མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་མར་དབང་ཤུགས་ཆེ་ས་ན་དམངས་གཙོ་མེད། ལྷམ་ཀོག

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

ལྷམ་ཀོག ༼བོད་འབྱོར་རྩོམ་ཡིག༽

མི་ནི་འདུ་ཤེས་མཐོ་བའི་རིགས་སུ་གྱུར་བའི་སེམས་ཅན་ཞིག་ཡིན་ཞིང་།སྲོག་ལྡན་གཞན་ལས་སྔོན་དཔག་དང་གྲ་སྒྲིག་ཡོད་པ། ཁྱིམ་གཞི་དང་འཚོ་བར་གཏན་ཁེལ་ཡོད་པ་ཞིག་ཡིན་པ་ནི་འདས་མ་འོངས་ད་གསུམ་གང་ལ་བལྟས་ཏེ་ཡང་ཤེས་ཐུབ་པ་དེའོ། དབྱར་ཁ་དང་དགུན་ཁ་གཙོས་གྱུར་བའི་དུས་གཞིའི་ནམ་ཟླ་དང་བསྟུན་ནས་ལྟོ་གོས་སོ་ཚིས་ལ་ཉེར་སྡོགས་རྩོམ་གྱིན་ཡོད། དེའི་ཕྱིར་མི་དང་མིའི་བར་ལ་རང་བྱུང་གི་བརྩེ་བ་དང་ཉེར་མཁོའི་བརྩེ་བ་སོགས་ཡོད་པར་གྱུར་བ་དང་། དེའི་ལྡོག་ཕྱོགས་ནས་མི་མཐུན་པའི་སྡང་སེམས་དང་སྡང་ཡུལ་ཡང་ཤུགས་ཀྱིས་གྲུབ་པ་ཞིག་ཡིན་པ་སྨོས་མ་དགོས་པ་རེད། སྣང་ཚུལ་འདི་རྒྱུན་ལྡན་གྱི་མིའི་འཚོ་བའི་ཁྲོད་ཀྱི་འཕེལ་རིམ་ཞིག་ཡིན་པས་ལྟོས་ངན་པ་ཞིག་བྱུང་བ་ལར་ནས་མ་རེད། མི་རྣམས་ཀྱིས་འཚོ་བའི་རྨང་འདི་ལྟ་བུ་ཞིག་གཞི་ལ་བཏང་ནས་ཆབ་སྲིད་དང་དཔལ་འབྱོར་རིག་གནས་དང་ཆོས་ལུགས་སོགས་ཀྱི་རིག་པ་སྣ་སྒོ་མོ་ནས་སྤེལ་ཞིང་། ལག་ལེན་དང་གཞུང་ལུགས་ཉམས་མྱོང་གང་མང་ཞིག་གི་ཐོན་འབྲས་ལས་གྲུབ་མཐའ་སྣ་མང་དང་སྲིད་ལུགས་སྣ་མང་གོམས་སྲོལ་སྣ་མང་དག་བྱུང་བ་རེད། དེའི་ཕྱིར་རིག་གཞུང་གང་ཡིན་རུང་ཐོག་མར་མིའི་འཚོ་བ་སྐྱིད་དུ་གཏོང་བའི་ཐབས་སུ་དམིགས་པ་ཞིག་ཡིན་པར་སྙོན་དུ་མེད་མོད། འོན་ཀྱང་དུས་ཀྱི་འཕེལ་རིམ་ལ་བསྟུན་ཏེ་སྲོག་དབང་ཡོད་པའི་རིག་གནས་དག་མེད་པར་གྱུར་བ་དང་། སྔོན་བྱུང་མ་མྱོང་བའི་རིག་གནས་གསར་བ་དག་འཚོ་བའི་ཁྲོད་དུ་བྱུང་བ་འང་ རྒྱུན་ལྡན་ཞིག་རེད། དེ་ལྟ་མོད་འཚོ་བ་འདྲ་མཉམ་དང་གོ་ཐོབ་འདྲ་མཉམ།རང་དབང་འདྲ་མཉམ་སོགས་ཀྱི་ཐད་ན་ཤིན་ཏུ་ཁྱད་པར་བྱུང་ཡོད་པས་ང་ཚོ་མི་སུ་ཡིན་རུང་རང་གི་ འདོད་བློ་དང་འཚམ་པ་ཞིག་ལར་ནས་ཐོན་ཐུབ་གི་མ་རེད། དཔེ་ཆུང་ཆུང་ཞིག་གི་སྒང་ནས་བལྟས་ཀྱང་ཤེས་ནུས་པ་ཡིན། ཕ་བུ་གཉིས་ཀྱི་ངོར་གཅིག་མཐུན་དུ་གྲུབ་པའི་བདེ་སྐྱིད་ཅིག་མེད་ལ། ཕ་ཡིས་བུའི་འདོད་པ་ཡོངས་སུ་རྫོགས་པ་སྐོང་ཐུབ་པའི་འགན་ཡང་འཁུར་གྱིན་མེད། བུ་ལ་མཚོན་ན་ཡང་རང་གི་ཕ་དེའི་འགྲོ་འདུག་སྤྱོད་གསུམ་ཡོངས་སུ་རྫོགས་པས་རང་གི་འདོད་པ་ཚིམས་ཀྱིན་མེད་པའི་ཁར། ད་དུང་ཕ་ཞིག་ཡིན་པའི་ངོས་ནས་བུ་རང་གི་མདུན་ལམ་གྱི་ཐད་ལ་བསམ་བློ་མི་གཏོང་བར་སྒེར་གཅོད་བྱེད་པའི་སྣང་ཚུལ་ཡང་འབྱུང་ངེས་རེད། འདི་སྣང་ཚུལ་ཙམ་མ་ཡིན་པར་དོན་དངོས་ཡིན་པ་རེད། དཔེར་ན་ཕ་མས་བུ་དང་བུ་མོའི་འདོད་པར་མི་བསྟུན་པར་གནས་དང་དགོན་པར་བསྐྱལ་བའི་ཐད་ན་ཤིན་ཏུ་མང་། ཕ་མ་རང་རང་གི་བློ་མཐུན་ས་དང་དད་པ་དབང་བཙན་པར་བྱས་པ་ལས་བུའི་ཕྲུག་ལ་འདང་ བརྒྱབས་མེད། འདི་ལྟ་བུ་ནས་མགོ་བརྩམས་ཏེ་བལྟས་ན་སྒེར་གཅོད་ནི་ཡ་ང་ཞིང་གདུག་རྩུབ་ཅན་ཞིག་ཡིན་པ་མཐོང་ཐུབ་པར་མ་ཟད། དམངས་གཙོ་ནི་ཚུགས་དཀའ་ཞིང་ལག་ཏུ་ལེན་དེ་བས་ཀྱང་དཀའ་བ་ཞིག་ཡིན་པ་འང་གོ་འོང་ངོ་། སྤྱིར་དམངས་གཙོ་ཟེར་བ་དེ་མང་མོས་ཀྱིས་ཐག་གིས་གཅོད་དགོས་པས། དམངས་གཙོའི་རྒྱལ་ཁབ་བམ་དམངས་གཙོའི་མགོ་ཁྲིད་ཅིག་ལ་མཚོན་ན་རྒྱལ་ཁབ་དང་མགོ་ཁྲིད་ནི་དམངས་ཀྱི་ཆེད་དུ་ཡིན་པས་དམངས་ཀྱི་འདོད་བློ་དང་མི་མཐུན་ཚེ་བསྒྱུར་དགོས་པའི་གོ་རྟོགས་སྐྱེས་ཡོད། དེའི་ཕྱིར་དམངས་ཀྱིས་མང་མོས་ཀྱིས་བདམས་པའི་སྤྱི་འཐུས་ནི་ཁྲིམས་བཟོ་བ་རེད། རིམ་གྱིས་ཁྲིམས་འཛིན་པ་དང་། ཁྲིམས་སྐྱོང་བའི་ལས་ཀ་དག་ཀྱང་དམངས་ཀྱི་ལག་ཏུ་ཡོད། འདི་ནས་མང་མོས་ཟེར་བ་དེ་ག་འདྲ་ཞིག་གི་སྟེང་ནས་འཇོག་གམ་ཟེར་ན། བརྒྱ་ཆའི་ལྔ་གཅིག་ནས་འཇོག་དགོས་པ་ལྟ་བུ་དེ་རེད། དེ་ལྟའི་ཕྱིར་ན་ལྟོས་འཇོག་གིས་མི་རྣམས་ཀྱི་འདོད་བློ་དང་བསྟུན་གྱིན་ཡོད་པའི་སྲིད་ལུགས་ནི་དམངས་གཙོ་ཡིན་པས་ཀུན་པོས་དམངས་གཙོ་ལ་ཤུགས་བརྒྱག་པ་རེད།འོན་ཀྱང་ངས་བལྟས་ན་དམངས་གཙོ་ནི་ཆབ་སྲིད་སྡེ་ཁག་ལས་གཞན་དུ་མི་དགོས་པ་ཞིག་ལར་ནས་མ་རེད། མདོར་ན་ཁྱིམ་ཚང་ཞིག་ལ་ཡང་དམངས་གཙོ་དེ་དགོས་པར་སྣང་། ཕ་མ་གཉིས་ཀྱིས་རང་སྣང་གང་ཤར་གྱིས་བུ་ཕྲུག་དག་བཀོལ་སྤྱོད་བྱེད་པ་དེ་ཡང་གོམས་སྲོལ་གྱི་སྟེང་ན་མགོ་རྔ་ཡོད་པ་ཞིག་ཏུ་སྣང་རུང་། གནས་ལུགས་ཀྱི་སྟེང་ནས་སྐྱི་ཡ་བ་ཞིག་རེད། གོང་དུ་གླེང་ཟིན་པའི་བུ་དང་བུ་མོ་དགོན་པ་དང་གནས་ལ་བསྐྱལ་སྟངས་ཀྱི་ཐད་ནས་བལྟས་ཀྱང་ངོ་ཤེས་པ་ཡིན། དེང་གི་ཆར་ཁྱིམ་ཚང་ཞིག་ལ་མཚོན་ན་ཡང་གོམས་སྲོལ་དང་དམངས་གཙོ་གཉིས་ལས་ཆ་འགའ་རེ་ནས་དམངས་གཙོ་ལ་སློབ་སྦྱོང་བྱ་དགོས། ཆོས་སྒྲུབ་སའི་དགོན་པའང་མི་མང་འདུས་སྡོད་བྱ་ས་ཞིག་ཡིན་པས་དམངས་གཙོ་མཁོ་བ་སྨོས་མ་དགོས་པ་ཞིག་རེད། དགོན་བདག་བླ་མས་ཁ་ལོ་གང་སར་དཀྱུས་ན་དེ་ལྟར་དུ་འགྲོ་དགོས་པའི་གོམས་སྲོལ་ངན་པ་འདི་ངེས་པར་དུ་བསྒྱུར་དགོས་པ་རེད། དགེ་བསྐོས་དང་ལས་སྣེ་སྐོ་འཇོག་དང་བསླབ་པ་སློབ་གཉེར་གྱི་རིམ་པ་གང་ཡིན་རུང་མང་མོས་མ་བྱས་པར་བཙན་དང་ཤུགས་ཀྱིས་མི་འདོད་བཞིན་དུ་འདེད་པ་ནི་སྒེར་གཅོད་ཁོ་ན་ཞིག་རེད། དགོན་བདག་བླ་མ་རང་ཉིད་ལ་དམངས་ཀྱིས་གུས་འདུད་ངེས་པར་དུ་བྱེད་དགོས་ཤིང་། དགོན་བདག་རང་ཉིད་ཀྱི་གམ་ན་གྲྭ་གཞོན་ཚོ་ནི་ལས་སྣོད་བྱ་སྤྱད་ཀྱི་ཐོ་བ་བཞིན་དུ་གྱུར་ཡོད་པ་དེ་ནི་ངན་རྟགས་མཐར་ཐུག་པ་ཞིག་རེད། སྒེར་གཅོད་ཀྱིས་དཔོན་པོ་དག་གིས་དམངས་ཀྱི་སེམས་ནམ་ཡང་རིག་མི་ཐུབ་པ་དང་། དམངས་ཀྱིས་ཀྱང་རང་གི་འདོད་མོས་མཐར་ཐུག་པ་བཤད་རྒྱུར་འཇིགས་སྣང་ཡོད་པ་བཞིན། དགོན་བདག་བླ་མ་དང་དགོན་པའི་གྲྭ་བའི་བར་དུ་ཡང་དེ་ལྟར་དུ་གྱུར་ཡོད་པ་ནི། ཆོས་སྲིད་གཉིས་ཀའི་ལམ་ནས་གཡང་དུ་ལྷུང་ངེས་པའི་སྔོན་འགྲོ་ཞིག་རེད། བཅའ་ཡིག་ཆེན་མོ་དང་དགེ་འདུན་འདུལ་བའི་ནང་ཁྲིམས་ཀྱང་མང་མོས་ཀྱི་སྒོ་དང་བསྟུན་དགོས་པ་ཞིག་རེད།བསྒྱུར་དུ་མེད་པ།གཟུར་དུ་མེད་པ་ཞིག་ཡིན་ཚེ་དེ་ནི་དཀྱེལ་མེད་པའི་རིག་གནས་ཤིག་ཡིན་པས་དུས་རབས་ཀྱི་རྗེས་སུ་ལུས་ངེས་པ་ཡིན་ཞིང་། ནམ་ཞིག་ལ་ལག་ཏུ་ལེན་མཁན་ཡང་མེད་འགྲོ་བར་ངེས། མེད་དགོས་པ་ཞིག་ཀྱང་རེད། མི་ལ་གནོན་བཙིར་བྱེད་པའི་རིག་གནས་ཤིག་ག་དུས་ཡིན་ཡང་ཡོད་ན་འོས་པ་ཞིག་མ་རེད། སྒེར་གཅོད་པ་ཞིག་ལ་མཚོན་ན་བཀོལ་འོས་པའི་ལག་ཆ་དམ་པ་རེད་མོད། དེ་ལས་གཞན་པའི་རིག་གནས་ཀྱི་རྩིས་ཐང་ཞིག་འཚོལ་དུ་མེད་པ་རེད། འདི་ནས་ང་ཡ་མཚར་བ་ཞིག་ལ་དགོན་བདག་བླ་མ་ནི་ཆོས་ཁྲིམས་དང་མི་ཆོས་གང་གིས་གཅུན་དུ་མེད་པ་ཞིག་ཡིན་པ་དེ་རེད། གལ་ཏེ་ ཁྲིམས་ཀྱིས་གཅུན་དུ་མེད་པ་ཞིག་ཡིན་དུས་དེ་ནི་སྒེར་གཅོད་པ་མཐར་ཐུག་པ་ཞིག་ཡིན་པ་ལས་གཞན་དུ་ངོས་འཛིན་རྒྱུ་མེད། ཆོས་ཀྱི་གཞུང་ལུགས་དང་མི་མཐུན་པའི་ལྟ་བ་དང་སྤྱོད་པ་རྒྱུན་དུ་སྐྱོང་གིན་ཡོད་པར་མ་ཟད། མི་ཆོས་ཀྱིས་ཟིན་དུ་མེད་པའི་སྒྲོམ་གཞི་ཞིག་ཀྱང་བཟོས་འདུག དེ་བས་བླ་མ་ཁོ་ཚོའི་གདུལ་བྱར་བརྩི་བའི་ང་ཚོའི་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་འང་ཆོས་ཀྱི་གཞུང་ལུགས་རྣལ་མ་དེ་དར་མ་ཐུབ་པར། དགོན་བདག་བླ་མས་ཆོས་ལུགས་དེས་སྟངས་འཛིན་བྱས་འདུག དེའི་ཕྱིར་ང་ཚོའི་མང་ཚོགས་འདི་ནམ་ཡང་དམངས་གཙོའི་ལམ་ཁར་འགྲོ་རྒྱུ་ཤིན་ཏུ་ནས་ཐག་རིང་པོ་རེད། རྒྱུ་མཚན་ནི་དགོན་བདག་བླ་མས་ལྷ་སྡེ་དང་སྦྱིན་བདག་གི་མིང་སྙན་མོ་རེ་བཏགས་ཏེ་སྟངས་འཛིན་བྱས་པ་ཤུགས་དྲགས་པས། ཁོ་ཚོས་མགོ་ལུས་ཆ་ཚང་བ་བླ་མས་ བདག་གེར་བཟུང་ཟིན་པས་ཁོ་ཚོའི་སྐྱིད་སྡུག་ལ་རང་མོས་ཀྱིས་བསམ་བློ་གཏོང་བ་ཤིན་ཏུ་ཉུང་། བླ་མ་དེས་ཅི་གསུངས་ལ་ཉན་པ་རེད། བླ་མ་དེ་འཁྲུལ་བར་གྱུར་ན་ཡང་། འདི་ལ་དོགས་པ་ཙམ་ཡང་ཟ་ཕོད་པ་མ་རེད། གལ་ཏེ་དོག་པ་ཟོས་པ་ཡིན་ན་ཁོ་ཚོས་ལས་འབྲས་ཁས་མ་བླངས་པ་དང་གནས་ལུགས་ཁས་མ་བླངས་པ། སངས་རྒྱས་དང་ཆོས་ཁས་མ་བླངས་པ་ལྟ་བུའི་འཇིགས་དངང་ཡོང་གི་ཡོད་པ་རེད། བསམ་བློ་དེ་འདྲ་ཞིག་རིམ་བསགས་ཀྱིས་སྡེ་དོན་དང་མི་དོན་གང་ཞིག་ཡིན་རུང་བླ་མ་དེའི་གསུང་ལ་ཁེན་དགོས་བྱུང་ཡོད། འགྲོ་སྟངས་འདུག་སྟངས་འདི་ལས་དཔགས་ཐུབ་པ་ནི་གང་ཡང་འཇོན་པ་དང་གང་ཡང་བདེན་པ་ནི་བླ་མ་དེ་ཡིན་པར་འདོད་པས། བླ་མ་དེར་འདེམས་ཤོག་བརྒྱ་ཆའི་བརྒྱ་ཐོབ་ངེས་པ་རེད། དོན་ངོ་མའི་བླ་མ་དེ་ནི་དམངས་ལ་སེམས་ཁུར་བྱེད་མཁན་ཞིག་དང་དམངས་ཀྱི་ལོ་རྒྱུས་སྐྲུན་མཁན་ཞིག་མ་ཡིན་པར་རང་དོན་ཙག་ཙིག་གི་ནང་ན་མགོ་འཁོར་ཏེ་ཡོད་པ་ཞིག་ཡིན་པས་འདེམས་ཤོག་བརྒྱ་ཆའི་སུམ་ཅུ་ཐོབ་འོས་པ་ཡང་ཉུང་ཉུང་ཡིན། འདི་ནས་ཀློག་པ་པོར་དོགས་པ་འོང་སྲིད་པ་ནི། བླ་མ་དེར་འདེམས་ཤོག་བརྒྱ་ཆའི་བརྒྱ་ཐོབ་པ་ཡིན་ན་དེ་ལ་ཁྱད་ཆོས་ཤིག་ཡོད་པ་ཡིན་པར་འདོད་པ་དང་།འདེམས་ཤོག་དེ་ཡང་དམངས་གཙོའི་ལམ་ནས་ཐོབ་པར་འདོད་པ་དེ་རེད།ངས་འདི་ནས་དབྱེ་ཞིབ་བྱས་པའི་དབང་དུ་བཏང་ན། བླ་མ་དེས་གང་ཡང་འཇོན་པར་འདོད་པའི་བསམ་བློ་ཆོས་ལུགས་ལ་བརྟེན་ནས་བྱུང་བའི་དྲི་ཙམ་འདྲེས་འདུག གང་རེད་ཅེས་ན་ཆོས་གཞུང་ན་བླ་མ་ནི་སངས་རྒྱས་སུ་བལྟ་དགོས་པ་འམ་སངས་རྒྱས་ཡིན་པ་དང་། སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན་པར་བསྒྲུབས་པའི་རྒྱུ་མཚན་ལ་ཐུག་འདུག

དམངས་ཚོགས་ལ་མཚོན་ན་ཆོས་གཞུང་གིས་བསྟན་པའི་བླ་མ་དེ་ཅི་ལྟ་བུ་ཞིག་ཡིན་པ་མ་ཤེས་པ་དང་། གོ་བ་རགས་རམ་ཙམ་ལ་བླ་མ་དང་སངས་རྒྱས་གཅིག་ཡིན་པས་གང་ཡང་མཁྱེན་པ་རེད་འདོད་ཅིང་། གོ་སྐབས་འདི་དང་ བསྟུན་ནས་དགོན་བདག་བླ་སྤྲུལ་གྱིས་རིག་པ་གྲིམ་པོ་བྱས་ཏེ་མོ་འདེབས་པ་དང་རྨི་ ལམ་ལ་བསྒུགས་པ། མཆོད་མེ་ལ་བརྟགས་པ་སོགས་ཀྱིས་ཆོ་ག་བསླབས་པར་མ་ཟད། མིང་དུ་ གྲགས་པའི་དབང་ལུང་མནོ་བར་ཕྱག་ལེན་བསླབས་པ་རེད། དེའི་ཞོར་དུ་ཁ་སྤྱང་བོར་གྱུར་ བས་ཁོར་གཡོག་གིས་བླ་མ་དང་སངས་རྒྱས་གཉིས་ལ་ཁྱད་པར་མེད་ཚུལ། རྟགས་དང་མཚན་མ་མང་ རབས་ལབ་ནས་དམངས་ཀྱི་སེམས་ངོར་གསེར་གྱི་སྐུ་ལྟ་བུ་ཡིན་པར་བཞག་པ་མང་དྲགས་པས། མི་མང་གིས་བླ་མའི་གཅིན་སྐྱག་ཡང་ཁ་རུ་འཁྱེར་བར་བློ་ཐག་རྦད་ཀྱིས་གཅོད་ནུས་ པའི་བར་དུ་བག་ཆགས་བཞག་ཡོད་པ་རེད། ཀློག་པ་པོས་འདི་ལ་དཔྱོད་དེ་འོང་ན་ཆོས་གཞུང་ གི་ལྟ་སྤྱོད་ཀྱི་ཐད་ན་གཅིན་སྐྱག་ཁ་རུ་ལེན་པའི་བྱིན་རླབས་ལ་རེ་བའི་རྣམ་གཞག་ ཡོད་དམ། འདི་ཆོས་དང་མི་མཐུན་རུང་བླ་མའི་ཆོས་ལུགས་ཀྱིས་དམངས་ལ་བཞག་པ་དེ་རེད། དམངས་ཀྱིས་བླ་མར་རྩིས་མཐོང་འདི་ལྟ་བུ་བྱེད་བཞིན་ཡོད་དུས་དམངས་རང་ཉིད་བླ་ མའི་གམ་ན་མ་རུང་བ་དང་མི་ཤེས་པ་ཡོད་རྒུ་ཚང་མཁན་ཞིག་ཏུ་འདོད་པས་བླ་མར་འདེམས་ ཤོག་བརྒྱ་ཆའི་བརྒྱ་འཕེན་པའི་ཆ་རྐྱེན་གྲུབ་པ་རེད། དེ་ལས་གཞན་བླ་མའི་བྲན་དུ་ གྱུར་བའི་དམངས་ལ་མཚོན་ན་མིའི་གོ་རྟོགས་སད་མེད་པ་རེད།མིའི་གོ་རྟོགས་སད་མེད་ དུས་དམངས་གཙོ་ཞེས་པ་དེ་ཅི་ཡིན་ཧ་གོ་གི་མ་རེད། དམངས་གཙོ་ནི་ཅི་ཞིག་གི་དོན་དུ་ དར་སྤེལ་བྱེད་དགོས་པ་དང་། དམངས་གཙོའི་འདེམས་ཤོག་ཅི་ལྟ་བུ་ཞིག་གི་ལམ་ནས་འཕེན་ དགོས་པའི་གོ་རྟོགས་ཡོད་མི་སྲིད། དོན་དུ་དམངས་གཙོ་ནི་མི་དམངས་ཀྱི་ཆེད་དུ་མི་ དམངས་ཀྱིས་བཙུགས་པའི། མི་དམངས་ཀྱི་གཞུང་ཞིག་ཡིན་པར་བསྟན་པ་དང་གཞུང་དེའི་མགོ་ ཁྲིད་ཡང་དེ་ལྟར་དུ་འདེམས་དགོས་པ་ཧ་གོ་གི་མ་རེད། དམངས་རང་ཉིད་ལ་རྐྱོང་སྐུམ་ སྟེར་བའི་གཞུང་ཞིག་དང་དཔོན་པོ་ཞིག་འདེམས་རྒྱུ་ནི་རྩིས་ཆེན་དུ་འཛིན་པའི་གོ་ རྟོགས་མེད་པའི་རྩ་བ་དེ་ལྟར་མཐུག་པས།འདེམས་ཤོག་དེ་བླ་མའི་ཕྱོགས་སུ་རྨོངས་དད་ ཀྱིས་འཕངས་པ་ཞིག་ལས་ཅི་ཡང་མ་རེད། དེ་བས་བླ་མའི་མཛད་འཕྲིན་རྒྱས་ས་ན་མི་འཇོན་ ཐང་ཅན་ལ་མི་དམངས་ཀྱི་སྣེ་འཁྲིད་དགོས་པའི་འདེམས་ཤོག་མེད་པ་རེད། དེས་མཚོན་པའི་ བླ་མ་སྤྲུལ་སྐུ་ཅི་ལྟར་ཤུགས་ཆེན་པོས་བཀུར་ས་ན་དམངས་གཙོ་མེད་པ་དང་། དམངས་གཙོ་ དར་ཡང་ཐུབ་གི་མ་རེད།དམངས་གཙོའི་བདག་དབང་ཡོད་རྒུ་བླ་མས་སྒེར་གཅོད་ཀྱིས་ཟིལ་ གྱིས་མནན་ཡོད་པ་རེད། ནམ་ནམ་ཞར་ཞར་ལ་ལུག་རྒྱབ་པགས་པའི་ངང་ཚུལ་གྱིས་ང་ཚོའི་ བདག་དབང་ལ་བླ་མས་ཁ་ལོ་སྒྱུར་གིན་ཡོད་པས་ང་ཚོ་སྒེར་གཅོད་པ་གཉིས་པ་ཞིག་གི་ གཞུང་ནས་ཀྱང་ནར་མུར་འདུག་པར་ཆགས་ཡོད། འདི་ལས་ཐར་དགོས་ན་ང་ཚོའི་སྤྲུལ་སྐུའི་ རིག་གནས་སམ་བླ་མའི་རིག་གནས་འདིའི་མགོ་རྟིང་སློག་དགོས།ཁྲི་སྟེང་ན་འཁོད་པའི་སེར་ཙམ་པ་རེ་གཉིས་ལ་རྒོལ་བས་ཤུལ་གཅོད་ཐུབ་གི་མི་འདུག འོན་ཀྱང་སྤྲུལ་སྐུ་འམ་བླ་མ་འདི་དག་གིའི་རྒྱབ་རྩ་ན་གདུལ་བྱ་དང་རྩ་ཁྲིམས་ཡོད་པས་རེ་ཞིག་ང་ཚོའི་དམངས་གཙོ་ཕམ་སྲིད་མོད། ནམ་ཡང་མགོ་སྒུར་བར་མི་བྱའོ།།

ཟུར་བཤད།
དགོད་གཏམ་ཞིག་བཤད་ན་དམངས་ཀྱི་འདེམས་ ཤོག་བླ་མ་ཁོ་ནར་དབང་བར་མ་ཟད།  བླ་མའི་གྲོགས་པོ་བློས་ཐུབ་དག་ལ་ཡང་དབང་བར་བཤད་དོ། ང་ཚོའི་ས་ཁུལ་འདིར་འཐུས་མི་འདེམས་དུས་གོ་གནས་ ཡོད་པའི་བླ་སྤྲུལ་དག་གིས་རང་གི་ལྷ་སྡེ་མི་སྡེ་ཡི་འཐུས་མི་དག་ལ་ང་ལ་འདང་བརྒྱག་ན་ མི་འདི་དང་འདི་འདེམས་དགོས་ཞེས་པའི་བསླབ་བྱ་བརྒྱགས་པ་དེ་རྒྱུན་དུ་ཁུལ་དཔོན་ དང་རྫོང་དཔོན་འདེམས་དུས་ལམ་སྲོལ་དུ་གྱུར་ཡོད།

འདི་ནས་བླ་མ་ཞེས་པ་ནི་ལམ་རིམ་སོགས་ནས་གསུངས་པའི་ཚད་ལྡན་གྱི་བླ་མར་གོ་བ་མ་ཡིན་པར་དེང་སྤྲུལ་སྐུ་ཞེས་པར་དམངས་ཀྱིས་བླ་མར་འབོད་པ་དང་སྒོ་བསྟུན་ནས་བྲིས་པ་ཡིན།
དེ་ལས་གཞན་རྩོམ་ཡིག་འདི་བོད་ནང་གི་སྤྱི་ཚོགས་གཞི་རུ་བཞག་ནས་བྲིས་པ་ཡིན།
 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 90

  1. གནས་ཚང་། says:
    ལོ་ 15 སྔོན།

    གུས་པས་རྒྱུས་ལོན་བྱས་པ་ལྟར་ན། ལྷམ་ཀོག་ཚང་ནི་རོང་བོ་དགེ་འདུན་ལྷུན་གྲུབ་ཅེས་རྩོམ་པ་པོ་སྐད་གྲགས་ཅན་ཞིག་ཡིན་པའི་ཁར། དགེ་འདུན་པ་རྣམ་དག་ཅིག་ཀྱང་ཡིན་པས། ཚང་མ་ལོར་མང་གཙོར་བསྐུལ་བའི་གཞེན་སྐུལ་ཡིན་པར་མ་ཟད། ཡེ་ཤེས་དབྱིངས་དཔྱད་སོགས་ཀྱི་འགྲམ་ལྕག་ཀྱང་ཡིན་པས། བོད་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་འདོད་འདུན་ངོ་མ་དེ་མཚོན་བཞིན་པར་འདོད།

    Reply
  2. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ལོ་རྒྱུས་དང་སྤྱི་ཚོགས་ལ་རྒྱུས་མངའ་ཡག་པོ་གནང་སྟེ་གཟུ་བོའི་བློས་ཕྱོགས་ལྷུང་དོར་སྟེ་དྲང་བདེན་གྱི་སྐད་ཆ་བཤད་ན་ཀུན་ལ་ཕན། རང་ཉིད་མི་དགའ་བ་ཙམ་གྱིས་གཞན་ལ་བདེན་མིན་གྱི་གཏམ་མང་པོ་སྨྲ་བ་ནི་སྤྱི་ཚོགས་དཀྲུགས་ཤིག་ལས་གཞན་ཅི། དེས་ན་དྲྭ་གྲོགས་ཡོངས་ཀྱིས་ཐུགས་བསམ་ཡག་པོ་བཞེས་ནས་དཔྱད་གླེང་གནང་བ་ནི་ཟིན་བྲིས་འདེབས་པའི་དགོས་སྙིང་ཡིན། ཁྱེད་རྣམས་གཟིམ་འཇམ་གནང་། སང་ཉིན་མཇལ་ཡོང་།

    Reply
  3. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    སྐྱེ་བོ་མང་པོས་བླ་མ་རྣམས་ལ་གུས་བཀུར་དང་དད་གུས་བྱེད་པ་འདི་ནི་བླ་མ་རྣམས་པའི་བཟང་སྤྱོད་ཀྱི་བཛད་པ་ལས་བྱུང་བ་ཡིན་པ་ལས་བཙན་བཀའ་དང་ཁྲིམས་གཅོད། འཇིགས་བསྐུལ་གྱི་སྒོ་ནས་ཁོང་རྣམས་ལ་དེ་འདྲ་དགོས་ཤེས་པའི་དབང་ཡོད་གང་དུ་གནང་འདུག མང་པོ་ཞིག་ཁོང་རྣམས་པའི་གཞན་ཕན་གྱི་བྱ་བ་ལ་རྗེས་སུ་ཡི་རངས་ཏེ་རྗེས་སུ་འཇུག་པ་ལ་ཁོང་རྣམས་པས་ལམ་སྟོན་གྱི་བཀའ་སློབ་གནང་བ་ལ་དམངས་གཙོའི་ལྟ་བ་མེད་པར་བཟོས་པ་བཤད་ཀྱི་ཡོད་དམ། དེ་ནི་དམར་པོའི་རིང་ལུགས་སྨྲ་བའི་མགོ་ཁྲིད་འགའི་བཤད་སྟངས་ཡིན་པས་དེ་དག་གི་རྗེས་སུ་འཇུག་པའི་གཏམ་ལས་དངོས་ཡོད་གནས་ལུགས་དང་མཐུན་པའི་སྐད་ཆ་མ་རེད། ཡང་ན་བུ་ཕྲུག་རྣམས་ཤེས་ཡོན་དང་བྱ་སྤྱོད་ཡག་པོ་ཡོང་ཆེད་ཕ་མ་དང་དགེ་རྒན་རྣམས་པས་བཀའ་སློབ་གནང་གི་ཡོད་པས་ཁོང་རྣམས་གང་ལ་ཡོད་པའི་ཡུལ་དེར་དམངས་གཙོའི་ལྟ་བ་མེད་ཅེས་བཤད་ཀྱི་ཡོད་དམ།

    Reply
  4. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    རྒྱ་མིའི་སོ་བ་ལགས་ཀྱིས་བཤད་པ་དག་ལ་རྒྱུ་མཚན་འདུག

    Reply
  5. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    lobsngk ལགས་ཀྱིས་གཞན་སེམས་དཀྲུགས་ཐབས་ཀྱི་གཏམ་ལས་བདེན་དོན་ལ་ཕྱོགས་པའི་རེད་མི་འདུག་པས་རེ་ཞིག་བཏང་སྙོམས་སུ་གཞག་པར་བྱའོ།།

    Reply
  6. lobsngk says:
    ལོ་ 15 སྔོན།

    བླ་མ་ཚོའི་མདུན་ནས་མི་ཞིག་སྒལ་ཚིགས་བསྲིངས་ནས་ཡར་ལངས་ན་ནག་ཉེས་སུ་བརྩི། བླ་མ་མང་ཆེ་བས་མིའི་སྐད་ཆ་ལ་ཉན་མི་ཤེས་ཤིང་། མི་སྐད་བཤད་མི་ཤེས། ཚད་ངེས་ཅན་གྱི་ཐོག་ནས་བཤད་ན་སྤྲུལ་སྐུའི་མིང་ཅན་མང་པོ་ཞིག་མི་མིན།

    Reply
  7. lobsngk says:
    ལོ་ 15 སྔོན།

    དེ་བདེན་པ་རེད། བླ་མའི་དབང་ཤུགས་ཆེ་ས་ན་དངོས་གནས་མང་གཙོ་མེད། དེ་ངའི་ཉམས་མྱོང་ཡིན།

    Reply
  8. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    ཁྲོམ་ཐོག་ནས་སྒྲོག་པ་མི་འཐད་ན་བཀའ་གདམ་གསར་རྙིང་གཉིས་ཀའི་ཐུགས་དམ་གྱི་མཐུལ་་་ཁེ་དང་རྒྱལ་ཁ་གཞན་ལ་སྤྱིན། །གྱོང་དང་བུབ་ཁ་རང་གིས་ཉོ། །ཟེར་བ་འདི་དང་། བདག་ལ་ཉེས་པ་ཅུང་མེད་བཞིན་དུ། །གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང་། །སྙིང་རྗེ་དབང་གིས་དེ་ཡི་སྡུག་པ་ནི། །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །གསུངས་མཁན་དེ་ཚོ་ལ་གཅིག་ཤོད། དེ་དེའི་བརྒྱད་འཛིན་དེ་ཚོ་ལ་གཅིག་ཤོད།

    Reply
  9. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    ངས་ཁོང་ཚོའི་སེམས་ཅང་གསོད་ཀི་མེད།

    Reply
  10. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    དྲ་གྲོགས་རྒྱ་མིའི་སོ་བ་ལགས། བོད་དོན་ཟེར་དུས་ཁུ་ཚུར་གནམ་དུ་ཕྱར་དགོས་པ་ཁོ་ན་ཞིག་མིན་པ་ཁྱེད་བདེན་དུ་འཆུག་ཀྱང་། འདས་པའི་དཔའ་བོ་དཔའ་མོ་དག་གིས་ཁུ་ཚུར་གནམ་ལ་ཕྱར། བདེན་པའི་སྐད་ཤུགས་བཏོན། མིག་ཀོང་ཆུ་མས་བཀང་དེ་རྒྱུགས་པའི་ཚུལ་དེ་ཆོས་དང་མི་མཐུན་རབས་གླེང་ནས། དེ་དག་གི་ཤུལ་ལུས་ཕ་མའི་སེམས་གསོད་པ་དང་། བོད་མིའི་ཞི་བའི་ངོ་རྒོལ་གྱི་དབལ་གཞོམ་པ་ནི་འོས་པ་ཞིག་ཏུ་མཐོང་ངམ། ཁོ་རང་ཉིད་རིག་གཞུང་གི་དོན་དུ་ཁུ་སིམ་མེར་བཞུགས་ན་རང་དབང་ཡིན་མོད། ཁྲོམ་ཐོག་ནས་གང་སར་སྒྲོག་པ་ནི་ཤིན་ཏུ་མི་འཐད་དོ།

    Reply
  11. མི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཚོ། སྐུ་ཞབས་ལྷམ་ཀོག་ལགས་ཀྱིས་གསུངས་པ་དག་ལ་གནས་ལུགས་དང་རྒྱུ་མཚན་ཡོད་པར་འདོད་པས་རྗེས་སུ་ཡི་རིང་བྱེད་ཀྱིན་ཡོད། བླ་མར་དབང་ཤུགས་ཆེ་ས་ན་དམངས་གཙོ་མེད་པ་དོན་དངོས་རེད་འདོད་ཀྱིན་ཡོད། བསམ་གཞིག་ཅུང་ཙམ་བྱོས་དང་ཁྱེད་ཚོས་མཁྱེན་རྟོགས་ཐུབ་པའི་ཡིད་ཆེས་ཡོད།

    Reply
  12. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    བོད་དོན་ཟེར་དུས་ཁུ་ཚུར་གནམ་ལ་ཕྱར་ཏེ་རྒྱུགས་འཇོག་དགོས་པའི་ངེས་པ་ནམ་ཡང་མེད་པར་འདོད། ་་་་ནོར་བཅོས།

    Reply
  13. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    འདི་ལ་བཤད་ལུགས་གཉིས་ཡོད། ཆོས་གཞིར་བཞག་བྱས་ནས་བཤད་སྟངས་གཅིག་དང་ཆབ་སྲིད་གཞིར་བྱས་བཤད་སྟངས་གཅིག་སྟེ་གཉིས་ཡོད་མོད། གྲྭ་པས་ལས་འགུལ་སྤེལ་བ་ཡག་པོ་མིན་ཡིན་མིན་གང་ཡང་ངས་བཤད་ཀྱི་མིན།
    ཆབ་སྲིད་གཞིར་བཞག་བྱས་ནས་བཤད་ན་ལོ་སྔོན་མའི་ལས་འགུལ་འདི་ཕྱོགས་གཉིས་ཀས་འགྲིག་བསྡད་ཡོད་ཟེར་གྱི་ཡིན། ལས་འགུལ་སྤེལ་མཁན་གྱིས་ལྷག་བསམ་རྣམ་དག་གིས་བོད་དོན་བྱས་པ་རེད། དེ་ཆོས་དང་མཐུན་རུང་མ་མཐུན་རུང་འཇིག་རྟེན་ལུགས་ལ་འགྲིག་བསྡད་ཡོད་པ་རེད།
    འོས་ལངས་ལས་འགུལ་ནང་མ་ཞུགས་མཁན་གྱིས་གྲྭ་བཙུན་རྣམ་པས་སོ་སོའི་ཆོས་དང་རིག་གཞུང་གི་བསྟི་གནས་དགོན་པ་དེ་དག་སྲུང་སྐྱོབ་ཡོང་ཐབས་དང་། ཆོས་པ་ཞིག་ཡིན་པའི་ཆ་ནས་སངས་རྒྱས་ཀྱི་གསུངས་པའི་སོར་བྱང་སྔགས་གསུམ་གྱི་སྡོམ་དམ་ཚིག་དང་ཡང་མ་འགལ་བ་ཞིག་བྱུང་ཡོད་པ་ཡག་པོ་རེད་ཟེར་གྱི་ཡིན།
    བོད་དོན་ཟེར་དུས་ཁུ་ཚུར་གནམ་ལ་ཕྱར་ཏེ་རྒྱུགས་འཇོག་དགོས་པའི་ངེས་པ་ནམ་ཡང་རེད་པར་འདོད།

    Reply
  14. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    རྒྱ་མའི་སོ་བ་ལགས། ཁྱེད་རང་གིས་རང་ལ་དྲི་བ་ཞིག་འདོན་འདུག་གཟིགས་དང་ཁྱེད་ཀྱི་ཚིག་རིས་ཇི་བཞིནབཤུས་ཡོད།[བླ་མ་གྲྭ་པས་དགོན་ནང་དུ་ཆོས་དང་རིག་གཞུང་བདག་པོ་བརྒྱབ་སྟེ་བསྡད་ན་དེ་ནི་འོས་ལངས་ལས་ལྷག་གི་ལས་འགུལ་ཞིག་རེད། འོས་ལངས་མི་མང་རང་གིས་སྤེལ་ན་ཡག་ནི་རེད།
    རྒྱ་མིས་ཡིན་ན་ཡང་བླ་མ་གྲྭ་པས་ལས་འགུལ་སྤེལ་བ་ལ་སངས་རྒྱས་ཆོས་ལུགས་དང་འགལ་བ་རེད་ཅེས་དང་། ཏཱ་ལའི་རུ་ཁག་གི་བྱ་བྱེད་ཅེས་ག་ཚོད་བཤད་སོང་། ཕན་ཐོག་དེ་ཙམ་མི་འདུག་ཡིན་ན་གྲོགས་པོ། མི་མང་ལ་སངས་རྒྱས་ཆོས་ལུགས་དང་མི་མཐུན་པ་རེད་ཟེར་བ་དང་། རྒྱབ་ལ་ཆོས་གོས་གྱོན་པའི་སྤྱང་གུ་ཟེར་བ་ཞིག་རྒྱ་དམར་ཡིན་རུང་ཡོད་ནི་མ་རེད་ལོ། ] གང་ལྟར་ཁྱེད་ཀྱིས་བལྟས་ན་ན་ནིང་གི་གྲྭ་བ་དག་གི་འོས་ལངས་ཀྱི་བྱེད་སྒོ་དེ་འགྲིག་ཡོད་དམ། གལ་ཏེ་མེད་ན་རྒྱ་མིས་བཤད་པ་དང་གཅིག་མཚུངས་རེད། མི་དགེ་བཅུ་བོ་ཡང་སྲུང་གི་ཐུབ་གི་མི་འདུག་ཟེར་བ་དེ་དང་འཕྲོད་ཡོད་འདུག གལ་ཏེ་འགྲིག་ཡོད་ན་བླ་མ་དེ་དག་གིས་བཤད་སྟངས་དེ་ལ་སྐྱོན་འདུག གཉིས་ཀའི་གང་རུང་ལས་ཁྱེད་བཤོལ་ཐུབ་ཀི་མི་འདུག

    Reply
  15. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    ཁ་བའི་འདོ་མདངས་ཀྱིས་བཤད་པ་བདེན་པ་རེད། སྤྱིར་ལྷམ་ཀོག་གིས་༼བླ་མར་དབང་ཤུགས་ཆེ་ས་ན་དམངས་གཙོ་མེད།༽ཅེས་ཚིག་ཐག་ཆོད་པོས་བཤད་པ་དེ་དམང་གཙོ་ཞེས་པའི་ཚིག་ཙམ་ཞིག་ལས་དམང་གཙོ་ངོ་མ་ཤེས་ཀྱི་མེད་པ་གསལ་བོ་རེད། དཔེར་ན་རྒྱ་གར་ནི་འཛམ་གླིང་ནང་གི་དམང་གཙོ་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། ཡིན་ན་ཡང་ཧིན་དྷུ་དང་། ཁ་ཆེ། ནང་པ་གཙོས་པའི་བླ་མ་མང་པོ་ཡོད་པ་རེད། དེས་དམང་གཙོ་ལ་གང་ཡང་གནོད་ཀྱི་མི་འདུག
    ངས་བལྟས་ན་ལྷམ་ཀོག་ཟེར་བ་འདི་དམར་ཤོག་ཆོས་མེད་སྨྲ་བའི་རྗེས་ཟློས་མཁན་ཞིག་ཡིན་པ་ལས་མཁས་པ་དང་། ལྷག་བསམ་ཅན། ཉམས་མྱོང་ཅན། རྒྱལ་ཞེན་ཅན་དེ་འདྲ་གང་ཡང་རེད་མི་འདུག་སྙམ། རྟག་པར་བོད་ཀྱི་བླ་རྒན་རྣམས་ལ་སྐྱོན་བརྗོད་བྱེད་མཁན་ཞིག་རེད།
    དེང་སང་བོད་ནང་གི་བླ་རྒན་རི་ཁྲོད་པ་རེ་ཟུང་གིས་བོད་ཀྱི་ཆོས་དང་རིག་སྲུང་སྐྱོབ་བྱས་པ་དང་། ཡར་རྒྱས་བཏང་བའི་བྱས་རྗེས་ལ་རྗེས་སུ་ཡི་རང་མེད་པའི་ཐོག ད་དུང་མི་མང་གི་ཁུར་ཡིན་མདོག་བཤད་ན་བོད་དོན་གང་ཡིན་ངོས་མ་ཟིན་པའི་ལྐུག་པ་རང་རེད།

    Reply
  16. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ད་སྐབས་བོད་ཀྱི་བླ་ཆེན་མང་ཆེ་བ་བཙན་བྱོལ་དུ་བཞུགས་ཡོད་པས་མི་མང་གི་སེམས་ནང་ལ་བཞེས་བཞུགས་ཀྱི་བླ་མ་ལས་བྱེས་འབྱོར་གྱི་བླ་མ་བརྩི་མཐོང་ཆེ་བས། བྱེས་འབྱོར་བླ་མའི་དབང་ཤུགས་ཀྱིས་དམངས་གཙོའི་ལྟ་བ་མེད་པར་མ་ཆགས་ན་བཞེས་བཞུགས་བླ་མའི་དབང་ཤུགས་ཀྱིས་དམངས་གཙོའི་ལྟ་བ་མེད་པ་ཇི་ལྟར་གྱུར།

    Reply
  17. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    བོད་ནང་གི་བླ་མ་དམང་གཙོ་དང་མི་མཐུན་པ་དང་བོད་ཕྱི་ལོག་གི་བླ་མས་དམང་གཙོ་ལ་མི་གནོད་པའི་རྒྱུ་མཚན་ཞིག་མཐོང་གི་མི་འདུག

    Reply
  18. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    སྐུ་ཞབས་བདེན་པའི་གཅེར་བུ་ལགས། ཁམས་ཕྱོགས་ཀྱི་བླ་མས་ཆོས་བཤད་དུས་ཆོས་ཀྱི་ནང་གང་ཡོད་པ་དེ་བཤད་དགོས་པ་མ་རེད་དམ། བོད་ཀྱི་རྩ་དོན་གཅིག་ནི་ཆོས་དང་དང་རིག་གཞུང་སྲུང་སྐྱོབ་རེད། སྲུང་སྐྱོབ་བྱེད་དགོས་ན་སོ་བྱང་སྔགས་གསུམ་གྱི་སྡོམ་དམ་ཚིག་སྲུང་དགོས་པ་རེད་མ་གཏོགས་ཆོས་དང་མི་མཐུན་པའི་ཆོས་ཤིག་ཡོད་པ་ལས་མེད་ན་ཡག་གི་རེད།
    ངོ་རྒོལ་ལས་འགུལ་སྤེལ་རྒྱུ་དེ་མི་མང་གི་ལས་འགན་རེད། མི་མང་གཉིད་སད་དགོས་པ་རེད། མི་མང་ལ་ལས་འགུལ་མ་དགོས་ན་བླ་མ་གྲྭ་པས་ཨུ་ཚུགས་བརྒྱབ་ནས་གང་ཡང་ཕན་ནི་མ་རེད། ཁམས་ཕྱོགས་ཀྱི་བླ་མ་ཚོས་རང་གི་གྲྭ་སློབ་ཚོར་ཆོས་དང་མཐུན་དགོས་པར་བཤད་པ་ལས་མི་མང་ལ་དེ་ལྟར་བཤད་ཡོད་པ་མ་རེད། བླ་མ་གྲྭ་པས་དགོན་ནང་དུ་ཆོས་དང་རིག་གཞུང་བདག་པོ་བརྒྱབ་སྟེ་བསྡད་ན་དེ་ནི་འོས་ལངས་ལས་ལྷག་གི་ལས་འགུལ་ཞིག་རེད། འོས་ལངས་མི་མང་རང་གིས་སྤེལ་ན་ཡག་ནི་རེད།
    རྒྱ་མིས་ཡིན་ན་ཡང་བླ་མ་གྲྭ་པས་ལས་འགུལ་སྤེལ་བ་ལ་སངས་རྒྱས་ཆོས་ལུགས་དང་འགལ་བ་རེད་ཅེས་དང་། ཏཱ་ལའི་རུ་ཁག་གི་བྱ་བྱེད་ཅེས་ག་ཚོད་བཤད་སོང་། ཕན་ཐོག་དེ་ཙམ་མི་འདུག་ཡིན་ན་གྲོགས་པོ། མི་མང་ལ་སངས་རྒྱས་ཆོས་ལུགས་དང་མི་མཐུན་པ་རེད་ཟེར་བ་དང་། རྒྱབ་ལ་ཆོས་གོས་གྱོན་པའི་སྤྱང་གུ་ཟེར་བ་ཞིག་རྒྱ་དམར་ཡིན་རུང་ཡོད་ནི་མ་རེད་ལོ།

    Reply
  19. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    རྩོམ་ཡིག་གི་མཇུག་ན། བོད་ནང་གི་སྤྱི་ཚོགས་གཞི་རུ་བཞག་ནས་བྲིས་ཟེར་བ་དེ་རྒྱ་མིའི་སོ་བ་ལགས་ཀྱིས་མ་གཟིགས་སམ། ཡིད་བཞིན་ནོར་བུ་འདི་རུ་འདྲེན་དགོས་དོན་ཨེ་ཡོད་དམ།

    Reply
  20. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ལྷམ་ཀོག་དང་བདེན་པའི་གཅེར་བུ་སོགས་ཁྱེད་རྣམས་ལ་ཞུ་རྒྱུ། ལོ་རྒྱུས་ལ་ཕྱི་མིག་བྱས་ན་དེ་སྔོན་བོད་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབས་གནང་མཁན་མང་ཆེ་བ་ནི་བླ་མ་དང་གྲྭ་པ་ཡང་ན་དེའི་སྤྱི་ཚོགས་ནས་སླེབས་པའི་མི་བུ་དག་ཡིན། འོང་ཏང་ཁོང་རྣམས་སངས་རྒྱ་དག་དག་མ་ཡིན་པས་ནོར་འཁྲུལ་ཅུང་ཟད་ཡོད་མོད། ཕྱོགས་གཉིས་ཀར་གཞིགས་ནས་སྐད་ཆ་བཤད་དགོས། མང་པོ་ཞིག་གིས་སྤྲུལ་སྐུ་ཚང་མ་བླ་མ་རེད་བསམ་ནས་སྤྲུལ་བརྫུན་རྣམས་པའི་ནོར་འཁྲུལ་བླ་མར་འགེལ་བ་དང་། སྡོམ་པ་དམ་ཚིག་ཡོད་མེད་ལ་མི་བལྟ་བར་གཟན་ཤམ་གྱོན་ཚད་གྲྭ་པར་བཟུང་ནས་དེ་དག་གི་སྐྱོན་རྣམས་གྲྭ་པར་འགེལ་བ་ནི་རྣམ་པར་ཕྱེ་བའི་ཤེས་རབ་ཀྱི་མིག་མེད་པའི་སྐྱོན་ཡིན། གྲྭ་པ་ཡིན་མིན་ནི་རྒྱུད་ལ་རབ་བྱུང་གི་སྡོམ་པ་ཡོད་མེད་ལ་བལྟ་དགོས་པ་ལས་གོས་ཀྱི་ཚོས་གཞི་དང་བཟོ་དབྱིབས་ལ་བལྟ་ཡ་མེད། དེས་ན་རབ་བྱུང་གི་སྡོམ་པ་མེད་ན་ཆོས་གོས་སེར་པོ་རྟག་ཏུ་གྱོན་ནས་བཟང་ཕྱོགས་ཀྱི་བྱ་བ་གང་་ཞིག་སྒྲུབ་ཀྱང་མི་སྐྱ་ཞིག་གི་བཟང་སྤྱོད་ལས་གྲྭ་པ་ཞིག་གི་བཟང་སྤྱོད་མིན། དེ་ལས་ལྡོག་ཏེ་རབ་བྱུང་གི་སྡོམ་པ་ཡོད་ཚེ་རྒྱུན་པར་མི་སྐྱའི་ཆས་གོས་གྱོན་ནས་ངན་ཕྱོགས་ཀྱི་བྱ་བ་གང་ཞིག་སྒྲུབ་ཀྱང་གྲྭ་པ་ཞིག་གི་ངན་སྤྱོད་ལས་མི་སྐྱ་ཞིག་གི་ངན་སྤྱོད་མིན། འདི་ནི་དངོས་ཡོད་མཐོང་བའི་བློ་གྲོས་མི་ལྡན་པར་དོན་མེད་སྐུར་བ་འདེབས་པའི་སྐྱེ་བོ་རྣམས་ལ་གདམས་ངག་ཡིན་པས་ཞིབ་གཟིགས་གནང་རོགས།

    Reply
  21. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    ཏཱ་ལའི་བླ་མ་ཁོ་ན་ཆབ་སྲིད་ཀྱི་བདག་དབང་ཡོད་པའི་བླ་མ་རེད།

    Reply
  22. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    ཏཱ་ལའི་བླ་མ་ཁོ་ན་ཆབ་སྲིད་ཀྱི་བདག་དབང་ཡོད་པའི་བླ་མེད། བོད་ནང་གི་གནས་སྟངས་ནི་་་་ནོར་བཅོས།

    Reply
  23. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    ལྷམ་ཀོག་གིས་དམང་གཙོའི་ལུང་པ་ལ་བླ་མ་རྩ་མེད་བཟོ་དགོས་པར་འདོད་ན་དམང་གཙོ་ཚད་ལྡན་ཅན་གྱི་རྒྱལ་ཁབ་ཁག་གི་ནང་ཆོས་ལུགས་འདྲ་མིན་གྱི་བླ་མ་མང་པོ་ཡོད་པར་བརྟེན་རྒྱུ་མཚན་མེད་པའི་འཆལ་གཏམ་རང་རེད།

    ཡང་ན་དམང་གཙོ་དགོས་ན་ཆབ་སྲིད་ལ་དབང་སྒྱུར་བྱེད་མཁན་གྱི་བླ་མ་མེད་དགོས་པར་འདོད་ན་བོད་ལ་མཚོན་ན་ཏཱ་ལའི་བླ་མ་ཁོ་ན་ཆབ་སྲིད་ཀྱི་བདག་དབང་ཡོད་པའི་བླ་མ་མེད། བོད་ནང་གི་སྟངས་ནི་རྒྱ་དམར་གྱིས་དབང་སྒྱུར་བྱས་ཡོད་པ་ལས་བླ་མས་དབང་སྒྱུར་བྱས་མེད་པ་ལྷག་ཀོག་གིས་ད་རུང་མ་ཤེས་པ་ག་ལ་ཡིན། ཡང་མིན་ན་གཞན་དབང་གི་འོག་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གྱི་བླ་མ་དེ་ཚོ་མེད་པར་བྱེད་དགོས་པར་འདོད་མཁན་ཞིག་ཡིན་ན་ལྷམ་ཀོག་ནི་ལྷམ་ཀོག་རང་རེད།

    Reply
  24. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    སྐུ་ཞབས་རྒྱ་མིའི་སོ་བ་ལགས། ཁྱེད་ཀྱིས་ཀུན་མཁྱེན་སོགས་ཀྱིས་མཚོན་པའི་རྒྱ་མིའི་ཕོག་ཟ་མཁན་གྱི་བླ་མིང་དག་གིས་རང་གི་ལྷ་སྡེ་མི་སྡེ་ནས་མགོ་བརྩམས་ཏེ་རྒྱ་མིའི་མགྲིན་ཚབ་པ་བྱས་ནས་རྒྱ་མི་ཡགས་རབས་རྒྱན་རབས་གླེང་ནས་རང་ལ་གཏོགས་པའི་མི་སྡེ་དག་གི་ན་གཞོན་དག་གི་སེམས་ཤུགས་གཅོགས་ཐུབ་ཀྱིན་མེད་རུང་རྒན་པ་དང་ལོ་ཚོད་སྨིན་པ་དག་ལ་མགོ་སྒུར་དུ་འཇུག་གི་ཡོད་པ་དང་། ཁམས་ཕྱོགས་ཀྱི་བླ་སྤྲུལ་གང་མང་མང་ཞིག་གིས་ཆོས་བཤད་རྒྱབ་ནས་ན་ནིང་གི་འོས་ལངས་ཆེན་མོ་དེ་ཆོས་དང་མི་མཐུན་ཚུལ་ལྷག་པར་དུ་གྲྭ་བ་ཞིག་ལ་དེ་མི་མཛའ་རབས་གླེང་ཞིང་། ཆོས་པ་ཞིག་ཡིན་དུས་ནམ་མཁའ་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བསམ་དགོས་པ་ལས་དེ་ལ་ཁྱད་པར་འབྱེད་རྒྱུ་མེད་ཚུལ་གླེང་ནས་དད་ལྡན་ཡིག་རྨོངས་པ་མང་པོའི་སེམས་ཤུགས་གཅོག་པའི་ངང་ཚུལ་དག་ལ་ལྟོས་ཤིག་དང་ཉོན་ཞིག་དང་གོ་རྒྱུ་ཡོད་འདུག དེ་ལྟའི་གནས་སྟངས་དེར་བོད་མིའི་ད་ལྟའི་གནས་སྟངས་སུ་ཤོད་མི་རིགས་པའི་རྒྱུ་མཚན་ཅི་རེད། མི་རང་ག་བ་ཞིག་གིས་ཤུགས་རྐྱེན་དེ་འདྲ་ཐེབས་རྒྱུ་ཨེ་རེད། དེ་དག་བླ་སྤྲུལ་གྱི་མིང་ཐོག་ཏུ་ཡོད་པས་མ་ཡིན་ནམ། གཙོ་བོ་མཆན་ཞབས་པམང་པོ་ཞིག་གིས་ག་གོར་གྱི་མགོ་ཚོས་གྱིན་མི་འདུག་པས་ལན་གྱི་ངལ་བ་མ་བྱས་སོ།།

    Reply
  25. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    བདེན་པའི་གཅེར་བུ་མས་བཤད་པ་དེ་འགྲིག་མི་འདུག་ཟེར་གྱི་ཡིན། ཁྱོད་ཀྱིས་༼ལྷམ་ཀོག་གི་རྩོམ་ཡིག་འདིས་བོད་ཀྱི་གནས་བབ་དངོས་ཤིག་བཤད་འདུག ཨ་མདོ་ཁུལ་དང་ཁམས་ཁུལ་གྱི་བླ་སྤྲུལ་གྱི་གནས་སྟངས་འདི་འདྲ་རེད། དཔེར་ན་ཀུན་ལྷོ་ཁུལ་གྱི་བོད་མིའི་སྤྱིའི་མདུན་ལམ་གྱི་ཁེག་ཐག་ཀུན་མཁྱེན་ལ་རེག་ལས་པ་འདྲ་བོ་དང་།༽ ཞེས་པའི་ཀུན་མཁྱེན་ཟེར་བ་དེ་རྒྱ་མིའི་ལས་བྱེད་དམར་ཤོག་གི་ཕོག་ཟོས་ནས་སྡོད་མཁན་ཞིག་ཡིན་ན་དེ་ལ་བོད་ཀྱི་གནས་སྟངས་ཟེར་ནི་མ་རེད། དེ་ལ་རྒྱ་མི་ལ་བོད་ཀྱི་ཁེག་ཐག་ཁུར་མཁན་གྱི་བླ་མིང་ཅན་ཟེར་བ་རེད། གནས་སྟངས་དེ་རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་དབང་སྒྱུར་བྱས་པའི་གནས་སྟངས་རེད་མ་གཏོགས་བོད་ཀྱི་གནས་སྟངས་མ་རེད།

    ཡང་ཁྱོད་ཀྱིས། (དེ་ལས་གཞན་ཁམས་ཕྱོགས་ཨ་ཁྱུག་དང་རྡོ་གྲུབ་ཡར་ཀླུང་རྫོགས་ཆེན་སོགས་ཀྱི་དམངས་ཀྱི་ཆོས་སྲིད་གང་དུ་འཁྲིད་ཆོགཆོག་ཡིན་པ་ལྟ་བུ་རེད།)ཅེས་པ་འདི་རྒྱུ་མཚན་མེད་པའི་གཏམ་རང་རེད། ཨ་ཁྱུག་ལྟ་བུ་ལ་མཚོན་ན་བླ་རྒན་རི་ཁྲིད་པ་ཞིག་རེད། ཁོ་རང་གིས་ཆོས་བཤད་དེ་སློབ་མ་གང་མཚམས་ཤིག་ཡོད་པ་དེ་ཚོ་ལ་ཆོས་ལུགས་ཀྱི་བླངས་དོར་འདྲ་སྟོན་གྱིན་ཡོད་པ་ལས་མི་མང་གི་སྣེ་ཁྲིད་མཁན་ཞིག་དང་ལོ་རྒྱུས་ཅན་གྱི་སྤྲུལ་སྐུ་དེ་འདྲ་གཏན་ནས་མ་རེད།

    མ་གཞི་ཁྱེད་ཀྱི་སྐད་ཆ་དེས་ཅི་ཞིག་སྟོན་གྱིན་འདུག་ན་ཟེར་ན་བོད་ལ་རྒྱ་དམར་གྱིས་དབང་སྒྱུར་བྱས་ནས་ཆོས་དང་རིག་གཞུང་ཡོད་ཚད་གཏོར་ཟིན་པའི་འོག་ཏུ། བླ་མ་རེ་ཟུང་གིས་བཀའ་དྲིན་ལས་བོད་ཀྱི་རིག་གནས་དར་རྒྱས་སུ་གཏོང་མཁན་དེ་ཚོ་མི་མང་ལ་དབང་སྒྱུར་བྱེད་མཁན་རེད་ཅེས་བཤད་ཡོང་དུས་དོན་ངོ་མ་རྒྱ་མི་ལ་དགོས་རྒྱུའི་སྐད་ཆ་རང་རེད་འདུག

    Reply
  26. རྒྱ་མིའི་སོ་བ། says:
    ལོ་ 15 སྔོན།

    སྤྱིར་བཏང་བཤད་ན་ལྷམ་ཀོག་གི་རྩོམ་ཡིག་འདི་ཡག་པོ་འདུག ཡིན་ན་ཡང་བོད་ནང་གི་གནས་སྟངས་གཞི་ལ་བཞག་ནས་བྲིས་ཟེར་དུས་ཅི་ཞིག་ཤོག་གྱིན་ཧ་མི་གོ་བ་ཞིག་ཆགས་སོང་། དེང་སང་བོད་ནང་ལ་མཚོན་ན་ཡོད་ཚད་རྒྱ་དམར་གྱིས་དབང་སྒྱུར་བྱས་ཡོད་པ་ལས། བླ་མས་ཆབ་སྲིད་ཀྱི་སྣེ་ཁྲིད་མཁན་དང་དབང་སྒྱུར་བྱེད་མཁན་མེད།
    གཞི་རྩའི་སངས་རྒྱས་ཆོས་ལུགས་ནས་བཤད་པའི་བླ་མ་དང་བོད་ཀྱི་སྤྲུལ་སྐུ་གཉིས་སོ་སོར་ཕྱེད་དགོས་པ་གལ་ཆེན་པོ་རེད། བོད་ཀྱིས་སྤྲུལ་སྐུ་ཚོས་ཆབ་སྲིད་ལ་ཧབ་ཐོབ་བྱས་པའི་ལོ་རྒྱུས་རིང་པོ་ཡོད་རུང་། བོད་ཀྱི་ཆབ་སྲིད་ལ་དབང་བའི་བླ་མ་ནི་ཏཱ་ལའི་བླ་མ་གཅིག་པུ་རེད། པཎ་ཆེན་བླ་མ་ནི་བཀྲ་ཤིས་ལྷུན་པོའི་དགོན་དཔོན་ཡིན་པར་ཏཱ་ལའི་གཅུ་གསུམ་པས་བཤད་ཡོད། ཁྱོད་ཀྱིས་(འདི་ལས་ཐར་དགོས་ན་ང་ཚོའི་སྤྲུལ་སྐུའི་ རིག་གནས་སམ་བླ་མའི་རིག་གནས་འདིའི་མགོ་རྟིང་སློག་དགོས།)་ཞེས་བཤད་པ་དེ་དམང་གཙོ་གོང་འཕེལ་གྱི་ཆེད་དུ་ཡིན་ན་ཆབ་སྲིད་ལས་དབང་སྒྱུར་གྱེད་མཁན་གྱི་བླ་མ་ལས་བླ་མ་གཞན་པ་ཚོ་དེའི་ནང་དུ་ཚུད་མེད་པར་འདོད།
    ཡང་ཁྱེད་ཀྱིས་(དེ་བས་བླ་མའི་མཛད་འཕྲིན་རྒྱས་ས་ན་མི་འཇོན་ ཐང་ཅན་ལ་མི་དམངས་ཀྱི་སྣེ་འཁྲིད་དགོས་པའི་འདེམས་ཤོག་མེད་པ་རེད། དེས་མཚོན་པའི་ བླ་མ་སྤྲུལ་སྐུ་ཅི་ལྟར་ཤུགས་ཆེན་པོས་བཀུར་ས་ན་དམངས་གཙོ་མེད་པ་དང་། དམངས་གཙོ་ དར་ཡང་ཐུབ་གི་མ་རེད། དམངས་གཙོའི་བདག་དབང་ཡོད་རྒུ་བླ་མས་སྒེར་གཅོད་ཀྱིས་ཟིལ་ གྱིས་མནན་ཡོད་པ་རེད།)ཅེས་པ་འདི་སངས་རྒྱས་ཆོས་ལུགས་ཀྱི་བླ་མ་ཡིན་ནམ་ཆོས་ལུགས་གཞན་པའི་བླ་རེད། ཆོས་ལུགས་གཞན་པ་ལ་མཚོན་ན་དམང་གཙོ་ཤུགས་ཆེ་བའི་རྒྱ་གར་ལྟ་བུ་དང། དམང་ཚོ་ཚད་དང་ལྡན་པའི་ཨ་རི་ལྟ་བུ་ན་ཡང་ཆོས་ལུགས་འདྲ་མིན་གྱི་བླ་མ་མང་པོ་ཡོད་པ་རེད། དེ་བས་ན་ཁྱེད་ཀྱིས་སྨྲས་པ་ལ་རྒྱུ་མཚན་མེད་པ་ཞིག་ཏུ་གྱུར་ཡོད། སངས་རྒྱས་ཆོས་ལུགས་སམ་བོད་ཀྱི་ཆོས་ལུགས་ལ་མཚོན་ན་ཆབ་སྲིད་ལ་དབང་སྒྱུར་བྱེད་མཁན་གྱི་བླ་མ་དེ་ཏཱ་བླ་མ་གཅིག་པུ་རེད། དེ་མགོ་རྟིང་སློག་དགོས་པའི་དོན་རེད་དམ་མ་རེད་ཅེས་པའི་དྲི་བ་ཞིག་འདུག

    Reply
  27. ལྷ་མ་ཡིན། says:
    ལོ་ 15 སྔོན།

    ལྷམ་ཀོག་ཟེར་བ་འདི་ཡང་ཁ་རོ་ལ་འཁོར་ནས་མི་ངུ་བར། གྱང་ལ་འཁོར་ནས་ངུ་གྱིན་འདུག ༢༠༠༨ལོ་ནས་ད་ལྟ་བར་དུ་ད་དུང་བོད་མི་སྟོང་གཅིག་དང་ལྔ་བརྒྱ་ལྷག་རྒྱ་ནག་གི་བཙོན་འོག་ན་སྡུག་བསྔལ་དང་མནར་གཅོད་བཟོད་བླག་མེད་པ་མྱོང་བཞིན་ཡོད་ནི་རེད། དེ་ཚོ་མི་གླེང་བར་ནང་ཁུལ་དཀྲུག་ཤིང་རེ་རྒྱག་པ་འདི་ངོ་ཚ།

    Reply
  28. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    དགུ་ཚིགས་སྐྱ་མོ་ལགས་ དེ་འདྲ་ཡིན་ན་ཁྱོད་ལ་ཡང་བདེན་པ་མཐོང་བའི་མིག་མེད་པ་ཡིན་པ་འདྲ་ ཨ་ལ་ཀུ་རེ་ཡིན་ ཐུགས་སྤོ་མ་ལང་ བོད་མིའི་མདུན་ལམ་དང་བདེ་སྐྱིད་འཕྲོགས་པ་རེད་དམ་ཡང་ན་བཙོང་བ་རེད་ དགྲ་གཉེན་སོ་སོར་ངོས་ཟིན་མཁན་དེ་ཁྱོད་འདྲ་བོ་ཞིག་ཡིན་ན་རྒྱུ་འབྲས་གོ་ལྡོགས་ཡིན་ས་རེད་

    Reply
  29. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    འཇང་གཡུ་ལྷ་ཐོགས་འགྱུར་ལགས། བོད་མིའི་མདུན་ལམ་དང་བདེ་སྐྱིད་འཕྲོགས་མཁན་སུ་ཡིན་ཁྱེད་ཀྱི་ད་དུང་ཡང་ངོ་ཤེས་ཀྱིན་མེད་པ་འདྲ།
    བདེན་པ་བཤད་པའི་ལམ་མེད་པར་སྲོག་ཁྲིམས་གཅོད་མཁན་དེ་ཚོ་བོད་ཀྱི་བླ་རྣམས་མ་རེད།
    ཁྱེད་རང་ལྟ་བུའི་དགྲ་གཉེན་སོ་སོར་ངོས་མི་ཟིན་མཁན་གྱི་བླུན་ཞིང་སྟུལ་བ་དེ་སྔོན་ལས་ངན་པ་ཞིག་བསགས་པའི་རྣམ་སྨིན་ཡིན་ས་རེད། བདག་ནི་བླ་གྲྭ་གང་ཡང་མིན་ལ་དངོས་ཡོད་གནས་ཚུལ་ཞིབ་འཇུགས་བྱེད་མཁན་ཞིག་ཡིན།

    Reply
  30. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    མི་འདི་ཚོའི་མདུན་ལ་བདེན་པ་བཤད་པའི་ལམ་མེད་པ་དེ་སྔོན་ལས་ངན་ཅི་ཞིག་བསགས་པའི་རྣམ་སྨིན་ཡིན་ནམ
    གལ་སྲིད་མི་འདི་ཚོ་ལ་དབང་ཞིག་ཡོད་ན་གཟན་ཤམ་རེ་གྱོན་ནས་ལྷམ་ཀོག་ལ་སྲོགས་ཁྲིམ་གཅོད་ས་རེད་ད་

    Reply
  31. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    ཆོལ་གསུམ་བོད་མིའི་བདེ་སྐྱིད་འཕྲོགས་མཁན་དེ་བོད་ཀྱི་བླ་མ་མ་རེད་བླ་མའི་དགྲ་བོ་རེད། ང་ཚོའི་བོད་མིའི་འདི་སྤྱིའི་སྐྱབས་གནས་ནི་དཀོན་མཆོག་གསུམ་རེད། ལྷམ་གོག་ལགས་ཁྱེད་ལ་ཐུགས་ཁག་མེད་ཁྱེད་ཀྱི་རྩོམ་ཡིག་འདི་བོད་འབྱོར་རྩོམ་ཡིག་མ་རེད་རྒྱ་འབྱོར་རྩོམ་ཡིག་རེད། རྒྱ་ཀུང་ཁྲན་དང་གི་རྩོམ་ཡིག་༡༩༥༩ལོའི་རྩོམ་ཡིག་རེད། འདི་གསར་པ་མ་རེད་རྙིང་པ་ཞིག་རེད། བསམ་བློ་འདི་དམར་པའི་ཤུགས་སྐྱེན་ལ་བྱུང་པ་ཞིག་རེད། དེས་ན་ལྷམ་གོག་ལགས་རང་གིས་ད་དུང་བོད་ཀྱི་བླ་མ་རྣམས་དགྲ་རུ་ཟུངས་དང་ཁྱེད་ལ་དམར་ཕྱོགས་སྲིད་གཞུག་གི་སྒོར་མོ་དང་རྒྱབ་སྐྱོར་ཡོད།

    Reply
  32. karma dorje says:
    ལོ་ 15 སྔོན།

    ལྷམ་ཀོག་ལགས། དང་པོར་ཁྱེད་རང་གིས་སྨུག་མིང་དེ་བཏགས་ནོར་ཐེབས་འདུག
    གཉིས་པར་གསུང་རྩོམ་ཐོག་མའི་ཕྱེད་ཀ་ལྷག་ཙམ་རང་གི་ནང་གི་ལོ་རྒྱུས་ཡིན་པ་འདྲ།
    གསུམ་པར་དགོན་པའི་རྒྱུ་དངོས་འགྲམ་ཆུ་འཁོར་ནས་དགོན་པའི་བདག་པོ་བྱེད་འདོད་ཡོད་པ་འདྲ།
    བཞི་པར་སྤྲུལ་སྐུའམ་བླ་མ་རྗུན་མ་ལ་ལབ་ཡིན་གྱི། བླ་མ་དངོས་གནས་ལ་མིན་ཟེར་ནས་གོང་གི་ལབ་ཚད་ཚང་མ་ཕུང་ངེ་ཞིག་འགྲོ་མཁན་འདྲ་བྱས་སོང་། དགོངས་དག་ངས་གོ་བ་ལེན་མ་ཤེས་པའང་ཡིན་སྲིད།

    Reply
  33. གླེན་པ་ལུག says:
    ལོ་ 15 སྔོན།

    ཆོས་ལྡན་དགེ་སློང་དམངས་གཙོ་སྨྲ་ལ་མཁས། །
    ཆོས་ལུགས་ཤུགས་ཀྱིས་བླ་མའི་དམངས་གཙོ་ལེགས། །
    ཆོས་པ་བླ་མའི་དབང་ལ་སྐྲག་གྱུར་ན། །
    ཆོས་པའི་རང་གཟུགས་སྤངས་ན་དེ་གས་འཐུས།

    Reply
  34. kunsal says:
    ལོ་ 15 སྔོན།

    རྒྱ་དམར་བཙན་ཤུགས་ཆེ་བས་སྲོག་དབང་མེད།།
    མི་ངན་བསམ་གནག་ཆེ་བས་ཞི་བདེ་མེད།།
    ཁོང་ན་ཕན་སེམས་མེད་པས་བདུད་ལས་སྒྲུབ།།
    ཁ་ངན་སྨྲ་བ་མང་བས་སྤྱི་ཚོགས་དཀྲུགས།།

    བླ་མའི་མིང་ཅན་ས་བདག་དེང་སྐབས་མེད།།
    སྲིད་དབང་སྒེར་གཅོད་བླ་མ་དེང་སྐབས་མེད།།
    སྐུ་དྲག་གཡོ་སྒྱུ་ཅན་པ་གང་དུ་འདུག།
    དཔོན་ངན་རྒྱུ་ངོམ་ཆེ་བ་ངས་མ་མཐོང་།།

    བླ་མ་བླ་མ་ཟེར་ལྷམ་ཀོག་ལགས།།
    ལོག་སྨོན་བླ་རྫུན་འདུག་ན་ཐེར་འདོན་གྱིས།།
    ཁྱོད་ཀྱང་བླ་མའི་དྲིན་ལས་མི་ལུས་ཐོབ།།
    འདི་ཕྱིའི་མགོན་སྐྱབས་བླ་མ་ལས་གཞན་མེད།།
    དོན་མེད་དམྱལ་བ་མ་སྒྲུབས་སྤུན་ཟླ་ལགས།།

    Reply
  35. གླེན་པ་ལུག says:
    ལོ་ 15 སྔོན།

    དམངས་གཙོ་སྨྲ་ལ་ཐོགས་མེད་གྲྭ་བ་ཡོད། །
    དམངས་གཙོའི་སྲིད་ཁྲིམས་སྐྱོང་བའི་བླ་མ་ཡོད། །
    དམངས་གཙོའི་དབང་ཤུགས་ཆེ་བའི་སྤྲུལ་སྐུ་ཡོད། །
    གྲྭ་བའི་དམངས་སྲིད་གླེང་བར་ཐོགས་མེད་ན། །
    བླ་མའི་དབང་ཤུགས་དམངས་ལ་ལོས་ཀྱང་བསྒྱུར། །

    Reply
  36. གླེན་པ་ལུག says:
    ལོ་ 15 སྔོན།

    ཚིགས་བཅད་ཐན་ཐུན་རྣམ་གཡེང་ཁྲོད་ནས་བཏུས། །
    ཆོས་གྲྭའི་འཚོ་བ་ཆོས་ཀྱིས་མ་བསྐྱངས་ཤིང་། །
    ཆོས་སྲིད་རྒྱལ་ཁམས་མིག་གིས་མ་མཐོང་བས། །
    དམངས་གཙོའི་རིང་ལུགས་ཀློང་དུ་བརྡོལ་བ་མཚར། །

    Reply
  37. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    ཁྱེད་ཅག་གི་སེམས་ངོར་བགས་ཀྱིས་འདྲིས་ཤིང་གོམས་པར་གྱུར་བ་ནི་བླ་མ་ཞེས་པའི་མིང་ཚིག་འདི་ལས་འདིའི་ཕག་གི་སྐྱོ་གར་དེ་ད་ལྟ་འཁྲབ་བཞིན་པ་དང་མ་འོངས་པར་འཁྲབ་འགྱུར་ཕྱོགས་ནས་བསམ་བློ་མི་གཏོང་བར་སྤྱི་དང་བྱེ་བྲག་ཁྱད་པར་འབྱེད་དགོས་འདུག་ཟེར་བ་ལྟ་བུའི་འགན་མི་འཁུར་བའི་སྐད་ཆ་མ་ཤོད་རོགས། གོང་ས་ཡིད་བཞིན་ནོར་བུ་ལྟ་བུའི་སྐྱབས་མགོན་དག་ནི་རྩོམ་འདིའི་ཁ་གཏད་མ་ཡིན་པའི་གསལ་ཆ་རྩོམ་འདིའི་མཇུག་ཏུ་འཁོད་ཡོད་པར་མ་གཟིགས་སམ། ཆོས་ཀྱི་གཞུང་ལུགས་ནས་བསྟན་པའི་བླ་མའི་ཚད་ཉིད་དང་ལྡན་པ་དག་ཟུར་དུ་ཕྱེས་འདུག་པས་སྐྱི་གཡའ་དགོས་དོན་མི་འདུག འདི་ནི་ངས་རྩོམ་པ་པོ་ལགས་ངོ་ཤེས་པས་མ་ཡིན་ཏེ་ཁོའི་རྩོམ་གྱི་བསྟན་བྱ་ངོ་ཤེས་པས་ཁྱེད་ཚོར་ལན་ཙམ་བཏབ་པ་ཡིན། འོན་ཀྱང་རྩོམ་པ་པོའི་ཐུགས་དང་འགལ་བར་སོང་ཡོད་ན་བཟོད་གསོལ་ཞུ།

    Reply
  38. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    ཁྱེད་ཅག་དྲ་གྲོགས་རེ་འགས། རྩོམ་འདི་ལ་མ་གཟིགས་པར་སྐད་ཆ་རེ་ཤོད་ཀྱིན་ཡོད་དམ། རྩོམ་འདིས་རིག་གནས་ཀྱི་དངོས་ཤིག་དང་ཆབ་སྲིད་ཀྱི་ཟུར་ཞིག་གླེང་གིན་ཡོད་མོད། འདི་ལ་བསམ་བློ་གཏོང་མི་ཤེས་པ་རེད་དམ། སྤྱིར་ད་སྐབས་ཀྱི་སྤྱི་ཚོགས་ཐོག་གི་སྤྲུལ་སྐུ་འདི་ལ་བདེན་རྫུན་གྱི་དབྱེ་བ་མེད་པར་རྒྱ་ནག་གི་མགྲིན་ཚབ་པ་ཞིག་ཏུ་འགྱུར་དགོས་པའི་རྒྱུ་གང་རེད། འདིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་བོད་སྲིད་གཞུང་ལ་གདོང་གཏད་ནས་འོང་གི་ཡོད་པའི་གནས་སྟངས་ནས་སོམས་ཤིག དེ་བས་ད་ནས་བཟུང་གོང་ས་མཆོག་གི་ཡང་སྲིད་ལ་དམར་ཕྱོགས་ཚོགས་པས་སྟངས་འཛིན་བྱ་རྩིས་ཡོད་པའི་གནས་བབ་ནས་དཔྱོད་ཅིག འུ་ཅག་དམངས་གཙོའི་ལམ་ལ་ངང་སྒུག་བྱེད་པ་དག་གིས་འཕྲང་བརྒྱ་ཕ་བོང་གཅིག་གཅོད་ཀྱིས་རིགས་པར་བརྟེན་ནས་བདེན་པ་དང་རྫུན་མ་མེད་པར་འདི་དག་ལ་ཕྱགས་མ་བཏང་ན་མི་མཛེས་སམ

    Reply
  39. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གང་ཞིག་བཤད་ན་འདོད་ན་དེ་རང་དབང་རེད
    འོན་ཀྱང་སྤྱི་དང་བྱེ་བྲག་མ་ནོར་བ་བྱེད་དགོས་ངེས་རེད
    མི་མཐོང་དགུ་མཐོང་བླ་མར་རྫུན་མ་ཞིག་མཐོང་ཡོད་པ་འདྲ་་་ཧ་ཧ་

    Reply
  40. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བླ་མར་དབང་ཤུགས་ཆེ་ས་ན་མང་གཙོ་མེད།
    རྒྱ་ནག་དམག་ཤུགས་ཆེ་ས་ན་སྲོག་དབང་མེད།
    སྐུ་དྲག་གཡོ་ཤུགས་ཆེ་ས་ན་དྲང་བདེན་མེད།
    དཔོན་པོ་རྒྱུ་ངོམས་ཆེ་ས་ན་འཚོ་བ་མེད།

    མེད་མེད་བཞི་ཡི་འོག་གི་གངས་ཅན་པ།
    ཡོད་ཡོད་བཞི་ཡི་དོན་རྙེད་གངས་ཅན་པ།
    མེད་མིན་ཡོད་མིན་རྩོད་པའི་གངས་ཅན་པ།
    མཐའ་བརྒྱད་མདུད་ནག་རྒྱག་པའི་གངས་ཅན་པ།

    Reply
  41. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    ཁ་བའི་རང་མདངས་ལགས། ལྷམ་ཀོག་གི་རྩོམ་མཇུག་དུ་རྩོམ་ཡིག་འདི་བོད་ནང་གི་སྤྱི་ཚོགས་གཞི་རུ་བཞག་པ་ཡིན་སྨྲ་འདུག་པས་གཟིགས་པར་འཚལ། བཀའ་དྲིན་ཆེ། ཕན་ཚུན་ལ་གུས་ཞབས་ཡོད་པའི་བགྲོ་གླེང་བྱས་ན་ཡགས་པོ་འདུག

    Reply
  42. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    བདེན་པའི་གཅེར་བུ་མ་ལགས། ཁྱེད་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཕ་མ་དང་དགེ་རྒན་རྣམས་པའི་སྟངས་འཛིན་འོག་ནས་ཕྲུག་གུས་བཟང་སྤྱོད་དང་ཤེས་ཡོན་སྦྱོང་པ་བཞིན་བླ་མ་དམ་པའི་བཀའ་འོག་ནས་གདུལ་བྱ་དུ་མ་ཡང་དག་པའི་ཆོས་ཀྱི་ལམ་དུ་འཇུག་གི་ཡོད། ཡང་རེ་འགའ་བླ་མ་རྫུ་མའི་གཡོ་འོག་དུ་ཚུད་དེ་ལམ་ལོག་ཏུ་འགྲོ་ཡི་ཡོད། དེ་དག་ནི་བྱེ་བྲག་གི་བྱ་སྤྱོད་རེད། ལྷམ་ཀོག་གི་༼བླ་མར་དབང་ཤུགས་ཆེ་ས་ལ་དམངས་གཙོ་མེད༽་ཅེས་སོགས་སྤྱི་ལ་དུ་མ་ཞིག་བཤད་པ་ལ་གུས་པས་སྨྲས་པ་ཡིན། དེ་ལྟར་ན་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་དམངས་གཙོའི་ལྟ་བ་མེད་པར་འདོད་དགོས་ཏེ། བླ་མར་དབང་ཤུགས་ཆེ་ས་ཡིན་པ་མཐོང་བཞིན་པ་ལགས

    Reply
  43. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    ཁ་བའི་རང་མདངས་ལགས། ལྷམ་ཀོག་གི་རྩོམ་ཡིག་འདིས་བོད་ཀྱི་གནས་བབ་དངོས་ཤིག་བཤད་འདུག ཨ་མདོ་ཁུལ་དང་ཁམས་ཁུལ་གྱི་བླ་སྤྲུལ་གྱི་གནས་སྟངས་འདི་འདྲ་རེད། དཔེར་ན་ཀུན་ལྷོ་ཁུལ་གྱི་བོད་མིའི་སྤྱིའི་མདུན་ལམ་གྱི་ཁེག་ཐག་ཀུན་མཁྱེན་ལ་རེག་ལས་པ་འདྲ་བོ་དང་། རེབ་གོང་ཕྱོགས་ཀྱི་ཆོས་སྲིད་ཀྱི་སྤྱིའི་བདག་དབང་ཤར་སྐལ་ལྡན་གྱིས་བཟུང་ཡོད་པ་འདྲ་བོ། དེའི་འགྲོ་སྟངས་ལ་འཁྲུལ་མ་འཁྲུལ་གྱི་སྐད་ཆ་དམངས་ལ་བཤད་རྒྱུའི་བདག་དབང་མེད་པ་རེད། དེ་ལས་གཞན་ཁམས་ཕྱོགས་ཨ་ཁྱུག་དང་རྡོ་གྲུབ་ཡར་ཀླུང་རྫོགས་ཆེན་སོགས་ཀྱི་དམངས་ཀྱི་ཆོས་སྲིད་གང་དུ་འཁྲིད་ཆོགཆོག་ཡིན་པ་ལྟ་བུ་རེད། གཞན་དེར་གཏགས་ནོར་མང་དུ་འདུག་པས་བསྐྱར་བཀོད་བྱས་པ་ཡིན།

    Reply
  44. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    ཁ་བའི་རང་མདངས་ལགས། ལྷམ་ཀོག་གི་རྩོམ་ཡིག་འདིས་བོད་ཀྱི་གནས་བབ་དངོས་ཤིག་བཤད་འདུག ཨ་མདོ་ཁུལ་དང་ཁམས་ཁུལ་གྱི་བླ་སྤྲུལ་གྱི་གནས་སྟངས་འདི་འདྲ་རེད། དཔེར་ན་ཀུན་ལྷོ་ཁུལ་གྱི་བོད་མིའི་སྤྱིའི་མདུན་ལམ་གྱི་ཁེག་ཐག་ཀུན་མཁྱེན་ལས་རེག་ལས་པ་འདྲ་བོ་དང་། རེབ་གོང་ཕྱོགས་ཀྱི་ཆོས་སྲིད་ཀྱི་སྤྱིའི་བདག་དབང་ཤར་སྐལ་ལྡན་གྱིས་བཟུང་ཡོད་པ་འདྲ་བོ། དེའི་འགྲོ་སྟངས་ལ་འཁྲུལ་མ་འཁྲུལ་གྱི་སྐད་ཆ་དམངས་ལ་བཤད་རྒྱུའི་གོ་བདག་དབང་མེད་པ་རེད། དེ་གཞན་ཁམས་ཕྱོགས་ཨ་ཁྱུག་དང་རྡོ་གྲུབ་ཡར་ཀླུང་རྫོགས་ཆེན་སོགས་ཀྱི་དམངས་ཀྱི་ཆོས་སྲིད་གང་དུ་འཁྲིད་ཆོགཆོག་ཡིན་པ་ལྟ་བུ་རེད།

    Reply
  45. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ལྷམ་ཀོག་ལགས་ཀྱིས་བཤད་པའི་གཏམ་འདི་ལ་དབྱེ་ཞིབ་མ་ཕྱེས་པའི་སྐྱོན་དུ་མ་ཞིག་འདུག །དེཡང་གང་ཟག་བྱེ་བྲག་གི་བྱ་སྤྱོད་ཅིག་རྒྱུ་མཚན་དུ་བྱས་ནས་སྤྱི་ལ་ཟུར་ཟ་བྱེད་པ་འདི་ནི་ཕྱོགས་ཡོངས་ལ་བལྟ་བའི་མཐོང་རྒྱ་མེད་པའམ་དེ་ལ་རང་ཉིད་མི་དགའ་བའི་རང་རྟགས་རེད་ཅེས་པ་ནི་ཟུར་ཙམ་མོ།།

    Reply
  46. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    ༡། དོགས་འདྲི་དང་པོ། ༼དགོད་གཏམ་ཞིག་བཤད་ན་དམངས་ཀྱི་འདེམས་ ཤོག་བླ་མ་ཁོ་ནར་དབང་བར་མ་ཟད། བླ་མའི་གྲོགས་པོ་བློས་ཐུབ་དག་ལ་ཡང་དབང་བར་བཤད་དོ། ང་ཚོའི་ས་ཁུལ་འདིར་འཐུས་མི་འདེམས་དུས་གོ་གནས་ ཡོད་པའི་བླ་སྤྲུལ་དག་གིས་རང་གི་ལྷ་སྡེ་མི་སྡེ་ཡི་འཐུས་མི་དག་ལ་ང་ལ་འདང་བརྒྱག་ན་ མི་འདི་དང་འདི་འདེམས་དགོས་ཞེས་པའི་བསླབ་བྱ་བརྒྱགས་པ་དེ་རྒྱུན་དུ་ཁུལ་དཔོན་ དང་རྫོང་དཔོན་འདེམས་དུས་ལམ་སྲོལ་དུ་གྱུར་ཡོད།༽ ཞེས་པ་ལྟར་བོད་ནང་ཁུལ་དཔོན་དང་རྫོང་ལྷ་སྡེ་མི་སྡེས་འདེམ་སྲོལ་དར་ཡོད་དམ།

    ༢། འདི་ལྟར་མི་མང་གིས་རང་གི་དད་པ་བྱེད་ཡུལ་གྱི་བླ་མར་ཞུ་དག་ཞིབ་མོ་བཏང་བ་ཡིན་ན། བོད་ལ་ཕན་པ་དང་དགོས་ངེས་ཀྱི་བླ་མ་ཚད་ལྡན་ཚོ་ལས་མེད་པ་ཆགས་འགྲོ་གི་རེད། བདེན་པ་རེད་དམ།

    Reply
  47. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ད་ཡིན་ན་ཅི་ཟེར་དགོས་ཤེས་གི་མི་འདུག བླ་མ་འདི་ཚོས་བཙན་པོ་དབང་ཡོད་རེ་བྱས་ཡོང་དུས་བླ་རྒན་འདི་ཚོ་མེད་ན་ཏག་ཏག་རེད་བསམ་གི། ད་བླ་རྒན་ཚོ་མེད་ན་བོད་ལ་རེ་ས་རྟེན་ས་སུ་ཡོད་ཟེར་ཡོང་དུས་མཛུབ་མོ་འཛུགས་ས་འདྲ་མི་འདུག

    Reply
  48. སྲ་མོ་རྡོ། says:
    ལོ་ 15 སྔོན།

    རྒྱ་གར་ནས་བླ་མ་ངོ་མར་བླ་མ་འབོད་པ་ལས་སྤྲུལ་སྐུ་ཞིག་གི་མིང་ཐོབ་ཡོད་པ་ཙམ་གྱིས་བླ་མར་བཀུར་བའི་ལམ་སྲོལ་དེ་རང་ཤུགས་ཀྱིས་ནུས་མེད་དུ་གྱུར་ཡོད་ལ། བོད་ནང་ནས་ཀྱང་རང་གི་བླ་མིང་བེད་སྤྱད་ཀྱིས་ཁྱི་སྐད་རྒྱག་མཁན་ཚོ་དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་མེད་པར་བྱེད་ངེས་རེད།

    Reply
  49. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    འདི་དངོས་ཡོད་གནས་ཚུལ་གྱི་སྐད་ཆ་རེད། མི་མང་གིས་བླ་མ་ལ་བརྟག་དཔྱད་ཞིབ་པར་ཞིག་བྱེད་དགོས། ཁོས་སྤྱི་ཚོགས་ལ་ཕན་པ་མེད་ན་གཏན་ནས་རྒྱབ་སྐྱོར་བྱེད་མི་འོས།

    Reply
  50. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    བདེན་པ་ནི་བདེན་པ་རེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese