་གི་ཨུ་ཁུང་ལས་ཐོན་པའི་མཆི་མ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་བའི་གྲོས་ཚོགས་འདི་ལ་གསལ་བཤད་ག་ཚོད་བྱས་ཀྱང་། གསལ་བོ་ཆགས་རྒྱུ་མེད་པའི་ཉམས་མྱོང་ཧ་ཅང་གཏིང་ཟབ་ཆགས་འདུག གསལ་བཤད་མགོ་འཛུགས་སྐབས་ནས་གསལ་བོ་ཆགས་པ་མ་རེད་ལ། གསལ་བོ་ཆགས་རྒྱུར་འདོད་ཀྱང་ཡོད་པ་མ་རེད། གསལ་བཤད་དང་རྒྱུ་མཚན་བཤད་དེ་གསལ་བོ་ཆགས་རྒྱུ་ཡོད་ན། ཐེངས་འདིར་༧གོང་ས་མཆོག་གིས་འདི་ལྟ་བུའི་གསུང་འཕྲིན་ཞིག་ཕེབས་དགོས་དོན་ཡང་ཡོད་པ་མ་རེད། ཅེས་བཀའ་བློན་ཁྲི་པས་གསུངས་ཡོད།

 

ཉེ་ཆར་༧གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་སྐོར་ལ་གྲོས་ཚོགས་ནང་བགྲོ་གླེང་དང་དོགས་འདྲི་སྣ་ཚོགས་བྱས་པ་ཁག་ལ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བཀའ་བློན་ཁྲི་པ་མཆོག་གིས་དོན་ཚན་ ༥ ཡི་ལན་འདེབས་དང་གསལ་བཤད་རྒྱས་པ་ཞིག་གནང་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་ནན་ཏན་གྱི་ཐོག་ནས་གསུངས་དོན། ༧གོང་ས་མཆོག་གིས་གསུང་འཕྲིན་གསལ་བོ་གནང་ཡོད་སྟབས། དེ་ལ་གསལ་བཤད་བྱ་རྒྱུ་ལྷག་མེད་ཀྱང་། སྤྱི་འཐུས་རྣམ་པས་གྲོས་བསྡུར་གནང་བའི་སྐབས་སུ་བཀའ་འདྲི་མང་པོ་ཞིག་༧གོང་ས་མཆོག་ལ་ཐད་ཀར་ཞུ་བཞིན་ཡོད་པ་ལྟ་བུར་ཚོར་སོང་། དེ་ལ་བཀའ་ཤག་གིས་༧གོང་ས་མཆོག་གི་ཚབ་བྱས་ཏེ་གསལ་བཤད་བྱ་རྒྱུའི་ནུས་པ་མེད་ལ། སྐབས་བཅུ་བཞི་བའི་གྲོས་ཚོགས་འདིའི་ནང་ལ་གསལ་བཤད་ག་ཚོད་བྱས་ཀྱང་། གསལ་བོ་ཆགས་རྒྱུ་མེད་པའི་ཉམས་མྱོང་ཧ་ཅང་གཏིང་ཟབ་ཅིག་ཆགས་འདུག གསལ་བཤད་མགོ་འཛུགས་སྐབས་ནས་གསལ་བོ་ཆགས་པ་མ་རེད་ལ། གསལ་བོ་ཆགས་རྒྱུར་འདོད་ཀྱང་ཡོད་པ་མ་རེད། གསལ་བཤད་དང་རྒྱུ་མཚན་བཤད་དེ་གསལ་བོ་ཆགས་རྒྱུ་ཡོད་ན། ཐེངས་འདིར་༧གོང་ས་མཆོག་གིས་འདི་ལྟ་བུའི་གསུང་འཕྲིན་ཞིག་ཕེབས་དགོས་དོན་ཡང་ཡོད་པ་མ་རེད། ཅེས་དང་།

 

འོན་ཀྱང་། གལ་ཆེན་དོན་ཆེན་དུ་མཐོང་སྟེ་གསལ་བཤད་བྱ་རྒྱུར་རྒྱུ་མཚན་གསུམ་ཡོད། དང་པོ། སྤྱི་འཐུས་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་ཚོགས་འདུའི་འགྲོ་ལུགས་ཀྱི་སྒྲིག་གཞིའི་ལེའུ་བཅུ་བདུན་པའི་ནང་གསེས་གསུམ་པར་བརྩི་བཀུར་ཞུས་པ་ཡིན། གཉིས་པ། རྒྱ་ཆེའི་མང་ཚོགས་ཀྱིས་མཁྱེན་རྟོགས་ཡོང་ཆེད་ཡིན། གསུམ་པ། བྱུང་རབས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཆེད་ཡིན། དེ་རིང་བཀའ་ཤག་གི་གསལ་བཤད་ལས། དང་པོ། བཀའ་ཤག་གི་སེམས་ཀྱི་ཚོར་བ་དང་། གཉིས་པ། ༧གོང་ས་མཆོག་གི་གསུང་འཕྲིན་གྱི་ནང་དོན་དེ་དག་ཕེབས་དགོས་པའི་རྒྱུ་མཚན། གསུམ་པ། ༼ ཞི་བའི་དོན་ཚན་ལྔ ༽ ནས་༼ བོད་རིགས་ཡོང་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ བར་གྱི་གནས་ཚུལ་འགྱུར་ལྡོག་དང་འཕེལ་རིམ། བཞི་བ། བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པས་དགོངས་ཚུལ་གསུངས་པ་ཁག་ལ་གསལ་བཤད། ལྔ་བ། གསུང་འཕྲིན་གྱི་དགོངས་དོན་སྙིང་པོ་ཐེངས་འདིར་ཐག་གཅོད་གནང་དགོས་པའི་རེ་འདུན་བཅས་དོན་ཚན་ ༥ ཡོད། ཅེས་གསུངས་པ་དང་སྦྲགས། གསལ་བཤད་དོན་ཚན་ལྔ་རེ་རེ་བཞིན་གསུངས་དོན།

 

དོན་ཚན་དང་པོ། བཀའ་ཤག་གི་སེམས་ཚོར་ལ་ཆ་མཚོན་ན། ཆབ་སྲིད་ཀྱི་ལས་དོན་སྤྱི་དང་ཁྱད་པར་དུ་གྲོས་ཚོགས་ཀྱི་སྡིངས་ཆར་དངོས་ཡོད་གནས་ཚུལ་གང་བྱུང་ཡང་། དེ་ལ་གདོང་ལེན་བྱ་རྒྱུ་ལས་སེམས་ཚོར་བཤད་རྒྱུ་འཚམ་གྱིན་མེད་པ་ཤེས་ཀྱིན་ཡོད། འོན་ཀྱང་། ཐེངས་འདིར་དུས་རྒྱུན་གྱི་ལམ་སྲོལ་ལས་ཅུང་བརྒལ་ཏེ་གྲོས་ཚོགས་ནང་སེམས་ཚོར་ཕྲན་བུ་མི་བཤད་ཐབས་མེད་ཆགས་སོང་། གང་ཡིན་ཟེར་ན། སྤྱི་འཐུས་མི་ཉུང་བ་ཞིག་གིས་བཀའ་བློན་ཚོ་འཕྲུལ་འཁོར་གྱི་མི་ལྟར། དགའ་སྡུག་གི་ཚོར་བ་མེད་མཁན་ཞིག་ལ་དགོངས་ཀྱིན་མེད་དམ་སྙམ་པའི་དོགས་པ་བྱུང་སོང་། དེར་བརྟེན། ང་ཚོ་བཀའ་བློན་ཚོ་ཡང་ཉོན་མོང་མ་སྤངས་པར་འདོད་སྡང་རྨོངས་གསུམ་དང་། བདེ་སྡུག་བཏང་སྙོམ་བཅས་ཀྱི་ཚོར་བ་ཡོད་མཁན་ཤ་སྟག་ཡིན། གསུང་འཕྲིན་དེ་༧གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོས་གནང་བ་ཞིག་མིན་པར་ཨ་ཆད་ཨུ་ཐུག་གི་ཐོག་ནས་གནང་བ་ཞིག་རེད། འཛིན་སྐྱོང་གི་ལས་ཀྱི་སྣེ་མོར་གཏོགས་པའི་བཀའ་བློན་ཚོས་༧གོང་ས་མཆོག་གིས་བཀའ་འདི་འདྲ་ཞིག་ཕེབས་མི་དགོས་པའི་ལས་དོན་བྱས་མ་ཐུབ་པ་བློ་འགྱོད་བྱུང་སོང་། གསུང་འཕྲིན་ལ་བགྲོ་གླེང་སྐབས། ༧གོང་ས་མཆོག་གིས་མི་དམངས་ལ་དམངས་གཙོའི་ལམ་སྲོལ་བསྩལ་བ་དེ་ཕྲུ་གུ་ནར་མ་སོན་པ་ཞིག་གི་ལག་ཏུ་མདའ་གྲིའི་མཚོན་ཆ་བཞག་པ་ལྟ་བུ་ཆགས་མི་སྲིད་པ་མི་འདུག་སྙམ་པའི་དོགས་འཚབ་བྱུང་སོང་། སྲིད་དོན་ཚོགས་པ་མེད་པའི་གྲོས་ཚོགས་ནང་། སྤྱི་འཐུས་ཚང་མས་གཞུང་འཛིན་དང་ཕྱོགས་འགལ་གཉིས་ཀའི་འགན་བཞེས་དགོས་ཀྱང་། སྤྱི་འཐུས་མི་ཉུང་བ་ཞིག་གི་བྱེད་སྟངས་ཀྱིས་གྲོས་ཚོགས་ནང་བཀའ་ཤག་གྲོགས་མེད་ཁེར་རྐྱང་ཡིན་པའི་ཚོར་སྣང་བྱུང་སོང་། རྒྱུ་མཚན་འདི་དག་ལ་བརྟེན་ཏེ། ངས་བཤད་པའི་སྐད་ཆ་འདི་དག་ཨུ་ཁུང་བརྟོལ་བའི་ནང་གི་སྙིང་ནས་ཐོན་པའི་མཆི་མ་ཡིན་སྟབས། སྤྱི་འཐུས་རྣམ་པའི་སྙན་ལ་བདེ་བོ་དང་ཐུགས་ལ་འབབ་པོ་ཡོང་བའི་རེ་བ་དེ་ཙམ་མི་འདུག

 

དོན་ཚན་གཉིས་པ། ད་རེབ་༧གོང་ས་མཆོག་གིས་གསུང་འཕྲིན་འདི་ལྟ་བུ་ཞིག་བསྩལ་དགོས་པའི་རྒྱུ་མཚན་ཐད། བཀའ་ཤག་གི་མཐོང་ཚུལ་བཤད་ན། ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་སྐབས་བཅུ་གཉིས་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག བོད་ཀྱི་རྩ་དོན་དང་དེའི་སྒྲུབ་ཐབས་བཅས་༧གོང་ས་མཆོག་གིས་དུས་ནས་དུས་སུ་ཐག་གཅོད་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན། ཞེས་གསོལ་འདེབས་ཞུས་ཡོད་པར་བརྟེན། ༧གོང་ས་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་རྒྱུར་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་གནང་བ་རེད། དེའི་འབྲས་བུར་ཕྱི་ལོ་ ༢༠༠༢ ནས་འབྲེལ་ལམ་ལྷར་གསོ་བྱུང་སྟེ། འབྲེལ་མོལ་རིམ་པའི་སྐབས་༧གོང་ས་མཆོག་གིས་རྒྱ་གཞུང་གི་ལངས་ཕྱོགས་དང་བསམ་ཚུལ་ཁག་ལ་ཐུགས་ཞིབ་གནང་སྟེ། གུ་ཡངས་དཀྱེལ་ཆེ་ཡི་དགོངས་པ་བཞེས་ཏེ་གུ་བཤང་མང་པོ་གནང་ཡོད་ལ། འབྲེལ་མོལ་གྱི་ཁོར་ཡུག་བསྐྲུན་ཐབས་ལའང་༧གོང་ས་མཆོག་གིས་སྐུ་ངལ་མང་པོ་སྐྱོན་ཡོད། སྐབས་དེར་བཙན་བྱོལ་ནང་གི་བོད་མི་ཉུང་ཤས་ཤིག་གི་ཐུགས་ལ་བབ་མེད། དེར་བརྟེན། སྐབས་བཅུ་བཞི་བའི་གྲོས་ཚོགས་ནང་གླེང་སློང་དང་དྲི་བ་མང་པོ་བྱུང་སོང་། དེ་ལ་ཕྱི་ལོ་ ༢༠༠༦ ཟླ་ ༡༠ ཚེས་ ༦ ཉིན་བཀའ་བློན་ཁྲི་པས་གསལ་བཤད་རྒྱས་པ་ཞིག་བྱས་ཡོད། གྲོས་ཚོགས་ཚོགས་དུས་བདུན་པ་ནས་རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་དེ་༧གོང་ས་མཆོག་གི་དགོངས་དོན་དབུ་མའི་ལམ་དང་མཐུན་གྱིན་མེད། ཡིག་ཆ་དེར་གྲོས་ཚོགས་ཀྱི་བཀའ་འཁྲོལ་མ་ཞུས་པར་སྤྲད་པ་རེད། ༧གོང་ས་མཆོག་གི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ་ཐ་དད་རེད་ཟེར་བ་སོགས་ཀྱི་གླེང་སློང་བྱུང་ཡོད། ཐེངས་གཅིག་གྲོས་ཚོགས་ནང་བགྲོ་གླེང་དགོས་པའི་གྲོས་འཆར་སླེབས་ཀྱང་དགག་བྱ་བྱུང་སྟེ་གསལ་བཤད་ཞུ་ཐུབ་མེད། གྲོས་ཚོགས་ནང་གླེང་མ་ཐུབ་སྟབས་ཕྱི་ལོགས་ནས་སྐད་ཆ་འདྲ་མིན་བཤད་དེ་མི་ཚང་མ་མགོ་རྨོངས་པ་བཟོས་ཡོད། མཐར་གསར་འགྱུར་བརྒྱུད་ལམ་ནང་ ༼ གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ ༽ ཟེར་བའི་མགོ་བརྗོད་འོག གནས་ཚུལ་དེ་བྱུང་བ་རེད། གནས་ཚུལ་དེ་རིགས་མང་ཆེ་བ་སྤྱི་འཐུས་ཁ་ཤས་ཀྱི་གོ་སྒྲིག་དང་མཐུན་འགྱུར་གནང་བ་ཞིག་རེད། གནད་དོན་དེ་གྲོས་ཚོགས་ནང་བརྡར་ཤ་ཆོད་པའི་ཐག་གཅོད་ཅིག་མ་བྱུང་ན། སྤྱི་ཚོགས་མགོ་རྨོངས་པ་དང་༧གོང་ས་མཆོག་གི་བཞེངས་ཕྱོགས་ལ་གྲོས་ཚོགས་ནང་མོས་མཐུན་མེད་པ་ལྟ་བུའི་རྣམ་འགྱུར་ཐོན་ན། རྩ་དོན་ལ་གནོད་གཞི་ཆེན་པོ་ཡོང་གིན་ཡོད་སྟབས། ༧གོང་ས་མཆོག་གིས་ཟབ་གསལ་འཁྲུན་ཆོད་ཀྱི་གསུང་འཕྲིན་དེ་བསྩལ་བ་རེད་དྲན་ཡོད།

 

དོན་ཚན་གསུམ་པ། ཞི་བའི་གྲོས་འཆར་དོན་ཚན་ལྔ་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བར་གནས་ཚུལ་གྱི་འཕེལ་རིམ་དང་འགྱུར་འགྲོས་རེད། དང་པོ། ཕྱི་ལོ་ ༡༩༨༧ ལོར་༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་སུ་བསྩལ་བའི་ཞི་བའི་དོན་ཚན་ལྔ་ཟེར་བ་དེ། བོད་རྒྱ་མི་རིགས་གཉིས་ཀྱིས་མཚོན་པའི་སྐྱེ་འགྲོ་ཡོངས་ཀྱི་འཕྲལ་ཕུགས་ཀྱི་བདེ་དོན་དང་། བོད་པའི་བདེ་དོན་ལ་ཕུགས་རྒྱང་རིང་པོའི་འཆར་སྣང་། བོད་རྒྱ་ཞི་མོལ་གྱི་རྒྱབ་ལྗོངས་བཅས་ཀྱི་འོག་བཀའ་བསྩལ་བ་ཞིག་རེད། དེའི་ནང་གི་གནད་དོན་མང་ཆེ་བ་བོད་རྒྱ་གཉིས་ཀའི་བདེ་དོན་ལ་ལག་ལེན་བསྟར་དགོས་པ་ཤ་སྟག་ཡིན་སྟབས། འགྲོ་བཞིན་པའི་འབྲེལ་མོལ་དང་ཐད་ཀར་འབྲེལ་བ་མེད། གཉིས་པ། ༡༩༨༨ ལོར་༧གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་སུ་བསྩལ་བའི་སི་ཊ་སི་སྦག་གི་གྲོས་འཆར་ཟེར་བ་དེ། སྐབས་དེ་ལ་འགྲོ་བཞིན་པའི་ཞི་མོལ་གྱི་གྲོས་གཞིའི་ངོ་བོར་བསྩལ་བ་ཞིག་རེད། བོད་རྒྱ་ཞི་མོལ་དང་ཐད་ཀར་འབྲེལ་བ་ཆགས་ཡོད། འོན་ཀྱང་རྒྱ་ཕྱོགས་ནས་དེའི་ཐོག་ལ་གྲོས་མོལ་བྱ་ཐབས་མེད་ཚུལ་བརྗོད་ཡོད་སྟབས། ༡༩༩༡ ལོའི་གསུམ་དུས་གསུང་འཕྲིན་ནང་། དེ་ལ་རྒྱ་ཕྱོགས་ནས་ངོས་ལེན་གསལ་བོ་མ་བྱུང་ན། སི་ཊ་སི་སྦག་ནས་བཏོན་པའི་ཡིག་ཆ་དེ་ངོས་ལེན་བྱ་དགོས་དོན་གང་ཡང་མེད། ཞེས་དང་། ༡༩༩༢ ལོའི་གསུམ་དུས་གསུང་འཕྲིན་ནང་། ངོས་རང་གིས་བཏོན་པའི་སི་ཊ་སི་སྦག་གི་གྲོས་འཆར་དེ་རང་བཞིན་ནུས་མེད་དུ་གྱུར་ཟིན། ཞེས་གསུངས་ཡོད། དེ་དག་ལ་བརྟེན་ཏེ་གྲོས་འཆར་དེ་ལོ་རྒྱུས་ཀྱི་ཡིག་ཆ་དང་དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་ཙམ་མ་གཏོགས་བོད་རྒྱ་འབྲེལ་མོལ་གྱི་གྲོས་གཞི་མིན་པ་གསལ་བོ་ཆགས་ཟིན་པ་ཞིག་རེད། གསུམ་པ། ཕྱི་ལོ་ ༢༠༠༢ ནས་འབྲེལ་མོལ་བསྐྱར་མཐུད་བྱུང་རྗེས་རྒྱ་ནག་གི་བསམ་ཚུལ་ཁག་ལ་དགོངས་བཞེས་ཀྱིས་ ༢༠༠༤ ནས་༧གོང་ས་མཆོག་གི་བཀའ་གནང་ཕྱོགས་ལ་རིམ་གྱིས་འགྱུར་བ་ཕྱིན་ཡོད། ༢༠༠༤ ལོའི་གསུམ་དུས་གསུང་འཕྲིན་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་གནས་པའི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས། ཞེས་གསུངས་ཡོད། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཟེར་བའི་ཚིག་བེད་སྤྱོད་བཏང་བ་ཐོག་མ་རེད། ཅེས་དང་།

ཕྱི་ལོ་ ༢༠༠༥ ལོའི་གསུམ་དུས་གསུང་འཕྲིན་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་གནས་རྒྱུར་འདོད་འདུན་བྱ་རྒྱུ་ཡིན། ཞེས་ཁ་ཇེ་གསལ་དུ་བཏང་ཡོད། ལོ་དེའི་ཟླ་ ༡༡ ཚེས་ ༡༨ ཉིན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྟེང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་རང་སྲིད་རང་སྐྱོང་འཚོལ་རྒྱུ་ཡིན། ཞེས་དང་། ༢༠༠༦ ལོའི་གསུམ་དུས་གསུང་འཕྲིན་ནང་། མ་འོངས་བོད་ཀྱི་མདུན་ལམ་ཁ་བྲལ་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་འཚོལ་ཐབས་བྱ་རྒྱུ་ཡིན། དེ་བཞིན། ༢༠༠༧ ལོའི་གསུམ་དུས་གསུང་འཕྲིན་ནང་། བོད་རིགས་ཡོངས་རྫོགས་གཅིག་གྱུར་ཞིག་རང་སྐྱོང་རྩ་ཁྲིམས་ནང་གསལ་བ་དེ་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱ་རྒྱུ། ཞེས་དང་། ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་སྐབས། ༧གོང་ས་མཆོག་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཏོན་པའི་བོད་མི་རིགས་ས་གནས་རང་སྐྱོང་ལྗོངས་ཀྱི་སྐོར། ཤོག་བུ་དཀར་པོ་ཟེར་བའི་ཡིག་ཆའི་ནང་གསལ་བོ་བཀོད་པ་ལྟར། བོད་ལ་དོན་དང་ལྡན་པའི་རང་སྐྱོང་ཞིག་བསྒྲུབ་ཐུབ་པའི་ཐོག་འབད་དགོས། ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་རྒྱ་རིགས་ཡོངས་ལ་འབོད་སྐུལ་ཞུས་པའི་ནང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་འཚོལ་ཐབས་བྱས་པ་ཡིན། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བོད་རིགས་ལྟ་བུའི་གྲངས་ཉུང་མི་རིགས་ལ་ཐོབ་ཐང་ཡོད་པ་གསལ་ཡོད། ཅེས་གསུངས་ཡོད། དེའི་རྗེས་ཨ་རིའི་ནའེ་ཡོར་དུས་བབ་ཀྱི་གསར་འགོད་པ་གྲགས་ཆེན་ཞིག་གིས་༧གོང་ས་མཆོག་ལ་བཅར་འདྲི་རིང་པོ་ཞིག་ཞུས་ཏེ། ༢༠༠༨ ཟླ་ ༨ ཚེས་ ༧ ཉིན་ནའེ་ཡོར་དུས་བབ་ནང་བཀོད་ཡོད། དེ་ནི་ ༢༠༠༨ ཟླ་ ༨ ཚེས་ ༨ ཉིན་གྱི་པེ་ཅིན་ཨོ་ལམ་ཕིག་ལ་དམིགས་པ་ཞིག་རེད། བཅར་འདྲིའི་ནང་། ཏཱ་ལའི་བླ་མས་བོད་ལ་ས་གནས་མི་རིགས་རང་སྐྱོང་མིང་དོན་མཚུངས་པ་ཞིག་བྱུང་ན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྲོལ་དང་དམར་ཤོག་ཚོགས་པའི་དབང་སྒྱུར་ལ་ཁས་ལེན་བྱ་མི་ཐུབ་པ་མེད། ང་ཚོའི་རྩ་དོན་དེ་བོད་མིའི་ཆོས་དང་རིག་གཞུང་། ལེགས་བྱང་བཅས་སྲུང་སྐྱོབ་བྱ་རྒྱུ་དེ་མ་གཏོགས། སྲིད་དོན་མིན་ཞེས་ད་རེབ་ཐེངས་དང་པོར་གསུངས་སོང་། ཞེས་བཀོད་ཡོད། ཅེས་གསུངས་བྱུང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། ངས་གོང་དུ་ལུང་འདྲེན་བྱས་པ་དེ་དག་སི་ཊ་སི་སྦག་གི་གྲོས་འཆར་ནས་བཞེངས་ཕྱོགས་ལ་རིམ་པས་འགྱུར་བ་བཏང་བའི་བརྡ་གསལ་བོ་ཞིག་ཡིན་པ་འཛམ་གླིང་གི་ཤེས་ཡོན་པ་ཚང་མར་མཁྱེན་རྟོགས་ཡོད། སྤྱི་འཐུས་རྣམ་པར་ཡང་མཁྱེན་རྟོགས་ཡོད་པའི་ཡིད་ཆེས་ཡོད། འོན་ཀྱང་། དགོས་པའི་དབང་གིས་མཁྱེན་རྟོགས་ཡོད་ཀྱང་མེད་པའི་ཚུལ་མཛད་པ་ཡིན་ན། དེ་ལ་ང་ཚོར་བྱ་ཐབས་མེད། བཞི་པ། ༢༠༠༨ ཟླ་ ༧ ཚེས་ ༡ ཉིན་འབྲེལ་མོལ་ཐེངས་བདུན་པ་གནང་བ་རེད། སྐབས་དེར་རྒྱ་ནག་གི་འབྲེལ་ཡོད་ཚོས་ཏཱ་ལའི་བླ་མ་དང་ཡུལ་གྱུར་སྲིད་གཞུང་གི་བཀའ་བློན་ཁྲི་པ་སོགས་ཀྱིས་མཚམས་རེར་དོན་སྙིང་ལྡན་པའི་རང་སྐྱོང་དང་། མཚམས་རེར་མིང་དོན་མཚུངས་པའི་རང་སྐྱོང་སོགས་བཤད་ཀྱིན་འདུག་སྟབས། ཁྱོད་ཚོས་དགོས་འདུན་ངོ་མའི་རང་སྐྱོང་གང་ཡིན་གསལ་བོ་བཟོས་ཤོག་ཅེས་བརྗོད་པ་ལྟར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་གཉིས་ཀྱི་ཆ་རྐྱེན་འོག བསམ་འཆར་ཡིག་ཆ་དེ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་རྒྱ་གཞུང་ལ་སྤྲད་པ་རེད། ཡིག་ཆ་དེར་དུས་ཡུན་རིང་པོར་ཆབ་སྲིད་མཁས་པ་དང་ཁྲིམས་དོན་མཁས་པ། རྒྱ་ནག་ལ་མཁས་པ་བཅས་དང་གྲོས་བསྡུར་ཞིབ་ནན་བྱས་ཤིང་། ༧གོང་ས་མཆོག་ལ་ཡང་ནས་ཡང་དུ་བཀའ་འདྲི་དགོངས་སྐོར་ཞུས་ཏེ་ཐག་གཅོད་གནང་བ་ཞིག་རེད། ཟླ་འགའ་རྗེས་༧གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ལ་གནང་བའི་གསུང་བཤད་ནང་། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན། ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤེལ་བ་ཡིན། བསམ་འཆར་ནང་རང་སྐྱོང་སྐོར་གྱི་ང་ཚོའི་ལངས་ཕྱོགས་ཅི་ཡིན་དང་། རང་སྲིད་རང་སྐྱོང་དང་འབྲེལ་བའི་ང་ཚོའི་གཞི་རྩའི་དགོས་མཁོ་ཁག་ཇི་ལྟར་བསྐང་ཐུབ་མིན་འགྲེལ་བརྗོད་བྱས་ཡོད། ང་ཚོའི་བསམ་འཆར་འདི་དག་བོད་ཀྱི་དངོས་ཡོད་དཀའ་ངལ་སེལ་ཐབས་ཁོ་ནར་དམིགས་ཏེ་ལྷག་བསམ་རྣམ་དག་གིས་ཞུས་པ་ཡིན། ཞེས་བཀའ་གནང་འདུག ༢༠༠༩ ལོའི་གསུམ་དུས་གསུང་འཕྲིན་ནང་། ཕྱི་ལོ་ ༢༠༠༢ ལོར་འབྲེལ་མོལ་བསྐྱར་མཐུད་བྱུང་བ་ནས་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བཟུང་སྟེ། འབྲེལ་མོལ་ཐེངས་བརྒྱད་བྱས་མཐར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ནང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་བཏོན་ཡོད། ཅེས་བཀའ་གནང་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ཏེ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པ་དེ། དང་པོ་༧གོང་ས་མཆོག་གི་དགོངས་གཞི་རྨ་མེད་པ་ཡིན་པ་དང་། གཉིས་པ་སི་ཊ་སི་སྦག་གི་གྲོས་འཆར་དང་མི་མཐུན་པའི་རྒྱུ་མཚན་གྱིས་༧གོང་ས་མཆོག་གི་དགོངས་གཞི་མིན་པ་བསྒྲུབ་མི་ཐུབ་པ། གསུམ་པ་༧གོང་ས་མཆོག་གི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ་གཉིས་མེད་པ་ཚིག་ཐག་ཆོད་པོ་དང་སྐད་གསེང་མཐོན་པོས་ཞུ་བཞིན་ཡོད།

 

དོན་ཚན་བཞི་བ། ༧གོང་ས་མཆོག་གི་གསུང་འཕྲིན་ལ་བགྲོ་གླེང་གནང་སྐབས་ཀྱི་སྤྱི་འཐུས་རྣམ་པའི་དོགས་འདྲི་ཁག་ལ་གསལ་བཤད་ཞུ་རྒྱུ་ཡིན། སྤྱི་འཐུས་གཅིག་གིས་༧གོང་ས་མཆོག་གི་གསུང་རྩོམ་མང་པོའི་ནང་། བོད་རང་དབང་གི་དོན་དུ་ཐུགས་སྨོན་བདེན་ཚིག་གནང་ཡོད་སྐོར་གསུངས་སོང་། ༧གོང་ས་མཆོག་གིས་རང་དབང་གསུངས་པ་དེ་རང་བཙན་ལ་གོ་བཞིན་ཡོད་པའི་བཟོ་ལྟ་འདུག ཚང་མས་མཁྱེན་གསལ་ལྟར། དབྱིན་ཡིག་ནང་ freedom ཟེར་བ་ཞིག་དང་། independence ཟེར་བ་གཉིས་ཡོད། ཚིག་དེ་གཉིས་ཀྱི་གོ་དོན་ལ་ཁྱད་པར་ཆེན་པོ་ཡོད། དེ་བཞིན་བོད་སྐད་ནང་། རང་བཙན་དང་། རང་དབང་ཞེས་ཚིག་གཉིས་ཡོད། བར་ལམ་ཞིག་ལ་མི་ཁ་ཤས་ཀྱིས་རང་དབང་དང་རང་བཙན་གཉིས་དོན་གཅིག་མིང་གི་རྣམ་གྲངས་བཟོ་རྒྱུའི་ཐབས་ཤེས་མང་པོ་བྱས་སོང་། འོན་ཀྱང་། བརྡ་སྤྲོད་རིག་པ་དང་སྲིད་དོན་ཚན་རིག་གི་ནང་དོན་གཞིར་བཟུང་བྱས་ན། དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་བཟོ་ཐབས་མེད། ༧གོང་ས་མཆོག་གིས་རང་བཙན་རྩོད་ཀྱིན་མེད་ཅེས་བཀའ་གནང་གིན་ཡོད་པ་ལས་རང་དབང་རྩོད་ཀྱིན་མེད་གསུངས་མྱོང་མེད། གསུང་རྩོམ་ཁག་ནང་རང་དབང་ཟེར་བ་དེ་རང་བཙན་ལ་འགྲེལ་ན་འགྲིག་གིན་མེད། རྣམ་དཔྱོད་ལྡན་པ་ཚོས་ཞིབ་ཚགས་ཀྱིས་གཟིགས་དང་། ༼ བདེན་གསོལ་སྨོན་ཚིག ༽ དང་། ༼ བོད་ལྗོངས་ལྷ་སྲུང་གི་འཕྲིན་སྐུལ ༽ གཉིས་ཀ་དབུ་མའི་ལམ་གསལ་བསྒྲགས་མ་བྱས་སྔོན་ནས་བརྩམས་གྲུབ་པ་ཞིག་རེད། བདེན་གསོལ་སྨོན་ཚིག་ནང་། ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ། ཞེས་གསུང་ཆོག་ལ། ལྷ་མོའི་འཕྲིན་སྐུལ་ནང་། རང་བཙན་དཔལ་ལ་རེ་ཞིང་རྟག་གནས་ན་ཞེས་དང་། བོད་ལྗོངས་ལྷ་སྲུང་ཀྱི་འཕྲིན་སྐུལ་ནང་། ཆོས་སྲིད་རང་བཙན་གཙང་མའི་སྣང་བའི་དཔལ་ཞེས་གསུངས་ཀྱང་ཚིག་རྐང་དང་བརྗོད་བདེ་མིན་ལ་གནད་དོན་གང་ཡང་མེད། འོན་ཀྱང་དེ་དག་ཚང་མའི་ནང་རང་དབང་ཞེས་གསུངས་པ་དེས་གང་ཞིག་མཚོན་གྱིན་ཡོད་ཟེར་ན། དབུ་མའི་ལམ་དེ་༧གོང་ས་མཆོག་གི་དགོངས་པར་སྔོན་མ་ནས་ཡོད་པ་མཚོན་ཐུབ། ཞེས་གསུངས་བ་དང་སྦྲགས། སྤྱི་འཐུས་གཞན་དག་གི་དོགས་འདྲི་ཁག་ལ་གསལ་བཤད་དང་ལན་འདེབས་གནང་སོང་།

 

དོན་ཚན་ལྔ་བ། གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་སྙིང་བོ་ད་རེབ་གྲོས་ཚོགས་ཐོག་ཐག་གཅོད་གསལ་བོ་དང་། གཙང་མ་ཞིག་གནང་དགོས་པའི་སྐོར་ལ་དོན་ཚན་གསུམ་ཞུ་རྒྱུ་ཡོད། དང་པོ། ༧གོང་ས་མཆོག་གིས་སི་ཊ་སི་སྦག་གི་གྲོས་འཆར་ནང་བཀའ་བསྩལ་བའི་ནང་དོན་ཁག་རྒྱུན་འཁྱོངས་མ་གནང་བར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བཟོས་པ་དང་། ཡིག་ཆ་དེར་གྲོས་ཚོགས་ནས་དགོངས་འཁྲོལ་མ་ཞུས་པར་རྒྱ་གཞུང་ལ་སྤྲད་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི། དམངས་གཙོའི་ལམ་སྲོལ། ཡང་ན་བཟང་སྤྱོད་བཅས་དང་འགལ་བ་ཆགས་ཀྱིན་ཡོད་དམ་མེད། གལ་སྲིད་ཆགས་ཡོད་ན་གང་ལ་འགལ་བ་དང་། དེར་བཀའ་ཤག་ལ་ཉེས་ཆད་གང་གཅོད་རྒྱུ་གཙང་མ་བཟོ་རོགས། གཉིས་པ། མ་འོངས་པར་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་དེ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་དགོངས་དོན་བཞིན་༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་གནང་དགོས་པ་ཆགས་སམ། ཡང་ན་གནད་དོན་དེ་སྤྱི་འཐུས་ལྷན་ཚོགས་རང་གིས་ཐུགས་འགན་གཙང་མ་བཞེས་རྒྱུ་རེད། དེ་གསལ་བོ་ཞིག་དང་གཙང་མ་ཞིག་ཐག་གཅོད་གནང་རོགས། གསུམ་པ། བོད་རྒྱ་འབྲེལ་མོལ་སྐོར་ལ་མ་མོངས་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་རྒྱུའི་ཐག་གཅོད་བྱུང་ན། དེ་སྔའི་གྲོས་ཆོད་ཁག་ཅིག་ཕྱིར་བསྡུ་དང་འབྱུང་འགྱུར་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་གསལ་བོ་གནང་དགོས། གལ་སྲིད་༧གོང་ས་མཆོག་གིས་སྔར་རྒྱུན་བཞིན་ཐུགས་འགན་བཞེས་དགོས་པ་ཡིན་ན། སྔར་ཡོད་གྲོས་ཆོད་ཁག་ལ་མཇུག་གནོན་དང་འབྱུང་འགྱུར་དེའི་ཐད་གྲོས་ཚོགས་ནང་དགོས་མེད་ཀྱི་དྲི་བ་དང་གླེང་སློང་མི་ཡོང་བ་ཞིག དེ་བཞིན་མང་ཚོགས་ནང་དུའང་ད་ལྟ་དང་འབྱུང་འགྱུར་གཉིས་ཀའི་གནད་དོན་ཐོག་དོགས་པ་སེལ་ངེས་ཀྱི་གསལ་བསྒྲགས་ཞིབ་ཚགས་ཤིག་གནང་རོགས། བཀའ་ཤག་གི་རེ་འདོད་འདི་དག་སྙན་རྒྱབ་ཀྱི་ལྷག་པར་མ་སོང་བར་བྱམས་སྙིང་རྗེ་ཆེན་པོས་ཐག་གཅོད་གནང་རོགས། ཞེས་གསུངས་སོང་། བཀའ་ཁྲི་མཆོག་གིས་གསལ་བཤད་དེ་གནང་གྲུབ་མ་ཐག སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག གྲོས་ཚོགས་འཐུས་མི་ཡོངས་ནས་དགའ་བསུའི་ཐལ་མོ་བརྡབས་སོང་།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༡༨ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

མཆན། 54

  1. འཇམ་མགོན། says:
    ལོ་ 15 སྔོན།

    ཐེངས་འདིར་ཅུང་ཁ་གསལ་དུ་བཏང་བའི་ཁུལ་རེད། དོན་དངོས་ཐོག་ཚང་མས་དྲན་གསོ་ཡག་ཐག་ཞིག་བྱེད་པའི་དུས་ཤིག་ཀྱང་རེད།

    Reply
  2. kunsal says:
    ལོ་ 15 སྔོན།

    དོན་གྱི་བདག་པོའི་བདེན་ཚིག་སྨོན་ལམ་དོན།།
    ཅི་སྟེ་རང་བཙན་གཙང་མར་འགྲེལ་ན་ཡང་།།
    དུས་བསྟུན་གུ་བཤང་གཉིས་སྨན་དབུ་མའི་ལམ།།
    གངས་ལྗོངས་སྣོད་བཅུད་སྐྱོབ་པའི་ཉེ་ལམ་མཆོག།

    རང་བཙན་གཙང་མའི་ཀུན་ཀློང་བཟང་མོད་ཀྱང་།།
    ཁ་ཡོད་ལག་ཡོད་རང་ཡུལ་མ་བསྐྱབ་ན།།
    མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་འོག།
    བོད་ཡུལ་རྒྱ་ཡུལ་ཆགས་ན་འགྱོད་པའི་རྒྱུ།།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལུང་གི་རྗེས་འབྲངས་བོང་བུས་ག་ལ་རྟོགས།་་་་་་་་་་་ཞེས་བཅོས

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དོན་གྱི་བདག་པོའི་བདེན་ཚིག་སྨོན་ལམ་འདིར།
    ལུང་གི་འབྲངས་བོང་བུས་ག་ལ་རྟོགས།
    འཇམ་པའི་དབྱངས་ཀྱི་ཤེས་རབ་རལ་གྲི་འདི།
    རྨོངས་རྒན་ཧམ་འགྲེལ་ཅན་ཚོས་སྐེ་ལ་རྒྱོབས།

    Reply
  5. ལུང་རྟོགས། says:
    ལོ་ 15 སྔོན།

    གནས་ལུགས་རྒྱུ་མཚན་བསྟོང་གིས་རབ་ཕྱུགས་པའི། བཀའ་ཁྲིའི་གསུང་བཤད་རྡོ་རྗེའི་མཚོན་ཆ་འདི། གནས་ལུགས་རྟོག་པའི་བློ་གྲོས་མི་ལྡན་པའི། མི་ལུས་བོང་རྣ་ཅན་ཚོའི་མགོ་ལ་རྒྱོབས།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དགེ་ཆོས་ཀྱིས།

    ཕྲག་དོག་ཁྲག་གི་སྨྱོས་པའི་ཨུ་ཚུགས་སྟག
    འཇིགས་པའི་ངར་རོ་སྒྲོགས་པའི་ཚང་ཚིང་ན།
    གཅིག་པོ་ལུས་པའི་བདེན་པའི་བུ་ཆུང་ལ།
    ཤེས་རབ་ཅན་གྱི་སྙིང་རྗེའི་ཡུལ་དུ་དགོངས།

    ཞེས་པ་འདི་ཡང་དུས་ལ་བབ་བཞིན་པར་འདྲ།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དོན་གྱི་བདག་པོའི་བདེན་ཚིག་སྨོན་ལམ་ལས།
    རང་དབང་གཙང་མ་ཞེས་པའི་བརྗོད་བྱ་ལ།
    རང་བཙན་གཙང་མ་མེད་པའི་སྒྲུབ་བྱེད་དུ།
    ཉམ་ཆུང་སྤྱི་ཚོགས་ནང་དུ་ཧམ་རྟགས་བཀོད།

    རང་དབང་གཙང་མ་ལྡན་པའི་རྒྱལ་ཁབ་ལ།
    རང་བཙན་གཙང་མ་ཡོད་པའི་ཁྱབ་པར་ཡོད།
    རང་སྲིད་རང་སྐྱོང་ཡོད་པའི་མི་རིགས་ལ།
    རང་དབང་གཙང་མ་ཡོད་པའི་ཁྱབ་པར་མེད།

    དོན་གྱི་བདག་པོའི་གསུངས་གི་བརྗོད་བྱ་དེར།
    བཅད་ནས་ཐུང་དུ་མ་གཏོང་མཁང་དབང་ལགས།
    གཞོར་ནས་ཕྲ་རེ་མ་གཏོང་སློབ་དཔོན་ལགས།
    ཧམ་འགྲེལ་ཧམ་རྟགས་མ་བཀོད་བཀའ་ཁྲི་ལགས།

    Reply
  8. ཨ ༚ བཙན་པོ། says:
    ལོ་ 15 སྔོན།

    “གཉིས་པ། མ་འོངས་པར་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་དེ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་དགོངས་དོན་བཞིན་༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་གནང་དགོས་པ་ཆགས་སམ། ཡང་ན་གནད་དོན་དེ་སྤྱི་འཐུས་ལྷན་ཚོགས་རང་གིས་ཐུགས་འགན་གཙང་མ་བཞེས་རྒྱུ་རེད། དེ་གསལ་བོ་ཞིག་དང་གཙང་མ་ཞིག་ཐག་གཅོད་གནང་རོགས།”
    སྐད་ཆ་འདི་ནི་ཧ་ཅང་གི་གནད་འགག་རེད། སྤྱིར་ཡིན་ན་ལས་དོན་དེ་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་སྤྱི་འཐུས་ལྷན་ཚོགས་རང་གིས་ཐུགས་འགན་གཙང་བཞེས་བྱས་ན་མང་གཙོའི་ལམ་ལུགས་དང་ཡོངས་སུ་མཐུན་པ་ཞིག་ཡིན་མོད། འོན་ཀྱང་ང་ཚོ་ད་སྐབས་ཚོད་དེར་སླེབ་ཨེ་ཡོད་ན་སྙམ་གྱིན་འདུག དེས་ན་ད་སྐབས་གཙོ་བོ་མང་ཚོགས་ཀྱི་ངོས་ནས་བསམ་ཚུལ་འདོན་རྒྱུ་གལ་ཆེན་དུ་མཐོང་ངོ་།།

    Reply
  9. ལུང་རྟོགས། says:
    ལོ་ 15 སྔོན།

    ལྷག་བསམ་གངས་ཀྱི་རི་བོ་ལས་དཀར་ཞིང་། མཁྱེན་དཔྱོད་རྒྱ་མཚོའི་མཐའ་ལས་བརྒལ་བ་ཡི། མཁས་དབང་བཀའ་བློན་ཁྲི་པའི་གསལ་བཤད་འདི། ཚད་པའི་ནད་ལ་ག་པུར་སླེབས་པ་འདྲ།

    Reply
  10. ལུང་རྟོགས། says:
    ལོ་ 15 སྔོན།

    ང་ཚོའི་སྤྱི་འཐུས་གྲོས་ཚོགས་ནང་ལ་གདོན་འདྲེ་ཁ་ཤས་ཞུགས་ཡོད་པ་འདྲ། དེས་ན་ང་ཚོ་བོད་མི་མང་ནས་གཏོར་མ་བཅས་ཏེ་གདོན་འདྲེ་དེ་དག་ཕུད་ཐབས་བྱེད་དགོས།

    Reply
  11. བཤད་སྒྲུབ says:
    ལོ་ 15 སྔོན།

    འདྲེ་རིག་ལྡན་ནས་བཤད་པར་དངོས་གནས་རྒྱུ་མཚན་འདུག།

    Reply
  12. ཉིམ་རྒྱལ། says:
    ལོ་ 15 སྔོན།

    བཤད་སྒྲུབ་བསྟན་པ་ཡར་ངོའི་ཟླ་ལྟར་རྒྱས།
    སྤྱི་འཐུས་གྲོས་ཚོགས་རྒྱ་མཚོའི་རླབས་ལྟར་འཁྲུགས།
    རྨོངས་འཐོམ་ང་འདྲ་ལ་རྩེའི་རྩྭ་ལྟར་གཡོས།
    ང་ཡི་རེ་བ་ཕྱི་མའི་ལམ་དུ་བཅོལ།

    Reply
  13. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    མཆན་རེ་ཟུང་ལ་བམ་ཀློག་ཅིག་བྱས་རྗེས་་་་ ངས་བཀའ་ཁྲི་མཆོག་གིས་ལུང་དྲངས་པའི་དྲན་དབང་དགེ་ཆོས་ཀྱི་ཚིག་བཅད་དེ་དྲན་སོང་། “མངོན་སུ་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། རྔམ་ནག་བཞིན་གྱི་སྙེར་མ་མི་སངས་པ། ་་་་་་་་་་་” ད་ནི་མི་སྨྲ་རྟུག་ཞུགས་འཛིན་ན་ལེགས་སམ། ཡང་ན་ཁྱི་འཛིང་ར་འཛིང་བྱེད་ན་ལེགས། གང་ལྟར། བཀའ་ཁྲི་མཆོག་གི་མཛད་རྗེས་འདི་དག་མི་རབས་ཕྱི་མ་དག་གི་དད་བརྟེན་དུ་འགྱུར་ན་མ་གཏོགས། ད་ལྟའི་མི་མང་པོ་ཞིག་ལ་ནི་བོང་བུའི་རྣ་བར་གསེར་བླུགས་པ་དང་ཁྱད་མི་འདུག

    Reply
  14. kunsal says:
    ལོ་ 15 སྔོན།

    ཅོ་རི་ལགས། ཕག་ཕ་ཡི་དཔེ་དེ་ངའི་ཆེད་དུ་རེད་འདུག་ན་ཕག་མ་ཡི་དཔེ་དེ་ཁྱེད་རང་གི་ཆེད་དུརེད་འདུག་ད།

    Reply
  15. གྲྭ་རྒོད says:
    ལོ་ 15 སྔོན།

    བཀྲ་ཤིས་དོན་གྲུབ་ལགས།
    ཁྱེད་ཀྱི་གླེན་པ་ནི་ག་དུས་ཡིན་ནའང་གླེན་པ་ཡིན་ཟེར་བ་དེ་ཆོས་རྣམས་ཀྱི་ཡང་དག་པའི་ངོ་བོ་ལ་བརྟག་དཔྱོད་བྱེད་མ་ཤེས་པས་འབྲས་རྟགས་ཞིག་རེད།གླེན་པའི་སེམས་ནི་བདེན་པར་གྲུབ་ཡོད་པ་ཞིག་ལ་ངོས་འཛིན་གི་ཡོད་དམ།དུས་གསུམ་གང་ལ་ཡང་འགྱུར་བ་མེད་པའི་སེམས་གི་རང་བཞིན་ལ་རང་བཞིན་གྱི་དྲི་མའི་སླད་ཡོད་རེད་ཟེར་རྒྱུ་ཡིན་ནམ།ཆོས་རྣམས་ཀྱི་རང་བཞིན་ལ་དྲི་མའི་བསླད་ཞུགས་མེད་དེ་དག་མ་ཤེས་པ་ཡིན་ན་ཁག་མེད།དེ་མིན་མི་ལ་མཐོང་ཆུང་མ་བྱེད་རོགས།

    Reply
  16. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    གསལ་བཤད་མི་འགྲོ་བར་ཁག་མེད། འདིའི་གྲུབ་ཆར་འགྱུར་བ་མ་སོང་ཚེ་གླེན་པ་ནི་ག་དུས་ཡིན་ནའང་གླེན་པ་ཡིན།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རོགས་དབྱིན་མིང་ཅན་kunsal ལགས།
    ངས་ཁྱོད་ལ་བོད་ཀྱི་གཏམ་དཔེར་ཞིག་བཤད་འདོད་པ་ནི།
    ཕག་ཕའི་ཁོ་རང་ལུས་པོ་ཆ་ཚང་འདམ་བག་ནང་དུ་བསྡད་ནས་་་་ཨེ་ངང་པ་ལགས་ཁྱེད་རང་གཙང་མ་མི་འདུག་རྐང་པར་འདམ་བག་འབྱར་འདུག་ཟེར་བའི་གཏམ་དཔེ་འདི་ཁྱེད་ཀྱི་ཆེད་དུ་རེད་འདུག་ད།

    མཁྱེན་སོང་ངམ།

    Reply
  18. kunsal says:
    ལོ་ 15 སྔོན།

    བཀའ་ཁྲི་མཆོག་གིས་གསལ་བཤད་དང་བྱེད་བདེའི་ལམ་སྟོན་ནམ་ལངས་པ་འདྲ་ཞིག་གནང་འདུག ཐུགས་རྗེ་བླ་ལྷག་ཏུ་ཆེ། ད་སྤྱི་འཐུས་འཇོན་ཐང་ཅན་ཚོས་རྣམ་སྤྱོད་འདོན་རན་རེད།
    ལར་རྒྱ་ཆེའི་མང་ཚོགས་ཀྱི་བསམ་འདུན་དང་། སྤྱི་འཐུས་གྲོས་ཚོགས་ནས་རྒྱབ་སྐྱོར་སམ་གཏན་ལ་ཕབ་པའི་སྲིད་བྱུས་ལག་བསྟར་གནང་མཁན་དེ་འབྲེལ་ཡོད་དབུ་འཁྲིད་དང་འཛིན་སྐྱོང་བཀའ་ཤག་རེད། གཏན་འབེབས་ཟིན་པའི་སྲིད་བྱུས་ལག་བསྟར་བྱེད་རིམ་བཞིན་གྲོས་ཚོགས་ལ་སྙན་སེང་ཞུ་དགོས་མང་གཙོའི་རྒྱལ་ཁབ་གང་དུ་འདུག
    སྨོན་ཚིག་ནང་ཡོངས་རྫོགས་རང་དབང་དང་རང་བཙན་སོགས་རྩོད་པ་རྒྱག་དོན་ཨེ་ཡོད། དེ་ལས་ལྷག་པར་བོད་དོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལའང་སྙན་སེང་གནང་ཡོད། ྋགོང་ས་མཆོག་ནས་རྒྱ་ཆེའི་མི་མང་ལ་གོ་བསྡུར་དང་དུས་བསྟུན་དགོངས་བཞེས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་བརླག་ཏུ་འགྲོ་ཉེན་ལས་སྐྱོད་ཐབས་གཉིས་ཕན་རླབས་ཆེའི་དགོངས་ཞེད་ལས་ལྷག་པ་མེད།

    Reply
  19. གངས་ཅན། says:
    ལོ་ 15 སྔོན།

    དངོས་གནས་བཀའ་ཁྲི་མཆོག་གི་གསལ་བཤད་རིང་མོ་འདི་དུས་ཐོག་གི་ཆར་པ་རེད། སྙིང་དབུས་ནས་གུས་བཀུར་དང་ཐུགས་རྗེ་ཆེ་ཞུ། སྤྱི་འཐུས་ཚོ་གཙོ་བྱས་ནས་དམངས་ཡོངས་ཀྱི་བཀའ་ཁྲི་མཆོག་གི་གསལ་བཤད་འདིའི་ནང་གི་༸གོང་ས་མཆོག་གི་བཞེངས་ཕྱོགས་ཀྱི་འགྱུར་རིམ་གཞི་ལ་བཞག་སྟེ་༸གསུམ་བཅུ་དུས་དྲན་གྱི་བཀའ་སློབ་དང་ཆབ་སྲིད་དང་འབྲེལ་བའི་གསུང་འཕྲིན་ཁག་ལ་སློབ་སྦྱོང་བྱེད་དགོས་པ་འདུག ད་དུང་ང་ཚོའི་བཀུར་འོས་སྤྱི་འཐུས་ནས་དམངས་བར་ཆབ་སྲིད་ཀྱི་རྨོངས་གཉིད་ལས་སད་མི་འདུག ང་ཚོའི་སྤྱི་འཐུས་ཚོས་ཕ་ཡུལ་གྱི་རོང་འབྲོག་ས་ཁུལ་ན་རྒད་པོ་ཚོས་ས་རྩོད་ཆུ་རྩོད་ཀྱི་གྱོད་དོན་བཤད་པ་ལྟར་ཚིག་རུས་རྩུབ་ལ་རུ་ངར་པོ་འདུག དོན་དངོས་སུ་རྒད་པོ་དེ་དག་གི་དོ་ཡ་མི་འདུག དེ་དག་གི་ཚིག་རུས་རྩུབ་ཀྱང་དོན་དག་སྟེང་ལ་འབད་བཞིན་ཡོད། ང་ཚོ་སྤྱི་འཐུས་ཚོ་དོན་དག་སྟེང་མི་འབད་པར་སོ་སོའི་ཞེ་ནད་འདྲ་གླེང་ནས་བསྡད་འདུག བལྟས་ན་སེམས་སྐྱོ་ཞིང་། ༸གོང་ས་བཅུ་གསུམ་པ་སྐུ་ཞིང་ལ་ཕེབས་རྗེས་བོད་གཞུང་གི་གྲོང་དྲག་དམག་སྒར་མཚོན་པའི་དམག་སྒར་འཐོར་བ་དང། སྐུ་དྲག་ནང་མ་འཆམ་པར་གོང་བུ་ནུས་པ་ཉམས་པའི་གནས་ཚུལ་དེ་ལྟ་བུ་མི་ཡོང་ངམ་སྙམ་པའི་འཇིགས་སྣང་ཞིག་འདུག ད་ཚང་མའི་རིག་པ་སྒྲིམ་རེམ་རེད།

    Reply
  20. kunsal says:
    ལོ་ 15 སྔོན།

    guru rimpo che ལགས། དངོས་གནས་མིང་དང་དོན་མཚུངས་འདུག ཁྱེད་ནས་ག་དུས་ཡིན་ཡང་བདེན་པ་དང་། བོད་སྤྱི་དོན་ལ་བསམས་ནས་མཆན་བཀོད་ཀྱི་འདུག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ད་དུང་མུ་མཐུད་དེ་འགོད་གནང་ཡོང་བ་ཞུ།
    ཚེར་མ་དང་ཅོ་རི་ལ་སོགས་པས་ཀྱང་རང་ཉིད་བོད་རིགས་ཤིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་དོན་ལ་ཕན་པའི་དགོངས་པ་བཞེས་རྒྱུ་གལ་ཆེ་པོ་འདུག

    Reply
  21. ཚེར་མ། says:
    ལོ་ 15 སྔོན།

    མང་མང་གིས་ སྤྱི་འཐུས་རྣམ་པ་ཚོས་ཀྱང་། ད་གཞི་ནས་ཐལ་མོ་བརྡབ་དེ་བསམ་ཤེས་སོང་བ་འདྲ་ཞིག་བྱས་འདུག འོན་ཀྱང་། གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་གི་བཀའ་ཚིག་དེ་དག་དབུ་མའི་ལམ་གྱི་འཕེལ་ཕྱོགས་སམ་འགྱུར་བ་ཞིག་རེད་ཅེས་དེ་རུ་ངོས་འཛིན་བྱས་མ་ཆོག་པ་མེད། འོན་ཀྱང་། ༧གོང་ས་མཆོག་གིས་ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགྲོ་སྟངས་དེ་དཔེ་རུ་ཡང་ཡང་བཀོད་ཀྱི་ཡོད་པ་དང་། རྒྱ་བོད་གཉིས་ཀྱི་ཆེད་དུ་རྒྱ་བོད་གཉིས་ཕན་གྱི་དེང་གི་རྒྱ་ནག་གི་སྲིད་བྱུས་འདི་དང་མི་འདྲ་བའི་འགྲོ་སྟངས་ཤིག་གི་འོག་བོད་ཀྱི་བདེན་མཐའ་གསལ་དགོས་པའི་དགོངས་པ་ཡོད་པ་གུས་པས་ར་སྤྲོད་བྱེད་ཐུབ།
    དེའི་རྐྱེན་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་བོད་ཀྱི་བདེན་མཐའ་གསལ་རྒྱུ་ཞེས་པ་དེས་དེང་གི་རྩ་ཁྲིམས་ལ་འགྱུར་བ་ཁབ་རྩེ་ཙམ་ཡང་འགྲོ་མི་དགོས་པ་བཤད་ཀྱི་མེད། རྒྱུན་འཁྱོངས་བྱེད་དགོས་པ་གསུམ་དང་མི་འགལ་བའི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་དགོས་པ་ཡིན་ན་དེ་ནི་མང་གཙོའི་རང་ལུགས་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཐབས་མེད། བོད་རྒྱའི་རྩོད་པ་འདི་བསྡད་ཀྱིན་བསྡད་ཀྱིན་ཆོས་ལུགས་ཀྱི་རྩོད་པ་ཞིག་ཆགས་ཀྱི་འདུག གུ་ཡངས་པོའི་ཁྲིམས་ཀྱི་དབང་བསྒྱུར་འོག་སྤྱི་དམངས་ཀྱི་འདྲ་མཉམ་གྱི་ཐོབ་ཐང་དེ་སྤྱད་ནས་འཚོ་བའི་སྤུས་ཀ་མཐོར་འདེགས་ཐུབ་པ་ཞིག་གི་ལམ་ཁ་མི་རབས་ཕྱི་མ་ལ་སྤྲད་མ་ཐུབ་ན་<<བྱ་རོག་སོར་རྟོག་གི་བསྟན་བཅོས་>>ལ་བསླབ་པ་ལས་ཀྱང་ངལ་བའི་རྒྱུ་རུ་ཟད།

    Reply
  22. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    མང་པོ་ཞིག་བྲིས་ཏེ་ཡར་བཅུག་སྐབས་བརླགས་འདུག ད་བསྐྱར་དུ་འབྲི་རྒྱུར་ཁོམ་ལོང་མི་འདུག རྗེས་མ་དུས་ཚོད་ཡོད་དུས་བཤད་ཆོག

    མདོ་དོན། དམངས་གཙོའི་ལམ་སྲོལ་དང་བཟང་སྤྱོད་ཀྱི་ཕྱོགས་ནས་འགལ་འདུག་པའི་སྐོར་ལབ་ཡོད།

    Reply
  23. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    བཀའ་ཁྲིའི་གསལ་བཤད་དོན་ཚན་ལྔ་བའི་ནང་དུ། དང་པོ། ༧གོང་ས་མཆོག་གིས་སི་ཊ་སི་སྦག་གི་གྲོས་འཆར་ནང་བཀའ་བསྩལ་བའི་ནང་དོན་ཁག་རྒྱུན་འཁྱོངས་མ་གནང་བར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བཟོས་པ་དང་། ཡིག་ཆ་དེར་གྲོས་ཚོགས་ནས་དགོངས་འཁྲོལ་མ་ཞུས་པར་རྒྱ་གཞུང་ལ་སྤྲད་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི། དམངས་གཙོའི་ལམ་སྲོལ། ཡང་ན་བཟང་སྤྱོད་བཅས་དང་འགལ་བ་ཆགས་ཀྱིན་ཡོད་དམ་མེད། གལ་སྲིད་ཆགས་ཡོད་ན་གང་ལ་འགལ་བ་དང་། དེར་བཀའ་ཤག་ལ་ཉེས་ཆད་གང་གཅོད་རྒྱུ་གཙང་མ་བཟོ་རོགས། ཞེས་པ་འདིའི་ཐད་བསམ་ཚུལ་ཞིག་ཡོད།

    ༡། འདི་ནི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དང་སྒྲིག་གཞི་གང་ལའང་འགལ་མེད་པར་འདོད། རྒྱུ་མཚན་ནི་ ༡༩༩༧ ལོའི་སྤྱི་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་གྱི་

    Reply
  24. གྲྭ་རྒོད says:
    ལོ་ 15 སྔོན།

    མི་ལ་ནོར་འཁྲིད་ཡོད་ཤིང་ལ་འཛེར་ཡོད་ཞེས་པ་དེ་གོ་ཡོད་པ་འདྲ་ཧང་སེང་དོན་གང་ཡང་མེད།ནོར་བ་ཡིན་ཡང་སྲིད་པ་རེད་ལ།དེ་ནོར་མེད་པ་ཡང་སྲིད་པ་རེད།གང་ལྟར་ཀྱང་གསལ་བྱེད་བྱེད་མི་དགོས་པ་དང་བྱས་མི་ཆོག་པ་བྱས་ན་ཁྱབ་སྲིད་དང་འགྲོ་ལུགས་མི་མཐུན་པ་ཡོད་སྲིད་པ་རེད།རྒྱལ་ཁབ་ཞིག་གི་ནང་ཁྱབ་སྲིད་ཐོག་ལས་དོན་བྱེད་ཕྱོགས་སྐབས་བབས་ཀྱི་བསྒྲུབ་ཕྱོགས་དང་དགོས་དབང་གི་བསྒྲུབ་དགོས་པ་གསང་བ་བྱེད་དགོས་པ་སོགས་མང་པོར་ཡོད་པས་བསམ་ཤེས་བྱེད་ཤེས་དགོས།ད་དུང་གཟབ་གཟབ་མ་བྱས་ན་སྤྱི་ཚོགས་ནང་འདི་ལྟ་བའི་རྩོད་གླིང་བྱེད་མི་དག་གི་ནང་མི་འདྲ་མིན་ཡོད་སྲིད།བོད་པའི་ནང་གཡུལ་འཁྲུག་བྱེད་པའི་ཐབས་ལམ་གཏོང་མི་སྲིད་པ་མིན།དེ་རྒྱ་ནག་གི་ཁྱབ་སྲིད་ཀྱི་བྱེད་སྒོ་ཞིག་ཡིན་པ་ངོ་ཤེས་དགོས།

    Reply
  25. རྭ་ལོ། says:
    ལོ་ 15 སྔོན།

    སི་ཊས་སི་བྷག་གི་གྲོས་འཆར།
     
    ༄༅། །དེང་སྐབས་ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་ཞིག་ཏུ་གནས་ཡོད་ ཅིང༌། རྒྱལ་ཁབ་གཅིག་གི་དཀའ་རྙོག་དེ་རྒྱལ་ཁབ་དེ་ཉིད་ཀྱིས་སེལ་ཐབས་མེད་པའི་དུས་ སྐབས་ཤིག་ཏུ་སླེབས་ཡོད། སྤྱི་ལ་སྨན་པའི་འགན་འཁུར་གྱི་བསམ་བློ་ཞིག་མེད་ན་ང་ཚོ་འཚོ་ཞིང་གནས་ཐུབ་པ་བྱ་ རྒྱུ་དེ་འཇིག་ཉེན་ཡོད་པ་ཞིག་རེད། དེར་བརྟེན་འཛམ་གླིང་ཐོག་གི་རྒྱལ་ཁབ་འདྲ་མིན་དབར་སྔར་ལས་ལྷག་པའི་གོ་ཤེས་དང༌། བརྩི་བཀུར། མཉམ་སྦྲེལ་དམ་ཟབ་བྱ་རྒྱུ་བཅས་ཀྱི་དགོས་པ་དེར་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་ ཡིད་ཆེས་བྱེད་བཞིན་ཡོད། ཡོ་རོབ་གྲོས་ཚོགས་ནི་དེའི་ཕྱོགས་ལ་སྐུལ་མ་བྱེད་པའི་མིག་དཔེ་བཟང་པོ་ཞིག་ཡིན། མི་རབས་གཅིག་གི་དུས་ཡུན་ནང་དེ་སྔོན་དགྲ་བོ་ཡིན་པ་རྣམས་ཀྱིས་ཀྱང་དམག་འཁྲུག་ གི་ཟང་ཟིང་གི་ཁྲོད་ནས་ད་ཆ་མཉམ་གནས་དང༌། མཉམ་སྦྲེལ་བྱེད་དགོས་པ་དེ་ཤེས་ཀྱི་ཡོད། ད་ལམ་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་འདུ་འདིའི་ཐོག་ངོས་ནས་གཏམ་བཤད་བྱེད་པར་ དམིགས་བསལ་གྱི་སྤྲོ་བ་འཕེལ་ཞིང༌། དེ་ནི་གཟི་བརྗིད་དང་ལྡན་པ་ཞིག་ཡིན་པར་སྙམ།
    ཁྱེད་རྣམ་པས་མཁྱེན་གསལ་ལྟར། ངོས་རང་གི་ཡུལ་བོད་ནི་དཀའ་ངལ་ཅན་གྱི་དུས་སྐབས་ཤིག་ཏུ་གནས་ཡོད་ཅིང༌། སྤྱིར་བོད་མི་ཡོངས་དང༌། ལྷག་པར་རྒྱ་མིའི་བཙན་བཟུང་འོག་གནས་པའི་བོད་མི་རྣམས་ནས་རང་ཉིད་ཀྱི་ཐུན་མོང་ མ་ཡིན་པའི་ཁྱད་ཆོས་ཚང་མ་སྲུང་སྐྱོབ་དང་ཁྱིམ་མཚེས་ཚོ་དང་མཉམ་དུ་ཞི་བདེར་གནས་ རྒྱུ་ཡོང་ཆེད་རང་དབང་དང༌། དྲང་བདེན། མདུན་ལམ་རང་ཐག་རང་གཅོད་བྱ་རྒྱུ་བཅས་ཡོང་བར་སྐོམ་པ་ཆུ་འདོད་ལྟ་བུའི་རེ་སྒུག་ བྱེད་བཞིན་ཡོད།
    ང་ཚོ་བོད་མི་ཚོས་ལོ་ངོ་སྟོང་ ཕྲག་ལྷག་ཙམ་རིང་ནང་བསམ་བློ་དང༌། ཕྱི་རང་བྱུང་གི་བཀོད་པའི་རིན་ཐང་ཁག་ལ་སོར་གནས་དམ་འཛིན་བྱས་པ་དེ་ཉིད་སྣོད་ བཅུད་བཏང་སྙོམས་སུ་གནས་ཐུབ་པའི་མཐུན་རྐྱེན་དུ་གྱུར་ཡོད་ཅིང༌། འཚེ་བ་སྤོང་བ་དང༌། གཞན་ཕན་སྙིང་རྗེས་ཀུན་ནས་བསླངས་པའི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་བསླབ་བྱ་ དང༌། ངེད་ཅག་གི་ཡུལ་ལུང་འདིའི་མཐའ་སྐོར་དུ་གངས་རིའི་ར་བས་བསྐོར་ནས་སྲུང་སྐྱོབ་ བྱས་ཡོད་པ་བཅས་ཀྱིས་རྐྱེན་པས་སྐྱེ་འགྲོ་ཀུན་གཅེས་པར་བཟུང་ནས། དྲག་པོའི་གཡུལ་འཐབ་དེ་རྒྱལ་ཁབ་ཀྱི་སྲིད་བྱུས་ཡོ་བྱད་དུ་སྤྱོད་པ་དེ་རིགས་ སྤོང་ཐུབ་པ་བྱུང་ཡོད།
    ལོ་ངོ་ཉིས་སྟོང་ལྷག་ཙམ་སོང་བའི་ ང་ཚོའི་རྒྱལ་རབས་ནི་རང་བཙན་དུ་གནས་པ་ཞིག་ཡིན། ཕྱི་ལོའི་གོང་གི་ལོ་ ༡༢༧ སྐབས་ང་ཚོའི་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་ང་ཚོ་བོད་མི་ཚོས་ཕྱི་རྒྱལ་གྱི་ སྟོབས་ཤུགས་ཇི་འདྲ་ཞིག་ལ་ཡང་ང་ཚོའི་བདག་དབང་སྤྲོད་རྒྱུའི་ཁས་ལེན་དུས་ནམ་ཡང་ བྱེད་མྱོང་མེད།
    རྒྱལ་ཁབ་ཚང་མ་དང་འདྲ་བར། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་སོག་པོ་དང༌། མན་ཇུ། རྒྱ་ནག དབྱིན་ཇི། བལ་ཡུལ་གྱི་གོར་ཥ་བཅས་ཀྱིས་ང་ཚོའི་ཐོག་དབང་ཤུགས་སྤེལ་ཐབས་བྱས་ཡོད་ཀྱང༌། དེ་ནི་དུས་ཡུན་ཐུང་ངུ་ཞིག་ཡིན་ལ་དེ་དག་གིས་རྐྱེན་པས་ང་ཚོའི་རྒྱལ་ཁབ་ཀྱི་ བདག་དབང་ཤོར་བ་ཞིག་མཚོན་པར་བོད་མི་དམངས་ཀྱིས་ཁས་ལེན་གཏན་ནས་བྱེད་མྱོང་མེད་ ལ། འདས་པའི་དུས་སུ་བོད་ཀྱི་བཙན་པོ་ཚོས་ཀྱང་རྒྱ་ནག་གི་ས་ཁྱོན་ཆེན་པོ་དང༌། ཁྱིམ་མཚེས་ཀྱི་ས་ཁུལ་ཁག་དབང་དུ་བསྡུ་མྱོང་ཡོད་པ་ཙམ་གྱིས་ང་ཚོ་བོད་མི་ཚོས་ས་ སྡེ་དེ་ཚོར་བདག་ཐོབ་ཡོད་ལུགས་ཀྱི་རྩོད་གླེང་བྱེད་ཆོག་པ་ཞིག་ཡིན་པ་མཚོན་ཐུབ།
    ཕྱི་ལོ་ ༡༩༤༩ ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དྲག་པོའི་ཐོག་ནས་བོད་ཡུལ་བཙན་ བཟུང་བྱས་པ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཐོག་ཆེས་མུན་ནག་གི་དུས་རབས་ཤིག་ བརྒྱུད་དགོས་བྱུང་ཡོད། བཙན་བཟུང་བྱས་པའི་ངན་འབྲས་ལ་བརྟེན་ནས་བོད་མི་ས་ཡ་གཅིག་ལྷག་ཙམ་འཆི་སྐྱོན་ བྱུང་བ་དང༌། དགོན་སྡེ་སྟོང་ཕྲག་མང་པོ་གྱང་ཧྲུལ་དུ་བཏང་བ། སློབ་གཉེར་དང༌། དཔལ་འབྱོར་གྱི་གོ་སྐབས་འཕྲོགས་པ་མ་ཟད། སོ་སོའི་མི་རིགས་ཀྱི་ངོ་བོའི་འདུ་ཤེས་ཀྱང་འཕྲོགས་པའི་མི་རབས་གཅིག་འཚར་ལོངས་ བྱུང་ཡོད། གཞི་རྐང་ད་ལྟ་རྒྱ་ནག་གི་འགོ་ཁྲིད་ཚན་ཁག་གིས་བཅོས་སྒྱུར་འགའ་ཤས་གཏོང་གི་ཡོད་ ཀྱང༌། དེ་དང་ཆབས་ཅིག་བོད་ས་མཐོར་རྒྱའི་མི་འབོར་ཁྱོན་ཆེ་གནས་སྤོ་བྱེད་པའི་སྲིད་ བྱུས་ཤིག་ལག་བསྟར་བྱས་ཏེ་བོད་མི་ས་ཡ་དྲུག་པོ་རྣམས་གྲངས་ཉུང་མི་རིགས་ཤིག་ཏུ་ བསྒྱུར་ཐབས་བྱེད་ཀྱི་ཡོད། ངོས་ནས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་ཡིད་སྐྱོ་བའི་ངང་ཁྱེད་རྣམ་པར་ཞུ་རྒྱུར། ང་ཚོའི་ཡ་ང་ཐབས་རྡུགས་ཀྱི་གནས་ཚུལ་དེ་ད་དུང་མུ་མཐུད་ནས་གནས་ཡོད།
    ངས་ཐོག་མཐའ་བར་གསུམ་དུ་ངོས་ཀྱི་ མི་དམངས་ཚོར། ཁོང་ཚོས་སྡུག་བསྔལ་སེལ་ཐབས་སུ་དྲག་རྩུབ་ཀྱི་ཐབས་ཚུལ་མི་སྤྱོད་རྒྱུར་ནན་བཤད་ བྱས་ཡོད། འོན་ཀྱང༌། ཞི་བའི་སྒོ་ནས་དྲང་བདེན་མིན་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་དྲང་བདེན་གྱི་ ཐོབ་ཐང་དེ་མི་ཚང་མར་ཡོད་པ་ཞིག་ཡིན་པར་ཡིད་ཆེས་ཡོད། སྟབས་མི་ལེགས་པ་ཞིག་ལ་བོད་དུ་རྔམ་སྟོན་ཁྲོམ་སྐོར་ཁག་བྱེད་མཁན་ཚོར་རྒྱ་མིའི་ སྐོར་སྲུང་དམག་དང༌། དམག་མི་ཚོས་གདུག་རྩུབ་ཀྱི་དྲག་གནོན་བྱས་འདུག ངས་མུ་མཐུད་ནས་འཚེ་མེད་ཞི་བའི་ལམ་དུ་འཇུག་དགོས་པའི་སློབ་སྟོན་བྱ་རྒྱུ་ཡིན་ ན་ཡང༌། རྒྱ་ནག་གིས་གདུག་རྩུབ་ཀྱི་བྱ་ཐབས་སྤྱོད་རྒྱུ་དེ་མཚམས་འཇོག་མ་བྱས་ཕྱིན་ད་ དུང་དུས་བབ་ཇེ་སྡུག་ཏུ་འགྲོ་བའི་འགན་དེ་བོད་མི་ཚོས་འཁུར་མི་ཐུབ།
    བོད་མི་ཡོངས་ནས་ང་ཚོའི་རྒྱལ་ཁབ་ ཀྱི་རང་བཙན་སླར་གསོའི་ཆེད་དུ་རེ་སྨོན་བྱེད་བཞིན་ཡོད་ཅིང༌། འཐབ་རྩོད་དེའི་ནང་ང་ཚོའི་མི་དམངས་ཁྲི་ཕྲག་མང་པོས་རང་སྲོག་བློས་གཏོང་བྱས་པ་ མ་ཟད། བོད་རྒྱལ་ཁབ་ཡོངས་སུ་སྡུག་བསྔལ་ཚབས་ཆེན་མྱོང་དགོས་པ་བྱུང་ཡོད། ཉེ་བའི་ཟླ་ཤས་ནང་དུའང་བོད་མི་མང་པོས་རྩ་འགངས་ཆེ་བའི་དམིགས་ཡུལ་འདི་བསྒྲུབ་ ཆེད་དཔའ་ངར་ལྡན་པའི་ངང་ནས་རང་སྲོག་བློས་གཏོང་བྱས་ཡོད། ཡིན་ནའང༌། རྒྱ་མིའི་ངོས་ནས་བོད་མིའི་འདོད་བློར་བརྩི་སྲུང་གཏན་ནས་མ་བྱས་པའི་ཐོག་ཆེས་ གདུག་རྩུབ་ཀྱི་བཙན་གནོན་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད། ངོས་ནས་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་སྟངས་སྐོར་དོན་དངོས་དང་མཐུན་པའི་སྒོ་ནས་ རྩོད་རྙོག་སེལ་ཐབས་ཇི་འགབ་བསམ་བློ་ཡུན་རིང་བཏང་བ་ཡིན་ལ། ངོས་ཀྱི་བློན་ཆེན་ལྷན་ཚོགས་དང་ངོས་ནས། གྲོགས་པོ་དང༌། སེམས་འཁུར་ལྡན་པའི་མི་སྣ་མང་པོའི་བསམ་འཆར་འདྲི་ཞིབ་བྱས་ཏེ། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན་ཝ་ཤིང་ཀྲོན་དུ་ཚོགས་པའི་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ ཚོགས་འདུའི་ཐོག་བོད་ཀྱི་ཆེད་དུ་དོན་ཚན་ལྔ་ལྡན་གྱི་ཞི་བདེའི་གྲོས་འཆར་ཞིག་ བཏོན་ཡོད། དེའི་ནང་བོད་ས་ཡོངས་རྫོགས་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་སྟེ། ཕྱི་སྣོད་རང་བྱུང་གི་བཀོད་པ་དང༌། ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཞི་མཐུན་དུ་གནས་པའི་གནས་མཆོག་ཅིག་ཏུ་བསྒྱུར་རྒྱུ་ དེ་ཡིན་ཞེས་དང༌། ད་དུང་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང༌། མང་གཙོའི་མདུན་ལམ་ལ་སྲུང་བརྩི། ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ། རྒྱ་ཕྱོགས་ནས་བོད་དུ་མི་འབོར་གནས་སྤོ་བྱ་རྒྱུ་མཚམས་འཇོག་ཡོང་བ་བཅས་ཀྱི་རེ་ འདུན་བཏོན་ཡོད། གྲོས་འཆར་གྱི་དོན་ཚན་ལྔ་པ་དེས་རྒྱ་ཕྱོགས་དང་ང་ཚོའི་དབར་ལྷག་བསམ་རྣམ་དག་གི་ གྲོས་མོལ་ཞིག་བྱ་དགོས་པའི་སྐུལ་མ་བྱས་ཡོད། དེར་བརྟེན་ངའི་ངོས་ནས་རྒྱ་ཕྱོགས་ལ་སྤྲོད་རྒྱུའི་བསམ་གཞི་ཁག་གཅིག་གོ་སྒྲིག་ བྱས་ཡོད་པ་དེས་བོད་ཀྱི་རྩོད་གཞིའི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིར་ འགྱུར་རྒྱུའི་རེ་བ་ཡོད། ངོས་ནས་གོ་སྐབས་འདི་དང་བསྟུན་ནས་འདིར་ཚོགས་གྲགས་ཅན་མི་སྣ་རྣམས་ལ་བསམ་གཞི་ འདིའི་གཙོ་གནད་རྣམས་སྙན་སྒྲོན་ཞུ་རྒྱུ་ཡིན།
    བོད་ཆོལ་ཁ་གསུམ། དབུས་གཙང་དང༌། ཁམས། ཨ་མདོ། ཡོངས་རྫོགས་སྤྱིའི་བདེ་རྩ་དང༌། མི་དམངས་དང་དེའི་ཁོར་ཡུག་རྣམས་སྲུང་སྐྱོབ་བྱེད་ཆེད་མི་དམངས་ཀྱི་འདོད་བློ་ གཙོ་བཟུང་གིས་ཁྲིམས་ལུགས་གཞིར་བཟུང་བཙུགས་པའི་རང་སྲིད་རང་འཛིན་གྱི་དམངས་ གཙོའི་ཆབ་སྲིད་ཀྱི་གོང་བུ་ཞིག་ཏུ་བསྒྱུར་རྒྱུ་དེས་རྒྱ་ནག་མི་དམངས་སྤྱི་ མཐུན་རྒྱལ་ཁབ་དང་མཉམ་མཐུན་བྱ་རྒྱུ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནས་བོད་ཀྱི་ཕྱི་འབྲེལ་སྲིད་ བྱུས་ཀྱི་འགན་འཁུར་རང་འཇགས་ལེན་ཆོག་རྒྱུ་དང༌། བོད་གཞུང་ནས་རང་ཉིད་ཀྱི་ཕྱི་ཕྱོགས་འབྲེལ་མཐུད་ལས་ཁུངས་བརྒྱུད་ནོར་སྲིད་དང༌། ཤེས་རིག་སློབ་གསོ། ཆོས། རིག་གཞུང༌། ཡུལ་སྐོར་སྤྲོ་འཆམ། ཚན་རིག ལུས་རྩལ། དེ་མིན་སྲིད་དོན་མ་ཡིན་པའི་འབྲེལ་བ་བཅས་ཡར་རྒྱས་གཏོང་རྒྱུ་དང༌། རྒྱུན་འཁྱོངས་ཡོང་བ་བྱེད་དགོས། བོད་ཀྱི་ལས་དོན་དེ་རིགས་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནང་ ཞུགས་རྒྱུ།
    བོད་གཞུང་ནི་རྩ་ཁྲིམས་སམ། གཞི་རྩའི་ཁྲིམས་ལུགས་ཤིག་གི་ཐོག་འཛུགས་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། གཞི་རྩའི་ཁྲིམས་ལུགས་དེ་དམངས་གཙོའི་ལམ་ལུགས་ལྡན་པའི་སྲིད་གཞུང་ཞིག་ལ་དཔལ་ འབྱོར་གྱི་ཁེ་ཕན་འདྲ་མཉམ་དང༌། སྤྱི་ཚོགས་ཀྱི་དྲང་བདེན། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་འགན་འཁུར་སྤྲད་ཡོད། དེའི་གོ་དོན་ནི་བོད་གཞུང་ལ་བོད་དང་བོད་མིར་འབྲེལ་བ་ཡོད་པའི་བྱ་གཞག་ཚང་མའི་ འགན་འཁུར་ཚང་མ་ཡོད་དགོས་པ་ཞིག་ཡིན།
    སྐྱེ་བོ་བྱེ་བྲག་སོ་སོའི་རང་ དབང་ནི་སྤྱི་ཚོགས་ཀྱི་ཡར་རྒྱས་དང་ནུས་པའི་འབྱུང་ཁུངས་ཡིན་པ་ལྟར་བོད་གཞུང་ ནས་གཏམ་བརྗོད་དང༌། ཚོགས་འཛོམས། ཆོས་དད་བཅས་ཀྱི་ཐོབ་ཐང་ཁག་ཚུད་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་ཟིན་ པའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཚིག་ལ་སྲུང་བརྩི་བྱས་པའི་ཐོག་ནས་རང་ དབང་འདི་རིགས་ཡོང་ཐབས་སུ་འབད་བརྩོན་བྱ་རྒྱུ། བོད་རྒྱལ་ཁབ་ཀྱི་ངོ་བོའི་འབྱུང་ཁུངས་དེ་ཆོས་ལ་ཐུག་ཡོད་ཅིང༌། ཆོས་ཀྱི་རིན་ཐང་དེ་རབ་ཏུ་ཕྱུག་པའི་བོད་ཀྱི་རིག་གཞུང་གི་སྙིང་ཁམས་སུ་གནས་ ཡོད་པས་ཆོས་ལ་སྲུང་སྐྱོབ་དང༌། ཉམས་ལེན་བྱ་རྒྱུ། དར་ཁྱབ་གཏོང་རྒྱུ་བཅས་ནི་བོད་གཞུང་གི་དམིགས་བསལ་ཅན་གྱི་འགན་འཁྲི་ཞིག་ཡིན།
    སྲིད་གཞུང་དེ་ཉིད་མང་མོས་བདམས་ ཐོན་བྱུང་བའི་སྤྱི་ཁྱབ་བློན་ཆེན་དང༌། གྲོས་ཚོགས་རིམ་པ་གོང་འོག་གཉིས། ཁྲིམས་འཛིན་ཚན་ཁག་ནས་བཏོན་པའི་རང་ཚུགས་ཐུབ་པའི་ཁྲིམས་ལུགས་ཤིག་བཅས་ལས་གྲུབ་ དགོས་པ་ཞིག་ཡིན། བོད་གཞུང་གི་བསྟི་གནས་ནི་ལྷ་ས་ཡིན།
    བོད་ཀྱི་སྤྱི་ཚོགས་དང༌། དཔལ་འབྱོར་གྱི་ལམ་ལུགས་དེ་མི་དམངས་ཡོངས་ཀྱི་འཚོ་བའི་གནས་ཚད་གོང་མཐོར་གཏོང་ རྒྱུའི་དགོས་མཁོ་གཙོ་བཟུང་གིས་བོད་མི་དམངས་ཀྱི་འདོད་བློ་གཞིར་བཟུང་གཏན་ འབེབས་བྱེད་དགོས་པ་ཡིན།
    བོད་གཞུང་ནས་རི་དྭགས་དང༌། སྐྱེ་དངོས་རྩི་ཤིང་ལ་སྲུང་སྐྱོབ་བྱེད་པའི་དམ་བསྒྲགས་ལྡན་པའི་ཁྲིམས་ལུགས་ཁག་ གཏན་འབེབས་བྱ་རྒྱུ་དང༌། རང་བྱུང་ཐོན་ཁུངས་བཤུ་གཞོག་བྱེད་པའི་རིགས་ལ་སྟངས་འཛིན་ནན་པོ་བྱ་རྒྱུ། རྡུལ་ཕྲན་མཚོན་ཆ་དང༌། དེ་མིན་གྱི་མཚོན་ཆའི་རིགས་བཟོ་བསྐྲུན་དང་ཚོད་ལྟ། གསོག་འཇོག གནོད་ཚབས་ཆེ་བའི་སྙིགས་རོ་འདོན་རྒྱུ་ཡོད་པའི་རྡུལ་ཕྲན་གྱི་ནུས་ཤུགས་དང༌། བཟོ་རྩལ་གྱི་རྣམ་གྲངས་བེད་སྤྱོད་བྱ་རྒྱུ་བཅས་ལ་དགག་བྱ་ནན་པོ་བྱ་རྒྱུ། བོད་འདི་བཞིན་སའི་གོ་ལའི་ཐོག་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་ཡུལ་ཆེ་ཤོས་ ཤིག་ཏུ་བསྒྱུར་རྒྱུ་ནི་སྲིད་གཞུང་གི་མཐར་ཐུག་གི་དམིགས་ཡུལ་ཡིན།
    བོད་ནང་དམག་དཔུང་དང༌། དམག་མཁོའི་སྒྲིག་ཆས་ཕྱིར་འཐེན་བྱེད་པར་བརྟེན་ནས་དོན་དམ་པའི་ཞི་བདེའི་གནས་ མཆོག་ཅིག་ཏུ་འགྱུར་རྒྱུར་འགན་སྲུང་ཡོང་ཆེད་ཁྱིམ་མཚེས་རྒྱལ་ཁབ་མངའ་ཁུལ་གྱི་ ཞི་བདེའི་ཚོགས་འདུ་སྐོང་འཚོགས་བྱེད་དགོས་ཤིང༌། ཚོགས་འདུ་དེ་འདྲ་ཞིག་སྐོང་འཚོགས་མ་བྱས་པར་དང༌། བོད་ནས་དམག་དཔུང་དང་དམག་མཁོའི་སྒྲིག་ཆས་ཕྱིར་འཐེན་བྱས་ཏེ་བར་གནས་ཀྱི་ས་ཁུལ་ ཞིག་ཏུ་མ་བསྒྱུར་བར་རྒྱ་ནག་གིས་བོད་དུ་གྲངས་ཚད་ངེས་ཅན་ལྡན་པའི་དམག་དཔུང་ བཞག་ཆོག་རྒྱུ་དེ་ནི་སྲུང་སྐྱོབ་ཁོ་ནའི་ཆེད་དུ་ཡིན།
    གྲོས་མོལ་ལ་གྲུབ་འབྲས་ཕུན་སུམ་ ཚོགས་པ་འཐོབ་རྒྱུའི་མཐུན་རྐྱེན་དུ་འགྱུར་ཐུབ་པའི་ཡིད་ཆེས་ཀྱི་གཞི་རྩ་ཞིག་ གསར་གཏོད་བྱ་ཆེད་རྒྱ་ནག་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྩ་འགལ་ བྱེད་པ་དེ་དང༌། རྒྱ་ཡི་མི་འབོར་གནས་སྤོ་བྱེད་པའི་སྲིད་བྱུས་དེ་མཚམས་འཇོག་བྱེད་དགོས།
    གོང་གསལ་དེ་དག་ནི་ང་ཚོའི་བསམ་ གཞི་རྣམས་ཡིན། བསམ་གཞི་འདི་ཐོག་ནས་མཐའ་གཉིས་སུ་མ་ལྷུང་བའི་ལངས་ཕྱོགས་ཤིག་མཚོན་པ་དེར་བོད་ མི་མང་པོ་ཞིག་གི་འདོད་བློ་མ་ཁེངས་པ་ཡོང་རྒྱུ་དང༌། མ་འོངས་པའི་ཟླ་ཤས་ནང་བོད་ནང་ཁུལ་དང༌། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་གྲོས་བསྡུར་མང་པོ་ཞིག་ ཡོང་རྒྱུར་ཡང་ཐེ་ཚོམ་མེད། འོན་ཀྱང་དེ་ནི་འགྱུར་ལྡོག་ཅིག་ཡོང་བའི་བྱ་རིམ་ནང་དགོས་ངེས་དང༌། རྩ་འགངས་ཆེ་བའི་ཆ་ཤས་ཤིག་ཡིན། བསམ་གཞི་འདི་དག་གིས་བོད་མིའི་རྣམ་པ་ཐ་དད་ཡིན་པའི་ངོ་བོ་དང༌། གཞི་རྩའི་ཐོབ་ཐང་རྣམས་སྔར་སོར་ཆུད་ཐབས་དང༌། རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ལ་ཡང་འོས་འཚམས་ཀྱི་མཐུན་འགྲིག་བྱེད་པའི་དོན་དངོས་ དང་མཐུན་ཤོས་ཡིན་པའི་ཐབས་ལམ་ཞིག་མཚོན་ཐུབ་རྒྱུའི་ཡིད་ཆེས་ཡོད།
    ཡིན་ནའང་འདིར་ནན་བཤད་བྱ་རྒྱུར། རྒྱ་ནག་དང་གྲོས་མོལ་བྱས་པར་འབྲས་བུ་གང་འདྲ་ཞིག་ཡོང་མིན་ལ་མ་ལྟོས་པར་མཐའ་ མའི་ཐག་གཅོད་བྱ་རྒྱུའི་དབང་ཆ་དེ་བོད་མི་དམངས་རང་ལ་ཡོད། དེར་བརྟེན་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་སྤྱི་དམངས་འོས་ཤོག་འཕེན་པའི་ནང་བོད་ མི་དམངས་ཀྱི་འདོད་བློ་ངོ་མ་དེ་ཤེས་རྟོགས་ཡོང་ཆེད་གྲོས་འཆར་གང་འདྲ་ཞིག་གི་ ནང་དུ་ཡང་འཆར་གཞིའི་གོ་རིམ་ཞིབ་ཕྲ་འཁོད་རྒྱུ་ཡིན།
    ངས་གོ་སྐབས་འདི་དང་བསྟུན་ནས་ གསལ་བསྒྲགས་བྱ་རྒྱུར། ངོས་ནས་བོད་གཞུང་གི་ནང་དུ་འགན་འཁུར་རྐང་ལེན་གྱི་ལས་གནས་གང་ཡང་འཛིན་འདོད་ མེད། འོན་ཀྱང་ངོས་ནས་བོད་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་དགོས་པ་ནམ་ བྱུང་བར་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་ཀྱིས་མུ་མཐུད་ལས་ཀ་བྱ་རྒྱུ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ལའང་ངོས་ཀྱི་བསམ་གཞི་དེ་དག་ རྨང་གཞིར་བཞག་ནས་གྲོས་འཆར་ཞིག་སྤྲད་ཆོག་ཡིན། བོད་གཞུང་གི་ཚབ་བྱེ

    Reply
  26. ཨརྱ། says:
    ལོ་ 15 སྔོན།

    ད་ཐེངས་ཟམ་གདོང་གིས་བཙན་གཏམ་དང་ལམ་སྟོན་སྦྲེགས་མ་ཞིག་དང་།

    Reply
  27. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    གསར་འགོད་པ་དང་དྲ་གྲོགས་རྣམས་ལ་ཞུ་རྒྱུ་ སི་ཏྲ་སི་སྦག་གི་གྲོས་ཆར་ཞེས་པ་ཐོས་པ་ཉུང་ངུ་མིན། འོན་ཀྱང་གྲོས་ཆར་དེ་གང་དང་གང་ཡིན་པ་ཞིག་དེ་སྔོན་ཤེས་མ་སོང་པས་། གསལ་བཤད་གཅིག་བྱུང་ན་བཀའ་དྲིན་ཆེ།

    Reply
  28. དབུས་ཕྲུག་ཚེ་རིང་། says:
    ལོ་ 15 སྔོན།

    དོག་དོག་དོན་སྙིང་། ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཁ་སྤོབས་ཆེན་པོ་དང་། སྐད་ངག་འཛེར་འཛེར་གྱིས་ཤོད་ཀྱི་ཡོད་པ་བཞིན། གྲ་སྒྶིག་དང་ཆོད་སེམས། གདེང་སྤོབས་ཡོད་ན། བཀའ་ཁྲི་མཆོག་གི་ལན་འདེབས་ཀྱི་དོན་ཚན་ལྔ་པའི་ཚན་པ་གསུམ་པོ་འདི་ཡིས་འཐུས།

    ཚན་པ་གསུམ་པོ་འདི་དག་ནི་སྤྱི་སྡོམ་ཞིག་ཡིན་ལ། དེའི་ནང་གྲོས་ཚོགས་ཀྱི་འཐུས་མི་ཚོར་གོ་སྐབས་ཆ་ཚང་ཕུལ་འདུག དོན་གནད་འདིས་འབུར་འཇོམས་བྱེད་པ་དང་། དབང་ཆ་གཅིག་བསྡུས་ཞེས། གྲོས་ཚོགས་ནས་གྱར་བའི་སྲང་མདོའི་ཀུ་ཅོ་རྣམས་ཀྱང་རང་བཞིན་དུ་ཞི་འགྲོ།

    ད་དུང་ཚེས་༡༨ ཉིན་ང་ཚོའི་དོགས་གནད་གང་འཚམས་ཤིག་གྲོལ་ངེས་རེད།

    Reply
  29. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    སྤྱི་འཐུས་རྣམས་པས་དགའ་བསུའི་ཐལ་སྒྲ་ཆེན་པོ་སྒྲོགས་སོང་ཟེར་།
    ཆབ་སྲིད་པ་འདི་རྣམས་ཕྱོགས་གཅིག་ནས་བཤད་ན། ཆོས་པ་ལས་ཀྱང་བཟོད་སྒོམ་ཅན་ཞིག་ཡིན་པ་འདྲ། གང་ལྟར་ད་ལྟའི་གནས་བབ་ལ་བལྟས་ན་། རྒྱ་གཞུང་གི་དོགས་པ་གཙང་མ་སེལ་བར་བྱེད་པ་དང་་། བོད་མི་ཡོང་ལ་གཙན་བྱོལ་གཞུང་གི་བོད་སྤྱི་བས་གདམས་པའི་དབུ་མའི་ལམ་དུ་ཤར་བསྐྱོད་ལས། ཁ་ཁོག་གཉིས་མེད་པའི་གསལ་བཤད་དངོས་ཡོད་ར་སྤྲོད་བགྲོ་གླེང་སོགས་ཀྱི་མཐུན་རྐྱེན་སྦྱོར་མཁན་སྤྱི་འཐུས་ཁ་ཤས་དང་། བཀའ་ཟུར་མཆོག་བཅས་ལ་ཡག་སོང་ཞུ་རྒྱུ་ཡིན།

    Reply
  30. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་བའི་སྙིང་གི་ཨུ་ཁུང་ནས་ཐོན་པའི་མཆི་མ་དེ་ནི། ཟབ་ཙམ་འདུག སྙིང་གི་ཨུ་ཁུང་ནས་ཐོན་པའི་མཆི་མ་ཞིག་ཡོད་མི་སྲིད་ཀྱང་། བཀའ་བློན་ཁྲི་བའི་སེམས་སྟེང་གི་སྐད་ཆ་ཞིག་ཡིན་པ་འདྲ། འོན་ཀྱང་སྤྱི་འཐུས་རྣམ་པ་ཕྲུག་གུ་ནར་མ་སོན་པ་དང་། དེ་དག་ལ་མང་གཙོ་སྤྲད་པ་དེ་རང་ཉིད་གསོད་པའི་མཚོན་ཆ་བལྟ་བུ་ཞིག་འཚོར་སྣང་བྱུང་པའི་ཆབ་བསྒྲགས་འདི་ནི། རྒྱ་གཞུང་གི་རྣ་བའི་བུ་རམ་དང་། བཙན་བྱོལ་བོད་མི་རྣམས་ལ་མི་རིང་དཀའ་ངལ་ཆེན་པོ་འཕྲད་པའི་ཉེས་བརྡ་ཆེན་པོ་ཞིག་ཏུ་མཐོང་།

    གསུང་འཕྲིན་དེ་༧གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོས་གནང་བ་ཞིག་མིན་པར་ཨ་ཆད་ཨུ་ཐུག་གི་ཐོག་ནས་གནང་བ་ཞིག་རེད། འཛིན་སྐྱོང་གི་ལས་ཀྱི་སྣེ་མོར་གཏོགས་པའི་བཀའ་བློན་ཚོས་༧གོང་ས་མཆོག་གིས་བཀའ་འདི་འདྲ་ཞིག་ཕེབས་མི་དགོས་པའི་ལས་དོན་བྱས་མ་ཐུབ་པ་བློ་འགྱོད་བྱུང་སོང་། གསུང་འཕྲིན་ལ་བགྲོ་གླེང་སྐབས། ༧གོང་ས་མཆོག་གིས་མི་དམངས་ལ་དམངས་གཙོའི་ལམ་སྲོལ་བསྩལ་བ་དེ་ཕྲུ་གུ་ནར་མ་སོན་པ་ཞིག་གི་ལག་ཏུ་མདའ་གྲིའི་མཚོན་ཆ་བཞག་པ་ལྟ་བུ་ཆགས་མི་སྲིད་པ་མི་འདུག་སྙམ་པའི་དོགས་འཚབ་བྱུང་སོང་

    Reply
  31. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གསལ་བཤད་རིང་མོ་ལ་གོ་བ་ལེན་དཀའ་རྒྱུ་རེད་
    ད་ཡང་སེམས་འཚབས་ཡོང་ནི་ཞིག་རེད་
    དོན་དངོས་ཐོགས་ང་རང་ཚོའི་མ་བྱུང་བ་རེད་
    འབྱུང་འགྱུར་སྤྱི་འཐུས་ཐད་ཚང་མའི་རེམ་དགོས་ཡ་

    Reply
  32. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    མཀྱེན་་་་་མཁྱེན་་ལལལ

    Reply
  33. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ལམ་དབུ་མའི་ལམ་དང་་་་དའི་ཐོབ་ཆ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོངས་རེད
    ༧་ཐུགས་རྗེའི་བདག་ཉིད་ཅན་གྱི་གསུངས་གསུངས་པ་རེད་
    རྣམས་གྲངས་འདྲེན་པ་དང་་་་ཚིག་དུམ་རེ་བཅད་ནས་འདིར་མི་གསུངས་དོན་དང་ཕ་གི་ན་གསུངས་མི་འདུག་ཞེས་མཀྱེན་དཔྱོད་ཆེ་མདོག་བྱེད་དགོས་དོན་མི་འདུག་བསམ
    དགོངས་འགལ་མེད་པར་ཞུ་་་་་ཁ་ནས་ཤོར་སོང་་་་

    Reply
  34. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཐུགས་སེམས་གངས་ཀྱི་རི་བོའི་ཁུང་གསེང་ནས།
    བཀའ་གསུང་གངས་ཆབ་ལྟ་བུ་ལྷོད་ཀྱི་བབས།
    ལས་ངན་སྡིག་སྒྲིབ་མཐུག་པའི་སེམས་ངན་དག
    ད་ནས་རང་སར་བསལ་བར་བྱིན་གྱིས་རློབས།

    མགོན་དཔུང་ཉི་མ་ལྟ་བུའི་གཟི་དཔལ་་དང་།
    བཀའ་ཁྲི་ཟླ་བ་ལྟ་བུའི་ཐུགས་ཟེར་འོག
    མིག་མེད་འུག་པ་ཁྲོས་པའི་སྐད་འབྱིན་ཡང་།
    བློ་ལྡན་ཆོལ་གསུམ་བོད་མི་སྤྲོ་བར་རིགས།

    Reply
  35. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    རང་བཙན་དང་། རང་སྐྱོང་། དབུ་མའི་ལམ་ཞེས་རྩོད་པ་རྒྱབ་ཅི་ལ་དགོས། ༧གོང་ས་མཆོག་གིས་སྔར་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་དམང་གཙོ་ཡིན་ཞེས་གསུངས་ཟིན་ལ། ད་ལྟ་བརྩོད་བཞིན་པའི་ལམ་ཁ་དེ་བོད་མི་མང་གིས་གང་ཞིག་འདེམས་ན་དེ་མ་རེད་དམ།

    Reply
  36. karma dorje says:
    ལོ་ 15 སྔོན།

    དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ། ༸གོང་ས་མཆོག་གི་བཀའ་དགོངས་དང་། མི་མང་གི་བསམ་ཚུལ་བརྒྱུད་ནས། སྤྱི་འཐུས་ཀྱིས་གཞུང་འཛིན་བཀའ་ཤག་ལ་སྟངས་འཛིན་བྱེད་དགོས་རྒྱུ་ཅིག་ལ། བཀའ་ཤག་གིས་སྤྱི་འཐུས་ལ་དབུ་མའི་ལམ་གྱིས་རང་དབང་རྩོན་བགྱིན་ཡོད་ཀྱང་། རང་བཙན་རྩོད་བགྱིད་མེད་ཅེས་སློབ་སྟོན་གནང་དགོས་ཡ་དེ་ཁྱད་མཚར་ཅིག་ཆགས་པ་མ་རེད་དམ།

    Reply
  37. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་ཡོངས་རྫོགས་གངས་ལྗོངས་རང་སྲིད་རང་སྐྱོང་དཔལ་ཞེས་དང་དབུ་མའི་ལམ་ལ་རེ་ཞིང་རྟག་གནས་ན་ཞེས་བྲིས་མ་གནང་བའི་རྒྱུ་མཚན་གང་ཡིན་ནམ།

    Reply
  38. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་ཡོངས་རྫོགས་གངས་ལྗོངས་རང་སྲིད་རང་སྐྱོང་དཔལ་ཞེས་དང་དམུ་མའི་ལམ་ལ་རེ་ཞིང་རྟག་གནས་ན་ཞེས་བྲིས་མ་གནང་བའི་རྒྱུ་མཚན་གང་ཡིན་ནམ།
    ཧཧ

    Reply
  39. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རང་དབང་གཙང་མ། རང་བཙན་གཙང་མ། ལམ་དབུ་མ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་།

    འདི་རྣམས་ཀྱི་ནང་ནས་བརྗོད་བྱ་རྒྱ་ཆེ་ཤོས་རྟིང་ཟབ་ཤོས་ནི་རང་དབང་གཙང་མ་ཞེས་པ་འདི་རེད་འདུག་སྙམ། མི་རིགས་ཤིག་ལ་རང་དབང་གཙང་མ་ཡོད་ན་རང་བཙན་ཡོད་དགོས། རང་བཙན་གཙང་མ་ཡོད་ན་རང་དབང་གཙང་མ་ཡོད་པའི་ཁྱབ་པར་མེད། དཔེར་ན། བལ་ཡུལ་ལྟ་བུ་ལ་རང་བཙན་གཙང་མ་ཡོད་ཀྱང་རང་དབང་གཙང་མ་མེད།

    ༧གོང་ས་མཆོག་གི་བདེན་ཚིག་སྨོན་ལམ་ལས།
    གངས་ལྗངས་ཡོངས་རྫོགས་རང་དབང་གཙང་མའི་དཔལ། ཞེས་གསུངས་པའི་དོན་གྱི་བརྗོད་བྱ་ནི་གངས་ལྗོངས་ཡོངས་རྫོགས་རང་བཙན་གཙང་མའི་དཔལ་ཞེས་པར་ལས་ཀྱང་བརྗོད་བྱ་རྒྱ་ཆེ་བ་དང་རྟིང་ཟབ་པ་ཡོད་སྙམ།
    དེ་འདྲ་ཡིན་དུས་༧གོང་ས་མཆོག་གི་སྔོན་ནས་རང་བཙན་གཙང་མ་འདོད་ཀྱིན་མེད་པའི་སྒྲུབ་བྱེད་དུ་མི་འགྲོ་སྙམ།

    ལུང་གི་རྗེས་སུ་འབྲངས་བའི་སྤྱི་འཐུས་རྣམས་ལ་སྒྲུབ་བྱེད་འདི་འགྲོ་སྲིད་ཀྱང་རིག་པའི་འབྲངས་རྣམས་ཀྱིས་བདེན་ཁ་སྟེར་མི་སྲིད་སྙམ།
    ཧ་ཧ་ཧ་ཧ་ཧོ

    Reply
  40. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    བཀའ་ཁྲིས་འགྱུར་བའི་རིམ་པ་དག་ངོ་སྤྲོད་གསལ་བོ་ཞིག་གནང་བ་དེ་ཡག་པོ་རེད་དྲན། མི་མང་གིས་ངོས་ནས་ཀྱང་འགྱུར་བའི་རིམ་པ་འདི་དག་ངོ་འཕྲོད་དགོས་རྒྱུ་ཧ་ཅང་གལ་ཆེ་གི
    གཞན། སྤྱི་འཐུས་ཟེར་བའི་སྤྱི་བའི་འཐུས་མི་འདི་དག། མཚམས་ལན་རེར་སྤྱི་བའི་རྡོག་ཁྲེས་ཆགས་ཀྱི་འདུག འདི་དཀའ་ངལ་རེད། ངེད་ཚོར་མི་དགོས་བའི་དཀའ་ངལ་རེད།
    བཙན་བྱོལ་མི་མང་གིས་ད་ལྟ་ནས་བསམ་བློ་ཐོངས། སྐབས་བཅོ་ལྔ་བའི་སྤྱི་འཐུས་དེ་ཚོ། སྤྱི་བའི་ལས་དོན་བསྒྲུབ་ཐུབ་མཁན་ཞིག་མ་གཏོགས་སྤྱི་བར་དཀའ་ངལ་སྤྲོད་མཁན་ཞིག་འདེམས་མི་ཉན།

    Reply
  41. Guru Rinpo che says:
    ལོ་ 15 སྔོན།

    ད་སྤྱི་འཐུས་ཚོར་རང་དབང་ཆ་ཚང་གནང་འདུག་པས། ངོས་ལེན་ཡོད་མེད་ཀྱི་གྲོས་ཆོད་བཞག་ནས་དེ་ལ་ས་ཡིག་བསྡུ་རུབ་བྱེད་དགོས་དོན་མི་འདུག སྤྱི་འཐུས་ཚོར་བཀའ་ཤག་དང་བོད་མི་མང་། དེ་བཞིན་༧གོང་ས་མཆོག་ལམ་སྟོན་རྩ་ཆེན་གང་གནང་རྒྱུ་ཡོད་པ་ཐག་བཅད་ནས་བཀའ་ཤག་དང་༧གོང་ས་མཆོག་ལ་ཕུལ་ན། ༧གོང་ས་མཆོག་དང་བཀའ་ཤག་ག་དུས་ཡིན་ན་སྤྱི་འཐུས་ཀྱི་ལམ་སྟོན་དང་ལེན་བརྒྱ་ཆ་བརྒྱ་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་རེད་འདུག
    འདི་ནི་ཐེངས་དང་པོ་མ་ཡིན། ༡༩༩༧ ལོར་རྒྱ་ཆེའི་མི་མང་གི་བསམ་ཚུལ་བསྡུས་པ་རེད། ག་དུས་ཡིན་ན་ད་ག་རེ་གནང་ན་ཡག་པོ་འདུག་ཅེས་བཀའ་འདྲ་གནང་སྐབས་ཁྱེད་མཁྱེན་ཟེར་ནས་འགན་ཚང་མ་༧གོང་ས་མཆོག་ལ་ཨུ་ཚུགས་ཕུར་འདེབས་བྱས་ནས་ཡར་ཕུལ། དེ་ནས་༧གོང་ས་མཆོག་གིས་བཀའ་ཤག་དང་ཕྱག་འབྲེལ་དམ་པོས་གནས་བབ་དང་བོད་ཀྱི་ཁ་སྟབས་དང་མཐུན་པའི་ལས་དོན་གནང་བ་དང་། གྲོས་ཚོགས་ནས་བཀའ་ཁྲོལ་ཞུས་མ་སོང་ཟེར་ནས་ལས་དོན་ལ་བར་ཆད་དང་། མང་ཚོགས་ལ་མགོ་བསྐོར་གཏོང་བའི་ཐ་ཤལ་གྱི་བྱ་སྤྱོད་འདི་དག་ཞེད་སྣང་མེད་ཀྱང་འཚེར་སྣང་གི་སྒོ་ནས་སྤངས་དགོས་པ་ཤག་སྟག་རེད་འདུག

    Reply
  42. Guru Rinpo che says:
    ལོ་ 15 སྔོན།

    ད་སྤྱི་འཐུས་རང་དབང་ཆ་ཚང་གནང་འདུག་པས། ངོས་ལེན་ཡོད་མེད་ཀྱི་གྲོས་ཆོད་བཞག་ནས་དེ་ལ་ས་ཡིག་བསྡུ་རུབ་བྱེད་དགོས་དོན་མི་འདུག གང་འདོད་པ་ཐག་བཅད་ནས་བཀའ་ཤག་དང་༧གོང་ས་མཆོག་ལ་ཕུལ་ན། ༧གོང་ས་མཆོག་དང་བཀའ་ཤག་ག་དུས་ཡིན་ན་སྤྱི་འཐུས་ཀྱི་ལམ་སྟོན་དང་ལེན་བརྒྱ་ཆ་བརྒྱ་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་རེད་འདུག
    འདི་ནི་ཐེངས་དང་པོ་མ་ཡིན། ༡༩༩༧ ལོར་རྒྱ་ཆེའི་མི་མང་གི་བསམ་ཚུལ་བསྡུས་པ་རེད། ག་དུས་ཡིན་ན་ད་ག་རེ་གནང་ན་ཡག་པོ་འདུག་ཅེས་བཀའ་འདྲ་གནང་སྐབས་ཁྱེད་མཁྱེན་ཟེར་ནས་འགན་ཚང་མ་༧གོང་ས་མཆོག་ལ་ཨུ་ཚུགས་ཕུར་འདེབས་བྱན་ཡར་ཕུལ། དེ་ནས་༧གོང་ས་མཆོག་གིས་བཀའ་ཤག་དང་ཕྱག་འབྲེལ་དམ་པོས་གནས་བབ་དང་བོད་ཀྱི་ཁ་སྟབས་ཀྱི་ལས་དོན་གནང་བ་དང་། གྲོས་ཚོགས་ནས་བཀའ་ཁྲོལ་ཞུས་མ་སོང་ཟེར་ནས་ལས་དོན་ལ་བར་ཆད་དང་། མང་ཚོགས་ལ་མགོ་བསྐོར་གཏོང་བའི་ཐ་ཤལ་གྱི་བྱ་སྤྱོད་འདི་དག་ཞེད་སྣང་མེད་ཀྱང་འཚེར་སྣང་གི་སྒོ་ནས་སྤངས་དགོས་པ་ཤག་སྟག་རེད་འདུག

    Reply
  43. སྲ་མོ་རྡོ། says:
    ལོ་ 15 སྔོན།

    སྤྱིར་ན་ཟམ་གདོང་རིན་པོ་ཆེའི་གསུང་འདི་( སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་དགོངས་དོན་བཞིན་༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་གནང་དགོས) སྤྱི་འཐུས་ཀྱིས་འཇུ་ཆེན་དང་བོད་མི་དམངས་ལ་བཤད་དགོས་བ་ཞིག་ཡིན་ནའང་སྤྱི་འཐུས་ཚོས་དེའང་བཤད་མ་ཤེས་པས་ཟམ་གདོང་རིན་པོ་ཆེ་འུ་ཐུག་ནས་ཁོང་གིས་གསུང་དགོས་བར་ཁེལ་བ་རེད། ངོ་མ་ཡིད་འཆད་ཀྱིན་འདུག

    Reply
  44. Guru Rinpo che says:
    ལོ་ 15 སྔོན།

    དོན་ཚན་ལྔ་བའི་ནང་གསེས་གསུམ་པ༼བོད་རྒྱ་འབྲེལ་མོལ་སྐོར་ལ་མ་མོངས་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་༽ ཞེས་ནང་གི་མ་འངོས་ལ་མ་མོངས་ཅེས་ཡིག་ནོར་ཚབས་ཆེན་རེད། ཚིག་དོན་གལ་ཆེན་འདི་འདྲ་ནོར་ཉེས་མི་ཤོར་བ་མཁྱེན།

    Reply
  45. སྲ་མོ་རྡོ། says:
    ལོ་ 15 སྔོན།

    འཇུ་ཆེན་གྱི་གཏམ་བཤད།

    བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་བཀའ་ཤག་དང་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་སུ་སུ་ཡོད་ན་དེས་གནང་བ་མ་གཏོགས། སྤྱི་འཐུས་གྲོས་ཚོགས་ཀྱིས་ཇུས་གཏོགས་གནང་ཡོད་པ་མ་རེད། ༧གོང་ས་མཆོག་གིས་ང་ཕྱེད་བགྲེས་ཡོལ་ཡིན། བོད་མི་མང་གིས་བདམས་བཞག་པའི་བཀའ་ཤག་དེའི་འགན་བོད་མི་མང་གིས་ཁུར་དགོས་ཀྱི་རེད་གསུངས་བསྡད་ཀྱི་ཡོད་པས། དེ་ངས་སྐུ་མདུན་གྱི་དགོངས་གཞི་ཡང་ཨེ་ཡིན་ནམ་བསམ་གྱི་ཡོད།)

    ཟམ་གདོང་རིན་ཆེས་གནང་བའི་ལན།

    མ་འོངས་པར་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་དེ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་དགོངས་དོན་བཞིན་༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་གནང་དགོས་པ་ཆགས་སམ། ཡང་ན་གནད་དོན་དེ་སྤྱི་འཐུས་ལྷན་ཚོགས་རང་གིས་ཐུགས་འགན་གཙང་མ་བཞེས་རྒྱུ་རེད། དེ་གསལ་བོ་ཞིག་དང་གཙང་མ་ཞིག་ཐག་གཅོད་གནང་རོགས།

    Reply
  46. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    གནད་འགག་གི་སྐབས་འདིར། བཀའ་ཁྲི་མཆོག་གིས་གསལ་བཤད་ཞིབ་རྒྱས་ཤིག་གནང་བ་འདིར་སྤྱི་འཐུས་ཚོས་དགའ་གུས་ཀྱི་ཐལ་མོ་བརྡབ་པ་ལ་བལྟས་ན། ད་ནི་སེམས་ངོ་ཞིག་འཕྲོད་ཡོད་འདྲ་བས་ཡིད་སྤྲོ། འཛིན་སྐྱོང་ལ་ལམ་སྟོན་གནང་མཁན་གྱི་གྲོས་ཚོགས་ལ་འཛིན་སྐྱོང་ནས་ཕར་ལམ་སྟོན་གནང་དགོས་བྱུང་བ་ལ་བསམ་པས། ཡ་མཚན་པ་ཞིག་བྱུང་། འོན་ཏེ། གསལ་པོ་ཆགས་དགོས་པ་དེ་གསལ་པོ་ཆགས་སོང་བ་འདི་བོད་རྒྱ་ཆེའི་མི་མང་གིས་ངེས་པར་ཤེས་རྟོགས་དགོས་པ་ཞིག་རེད་སྙམ་དུ་འདོད་དོ།།

    Reply
  47. སེང་བཟང་། says:
    ལོ་ 15 སྔོན།

    ད་དུང་བསྟན་འཛིན་མགོན་པོ་སོགས་རྩ་མི་ཚང་བའི་སྨྱོ་འཐུས་འགའ་ཞིག་ཀྱང་ཡོད།

    Reply
  48. སེང་བཟང་། says:
    ལོ་ 15 སྔོན།

    འོ་ད་ཅིག་དཀའ་ནི་རེད།   ཟམ་གདོང་གི་གསུང་འདི་ལ་གོ་བ་ལོན་དགོས་ན་ཉན་མཁན་ཚོ་ཟམ་གདོང་ལྟ་བུ་ཏག་ཏག་དགོས་ས་རེད།  གྲོས་ཚོགས་ཀྱི་ནང་ན་གསེར་རྟ་ཚུལ་ཁྲིམས་དང་།  ཆབ་བྲག་ལྷ་མོ་སྐྱབས།  བེ་རི་འཇིགས་མེད་སོགས་མི་ཁ་ཤས་ཤིག་མ་གཏོགས་ཚང་ལ་སློབ་སྦྱོང་དང་ཤེས་རབ་མེད་པའི་ར་འཐུས་དང་ལུག་འཐུས།  ཕག་འཐུས་རང་རེད།  

    Reply
  49. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    ཟམ་གདོང་རིན་པོ་ཆེ་ལ་ཐུགས་རྗེ་ཞུ།

    Reply
  50. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    ད་གསུང་འདུག་

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese