མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བ་རིན་པོ་ཆེའི་སྲུང་མ། ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁང་གསར་རྡོ་རྗེ།

དད་གུས་ཀྱི་དབང་གིས་ཡིན་ནམ་ཡང་ན་བསམ་བློ་ལ་རང་དབང་མེད་པས་ཡིན། རྣམ་པ་གཅིག་ཏུ་ན་འདི་གཉིས་ཐ་དད་ཡིན་སྲིད་ལ་གཞན་དུ་ན་བབས་ས་གཅིག་མཚུངས་ཀྱང་ཡིན་སྲིད།
         
བསྟན་འཛིན་ཕན་བདེའི་༧རྒྱལ་བ་རིན་པོ་ཆེའི་བཞུགས་ཁྲི་ཞེས་པའི་རྩོམ་ཐུང་དེ་ཡང་མཐར་གཏུགས་ནས་བཤད་ན་དད་གུས་ཀྱི་ལྟ་སྟངས་འོག་ནས་བལྟས་པའི་མཐོང་ཚུལ་ཞིག་རེད་ལ། ངས་བྲིས་པ་ཁག་ཅིག་ཀྱང་ལྟ་སྟངས་དེ་རང་གི་འོག་ནས་བྲིས་ཡོད།  ལྟ་སྟངས་དེའི་འོག་ནས་སོང་ན། རྔ་མོང་ཆེ་ན་ལྕི་བ་ཡང་ཆེ་དགོས་པའི་ལོག་རྟོག་བཟུང་སྟེ། མི་ཆེན་གྱིས་བཤད་ཚད་ལ་མཐོང་ཆེན་དང་མི་ཆུང་གི་སྐད་ཆ་ཚང་མ་ཆོ་མེད་དུ་བརྩི་རྐྱང་བྱེད་ངེས་པ་ནི་བཤད་མི་དགོས་པ་ཞིག་རེད། འོན་ཀྱང་གང་ཟག་ལ་མ་རྟོན་ཆོས་ལ་རྟོན་ཞེས་པའི་ལྟ་སྟངས་དེའི་དབང་དུ་བྱས་ན། བསམ་ཚུལ་ཚང་མར་བསམ་ཚུལ་ཡིན་མཉམ་གྱི་ལྟ་སྟངས་ཤིག་གི་ཐོག་ནས་རིན་ཐང་འཇོག་དགོས་པ་རེད་མ་གཏོགས། བཤད་མཁན་སུ་ཡིན་མིན་གྱི་ཐད་ནས་རིན་ཐང་འཇོག་མི་རུང་བ་རེད། ད་ནི་དོན་ཚན་ལ་དབབ་སྟེ་བཤད་པར་བྱ།
 
༡༽ ངའི་སྐད་ཆ་དེ་ཚོ་སུ་ལ་དམིགས་པ་དང་གང་ལ་གཟས་ཏེ་བཤད་མིན་ཐད། སྐུ་ཉིད་ཀྱིས་མཚོན་པའི་ཀློག་པ་པོ་སུས་གོ་བ་ག་རེ་བླངས་ནའང་ངས་དེ་འགྲིགས་མི་འདུག་ཅེས་བཤད་ཀི་མིན། གང་ཡིན་ཟེར་ན། ངས་བཤད་པའི་ང་ཚོའི་སྤྱི་ཚོགས་ཀྱི་མི་མངོན་པའི་སྒྲོམ་གཞི་དེ་གཞི་རྒྱ་ཆེན་པོ་ཞིག་ཡིན་པ་ལས་ཆུང་ཆུང་མ་རེད། དེའི་དབང་གིས་མི་འབུམ་གཅིག་ལྷག་གི་ནང་ལ་བཤད་པའི་སྐད་ཆ་དེ་སུའི་གནོངས་ལའང་ཕོག་ཆོག་པ་ལ་གནོངས་ཅན་ཞིག་གིས་ངོས་བླངས་ན་དེར་ཟད་ཀྱི་ངས་མཛུབ་བཙུགས་བྱས་པ་མིན།
 
༢༽ དངོས་ཡོད་གནས་ཚུལ་ལ་ཞིབ་ཏུ་བསམས་ན། ཉིད་ཀྱིས་མགོ་ནས་མཇུག་བར་ག་རེ་བྲིས་པ་དེ་ག་སྒྲོམ་གཞི་དེའི་གཙོ་གནད་རེད། ༸རྒྱལ་བ་རིན་པོ་ཆེར་དད་པ་ཡོད། ཁོང་དྲིན་ཆེ། ཁོང་གིས་དམངས་གཙོ་གསོལ་རས་གནང་བ་རེད། ཁོང་བླ་ན་མེད་པ་རེད། དེའི་དགོངས་པ་དང་མི་མཐུན་པ་སྨྲས་ན་མི་རིགས་ཀྱི་ཞབས་འདྲེན་རེད། ངོས་ལེན་མེད། ངོ་རྒོལ་ཡོད་ཟེར་གྱི་ཡོད་རེད། སྐད་ཆ་འདི་འདྲ་བཤད་དེ་ང་ཚོ་རྡོག་རྡོག་བཟོི་ཐུབ་ན། སྐད་ཆ་འདི་ག་རང་གིས་ང་ཚོ་དུམ་བུ་མང་པོར་གཏོང་ཐུབ་ཀྱི་རེད།

༣༽ང་ཚོའི་དམངས་གཙོ་འདི་༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་གསོལ་རས་གནང་བ་རེད། དེ་དོན་དངོས་རེད། ལུང་པ་ཆུས་འཁྱེར་ན་རྡོ་ལེབ་སྐམ་པོར་མི་གནས་པ་བཞིན་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ནང་ལ་ཕེབས་རྗེས་མང་གཙོའི་ལུགས་བཟང་དུ་མ་ཕེབས་རང་ཕེབས་ཡིན་པ་དེ་ཡང་དོན་དངོས་རེད།

འོ་ན། བོད་མི་ཚོས་འདས་པའི་ལོ་ངོ་ ༣༦༠ ལྷག་གི་རིང་ལ་ཅིའི་ཕྱིར་ལམ་ལུགས་གསར་པ་ཞིག་ལ་རྩོད་ལེན་མ་བྱས་པ་རེད། ད་ལྟ་རང་གི་ཕྲག་སྟེང་དུ་ལྷུང་པའི་འགན་འཁྲི་ཡང་ངོས་འཛིན་མི་ཐུབ་པ་འདི་འདྲ་ཇི་ལྟར་ཆགས་པ་རེད། འདིའི་ཕུགས་དེད་ན་༸རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བརྩིས་པའི་བོད་ཀྱི་དབུ་ཁྲིད་དང་ལས་སྣེ་ཚོས། བསམ་བཞིན་དུའང་བསམ་བཞིན་མ་ཡིན་པར། བོད་མི་དམངས་རྣམས་མུན་འཐོམ་དུ་བཞག་པ་དང་འབྲེལ་བ་ཡོད་པ་དེ་ཡང་དོན་དངོས་རེད། མདོར་བསྡུས་ནས་བཤད་ན། ༡༩༥༩ གོང་དུ་༸རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་མི་དཀྱུས་མ་ཚོ་ལ་ཕན་པའི་སློབ་གྲྭ་ག་ཚོད་བཙུགས་འདུག་གམ། འདི་གཅིག་པུ་ལ་བསམ་བློ་བཏང་ན་ཤེས། ལོ་བརྒྱ་ཕྲག་མུན་འཐོམ་དུ་བཞག་པའི་མི་རིགས་ཤིག་ལ་ལོ་ཁ་ཤས་ནང་༸རྒྱལ་ཁབ་ཀྱི་འགན་ལེན་པར་ཤོག་ཟེར་ན་ཁག་པོ་ལོས་བྱེད།
 
༤༽ ངས་གཏམ་དཔེ་གསར་པ་ཞིག་རྩོམ་འདོད་བྱུང་། དེ་ནི། བཟང་བཟང་བླ་མ་དང་ངན་ངན་མང་ཚོགས། ཞེས་པ་འདི་ཡིན། ང་ཚོས་གྲུབ་འབྲས་གླེང་སྐབས། བླ་ཆེན་འདི་དང་འདིའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཞེས་བརྗོད་པ་ལས། ལས་དོན་དེའི་ནང་དངོས་སུ་དཀའ་ཚེགས་མྱངས་ཏེ་ལས་ཀ་བྱེད་མཁན་ཚོའི་བྱས་རྗེས་བགྲངས་པ་ཧ་ལམ་མཐོང་རྒྱུ་མེད་ཅིང་། ཡང་ལས་དོན་འཐུས་ཤོར་དང་བྱུས་ཉེས་ཀྱི་སྐོར་གླེང་སྐབས། གོང་རིམ་གྱི་བཀོད་འདོམས་འོག་ཏུ་ལས་དོན་སྒྲུབ་མཁན་གཤམ་འོག་ལས་བྱེད་པ་རྣམས་དང་། མང་ཚོགས་ཀྱིས་མ་འཇོན་རབས་མ་གཏོགས། དཀོན་མཆོག་གོང་ཕུད་ཅེས་སྦུག་རྩ་ངོ་མ་དེར་ཅི་ཡང་བརྗོད་ཕོད་ཀྱི་མེད་པའམ་བརྗོད་ཀྱི་མེད། ཅི་མཛད་ཡང་དག་པ་དང་ཅི་གསུང་ལེགས་བཤད་རེད།

ང་རང་རྒྱ་ནག་ནང་དུ་ཕྲན་བུ་སྡོད་མྱོང་། རྒྱ་ནག་ནང་དུའང་མང་ཚོགས་ཕལ་མོ་ཆེས་སྲིད་གཞུང་དང་སྲིད་འཛིན་ལ་སྐྱོན་བརྗོད་བྱས་པ་ཉུང་ཉུང་རེད། མང་ཆེ་བས་སྲིད་གཞུང་གི་གཤམ་འོག་ལས་བྱེད་པས་སྲིད་བྱུས་ཚུལ་བཞིན་ལག་བསྟར་མ་བྱས་པར་བསམས་ཏེ། དབུས་གཞུང་ལ་ཞུ་གཏུགས་བྱེད་ཅིང་། ནམ་ཞིག་དབུས་གཞུང་གིས་མཁྱེན་ན་གནས་དོན་ཐག་གཅོད་ཡོང་གི་རེད་དྲན་བཞིན་ཡོད། རྒྱ་མི་སྟོང་ཕྲག་མང་པོས་ཡིད་ཆེས་དེ་འདྲ་ཞིག་བཅངས་ཏེ་ཉིན་ལྟར་རྒྱ་གཞུང་ལ་སྙན་ཞུ་འབུལ་བཞིན་ཡོད། ཞུ་གཏུགས་བྱེད་བཞིན་ཡོད།

འོན་ཀྱང་རྒྱ་གར་དང་ཨ་རི། ཁེ་ཎ་ཌ་སོགས་ཚད་ལྡན་གྱི་དམངས་གཙོའི་རྒྱལ་ཁབ་ནང་། ཐད་ཀར་སྲིད་འཛིན་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་འདུག  འདི་ལ་ཞིབ་ཏུ་བསམས་ཤེས་ན། དངོས་གནས་ཀྱི་དམངས་གཙོའི་གནས་ཚད་དུ་སླེབས་ཡོད་མེད་ཀྱི་ཚད་གཞི་ཞིག་མཐོང་གི་རེད།
 
༥༽  འདི་ལྟར་བཤད་དུས་ང་༸རྒྱལ་བ་རིན་པོ་ཆེ་ལ་མ་དད་པ་དང་། ངོ་རྒོལ་བྱེད་མཁན་ཞིག་ཏུ་དགོངས་སྲིད། ༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་འདི་ང་ཚོ་བོད་ཀྱི་ནོར་བུ་རེད། ཡིད་བཞིན་ནོར་བུ་རེད། དེ་ལ་གུས་བརྩི་ཡོད། ང་ཚོས་ཁོང་ལ་སྲུང་སྐྱོབ་ཡིན་ཁུལ་གྱིས་མང་ཚོགས་ཀྱི་བསམ་ཚུལ་འབུར་འཇོམས་བྱས་ན་ནོར་བ་རེད། ཁོང་རླབས་ཆེན་ཞིག་ཡིན་པའི་རྟགས་སུ་དམངས་གཙོ་ལ་ཐུགས་དགྱེས་མཉེས་དང་རྒྱུན་དུ་བསམ་ཚུལ་གསར་པར་ཐུགས་སྣང་། ལྷག་པར་དུ་མི་རིགས་འདི་འགྱེལ་ས་ནས་ལངས་ཐུབ་པ་ཞིག་བཟོ་དགོས་དགོངས་བཞིན་ཡོད།

ང་ཚོས་དད་གུས་བྱེད་སྟངས་དེར་ཡང་བསམ་བློ་གཏོང་དགོས། ལྕེ་ནར་ནར་དང་ལུས་གུག་གུག་དེ་དད་གུས་ངོ་མ་མ་རེད། ཁོང་གིས་ཅི་བཤད་ལ་ཉན་པ་ལས་གཞན་དག་འབུར་འཇོམས་བྱེད་པ་དེ་དད་གུས་བྱེད་སྟངས་མ་རེད། ཤ་རིའི་བུ་དང་མོངྒལ་གྱི་བུ་སོགས་ཀྱིས་ཀྱང་སངས་རྒྱས་ཀྱི་གསུང་ལ་དོགས་འདྲི་དང་གླེང་སློང་། བརྒལ་བརྟག་གནང་ཡོད། དེ་ལྟར་གནང་བ་དེ་བླ་ན་མེད་པའི་དད་གུས་རེད། ང་ཚོས་སེམས་ནང་འདི་ཁྱད་མཚར་དྲན་ནའང་ཅི་མཛད་ལེགས་མཐོང་བྱེད་དགོས་ཞེས་མནན་གྱིན་ཡོད། ངའི་ལྟ་སྟངས་ལྟར་ན་དེ་ཚོ་དད་གུས་མ་རེད།

ངས་རང་གི་བསམ་ཚུལ་རྣམས་སྔོན་མ་བཤད་ཟིན་ལ་ད་ལྟའང་་བཤད་ཀྱིན་ཡོད། མ་འོངས་པར་ཡང་བཤད་ཀྱི་ཡིན། ངས་བཤད་པའི་བསམ་ཚུལ་རྣམས་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་བྱེ་བྲག་གི་གནད་ཁ་ཤས་དང་མི་མཐུན་པ་ཡོང་གི་རེད། ཆོས་ཉིད་ཀྱི་དབང་གིས་དེ་ཡོང་ཆོག་པ་ཞིག་དང་ཡོང་དགོས་པ་ཞིག་རེད། ངས་བཤད་པ་རྣམས་ང་རང་གི་བསམ་ཚུལ་རེད། དེ་ཡང་དག་དང་མ་དག་དེ་ངས་བཤད་པའི་རྒྱུ་མཚན་ལ་བལྟ་རྒྱུ་རེད་མ་གཏོགས་བླ་ཆེན་མི་ཆེན་ཞིག་གི་དགོངས་པ་དང་མཐུན་མ་མཐུན་ལ་གཟིགས་རྒྱུ་མ་རེད།

འོན་ཀྱང་གསལ་པོ་བཟོ་དགོས་པ་ཞིག་ལ། བསམ་ཚུལ་མི་མཐུན་པ་བཤད་པའི་རྒྱུ་མཚན་གྱིས་༸རྒྱལ་བ་རིན་པོ་ཆེ་ལ་གུས་བརྩི་མེད་པའམ་ངོ་རྒོལ་བྱེད་མཁན་ཡིན་པར་བཤད་ན་སྤྱིར་བཏང་གི་འགྲོ་སྟངས་ཐོག་ནས་ནོར་བ་རེད་ལ། མཛངས་དཀྱེལ་ཆེ་བའི་༸གོང་ས་མཆོག་གི་དགོངས་པར་བབས་པའི་བྱ་བ་ཞིག་ཀྱང་མ་རེད།
 
༦༽ རྒྱ་ནག་གི་ནང་དུ་ཏཱ་ལའི་བླ་མ་ལ་དགག་པ་བརྒྱབ་ནས་འཚོ་བ་སྐྱེལ་མཁན་ཁྱུ་གཅིག་ཡོད་རེད། དྷ་རམ་ས་ལས་གཙོ་བོ་བྱས་པའི་རྒྱ་གར་ནང་དབུ་མའི་ལམ་དང་༸རྒྱལ་བ་རིན་པོ་ཆེར་བསྟོད་པ་འཐེན་ཏེ་འཚོ་བ་སྐྱེལ་མཁན་ཁྱུ་གཅིག་ཡོད་རེད། ཕྱི་མ་དེས་ཧ་ལམ་རང་ཉིད་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་སྲུང་སྐྱོབས་དང་དར་སྤེལ་གཏོང་མཁན་གྱི་སྲུང་མ་ཡིན་དྲན་བཞིན་ཡོད། ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་ཟེར་དུས་རྒྱ་ཆེན་པོ་རེད། དབུ་མའི་ལམ་ཙམ་མ་རེད། རང་བཙན་རྩོད་མཁན་ལ་རང་གི་སྐད་སྒྲ་སྒྲོག་སའི་ལམ་ཞིག་བསྐྲུན་དགོས་པ་དེ་ཡང་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད། ༸རྒྱལ་བ་རང་ཉིད་ཞལ་མ་བཞུགས་པའི་སྐབས་སུའང་བོད་དོན་མུ་མཐུད་དེ་གནས་དགོས་པ་དང་། དེ་ལྟར་གནས་ཐུབ་པའི་འགན་ལེན་བྱེད་དགོས་པ་དེ་ཡང་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་རེད།
         

དེར་བརྟེན་༸རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་ཐོག་འདིར་གནད་དོན་གང་ལའང་བློ་རྒྱ་ཆེན་པོས་སྦྱང་བཤད་བྱས། ཐབས་ལམ་གང་ལའང་བསམ་བློ་བཏང་སྟེ། མང་ཚོགས་རང་གིས་འགན་འཁྱེར་ཐུབ་པའི་གནས་སྟངས་ཤིག་ཏུ་འཁྲིད་དགོས་པ་དེ། བོད་དོན་འཐབ་རྩོད་ཀྱི་དགོས་མཁོ་རེད་ལ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་གལ་ཆེ་ཤོས་ཤིག་རེད། དེར་བརྟེན། རྟག་པར་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ཏུ་འབབ་ཐབས་བྱེད་པ་འདི་མངོན་ཤེས་ལྟ་ཅི་རྗེས་དཔག་ཙམ་ཡང་མེད་པའི་སྲུང་མ་ཐ་ཆད་ཀྱི་བྱེད་སྟངས་རེད།

སྐུ་ཉིད་ཀྱིས་ང་མི་ཆུང་ཞིག་གི་བསམ་ཚུལ་ལ་ཐུགས་སྣང་གནང་བར་དགའ་བསུ་ཡོད། ཇི་ལྟར་ཤོག་བུའི་སྒོར་མོ་ཞིག་ལ་རྒྱབ་མདུན་གཉིས་ཡོད་པ་ཇི་བཞིན་༼བསམ་ཚུལ་འབུར་འཇོམས་དང་འུར་རྒྱག་པ་༽ཟེར་བ་དེ་ཤོག་སྒོར་གྱི་ངོས་གཅིག་རེད། དེ་མིན་གྱི་ངོས་གཞན་དེ་ཕྲན་གྱི་ཟིན་བྲིས་གཞན་དག་ལ་བཀོད་ཡོད་པས་དེར་གཟིགས་པར་འཚལ། ཁང་གསར་རྡོ་རྗེས་བྲེལ་སྟབས་སུ་བྲིས་ཏེ་ཕུལ།། །།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༤ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩

མཆན། 104

  1. blackman says:
    ལོ་ 15 སྔོན།

    ང་ནི་ཁང་གསར་རྡོ་རྗེའི་རྩོམ་ཡིག་ཀློག་མཁན་ཞིག་ཡིན་པ་དང། ༸གོང་ས་མཆོག་གི་དགོངས་པ་བསམ་བློ་གཏོང་མཁན་ཞིག་ཡིན་པ། ད་དུང་བོད་སྤྱི་ཚོགས་ཀྱི་ཤེས་ཡོན་ཐད་ལ་སེམས་ཁྲལ་ཡོད་མཁན་ཞིག ལྷག་པར་བོད་མི་ཤེས་ཡོན་པའི་སྡེའི་བསམ་བློའི་རང་དབང་དང་སྟོབས་ཤུགས། སྒེར་ཚུགས་དང་དཔྱོད་ཤེས་བཅས་ལ་སེམས་ཁྲལ་བླ་མེད་ཡོད་མཁན་ཞིག་ཡིན།
    ཁང་གསར་གྱིས་དཔྱོད་ཤེས་ཀྱི་སྒོ་ནས་དང། སྒེར་ཚུགས་ཡོད་པའི་སྒོ་ནས། རང་གི་ལྟ་བ་དེ་ཞིབ་ཚགས་ཀྱིས་བཤད་པ། ད་དུང་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་གུ་ཡངས་ཤིང་གཏིང་ཟབ་པའི་སྒྲོམ་གཞི་ཞིག་ཕྱི་ནང་ན་གནས་ལུགས་ཀྱིས་ཤུགས་པའི་སྐད་ཆ་བཤད་པར་དགའ་ཡོད། ང་ཚོའི་སྤྱི་ཚོགས་ནང་མི་ཞིག་གིས་ལྟ་ཚུལ་གསར་བ་དང་ཁ་ཕྱོགས་གསར་བ་ཞིག་སྙེགས་འོང་དུས། དེ་ལ་རྒྱ་མིའི་སོ་ཉུལ་དང་ཆོས་ལ་མི་དགའ་མཁན། ༸གོང་ས་མཆོག་གི་ཐུགས་དང་འགལ་བའི་ངོ་ལོག་པ། བོད་གཞུང་ལ་མི་དགའ་བའི་རྒྱལ་ཚོང་བ་སོགས་ཀྱི་ཉེས་མིང་འོག་འགུལ་བསྐྱོད་རྒྱག་འཇུག་་གི་མ་རེད། དེ་བས་ནམ་ཡང་ཤེས་ཡོན་པ་ཚོ་ཨུ་ཚུགས་ཀྱིས་སྒྲོམ་གཞི་གི་ནང་ལ་བཅུགས་བཞག་ཡོད་པ་རེད། སྒྲོག་གཞི་དེའི་ཕྱི་ལོགས་ལ་ཅུང་སོང་ན་ཁ་གསུབ་བཏང་ན་གསོད་ཀི་རེད། གང་ལྟར་མདོ་དོན། ང་ཚོའི་སྤྱི་ཚོགས་ནང། བསམ་བློ་གསར་བ་དང་ཁ་ཕྱོགས་གསར་བ་གནས་སའི་ནམ་མཁའ་མི་འདུག འཆར་སྣང་དང་རང་དབང། གསར་གཏོད་ཀྱི་འོད་སྣང་འཆར་སའི་ནམ་མཁའ་མི་འདུག གང་དུ་བསམ་བློ་གསར་བ་དང་བསམ་བློའི་རང་དབང་ལ་འབུར་འཇོམ་གྱིས་གནས་ས་མེད་ན། དེ་ན་འགྱུར་བ་དང་ཡར་རྒྱས་ཟེར་བ་གཏན་ན་ཡོད་ནི་མ་རེད།
    ཁང་གསར་གྱི་དཔྱོད་ཤེས་དང་སྒེར་ཚུགས། བསམ་བློ་དང་ལྟ་བ་གསར་བའི་ལྗང་མདོག་ལ་དགའ་བསུ་ཡོད།

    Reply
  2. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    མུ་ཏིག་ཆུང་ཆུང་གི་གསུང་སྟངས་དེ་ག་སྤྱད་དེ་ཁོ་རང་ལ་གཅིག་བཤད་ན་འདུག་སེ་རེད། མུ་ཏིག་ཆུང་ཆུང་འདི་ལ་༸རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་མཁན་ཞིག་དགོས་ཀྱི་ཡོད་རེད། ཁོ་རང་ལ་དེ་འདྲའི་བློ་ཁོག་དང་ཤེས་རྒྱ་མེད་ཙང་། མི་གཞན་དག་ལ་ངར་བསླངས། ཁོག་པ་བརྒྱངས་ཏེ་མི་དེ་ཚོའི་ཁ་ནས་༸རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་བཅུག ཐ་མ་དེར་ཁོ་རང་སྲུང་མ་གཙོ་བོ་བྱེད་འདོད་ཡོད་རེད།

    དེ་ནས་སྒྲུང་ཐ་ཆད་དེའི་ཐད་ལ་བྲིས་ན།

    སྔོན་མ་གང་ཟག་བཅུ་ཆུ་བརྒལ་བར་སོང་བ་རེད། ཆུ་དེས་ཁྱོད་ཚོ་མི་ག་ཚོད་ཡོད་ལབ་པ་རེད། དེའི་ཁྲོད་ཀྱི་གླེན་ལྐུགས་ཤིག་གིས་བཅུ་ཡོད་ལབ་པ་རེད། ཆུ་དེས་མི་དྲུག་ལས་མི་འདུག་ལབ་པ་རེད། ཚང་མས་མི་བཅུ་ཡོད་ལབ་པ་རེད། ཆུ་དེས་བཅུ་མི་འདུག ཁྱོད་ཚོའི་ནང་གི་བཞི་མི་མ་རེད། གང་ཡིན་ཟེར་ན་མིའི་ཀླད་པ་མི་འདུག་ལབ་པ་རེད། བྱས་ཙང་སྒྲུང་གི་ནང་ལ་མི་ལུས་ཐོབ་ཚད་མི་ལ་མི་བརྩི་བའི་སྐབས་ཡོད་རེད། གོ་རྒྱུ་ཅན་གྱི་སྒྲུང་འདི་འདྲ་འབྲི་བ་ལ་ཁང་གསར་རྡོ་རྗེར་ཁྱོད་ཀྱིས་དོ་གི་མ་རེད་ལོ།།

    ཁྱེད་རང་གི་བཤད་སྟངས་དེ་འདྲ་ཞིག་རེད།

    Reply
  3. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་དང་ལྷམ་ཀོག་ལྟ་བུའི་ཟིན་བྲིས་པ་སེམས་ཁུང་ན་ཡོད་པ་དེ་སོར་རྩེའི་ནས་བཀྲོམ་ཐུབ་པའི་སྙིང་སྟོབས་ཅན་ཁ་ཤས་ཡོད་ན་བོད་པའི་སྨྲར་བརྗོད་རང་དབང་ལ་རེ་བ་ཡོ་གི་ དངོས་གནས་ཡག་པོ་བྲིས་འདུག

    Reply
  4. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    Just always remember:critics need real and strong reasons.

    Reply
  5. མགོ་རུལ། says:
    ལོ་ 15 སྔོན།

    ཁང་གསར་འདི་མི་ཁ་རུ་ཁ་ ཐུག་འཇམ་དབྱངས་ནོར་བུ་ལྟ་བུ་ཞིག་རེད། འཇམ་དབྱངས་ནོར་བུས་ཀྱང་བོད་ཡིག་ཡག་པོ་ཞིག་ཤེས་རྒྱུ་ན་འདི་འདྲ་རྐྱང་རྐྱང་ བྲིས་ཡོད་པ་གདོན་མི་ཟ། ད་དུང་འདི་ལས་ཚིག་གི་ཟུར་ཁ་རྣོ་བ་གང་མང་ཞིག་བྲིས་ཡོད་ངེས་ཅན་རེད། ཁང་གསར་ལྟ་བུ་མེད་ན་ང་ཚོ་ཡེ་ཤེས་དབྱིངས་དཔྱད་ཡར་འབུལ་ཁོ་ནའི་ཁོར་ཡུག་ཏུ་ གཉིད་དུ་ཡུར་ནས་འདུག་དགོས་ཀྱི་རེད། གོང་ས་མཆོག་གིས་དུས་བསྟུན་དམངས་གཙོའི་ལམ་སྲོལ་འདི་རང་རེའི་བཙན་བྱོལ་སྤྱི་ ཚོགས་ལག་མཐིལ་འདྲ་བོ་འདིའི་ནང་དུ་རྒྱ་གར་བའི་སྤྱི་ཚོགས་ཀྱི་འགྲོ་ལུགས་བཞིན་ ལག་ལེན་བྱེད་ཐུབ་ན་ཞེས་བཀའ་སློབ་བསྩལ་པ་བཞིན་ལག་ལེན་ཡང་གང་འཚམ་བྱེད་བཞིན་ པའི་ཁུལ་དུ་ཡོད་ཀྱང་། ཁང་གསར་བས་བརྗོད་པ་བཞིན་ད་དུང་མི་འདང་ས་གང་མང་ཡོད་པ་ནི་དངོས་ཡོད་གནས་ཚུལ་ རེད། གོང་ས་མཆོག་གི་ཕྱག་ལས་གནང་བ་ཚང་མ་ཡེ་ཤེས་དབྱིངས་དཔྱད་(ཁོང་གིས་མི་གནང་ཀ་མེད་བྱུང་བའི་གནས་ཚུལ་གང་མང་ཡོད།)ཡིན་པའི་ངེས་པ་མེད་ཅིང་། གལ་སྲིད་ཡིན་ན་ཡང་དམངས་གཙོའི་འགྲོ་ལུགས་བཞིན་དང་ནང་པའི་སྲེག་བཅད་བརྡར་བའི་ གསེར་གྱི་ལུང་འདྲེན་དེའི་ལུགས་སུ་བྱས་ན་ཁོང་གི་ཡེ་ཤེས་དབྱིངས་དོན་ཐོག་ཏུ་ འབེབ་པ་ལ་ཡང་མང་ཚོགས་ཀྱི་གཏི་མུག་མུན་དཔྱད་ཀྱི་འགག་འཕྲང་ཞིག་མ་བརྒྱུད་ཐབས་ མེད་ཡིན་པ་ནི་ང་ཚོ་ཀླད་ལྡིབ་བྱུང་མེད་པ་ཚོས་ལོས་ཀྱང་ཤེས།

    Reply
  6. བློ་བཟང་བསྟན་འཛིན། says:
    ལོ་ 15 སྔོན།

    མཆན་ཐེངས་ཁ་ཤས་བྲིས་ཀྱང་ཡར་འཛུལ་རོགས་བྱེད་ཀྱི་མི་འདུག མཆན་གྱི་དོན་དག་ཁ་ཤས་ཁང་རྡོར་ལགས་ཀྱི་མཆན་གཉིས་པའི་ནང་བརྗོད་ཟིན་འདུག ལྔ་བཅུ་ང་དགུ་ལོའི་གོང་དུ་སངས་རྒྱས་བསྟན་པ་ཁ་ལ་ཁྱེར་ནས་ལས་དོན་གསར་པ་ཚང་མ་འབུར་འཇོམས་བྱས་ཟིན་པ་རེད། ད་ལྟ་གཞིས་བྱེས་གཉིས་ཀས་དེའི་འབྲས་བུ་མྱོང་བཞིན་ཡོད། ད་ལྟ་༧གོང་ས་མཆོག་གི་དགོངས་པ་ཁ་ལ་ཁྱེར་ནས་བསམ་ཚུལ་གསར་པ་འབུར་འཇོམས་མ་བྱེད་རོགས། ༧གོང་ས་མཆོག་སྐུ་མ་བཞུགས་པའི་ཉིན་མོ་དེ་ནས་ང་ཚོས་ཅི་ཡང་མི་ཐུབ་པ་ཞིག་གི་ཉེན་ཁ་འདུག བཀྲ་ཤིས་པའི་སྐད་ཆ་མ་ཡིན་ཡང་། དངོས་ཡོད་ཀྱི་གནས་ཚུལ་རེད།

    Reply
  7. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    ཆད་གསུབ། གནའ་སྔ་མོར་མི་བཅུ་གོམ་པ་བརྒྱབ་ནས་ལྷ་སར་མཇལ་དུ་འགྲོ་སྐབས། ཆུ་ཆེན་པོ་རེ་བརྒལ་བ་དང་མི་བཅུ་ཚང་ཡོད་མེད་བརྩིས་བརྒྱག་བཞིན་སོང་བ་རེད། ཐེངས་གཅིག་མི་གླེན་ཤོས་དེས་གྲངས་ཀ་བརྒྱག་སྐབས་ཁོ་རང་གྲངས་ཀའི་ནང་བརྩི་མ་ཤེས་པར། མི་བཅུ་ཚང་མི་འདུག་ཟེར་ནས་འདྲོགས་ལངས་པ་རེད།

    Reply
  8. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    ཁང་སར་ལགས་ཀྱིས་སྐད་ཆའི་ཡང་སྙིང་༧རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་རྒྱུའི་ཐོབ་ཐང་དགོས་ཟེར་བ་དེ་རེད། ཁོ་རང་གིས་དབང་བོ་ལྔ་བོའི་ནུས་པ་ཡོད་ཚད་སྤྱད་ནས་༧རྒྱལ་བ་སྐུ་ཕྲེང་ལ་སྐྱོན་བརྗོད་དང་ཟུར་ཟའི་རྩོམ་ཡིག་ནར་རེ་སྤེལ་བཞིན་དུ། ད་དུང་བོད་པའི་སྤྱི་ཚོགས་ནང་༧རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་བྱེད་འཇུག་གི་མི་འདུག་ཟེར་བའི་བྱེད་སྟངས་འདི་བཤད་ཤེས་མ་སོང་།

    གནའ་སྔ་མོར་མི་བཅུ་གོམ་པ་བརྒྱབ་ནས་ལྷ་སར་མཇལ་དུ་འགྲོ་སྐབས། ཆུ་ཆེན་པོ་རེ་བརྒལ་བ་མི་བཅུ་ཚང་ཡོད་མེད་བརྩིས་བརྒྱག་བཞིན་སོང་བ་རེད། ཐེངས་གཅིག་མི་གླེན་ཤོས་དེས་གྲངས་ཀ་བརྒྱག་སྐབས་ཁོ་རང་གྲངས་ཀའི་ནང་བརྩི་མ་ཤེས་པར། མི་བཅུ་ཚང་མི་འདུག་ཟེར་ནས་འདྲོགས་ལངས་པ་རེད།

    གླེན་སྒྲུང་དེ་དང་འདྲ་བར་ཁང་སར་གྱིས་རང་དབང་ལྡན་པའི་ཐོག་ནས་“རྒྱལ་བ་རིན་པོ་ཆེའི་སྲུང་མ་དང་འབུར་འཇོམས་”སོགས་༧རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་དང་ཟུར་ཟའི་ཟིན་བྲིས་ནར་རེ་འབྲི་བཞིན་དུ། ད་དུང་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ཆོག་གི་མི་འདུག་ཟེར་ནས་སྐད་བརྒྱག་བཞིན་པ་དགོད་སྤྱད་རེད། ཁྱེད་ཀྱི་རྩོམ་ཡིག་འདི་དག་སྐྱོན་བརྗོད་ཀྱི་ནང་དུ་བརྩི་རྒྱུ་བརྗེད་སོང་བ་མ་རེད་དམ། ངས་བསམ་པར་ཁྱེད་ཀྱི་ཟིན་བྲིས་འདི་གཅིག་པོས་བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ཆོག་པ་མ་ཟད། སྐྱོན་བརྗོད་དང་ཟུར་ཟ་ནར་རེ་བྱེད་ཀྱི་ཡོད་པའི་དཔང་རྟགས་འདང་ངེས་རེད་མི་འདུག་གམ། འོན་ཀྱང་སྐྱོན་བརྗོད་བྱེད་མཁན་གྱིས་སྐྱོན་བརྗོད་བྱེད་ཤེས་ཀྱི་མི་འདུག

    ཡང་སྙིང་ཁྱེད་ཀྱིས་༧གོང་མཆོག་ལ་སྐྱོན་བརྗོད་བྱེད་དུ་འཇུག་དགོས་ཟེར་ནས་དོན་མེད་ཀྱི་ཀུ་ཅོ་འདི་འདྲ་བཏོན་བསྡད་པ་ལས། ༧གོང་ས་མཆོག་གིས་འདི་དང་འདི་ན་འཇོན་གི་མི་འདུག་དང་། འདི་དང་དེ་ན་ཁོང་ནོར་འདུག་ཟེར་ནས། སྐོར་བ་མང་པོ་མ་བརྒྱབ་པར་ཐད་ཀར་ཁོང་གི་ནོར་འཁྲུལ་ལ་མཛུབ་མོ་བཙུགས་ནས་གསལ་བཤད་བྱས་ན་ཡག་པོ་རེད། དེ་མིན་དེང་སང་༧རྒྱལ་བ་རིན་པོ་ཆེར་སྐྱོན་བཤད་མི་ཆོག་པ་ག་རེ་རེད་ཟེར་ནས་ངར་ངར་བྱེད་སྟངས་འདི་དཔེ་གསར་འདྲ་བོ་ཆགས་འདུག་ཀྱང་། མི་ཞིག་ལ་སྐྱོན་མེད་ན་ངེས་པར་དུ་སྐྱོན་བརྗོད་བྱེད་ཆོག་དགོས་ཟེར་ནས་སྐྱོན་བརྗོད་པར་རྒྱུ་མཚན་མ་མཐོང་། སྐྱོན་ཡོད་ན་སྐྱོན་ཁོ་རང་ལ་འཇུས་དམར་རྗེན་མར་བཤད་དགོས་པ་ལས། དེ་མིན་དང་པོ་སྐྱོན་བརྗོད་བྱེད་དུ་འཇུག་དགོས་ཟེར་ནས་ཐོབ་ཐང་བརྩད་དེ་བོད་ཀྱི་སྤྱི་ཚོགས་ཀྱི་དབུས་སུ་གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་སའི་སྡིངས་ཆ་ཆེན་པོ་བསྐྲུན་གྲུབ་རྗེས། གཞི་ནས་སྡིངས་ཆ་དེའི་སྒང་ལ་འཛེག་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་འདོད་པ་ལྟ་བ་ཡག་པོ་མ་རེད།

    མཐའ་མ་ཁང་སར་བཤད་རྒྱུར། ཐེངས་རྗེས་མར་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་དུ་འཇུག་དགོས་མདོག་མདོག་གི་ཉོག་རྩོམ་འདི་འདྲ་མི་འབྲི་བར། ཐད་ཀར་༧གོང་མཆོག་གི་དབུ་མའི་ལམ་ལྟ་བུ་གང་ལྟར་ཁོང་གི་དགོངས་གཞི་བྱེ་བྲག་པ་གང་ཞིག་ལ་འདོད་པ་དང་ངོས་ལེན་མེད་ན། འདོད་པ་མེད་སའི་དགོངས་པ་དེ་རང་དཔྱད་གཞིར་བཞག་ནས་རྒྱུ་མཚན་དང་རིག་པ་ཡང་དག་པ་སྤྱད་ནས་ཁོང་གི་ཞན་ཆ་དང་ནོར་འཁྲུལ་གསལ་འདོན་བྱས་པའི་ཟིན་བྲིས་དོན་སྙིང་ཅན་འདྲ་སྤེལ་ཐུབ་ན་མུ་མཐུད་ཁ་བརྡ་ཡོད།

    ད་དུང་ཁྱེད་གནད་དོན་ག་རེའི་སྒང་ལ་འདོད་པ་མེད་པ་གསལ་བོར་བཤད་མི་འདུག ཉིན་འདི་དག་ལ་ཁྱེད་ཀྱི་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་སའི་སྡིངས་ཆ་བསྐྲུན་བཞིན་པའི་སྐབས་རེད། དེ་ལྟར་ཆུ་ཚོད་འཕྲོ་བརླག་ཏུ་བཏང་བ་ལས་དང་པོ་ནས་སྐྱོན་བརྗོད་དངོས་གཞི་དེ་ག་རེ་ཡིན་མིན་བཤད་ན་གོ་བདེ། ཁ་སངས་ན་གོ་བདེ་ཟེར་བ་མ་རེད་དམ།

    Reply
  9. karma dorje says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེས། ༸རྒྱལ་མཆོག་ལྔ་བ་ལ་སྲིད་ཕྱོགས་ཀྱི་སྐྱོན་བརྗོད་བྱས་པ་ནི། ཀུན་དང་མི་མཐུན་ལ་མི་ཁྱོད་ལ་བོད་ཞེན་ཞན་པའི་རྟགས་རེད།

    Reply
  10. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    འདས་པའི་ཞན་ཆ་ལ་ཁོང་ར་གཏོང་། སོང་ཉིན་ཕན་ཆོད་དུ་གང་ལེགས་ཀྱི་གྲོས་བསྡུར་གང་ཡང་མེད་པའི་ཀླད་སྟོང་མི་ཁྱམས་སྣ་མེད་རྣམས་ཀྱིས་བྲིས་པའི་ཟིན་བྲིས་དང་དཔྱད་རྩོམ་ལ་བལྟ་ཁོམས་བྱུང་མ་སོང་།
    ང་རང་ཚོ་བཙན་བྱོལ་གསར་ཚར་རྣམས་ལ་རང་དབང་ཡོད། རྒྱབ་སྐྱོར་ཡོད། རང་རང་སོ་སོས་འཇོན་ན་ས་དམིགས་ག་འགའ་ཡོད་ཀྱང་། སོ་སོའི་གཟའ་བཏུང་ཆེད་དུ་མགོ་འཁོར་ནས་རྒྱ་གར་གཞུང་གིས་གོ་སྐབས་སྤྲད་པའི་གཙུག་ལག་སློབ་གྲྭ་ཆེན་མོའི་ས་དམིགས་སྐང་མཁན་རྒྱ་གར་བ་གཏོང་དགོས་ཀྱི་ཡོད་པ་འདི་ལ་ཞིབ་བལྟ་ཞིག་གྱིས་དང་། འདས་པའི་མིས་མ་འཇོན་པའི་རྒྱུ་མཚན་གྱིས་རེད་འདུག་གམ། བོད་མི་རང་ལ་རྣམ་དཔྱོད་དང་བརྩོན་འགྲུས། སྤོབ་པ་སོགས་རང་བཞིན་གྱིས་ཞན་པའི་ཆ་ཡོད་པའི་རྒྱུ་མཚན་གྱིས་རེད་མི་འདུག་གམ འདས་པ་ལ་ཁང་ར་བྱེད་ཐུབ་པའི་རྣམ་དཔྱོད་པ་ལས། ད་ཡར་རྒྱས་གང་འདྲ་བྱེད་ནས་གཏོང་དགོས་ཀྱི་ཡོད་མིན་དཔྱད་ཐུབ་ན་ལེགས།

    Reply
  11. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ད་བསམ་ཚུལ་འདི་ཚོ་ལ་ག་རེ་བཤད་དགོས་རེད། དངོས་གནས་ཡག་པོ་རང་ཤེས་ཀི་མི་འདུག
    ༡༽ ༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་དགོན་པ་བཙུགས་པ་དེ་བྲིས་མི་འདུག་གསུངས་འདུག དེ་འབྲི་དགོས་པའི་གནད་དོན་ཞིག་ལ་ཐུག་མ་སོང་། ཆེད་དུ་མ་བྲིས་པ་དེ་འདྲ་མ་རེད། དགོན་པས་སློབ་གྲྭའི་གོ་ཆོད་ཀྱི་ཡོད་ན། བཙན་བྱོལ་ནང་ལ་ཕེབས་རྗེས་སློབ་གྲྭ་ཟུར་དུ་འཛུགས་དགོས་དོན་མི་འདུག

    ༢༽ ཡེ་ཤེས་དབྱིངས་དཔྱད་ཐོག་ལ་བབས་པར་སྐྱོན་ག་རེ་བྱུང་འདུག་གསུངས་འདུག ད་བསམ་ཚུལ་འདྲ་མ་འདྲ་ཡོད་ན། མ་འོངས་པར་བྱ་ལམ་བྱེད་བདེའི་འཆར་གཞི་འཁྱེར་ཤོག་གསུངས་ན་འགྲིག་གི་རེད། འགྲིག་གི་མི་འདུག་ན། དགོངས་པ་ཞུ་གི་ཡིན། ཁྱེད་རང་ཚོས་འགན་ཆ་ཚང་ལེན་དགོས་རེད་གསུངས་པ་དེ་ཡག་པོ་རང་མཐོང་མ་སོང་དྲན་གྱི་འདུག དེའི་ནང་ཕྲན་བུའི་བཙན་ཤེད་ཀྱི་རྣམ་པ་འདུག
    སྤྱིར་བཏང་དེང་གི་གནས་སྟངས་ཐོག་ནས་བལྟས་ན། ཡེ་ཤེས་དབྱིངས་དཔྱད་ཐོག་ལ་བབས་ན་ཁེ་ཕན་ཆེ་ཤོས་ཡིན་པ་དེར་མོས་མཐུན་བྱེད་ཀྱི་ཡོད། དེའི་ཐད་དགོས་མཁོ་བྱུང་ན་ཟིན་བྲིས་གཞན་ཞིག་སྤེལ་ན་དྲན་བཞིན་ཡོད།

    ༣༽ ཤེལ་དཀར་བློ་བཟང་གི་སྙིང་ཚིམ་བྱེད་སྟངས་དེ་མཐོང་དུས། མི་ལ་རས་པའི་ཨ་མ་གྲོང་གསེབ་མ་དེ་མཐོང་ཡོང་གི་འདུག ཕར་དཀྱོག་ཚུར་དཀྱོག་བྱས་ཆོག་ཆོག་རེད། འདི་ནས་མི་རིང་བའི་ཉིན་གཅིག་ཁྱོད་ཀྱིས་ངའི་ལྟ་ཚུལ་ལ་མཐེ་བོང་ཀེར་ནས་བསྔགས་བརྗོད་བྱེད་ངེས་རེད། དེར་བརྟེན་མི་འདི་ཚོས་བསྟོད་པ་འཐེན་ན་དགའ་དགོས་དོན་མེད་ལ། དམའ་འབེབས་བྱས་ན་སྡུག་དགོས་དོན་ཡང་མེད།
    ང་ལ་དམའ་འབེབས་ཅི་ཙམ་བྱེད་འདོད་པ་དེ་ཙམ་གནང་རོགས། ངས་དེ་ཚོ་ལ་སེམས་འཛིན་བྱེད་ཀྱི་མ་རེད། དྲྭ་ལམ་ལ་དམག་བརྒྱབ་དྲག་ནས་ད་ནི་གོམས་ཚར་འདུག དེར་བརྟེན་ཁྱེད་རང་ཚོའི་སྡང་སེམས་ཀྱི་རླུང་དེ་ཞི་ཐུབ་ཀྱི་འདུག་ན། ངའི་ཐོག་ལ་ངར་ཤོག་ལོ།

    ༤༽ གསལ་པོ་བཟོ་དགོས་པ་ཞིག་ལ། ངའི་སྐད་ཆའི་ནང་《༸རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བརྩིས་པའི་བོད་ཀྱི་དབུ་ཁྲིད་དང་ལས་སྣེ་ཚོས། བསམ་བཞིན་དུའང་བསམ་བཞིན་མ་ཡིན་པར། བོད་མི་དམངས་རྣམས་མུན་འཐོམ་དུ་བཞག་པ་དང་འབྲེལ་བ་ཡོད་པ་དེ་ཡང་དོན་དངོས་རེད། མདོར་བསྡུས་ནས་བཤད་ན། ༡༩༥༩ གོང་དུ་༸རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་མི་དཀྱུས་མ་ཚོ་ལ་ཕན་པའི་སློབ་གྲྭ་ག་ཚོད་བཙུགས་འདུག་གམ། འདི་གཅིག་པུ་ལ་བསམ་བློ་བཏང་ན་ཤེས།》ཞེས་བཤད་ཡོད། འདིའི་ནང་ལ་མང་པོ་ཞིག་ཚུད་ཡོད། འོན་ཀྱང་ཁྱེད་ཅག་གིས་དགག་ཡོང་དུས་འདིའི་ནང་ནས་༸རྒྱལ་བ་རིན་པོ་ཆེ་གཅིག་པུ་བཏོན་ཡོང་སྟེ་བཤད་ཀྱི་འདུག འདིས་ག་རེ་བསྟན་གྱིན་ཡོད་རེད། ངས་བཤད་པ་དེ་འགྲིག་པ་བསྟན་པ་རེད། བཟང་བཟང་བླ་མ་དང་ངན་ངན་མང་ཚོགས་ཡིན་ཤག་སུ་བརྩིས་སྟབས། ད་ངར་ཡོང་གི་ཡོད་རེད།
    ༥༽ ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་ཡུན་ཐུང་ཞིག་ལ་དབྱིན་ཇིའི་སློབ་གྲྭ་བཙུགས་པ་རེད། དབྱིན་ཡུལ་དུའང་སློབ་ཕྲུག་ཁ་ཤས་བཏང་བ་རེད། རྒྱ་གར་ལའང་ཁ་ཤས་བཏང་བ་རེད། འོན་ཀྱང་ཁོང་གི་སྲུང་མར་རློམ་ཡང་རྗེས་དཔག་གི་ཡོན་ཏན་ཡང་མེད་པ་དེ་ཚོས་མཚམས་བཅད་བཅུག་པ་རེད། སྒོ་བརྒྱབ་པ་རེད། སྲུང་མ་ངན་པ་དེ་ཚོ་སླེབས་དུས། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཡང་སྐབས་རེ་ནུས་པ་མེད་པ་འདྲ་བོ་བཟོ་གི་འདུག ད་དུང་ཡང་མི་བཟོ་བའི་ངེས་པ་མེད།

    ༦༽ ཟ་ལེ་རྒྱལ་འདི་སྙན་ངག་པ་རྗེས་དཔག་གི་ནུས་པ་ལྡན་པ་ཞིག་རེད། སྐད་ཆ་ལ་འཇུ་ས་དང་གོ་རྒྱུ་འདུག

    ད་ཆ་ལེ་ཆོ་ལེ་བྲིས་ཡོང་ན་ལན་རྒྱག་གི་མིན། དོན་ངོ་མའི་བགྲོ་གླེང་གི་བསམ་འཆར་བྱུང་ན་ལན་བཏབ་ཆོག ལན་མ་བཏབ་པ་དེ་མཐོང་ཆུང་བྱས་པ་མིན། བཤད་ཟིན་པ་ཞིག་བསྐྱར་བཤད་ཡང་བཤད་ཀྱི་དགོས་པ་མ་མཐོང་བས་ཡིན།

    འོན་ཀྱང་བཟང་ངན་ག་རེ་བྲིས་ཀྱང་ཐེངས་རེ་ཀློག་གི་ཡིན།

    Reply
  12. གཡག་རྒོད says:
    ལོ་ 15 སྔོན།

    རྒྱལ་དབང་སྐུ་འཕྲེང་ན་རིམ་གྱིས་དགོན་པ་མང་བོ་བཙུག་ཡོད་པ་འབྲི་རྒྱུ་ལུས་འདུག། དགོན་པ་དེ་དག་གི་ནང་ནས། བོད་སྤྱི་ཚོགས་ལ་ཕན་ཐོག་པའི་མཁས་པ་བྱུང་ཡོད་པ་མ་ཟད། ནང་ཆོས་ཀྱི་མཚན་ཉིད་རིག་པ། ནང་ཆོས་ཀྱི་ཚན་རིག་སོགས་ཀྱི་མ་ལག་ཡར་རྒྱས་བཏངས་བས་བཀའ་དྲིན་ལ་བརྟེན་ནས། བོད་ཀྱི་རིག་གནས་ལ་མཐོང་ཆེན་བྱེད་མཁན་ཤིན་དུ་མང་བ་བཤད་རྒྱུ་ལུས་འདུག

    ལས་ཀ་ལ་ཡོད་པས་མི་ཁོམ།

    Reply
  13. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    སོ་སོའི་ལྟ་ཚུལ་ཁ་གསལ་པོ་དང་བློ་ཁོག་ཆེན་པོས་བྲིས་འདུག གོ་རྒྱུ་ཡང་ཆེན་པོ་འདུག བསམས་དགོས་པ་ཡང་མང་པོ་འདུག

    དོན་དག་རྡོག་རྡོག་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ལ་བབས་ཟིན་པ་རེད། བོད་མི་མང་སྤྱི་འཐུས་ཀྱིས་རང་དབང་ཐོག་ནས་ཐག་བཅད་པ་རེད། བཀའ་ཤག་དང་རྒྱལ་བ་རིན་པོ་ཆེས་སྤྱི་འཐུས་ལ་དབང་ཆ་གནང་ཡང་། ཁོང་ཚོས་རང་འཇགས་ཡར་ཕུལ་བ་རེད། དེའི་བརྒྱུད་རིམ་ལ་སྐྱོན་ག་རེ་འདུག མ་འགྲིགས་པ་ཅི་བྱུང་སོང་། རྩོད་གཞི་གཙོ་བོ་འདི་རེད། དེ་ལ་གསལ་བཤད་གནང་རོགས།

    Reply
  14. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དེ་སྔོན་ཁང་གསར་ཁྱོད་ཀྱིས་རང་གི་ཤ་ལས་མཆེད་པའི་ཕྲུ་གུས་རང་ཉིད་བཙོན་ཁང་ལ་བཅུག་པའི་ཟིན་བྲིས་མཐོང་སྐབས་སུ། ཁྱོད་ལ་སྙིང་རྗེ་དང་ཁྱེད་ཀྱི་བུ་ལ་སྡང་སེམས་སྐྱེས་མྱོང་ཡོད། འོན་ཀྱང་ད་ཆ་ཁྱོད་ཀྱི་ཁ་ལ་གཞིགས་ན་འདི་འདྲ་ཞིག་མ་བྱེད་ཐབས་མེད་ཆགས་པ་འདྲ། བུ་ཁྱོད་ཁག་མི་འདུག

    Reply
  15. ཕྱོགས་གླང། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས། ༧རྒྱལ་བ་ལྔ་པ་དང་། དྲུག་པ། བདུན་པ་བཅས་ཀྱིས་སློབ་གྲ་མ་བཙུགས་པ་སོགས་མ་འགྲིགས་མ་འཐུས་མང་པོ་གསུངས་འདུག་ཀྱང་། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྐུ་སྒེར་དང་། བོད་གཞུང་ནས་འགྲོ་སོང་ནར་གཏོང་གིས་སྨན་རྩིས་ཁང་སོགས་བོད་རྒྱ་ཁྱབ་ལ་སློབ་གྲ་བཙུགས་པས་མ་ཚད། བོད་དེ་འཛམ་གླིང་ཕྱི་ལ་སྒོ་མོ་ཕྱེ་ཐབས་དང་། དེང་དུས་ཅན་དུ་བསྒྱུར་རྒྱུའི་ཆེད་དུ་དབྱིན་ཇི་དང་འབྲེལ་བ་གནང་སྟེ་དབྱིན་ཇིའི་སློབ་གྲ་བཙུགས་པ་སྒོ་རྒྱབ་བཅུགས་ཏེ་༧རྒྱལ་བ་རིན་པོ་ཆེའི་དགོངས་པར་ཡོད་པ་ལམ་ལྷོངས་བཏང་མེད་པའི་སྐོར་གསུངས་རྒྱུ་ལུས་འདུག་ག།

    Reply
  16. གཡག་རྒོད says:
    ལོ་ 15 སྔོན།

    བསམ་བློ་གསར་བ་རེ་འེ་ཡོད་བསམ་སྟེ་ཚང་མ་ཞུབ་དུ་ཀློག་པ་ཡིན། འཚམ་རེ་ཀླད་པ་བེད་སྤྱོད་བྱས་ནས་བདེན་པ་འདྲ་བོ་རེ་བྲིས་འདུག་མོད། འོན་གྱང་ནང་འགལ་མང་དྲག་པས་རྐྱེན་གྱིས། ཕན་ཐོག་པ་གཅིག་ལེན་རྒྱུ་ཞིག་རེག་མ་སོང་།

    Reply
  17. ནམས་ཟླ། says:
    ལོ་ 15 སྔོན།

    མཚམས་མཚམས་ཡིན་པའི་བཟོ་འདྲ་བོ། མཚམས་མཚམས་མིན་པའི་བཟོ་འདྲ་བོ།

    Reply
  18. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་སྲུང་མ་འདི་དག་གིས་དགྲ་གྲོགས་གཉིས་ཀ་ཐག་རིང་ནས་བཀག་ཏེ་སྐུའི་བདེ་སྲུང་གི་ནུས་བར་འབད་པ་བྱེད་ཀྱིན་འདུག ང་རང་ཆབ་སྲིད་མི་ཤེས་བའི་ལྟད་མོ་ཞིག་ཡིན་ནའང་༧སྐུའི་བདེ་སྲུང་གི་འགན་འཁུར་དེ་ང་ལའང་ཡོད་པས་ངས་ཞིབ་ལྟ་བྱས་བ་ཡིན། ཁང་གསར་རྡོ་རྗེ་འདི་འདྲེ་ཞིག་རེད་ཅེས་སྲུང་མ་ལ་ལས་སྐད་འབོད་བྱེད་མོད། ངས་བལྟས་ན་འདྲེ་ཞིག་ཡིན་ནའང་གདོན་འདྲེ་ཞིག་མིན་པ་འདྲ།

    Reply
  19. བྱམས་རྒྱལ། says:
    ལོ་ 15 སྔོན།

    མི་ཁ་གཅིག་གིས་སོ་སོས་ཉེན་རྟོགས་པ་ཡིན་པ་ནང་བཞིན་གང་ཟག་ལ་འདྲི་བརྩད་གནང་གི་འདུག་པ་འདི་མི་འཛེས་ དེ་ལྟར་མ་ཡིན་པ་བསམ་ཚུལ་ལ་བགྲོ་གླེང་གནང་རོགས།

    ཁང་གསར་ལགས་དང་ ལྷམ་ཀོག་འདི་གཉིས་བློ་གྲོས་ཆེ་ལ་རང་གི་མི་རིག་ལ་ཤ་ཚའི་སྐད་ཆ་ཤོད་བཞིན་འདུག་པ་འདྲ་པོ་འདུག་ འོན་ཀྱང་སྐད་ཆ་ ཆ་ཤས་ཙམ་གླེང་བ་ལས་དོན་ཧྲིལ་གྱིས་བསྒྲིལ་ནས་ འདི་བྱེད་ན་འདི་ཡོང་ འདི་མ་བྱེད་འདི་མི་ཡོང་ ཞེས་ཐག་གཅོད་ཀྱི་མི་འདུག་ དཔེར་ན་ཁོང་གིས་རང་ཉིད༸རྒྱལ་བ་རིན་པོ་ཆེའི་དགོངས་པ་སྲུང་སྐྱོབས་དང་དར་སྤེལ་གཏོང་མཁན་གྱི་སྲུང་མ་ཡིན་དྲན་བཞིན་ཡོད། ཞེས གསུངས་ཡ་འདི་ ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་སྲུང་སྐྱོབས་དང་དར་སྤེལ་གཏོང་མཁན་གྱི་སྲུང་མ་མ་བྱེད་
    སྲུང་མ་བྱེད་ན་ཉེས་པ་འདི་ཡོད་རེད་ སྲུང་མ་མ་བྱེད་ན་ཕན་ཐོགས་འདི་ཡོ་རེད་ཅེས་ཁ་གསལ་པོ་མེད་པ་ལྟ་བུ་རེད། འདི་འདྲ་རེད་མི་འདུག་པས?

    Reply
  20. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ད་ལྟ་འདི་གར་ཞོགས་པའི་ཆུ་ཚོད་དྲུག་པ་ཡོལ་ཙམ་རེད། ཡར་ལངས་པ་དང་ཐོག་མར་དུས་བབ་ཀྱི་དྲྭ་རྒྱར་བལྟས་པ་ཡིན། ངའི་རྩོམ་ཡིག་དེ་རྩོམ་སྒྲིག་པས་དུས་ཐོག་སྤེལ་འདུག་ལ། དེའི་མཇུག་ཏུ་མཆན་གསུམ་ཅུ་བཀོད་འདུག མཆན་དེ་ཚོར་ཁ་ཡ་བྱས་ན་ལེགས་སམ་མ་བྱས་ན་ལེགས་ཞེས་བསམ་བློ་བཏང་། ཐ་མ་རང་གི་རྩོམ་ཞིག་འདི་ལྟར་དྲྭ་ཐོག་ཏུ་སྤེལ་རྗེས་བསམ་ཚུལ་བྱུང་བ་རྣམས་བཀླགས་པའི་བརྡ་ཙམ་མ་བསྟན་ན་མི་འཚམས་དྲན།

    མཆན་རྣམས་སྡེ་ཚན་ལ་དགར་ན། ཡག་པོ་བྲིས་འདུག་ཟེར་མཁན་དང་ཡག་པོ་བྲིས་མི་འདུག་ཟེར་མཁན་བཅས་རྩ་བའི་རིགས་གཉིས་རེད་འདུག ཡག་པོ་བྲིས་འདུག་གསུང་མཁན་ཚོར་ད་ལྟ་ངས་གང་ཡང་ཞུ་གི་མིན།

    ཡག་པོ་བྲིས་མི་འདུག་ཟེར་མཁན་ཚོའི་ནང་ལ། ༡༽ དོན་དངོས་རེད་དེ་རྣ་བར་འགྲོ་གི་མི་འདུག་ཟེར་བ་དང་། ༢༽ ཁང་གསར་རྡོ་རྗེ་མི་རྫུན་མ་རེད། དོགས་པ་ཡོད། ༣༽ གཞན་ལ་བལྟ་བའི་མིག་ཡོད་ཀྱང་རང་ཉིད་བལྟ་ན་མེ་ལོང་དགོས་ཟེར་བ། ༤༽ ༸རྒྱལ་མཆོག་རིམ་པས་ཡག་པོ་གནང་བ་རེད། ཡག་པོ་མ་བྱེད་མཁན་དགའ་ལྡན་ཕོ་བྲང་རེད། དགའ་ལྡན་ཕོ་བྲང་གིས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་ནང་ནས་མང་པོ་ཞིག་ལ་སྡུག་པོ་བཏང་བ་རེད། ༥༽ ཁང་གསར་ཁྱོད་ཀྱིས་ག་རེ་འཇོན་བཞག་བཅས་གཙོ་བོ་དེ་ཙམ་རེད།

    ༡༽ དོན་དངོས་རེད་དེ་རྣ་བར་འགྲོ་གི་མི་འདུག་ཟེར་བ་དེ་བཤད་སྟངས་ཁྱད་མཚར་རེད་དེ་སྐད་ཆ་དྲང་པོ་རེད། རང་གིས་ཡིད་ཆེས་དང་དད་གུས་ཡོད་ས་ཞིག་ལ་དེ་འདྲ་བཤད་ན་དོན་དངོས་ཡིན་ཡང་རྣ་བར་མི་འགྲོ་བ་འདི་རང་རེ་ཚང་མར་ཡང་ཡང་འབྱུང་གི་འདུག ང་རང་རྒྱ་མི་དང་ཡང་ཡང་ཐུག་གི་ཡོད། ཁོང་ཚོས་བོད་དང་༸རྒྱལ་བ་རིན་པོ་ཆེའི་སྐོར་ལ་དོན་དངོས་དང་འབྲེལ་ལ་ངའི་རྣ་བར་མི་འགྲོ་བ་མང་པོ་བཤད་ཡོང་གི་འདུག དེ་ཚོར་ཡུན་རིང་ཨུ་ཚུགས་བརྒྱབ་སྟེ་དགག་པ་རྒྱག་པའམ་གསལ་བཤད་བྱས་རྗེས། ད་ངས་ག་རེ་བྱེད་ཀི་ཡོད་རེད། དོན་དངོས་ཁས་ལེན་པའི་བློ་སྟོབས་མི་འདུག་དྲན་ཡོང་གི་འདུག ཁྱེད་རང་གི་གནས་སྟངས་ཀྱང་དེ་རང་རེད། ངས་འདིར་བཤད་ཀི་ཡོད་པ་དེ་ཕྱི་ལ་མ་རེད་ནང་ལ་རེད། ང་རང་ཚོ་ནང་ཁུལ་བློ་སྐྱེད་ཅིག་བྱུང་ན་སྙམ་པ་ཙམ་ཡིན།

    ༢༽ ཁང་གསར་རྡོ་རྗེ་མི་རྫུན་མ་རེད། དོགས་པ་ཡོད་ཅེས་པ་དེ་ལ་ངས་མང་པོ་བཤད་ཀི་མིན། ང་རང་བོད་དབུས་སྟོད་ལུང་སྐྱར་པོ་རྩེ་ཁང་གསར་གྱི་བུ་བཞི་པ་རྡོ་རྗེ་ཡིན། དབུས་གཙང་ཕྱོགས་ལ་ཆ་རྒྱུས་ཅུང་ཟད་ཡོད་མཁན་ཞིག་ཡིན་ན་མི་ཚང་འདིའི་སྐོར་དྲིས་དང་མ་ཤེས་མཁན་ཉུང་ཉུང་རེད། ད་ལྟ་ཊོ་རོན་ཊོ་ལ་ཡོད། ཁེ་ཎ་ཊ་ལ་ཡོད་པའི་ལྡུམ་ཁང་ཕུན་ཚོགས་དང་དེ་མིན་འཕན་ཡུལ་འབྱོར་ལྡན་ཁང་གསར་བའི་མི་ངོ་འཚོ་བཞུགས་ཡོད་པ་དེ་ཚོར་སྐད་ཆ་དྲིས། ང་འདིར་གསོན་པོར་ཡར་འགྲོ་མར་འགྲོ་བྱས་ནས་བསྡད་ཡོད། ཁྲིམས་ལ་གཏུགས་ཀྱི་ཡིན་ནའང་གཏུགས་ཤོག ངས་ཁྲིམས་ཁང་ལ་ཡོང་ཆོག

    ༣༽ གཞན་ལ་བལྟ་བའི་མིག་ཡོད་ཀྱང་རང་ཉིད་བལྟ་ན་མེ་ལོང་དགོས་ཟེར་བ་དང་ཞིབ་ཚགས་བྱོས་ཟེར་མཁན་ཚོ་ལ། དེ་དེ་བཞིན་རེད། ངས་ཀྱང་ཞུ། ཁྱོད་ཚོས་ཀྱང་དེ་བཞིན་གྱིས་ཟེར་བ་དང་མཉམ་དུ། རང་གི་སེམས་ནང་གི་སྐད་ཆ་རང་གི་ལག་པས་དྲང་པོར་བྲིས་པ་འདི་ནོར་ཡང་རུང་། འགྲིགས་ཀྱང་རུང་། རང་གི་མི་ཚེའི་སྤོབས་པ་ཞིག་ལ་སེམས་བཞིན་ཡོད་ཅེས་ཞུ་རྒྱུ་ཡིན།

    ༤༽ ༸རྒྱལ་མཆོག་རིམ་པས་ཡག་པོ་གནང་བ་རེད། ཡག་པོ་མ་བྱེད་མཁན་དགའ་ལྡན་ཕོ་བྲང་རེད། དགའ་ལྡན་ཕོ་བྲང་གིས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་ནང་ནས་མང་པོ་ཞིག་ལ་སྡུག་པོ་བཏང་བ་རེད། ཅེས་པ་འདིའི་རྒྱུ་མཚན་མཐར་ཐུག་པ་ནི་༸རྒྱལ་བ་སྐུ་ཕྲེང་ཁ་ཤས་སྐུ་ཚེ་ཡུན་རིང་མ་བཞུགས་པ་དེ་དྲངས་འདུག ༸རྒྱལ་བ་སྐུ་ཕྲེང་ཁ་ཤས་སྐུ་ཚེ་རིང་པོ་མ་བཞུགས་པ་དེ་གཞན་གྱིས་བཀྲོངས་པ་ཡིན་དང་མིན་གསལ་པོ་མེད་ལ། བཀྲོངས་པ་ཡིན་ན། བྱེད་གཏེ་རྒྱའི་ཨམ་བན་ཡིན་དང་བོད་ཡིན། ལྷ་ཡིན་དང་འདྲེ་ཡིན་ང་ཚོར་གསལ་པོ་མེད་བཞིན་དུ། ལམ་སེང་བྱས་ཉེས་ཡོད་ཚད་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཐོག་ལ་བཀལ་ཡོང་བ་འདི་དཔྱོད་ལྡན་གྱི་བྱེད་སྟངས་མ་རེད། ༸རྒྱལ་བ་རིན་པོ་ཆེས་ཀྱང་། གསར་འབྱོར་བ་ཚོས། རྒྱ་གར་ལ་༸རྒྱལ་བ་རིན་པོ་ཆེ་བཞུགས་པ་མ་གཏོགས་བོད་གཞུང་ལ་ལྟ་བཟོ་གང་ཡང་མི་འདུག་ཅེས་བཤད་པ་དེར་བཀའ་བསྐྱོན་གནང་ཡོད། ང་རང་ཚོའི་ཞན་ཆ་ཡང་དེ་ག་རེད། དངོས་གནས་བྱས་ན། ངེད་ཅག་བོད་ཀྱི་ཡུལ་མི་ཞིག་ཡིན་པའི་ཆ་ནས། བོད་གཞུང་དང་བོད་རྒྱལ་ཁབ་ཅེས་པ་དེ་བླ་མ་གཅིག་གི་གོང་ལ་འཇོག་དགོས་པ་རེད་མ་གཏོགས་འདི་ལྟར་ཚོད་ཚོད་བྱས་ཏེ་བོད་གཞུང་ནག་པོ་བཟོ་ཤག་ཤག་བྱས་ན་ནོར་འཁྲུལ་རེད། རྒྱབ་རྟེན་དཔང་རྟགས་བརྟན་པོ་ཞིག་ཡོད་ན་བསམ་རྒྱུ་ཞིག་ཡོད་རེད། དེ་འདྲ་གང་ཡང་མེད་པར། བཀྲོངས་པ་རེད། བཀྲོངས་མཁན་དགའ་ལྡན་ཕོ་བྲང་རེད་ལབ་ན་རང་གི་མགོ་ལ་རང་གིས་བཙོག་པ་བྱུགས་པ་དང་གཅིག་པ་རེད།
    ཕྱོགས་གཞན་ནས་བསམས་ན། བསམ་བློ་གཏོང་སྟངས་འདི་ངས་གོང་དུ། བཟང་བཟང་བླ་མ་དང་ངན་ངན་མང་ཚོགས་ཞེས་པའི་གཏམ་དཔེ་གསར་རྩོམ་བྱས་པ་དེ་ག་རེད། བླ་མ་དཀར་པོ་བཟོ་ཐུབ་ན་གཞན་དག་ནག་པོ་བཟོ་བ་ལ་ཡ་ང་བག་ཚ་མེད་པ་རེད།
    ངས་སྐད་ཆ་རྡོག་རྡོག་གཅིག་བཤད། ༸རྒྱལ་བ་ལྔ་པ་ཆེན་པོས་འབྲི་དགོས་པ་བཀའ་ཤོག་མང་ཙམ་བྲིས་ཏེ་མདོ་སྟོད་སྨད་དུ་བཀྲམས་ནས་དེ་ཚོ་དབང་དུ་བསྡུ་ཐབས་མི་བྱེད་པར་འབྲི་མི་དགོས་པ་སྙན་ངག་བྲིས་ནས་བཞུགས་པ་དེ་སློབ་གྲྭ་འཛུགས་པའི་དུས་ཚོད་མ་བྱུང་ནས་རེད་དུས་ཚོད་བྱུང་ནས་རེད། དབང་ཆ་སྤྲོད་དགོས་ས་བོད་པ་ཞིག་ལ་དབང་མ་སྤྲད་པར་སྤྲོད་མི་དགོས་ས་སོག་རིགས་ཤིག་ལ་༸རྒྱལ་པོའི་དབང་གནང་བ་འདི་ཅི་རེད།
    ༸རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ལས་དགོས་པ་ཆབ་སྲིད་ཀྱི་ལས་ཀ་མ་ལས་པར། ལས་མི་དགོས་པ་ནག་ཆང་བུད་མེད་བསྟེན་ཏེ་ཐ་ན་རང་དང་སྡེ་སྲིད་སངས་རྒྱམ་པ་བཅས་པའི་སྐུ་སྲོག་ཤོར་བ་འདི་བོད་ལ་བརྩེ་དྲག་ནས་རེད་གལ་ཆེ་ཆུང་མ་ཤེས་ནས་རེད།
    ༸རྒྱལ་བ་སྐུ་ཕྲེང་བདུན་པ་དབུས་ལ་ཕེབས་དུས་རྒྱ་དམག་མཉམ་དུ་ཁྲིད་དོན་ཅི་རེད། གནང་དགོས་པའི་ཆབ་སྲིད་ཀྱི་ཕྱག་ལས་ཧྲ་ཐག་ཐག་ཅིག་མ་གནང་བར། ག་དུས་ཡིན་ནའང་ང་རི་ཁྲོད་ལ་འགྲོ་འདོད་འདུག་ཅེས་བཞུགས་པ་འདི་ག་རེ་རེད། ཁོང་རྣམ་པ་གསུམ་གྱིས་ཧྲ་མོ་ཧྲ་མོ་ཞིག་གནང་ཡོད་ན། དེའི་རྗེས་ནས་དཀའ་ངལ་ཡོང་ས་ཨེ་འདུག
    ༸རྒྱལ་བ་སྐུ་ཕྲེང་བརྒྱད་པ་ནས་བཅུ་གཉིས་པ་བར་རྣམས་ཡུན་རིང་མ་བཞུགས་པ་དེ་གཞན་གྱི་སྦྱོར་བ་ངན་པར་ཐུག་པའི་དབང་དུ་བཏང་རུང་། དེ་ནི་༸རྒྱལ་བ་ལྔ་པ་ནས་བདུན་པ་བར་གྱིས་སྐུ་ཕྲེང་ཕྱི་མ་རྣམས་བདག་པོ་ཡག་པོ་རྒྱག་པའི་ལམ་ལུགས་ཡག་པོ་ཞིག་མ་བཟོས་པ་དེའི་སྐྱོན་རེད་མ་གཏོགས། ཆབ་སྲིད་ཀྱི་དབང་ཆ་རྩོད་མཁན་ཚོས་དབང་ཆ་ལ་ཧབ་ཐོབ་རྒྱག་པ་འདི་ལ་འཁང་ས་ཅི་ཡང་མེད། ༸རྒྱལ་བ་ལྔ་པས་ཀྱང་གཙང་པ་རྒྱལ་པོ་དང་བེ་རི་རྒྱལ་པོ་བཅོམ་ནས་དབང་ཆ་བླངས་པ་རེད།
    དངོས་གནས་བྱས་ན། ཡབ་གཞིས་ཡོད་རེད། སློབ་མ་དེ་ཙམ་ཡོད་རེད། འཁོར་གཡོག་དེ་ཙམ་ཡོད་རེད། དེ་ཚོ་བཀོད་སྒྲིག་ཡག་པོ་ཞིག་གནང་བ་ཡིན་ན། སྐུ་ཕྲེང་རྗེས་མ་ཚོའི་སྐུ་ཕྱྭ་ལ་འཇིགས་པ་འབྱུང་དགོས་དོན་ཞིག་འདུག་གམ།
    འདི་ཚོ་འདས་ཚར་བ་རེད། འདི་ལས་བསླབ་བྱ་བླངས་ཏེ་ཁྱོད་ཚོ་༸རྒྱལ་བ་རིན་པོ་ཆེའི་སྲུང་མར་རློམ་པ་ཚོས་མ་འོངས་པར་ལོ་རྒྱུས་བསྐྱར་ཟློས་མ་ཡོང་བའི་ཐབས་ཤེས་འཚོལ་དགོས།

    ༥༽ ཁང་གསར་ཁྱོད་ཀྱིས་ག་རེ་འཇོན་བཞག་ཡོད་ཅེས་པ་དེ་ལ། གཞན་གང་ཡང་འཇོན་མེད། གཅིག་འཇོན་པ་དེ་ རང་གིས་རང་ལ་མགོ་བསྐོར་བཏང་མེད་པ་དེ་ཡིན་ཞེས་ཞུ་འདོད་བྱུང་་། ད་ལས་ཀ་ལ་འགྲོ་བ་ལ་དུས་ཚོད་ཅུང་འདུག རྒྱུག་ཤར་གཅིག་གློད། ཞོགས་ཟས་ཤིག་ཉོ་རུ་འགྲོ་གི་ཡིན།

    བསམ་ཚུལ་རིན་ཐང་ཅན་འདྲ་འདུག་ན། ཆུ་ཚོད་བཅུ་པ་བཅུ་གཅིག་ལ་ལས་ཀའི་བར་གསེང་ཡོད། དེ་དུས་བལྟ།

    ཐུགས་རྗེ་ཆེ།

    Reply
  21. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    མཛད་པ་ཀུན་ལས་གསུང་གིས་ནི། །
    མཛད་པ་མཆོག་ཡིན་འདི་ཡང་ནི། །
    འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །
    འདི་ལས་སངས་རྒྱས་རྗེས་དྲན་བྱོས། །
    ཅེས་འཇམ་དབྱངས་བླ་མ་ཤར་ཙོང་པ་ཆེན་པོས་ཇི་ལྟར་གསུངས་པ་བཞིན། ཁང་གསར་རྗོ་རྗེ་འདིས་ཀྱང་བླ་མེད་གསུང་གི་མཛད་འཕྲིན་སྐྱོང་བཞིན་འདུག་ན། དྲ་གྲོགས་ཚོས་སངས་རྒྱས་རྗེས་དྲན་གསུངས་པ་བཞིན་ཁོང་གི་རྗེས་འཇུག་ཞིག་བྱས་ན་སྐྱོན་ཡོང་ས་མ་རེད་སེམས།

    གང་ཡིན་ཟེར་ན། དྲ་གྲོགས་མང་པོ་ཞིག་གིས་ཁོང་གི་དགོངས་དོན་སློབ་སྦྱོང་བྱས་ཏེ་བཀའ་མོལ་གནང་དགོས་ཀྱི་འདུག

    Reply
  22. རྒྱལ་བསྟན། says:
    ལོ་ 15 སྔོན།

    ཁང་གསར་ལགས། ཁྱོད་ནས་བཤད་རྒྱུ་ལ་བོད་མི་རིགས་འདི་ལ་ཤ་ཚ་ཆེ་མདོག་ཁ་པོ་འདུག འོན་ཀྱང་ཁྱོད་རང་ངོས་ནས་ད་བར་བོད་དོན་ལ་ཕན་པའི་ལས་ཀ་མངོན་གསལ་དེ་འདྲ་ཡོད་དམ།

    Reply
  23. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    རྒྱལ་མཆོག་ལྔ་བ་དང་བདུན་པ། བཅུ་གསུམ་དང་བཅུ་བཞི་མ་གཏོགས་རྒྱལ་བ་གཞན་ཚང་མ་ནག་ཁུངས་ནང་མེད་པ་ཆགས་སོང་བ་རེད། གོ་སྐབས་བྱུང་མྱོང་མཁན་གྱི་རྒྱལ་བ་བཞི་བོས་བོད་ལ་འགྲིག་ཐག་ཆོད་གནང་བཞག་དྲན་གྱི་ཡོད། བོད་ལ་སློབ་གྲྭ་འཛུགས་མཁན་ཐོག་མའང་གོ་སྐབས་ཐོབ་མྱོང་བའི་རྒྱལ་བ་བཞི་བོ་རེད་མི་འདུག་གམ། འདིར་ནན་ཏན་བཤད་རྒྱུར། ཁང་ལགས་དཔྱད་རྩོམ་འབྲི་ན་བསམ་བློ་ཞིབ་ཚགས་པོ་དང་རྒྱུ་མཚན་ཆ་ཚང་ལ་ལྟ་དགོས་ཀྱི་འདུག དེ་མིན་དབྱིབས་ཚོད་བྱས་ནས་རྒན་མོ་དེའི་སྐད་ཆ་ནང་བཞིན་བཤད་ན་ཆོ་མཐོང་གི་མི་འདུག

    Reply
  24. ནགས་མེ། says:
    ལོ་ 15 སྔོན།

    རྩོམ་ཡིག་ཡག་པོ་བྲིས་འདུག ཞོར་འདྲོགས་དང་གཡམ་རྒྱུགས་མིན་པར་སོ་སོའི་བསམ་ཚུལ་རྗེན་བཤད་བྱས་པའི་རྣམ་འགྱུར་མངོན་འདུག་ལ་ལྟ་བ་རང་ཚུགས་ཐུབ་པ་ཞིག་འདུག འོན་ཏེ་ཡིག་ནོར་དང་ཚིག་སྐྱོན་ཁ་ཤས་འདུག་སྙམ།

    Reply
  25. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    ནོར་བཅོས། ་་་་་་་་་་་རྒྱལ་བ་སྐུ་ཕྲེང་རིན་བྱོན་ནི་དགའ་ལྡན་ཕོ་བྲང་གིས་གནོད་འཚེ་ཕོག་ས་ཆེ་ཤོས་དེ་ཆགས་མེད་འགྲོ་དཔྱད་པ་གནང་དགོས། རང་གི་སྐུ་སྲོག་ཀྱང་མ་དབང་བའི་རྒྱལ་བ་རིན་པོ་ཆེ་ལ་སློབ་གྲྭ་བཙུགས་མི་འདུག་ཅེས་སྐྱོན་བརྗོད་བྱེས་ན་དགོད་སྤྱད་མ་རེད་དམ། ་་་་་་་་་་་་་་་་་

    Reply
  26. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    ཁང་སར་ལགས་ཀྱི་བསམ་ཚུལ་སྔ་ཕྱི་ལ་ཁ་ཕྱོགས་གཅིག་མི་འདུག་པས་དམིགས་བསལ་ཡག་ཉེས་བཤད་མི་ཐུབ། ཡིན་ནའང་ངས་ཁོང་ལ་དྲན་གསོ་བྱེད་པ་གཅིག་ནི། ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་སྲིད་ཀྱི་སྣེ་མོ་བ་དང་འོག་རིམ་གྱི་ལས་བྱེད་ཚོས་བོད་མི་མང་ལས་ཀྱང་༧རྒྱལ་བ་རིན་པོ་ཆེ་ལ་མནར་གཅོད་མང་བ་བཏང་ཡོད་པ་རེད། དཔེར་ན༧རྒྱལ་དབང་སྐུ་ཕྲེང་ལྔ་བ། བདུན་པ་དང་བཅུ་བཞི་མ་གཏོགས་བོད་མི་མི་རིགས་ཀྱི་ཆེད་དུ་ཆོས་སྲིད་ཀྱི་འགན་ཁུར་ནས་ཕྱག་ལས་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་རེད། སྐུ་ཕྲེང་གཞན་ཚང་མ་པོ་ཏྰ་ལའི་སྦུགས་ནས་ནག་ཁུངས་ནང་དགོངས་ལོ་གཞོན་ཐོག་ལ་མེད་སོང་བ་རེད། དེའི་ཕྱིར་དགའ་ལྡན་ཕོ་བྲང་གིས་བོད་རྒྱལ་ཁབ་ལ་སློབ་གྲྭ་དང་༧རྒྱལ་བ་རིན་པོ་ཆེ་གཉིས་ཀ་མཉམ་གཅིག་ཏུ་ཡོད་བཅུག་མྱོང་ཡོད་པ་མ་རེད་ཟེར་ན་འདོད་སོང་། རྒྱལ་བ་སྐུ་ཕྲེང་རིན་བྱོན་ནི་དགའ་ལྡན་གྱིས་གནོད་འཚེ་ཕོག་ས་ཆེ་ཤོས་དེ་ཆགས་མེད་འགྲོ་དཔྱད་པ་གནང་དགོས། རང་གི་ཚེ་སྲོག་ཀྱང་མ་དབང་བ་ཞིག་ལ་སློབ་གྲྭ་བཙུགས་མི་འདུག་ཅེས་སྐྱོན་བརྗོད་ན་དགོད་སྤྱད་མ་རེད་དམ།
    སྐུ་ཕྲེང་བཅུ་གསུམ་པ་ཕྲག་ལས་གནང་བཞིན་པའི་སྐབས་སུ་གློ་བུར་གྲོངས་པ་དང་། བླ་སྨན་པ་གཅིག་ལ་དོགས་ཉེས་འོག་ཉེས་ཆད་ཀྱང་ཕོག་ཡོད་པ་རེད།
    དེ་ཡང་ཁ་སངས་ནས་བཤད་ན་བོད་གཞུང་དགའ་ལྡན་ཕོ་བྲང་ངམ་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་བཀའ་སྒྲུབ་མཁན་གྱི་མིང་ཡོད་པའི་འོག་གི་སྲིད་ཀྱི་སྣེ་མོར་གཏོགས་པ་ཚོས་འཆར་ཅན་༧རྒྱལ་བ་ཚང་མ་ལྐོག་བསོད་བཏང་བ་མིན་འགྲོ་དྲན། དེ་མིན་༧རྒྱལ་བ་རིན་པོ་ཆེ་ཕལ་ཆེ་བ་ཆུང་ཆུང་ནས་གྲོངས་འགྲོ་བའི་རྒྱུ་མཚན་གཞན་མཐོང་གི་མི་འདུག
    དེའི་ཕྱིར་བོད་ལ་ལོ་བརྒྱ་ཕྲག་རིང་སློབ་གྲྭ་མ་བཙུགས་པ་སོགས་ཀྱི་ནག་ཉེས་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་འགེལ་ཐབས་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་མང་ཆེ་བར་བོད་མི་རིགས་ཀྱི་ཆེད་དུ་ཡག་སྡུག་གང་ཡང་ལས་རྒྱུའི་གོ་སྐབས་ཐོབ་ཡོད་པ་མ་རེད།
    དེའི་ཁྱེད་ཀྱི་༧རྒྱལ་བ་རིན་པོ་ཆེའི་མ་འཇོན་པ་དང་མ་དྲང་བ་ཡོད་མེད་དཔྱད་པ་བྱེད་ན་སྐུ་ཕྲེང་རེ་རེའི་དགོངས་ལོ་དང་བཅས་པར་ལྟ་དགོས་པ་རེད། སྔ་མོ་དཀར་མེ་མེད་པའི་ནག་ཁུང་ནས་ཟ་མ་ཟ་དུས་ཤིག་ལ། ཁྱོ་གས་རྒན་མོར་མཐོང་གི་མི་འདུག་དཀར་མེ་སྤར་རོགས་ཟེར་དུས། རྒན་མོས་དཀར་མེ་མི་དགོས། སྣ་གི་འོག་ལ་བཞག་ན་ཟ་འགྲོ་མཁན་གྱི་འདྲེ་ཞིག་ཡོད་ཟེར་མྱོང་བ་ནང་ཡིད་ཚོད་བྱས་ནས་འུར་གཏམ་བཤད་ནས་ཡག་པོ་མེད་རེད།

    Reply
  27. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཁང་གསར་རྒད་པོའི་སྙུག་རྩེ་ཁྱིམ་ཚང་གི་གྱོད་གཞི་ནས་རྒྱལ་ཁབ་ཀྱི་སྟེང་ལ་སླེབས་འདུག

    Reply
  28. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ༧རྒྱལ་བ་རིན་པོའི་སྲུང་མ་བོད་མགོ་ནག་ཡོངས་ཡིན།
    ༧རྒྱལ་བ་རིན་པོ་ཆེའི་སྲུང་མ་བོད་ཆོལ་ཁ་གསུམ་ཡིན།
    ༧རྒྱལ་བ་རིན་པོ་ཆེའི་སྲུང་མ་གཙོ་བོ་གཞིས་ལུས་སྤུན་ཟླ་ཡིན།
    ༧རྒྱལ་བ་རིན་པོ་ཆེའི་སྲུང་མ་དད་པ་དམ་ཚིག་གཙང་བའི་རིགས་ཡིན།
    ༧རྒྱལ་བ་རིན་པོ་ཆེའི་སྲུང་མ་ཞི་བདེ་ལ་དགའ་མཁན་ཚོ་ཡིན།
    ༧རྒྱལ་བ་རིན་པོ་ཆེའི་སྲུང་མ་རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་དག་ཡིན།
    ༧རྒྱལ་བ་རིན་པོ་ཆེའི་སྲུང་མའི་མཐའ་མ་ཨ་རིག་དགེ་མཐོང་བདག་ཡིན།

    Reply
  29. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། བསམ་ཚུལ་ཡག་པོ་གསུང་འདུག
    ་ཕར་ཆེར་དངོས་་བྱུང་ལྟ་བུ་རེད།
    འོན་ཀྱང་ཁག་ངན་ཡོད་དོ་ཅོག་གོང་ལྟར་བཀལ་ན་མི་འོས་
    རྒྱུ་མཚན་དེ་དུས་བོད་གཅིག་པོ་མིན་པ་གཡས་གཡོན་གྱི་རྒྱལ་ཁབ་འགའ་ཡང་བོད་དང་གཅིག་པ་འདྲ་བོ་རེད། དེའི་ཕྱིར་གཙོ་བོ་དུས་དབང་གིས་རེད།

    Reply
  30. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ཟེར་བ་དེས་སྔ་ཕྱིར་བསམ་ཚུལ་རིན་ཐང་བྲལ་བ་གཉིས་སྤེལ་སོང་། འདི་ལྟ་བུའི་རྩ་དོན་གྱི་གནད་ཆེ་ས་ནས་གླེང་དུས་སུ་ཡིན་དང་། བློར་མི་ཤོང་བའི་བསམ་ཚུལ་འདོན་པ་འདི་མང་ཚོགས་ནང་གི་ཅི་ཡང་མི་ཤེས་མཁན་ཚོར་ཡོད་པའི་གནས་སྟངས་དངོས་དེ་རེད། མི་འདི་ཚོ་དམིགས་བསལ་བྱས་ནས་བཞག་ན་འགྲིག་གི་རེད།

    དཱ་ང་ཚོ་རྩ་དོན་རང་གི་ཐོག་ལ་བགྲོ་གླེང་བྱེད།

    Reply
  31. གཉན་པོ། says:
    ལོ་ 15 སྔོན།

    རྩོམ་པ་པོ་ཁང་གསར་རྡོ་རྗེ་ལགས། རྩོམ་ཡིག་འདི་གངས་ལྗོངས་ཕོ་ཉ་ཞེས་པའི་དྲ་ཚིགས་སུ་འདྲེན་བཀོད་བྱས་ཡོད་ན་སྐུ་ཉིད་ནས་དེ་ལྟར་དགོངས་ཁྲོལ་ཡོང་བའི་རེ་བ་ཡོད།

    Reply
  32. ཕྱོགས་གླང། says:
    ལོ་ 15 སྔོན།

    བོད་འདི་མུན་འཐོམ་ལ་བཞག་པའི་ལེ་ཁག་དེ་དགའ་ལྡན་ཕོ་བྲང་ལ་བཞག་ན་ཐལ་ཆ་ཆེ་དྲགས་པ་མིན་ནམ། མུན་འཐོམ་འགོ་ཚུགས་པའི་དུས་ཚོད་བོད་ཀྱི་རྒྱལ་པོ་གླང་དར་མ་བཀྲོངས་པ་ནས་རེད་འདུག་གོ།

    Reply
  33. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ཁ་བཤད་ཆུ་ཡི་ལྦུ་བ།
    ལག་ལེན་གསེར་གྱི་ཐིག་པ།

    གཞན་ལ་ལྟ་བའི་མིག་ཡོད་ཀྱང་།
    རང་ཉིད་ལྟ་ན་མེ་ལོང་དགོས།

    ཞེས་པ་ཁང་གསར་ཁྱོད་ཀྱིས་ཨེ་གོ།

    Reply
  34. གནམ་ལྕགས། says:
    ལོ་ 15 སྔོན།

    མདོ་ཁང་བ་ལགས། ངས་སྐུ་ཉིད་ཀྱི་ཁ་པར་ཨང་གྲངས་མི་ཤེས་པར་ཁ་པར་ཇི་ལྟར་གཏོང་། ཡང་གཅིག་བཤད་ན་སྐུ་ཉིད་ཀྱང་སུ་ཡིན་མི་ཤེས་ལགས། ང་ཚོས་འདི་ལྟའི་སྐོར་ལ་གླེང་མོལ་བྱེད་སྐབས། དོན་མེད་ཀྱི་རྙོག་གཏམ་དུས་གཏན་ཏུ་སྤང་ན་ལེགས་སྙམ་ནས་བདག་གིས་ཁྱེད་ལ་གཞེན་སྐུལ་ཙམ་བྱས་པ་དེ་ཡིན།

    ཨོ་ཁྱོད་ཀྱི་ཨང་གྲངས་ང་ལ་གནང་རོགས་ཞུ།

    Reply
  35. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མིང་གི་དག་ཆ་བཅོས་ནས་ཡོད། །
    གནམ་ལྕགས་ལགས་ལ་ཐུགས་རྗེ་ཆེ། །
    ཁང་གསར་ལགས་ལ་བཟོད་གསོལ་ཞུ། །
    ལུང་རིགས་ངོས་ནས་འགྱོད་བཤགས་ཞུ།།

    Reply
  36. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    གནམ་ལྕགས་ཁྱོད་ལ་ཁོམ་པ་ཡོད་ན་དོ་དགོང་ལས་ཁུངས་གྲོལ་ན་ང་ལ་ཁ་པར་ཐོངས་ར་་དེ་ནས་སྐད་ཆ་བཤད་ཡ།

    Reply
  37. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    རྩོམ་དང་རྩོམ་འབྲི་མཁན་གཉིས་ལ་རྒྱབ་ཤད་རྒྱག་དགོས་དོན་མེད་ལ་རྒྱག་རྩིས་སེམས་བསམ་པའི་ཡུལ་ན་མེད། དངོས་ཡོད་གང་ཡིན་པ་དེ་ཁྱེད་ཚོར་བཤད་པ་ཡིན། རྫུན་བཤད་མཁན་ལ་རྫུན་བཤད་མཁན་རེད་ལབ་ན་ང་ལ་སྐྱོན་མེད། ཁང་གསར་རྡོ་རྗེ་ལྷང་ལ་བུད་ཡོང་གི་རེད།

    Reply
  38. གནམ་ལྕགས། says:
    ལོ་ 15 སྔོན།

    དག་ཡིག་ངག་གི་སྒྲོན་མ་ལ།།མ་དག་པ་ཞིག་མགོ་ན་ཡོད།།ཅེས་པ་ལྟར་ད་ཐེངས་ཀྱིས་ཁང་གསར་བའི་རྩོམ་ཡིག་གི་ཁ་བྱང་འོག་གི་ཁོང་གི་མིང་ལ་ཡིག་ནོར་ཐེབས་འདུག

    Reply
  39. གནམ་ལྕགས། says:
    ལོ་ 15 སྔོན།

    མདོ་ཁང་བསྟན་འཛིན་ཡོན་ཏན་ལགས། སྐུ་ཉིད་ཀྱིས་བཤད་སྟངས་དེ་ནི་ཤིན་ཏུ་མ་འོས། ལམ་སེང་ཁང་གསར་ལ་རྒྱབ་བཤད་རྒྱག་གྲབས་བྱེད་ཀྱི་འདུག་གཱ དེ་ནི་ང་ཚོའི་སྤྱི་ཚོགས་ཀྱི་ན་ཚ་སྡུག་ཤོས་དེ་རེད། ཁོང་གི་རྩོམ་ཡིག་གི་སྐོར་གླེང་ན་ཆོ་མེད་པའི་སྐད་ཆ་དེ་ཚོ་ནམ་གླེང་བར་མི་འོས།

    ཡང་གཅིག་བཤད་ན། དེང་སང་རྒད་པོ་ཁང་གསར་བ་ཁོང་དུས་བབ་དྲ་ཚིགས་དང་ཟིན་བྲིས་པའི་སྡེ་ན་གླེང་རིན་ཡོད་པ་ཞིག་ཏུ་ཆགས་ནས་ཡོང་གི་ཡོད་དུས། ཁ་ཐུག་གིས་དེའི་གཉའ་ནས་མནན་རྒྱུའི་ལོ་བརྒྱའི་ནད་རྙིང་དེ་སངས་ན་ལེགས། ད་ལྟའི་ང་ཚོ་ལ་མཁོ་བ་དེ་གཏན་ནས་མིན།

    Reply
  40. ཀུན་དགའ་བདེ་ཆེན། says:
    ལོ་ 15 སྔོན།

    ད་གསལ་པོ་བཟོ་གི་ཡིན། ངས་ནི་ཁང་གསར་རྡོ་རྗེ་འབུར་འཇོམས་བྱེད་རྩིས་མེད། སྐད་ཆ་འདི་ཚོ་ཡང་དྲང་པོ་རེད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་ང་དང་ང་འདྲ་བའི་མི་ཚོའི་ཁམས་དང་མོས་པ་ལ་བསམ་བློ་བཏང་ནས་སྐད་ཆ་འདི་ཚོ་གནས་སྐབས་མ་བཤད་ན་བཟང་། སེམས་ལ་གནོད་ཀྱི་འདུག་ཟེར་གྱི་ཡོད། དེ་མིན་ཁང་གསར་རྡོ་རྗེ་ཁེ་ཎ་ཌ་ལ་ཡོད་པ་ཁེ་ཎ་ཌའི་མི་ཁ་ཤས་ཀྱིས་ལབ་མྱོང་། ངས་དོགས་པ་ཡོད་ཟེར་བ་དེ། མི་རྫུན་མ་རེད་ཟེར་གྱི་མེད་ལ། རྒྱ་ནག་གི་སོ་པ་རེད་ཟེར་གྱི་མེད། སྤྱིར་བཏང་གི་མི་ལྐོག་གྱུར་ཞིག་རེད་འདུག་ཟེར་གྱི་ཡོད་ལོ

    Reply
  41. གནམ་ལྕགས། says:
    ལོ་ 15 སྔོན།

    ངས་བལྟས་ན་ཁང་གསར་རྡོ་རྗེའི་རྩོམ་འདིའི་སྟེང་ན་འབུར་འཇོམས་བྱེད་རྒྱུ་ཅང་མི་འདུག བསམ་ཚུལ་འདི་ནི་རྒད་པོ་ཁོས་ཁོག་ལ་མ་སྦས་པར་ཁ་ལ་ཐོན་པ་རེད་མ་གཏོགས། དེང་སང་གི་གཞོན་སྐྱེས་མང་བོ་ཞིག་གི་སེམས་དང་བསམ་པའི་ངོས་ན་ཁྲིག་ཁྲིག་ཡོད་པ་རེད། དེའི་སྟབས་ཀྱིས་ད་ཐེངས་རྒད་པོ་ཁང་གསར་བས་དབུ་ཁྲིད་ཀྱིས་རང་རེའི་སྤྱི་ཚོགས་ཀྱི་སྒྲན་ནད་ཅིག་གཤགས་བཅོས་བྱེད་ཀྱིན་ཡོད་པ་འདྲ། ཁོག་གི་སྐད་ཆ་ཁ་ལ་ཐོན་པ་ནི་བསྔགས་པར་འོས། འདི་ལ་སྐྱོན་བརྗོད་དང་འབུར་འཇོམས་ཀྱིས་མནན་ན་མི་འཚམ་མོ།།

    Reply
  42. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་བརྩད་གཅོད་དགོས་རྒྱུའི་རྩ་ཆེན་དེ་འདྲ་མ་རེད། ཁང་གསར་རྡོ་རྗེ་ཟེར་མཁན་དེ་སུ་ཡིན་མིན་ཁོང་གི་ཆང་འཐུང་རོགས་ཚོ་ལ་སྐད་ཆ་དྲིས་དང་ལན་དེ་ནས་རག་གི་རེད།

    Reply
  43. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ད་ཁྱོད་ཚོས་ཁང་གསར་རྡོ་རྗེ་འབུར་འཇོམས་བྱེད་རྩིས་རེད་འདུག་ག ངས་དེ་ཡོང་རྒྱུ་ཡིན་པ་དང་པོ་རྩོམ་འདི་མཐོང་དུས་ནས་ཤེས་བྱུང་།

    Reply
  44. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཀུན་དགའ་བདེ་ཆེན། དེ་ལོས་ཡིན། ཁང་གསར་རྡོ་རྗེ་ལགས་བོད་ཡུལ་ནས་བལ་ཡུལ་དང་དེ་ནས་ཁ་ན་སྒྲ་ལ་སོང་། དེ་ནས་ཕྱིར་རྡོར་གླིང་དུ་ལོག་ནས་བསྡད་ཡོད་ཚུལ་ཞིག་ཁོ་རང་གིས་གསལ་ཞིང་རྒྱས་པར་བཤད་ཚར་སོང་། སྤྱིར་ན་བསམ་ཚུལ་རྩད་གཅོད་བྱེད་དགོས་པ་ལས་མི་རྩད་གཅོད་བྱས་ནས་ཅི་བྱེད་བསམ་པ་ཡིན།

    Reply
  45. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    རྩོམ་འདི་ཚོའི་རིགས་ལ་དགོས་བ་རྒྱུ་མཚན་མི་མཐོང་། འདི་ལས་ད་ལྟ་བར་གྱི་སོ་སོའི་བྱ་བའི་བརྒྱུད་རིམ་དང་ཉམས་མྱོང་སོགས་གཞོན་སྐྱེས་ཚོར་བགོ་བཤའ་རྒྱག་ཐུབ་ན་ཡག་པོ་འདུག ཡིབ་ནས་སྐྱོན་བརྗོད་བྱེད་པ་འདི་ཡག་པོ་མ་རེད། ཁ་ཎ་སྒྲ་ན་ཡོད་མདོག་དང་གཙུག་ལག་སློབ་ཁང་གི་ལས་ཀ་བྱེད་ཀྱི་ཡོད་མདོག་གི་རྫུན་ཆ་ལེ་ཆོ་ལེ་དེ་ཚོར་སྤངས་ནས་། ཟིན་བྲིས་བ་ཚོ་བླུན་པོར་མ་བརྩིས་པར་རྗེས་མ་ནས་བསམ་ཚུལ་དྲང་པོར་བཤད་རོགས། མི་སྒེར་བ་ཡིབ་སྡོད་མཁན་ཁྱེད་ལྟ་བུའི་རིགས་ལ་དགའ་མི་དགའི་སྐད་ཆ་མེད།

    Reply
  46. ཀུན་དགའ་བདེ་ཆེན། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས། འདི་ཤ་ཚའི་སྒོ་ནས་བཤད་མིན་ངས་མི་ཤེས། སེམས་ལ་འགྲོ་གི་མི་འདུག ཁང་གསར་རྡོ་རྗེ་ཟེར་བ་འདི་ཡང་མི་ཁྱད་མཚར་ཞིག་རེད། ཁོས་སྐད་ཡིག་ཁ་ཤས་ནི་ཤེས་ཀྱི་འདུག ཉམས་མྱོང་དང་མཐོང་རྒྱ་ཡང་ཆེ་བ་འདྲ། བསམ་གཞིགས་ཀྱི་ནུས་པ་ཡང་ཟབ་ཟབ་འདྲ་ཞིག་འདུག ངས་མི་འདི་རྩད་གཅོད་བྱས་པ་ཡིན། ཁ་ཤས་ཀྱིས་རྡོར་གླིང་ལ་འདུག་ཟེར། ཁ་ཤས་ཀྱིས་ཁེ་ཎ་ཌ་ལ་འདུག་ཟེར། མི་ཁོ་རང་ལ་དོགས་པ་ཡོད།

    Reply
  47. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཀུན་དགའ་བདེ་ཆེན་། ཤ་ཚ་བའི་གཏམ་ལ་སྙན་མོ་མེད༎ནད་འཁྲིས་པའི་སྨན་ལ་ཞིམ་པོ་མེད་ཟེར་བ་དེ་རེད། ཁྱོད་ལ་ཁག་མེད།

    Reply
  48. ཀུན་དགའ་བདེ་ཆེན། says:
    ལོ་ 15 སྔོན།

    ད་ག་རེ་བཤད་དགོས་མིན་ཤེས་མ་སོང་། བཤད་པ་ལ་རྒྱུ་མཚན་ནི་འདུག རྣ་བར་འགྲོ་གི་མི་འདུག ༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་ནག་པོ་རེད་མདོག་མདོག་འདྲ་བོ། སློབ་གྲྭ་བཙུགས་མི་འདུག་མདོག་མདོག་བཤད་འདུག དེ་ཚོ་བཤད་དུས་ཁས་ལེན་ཐུབ་ཀྱི་མི་འདུག

    དེ་ནས་འགྲིགས་ན་བླ་མའི་བྱས་རྗེས་དང་ནོར་ན་འབངས་ཀྱི་ནོར་འཁྲུལ་ཟེར་བ་དེ་ཡང་དངོས་གནས་ཡིན་ས་རེད་ཀྱང་། འདི་འདྲ་ཟེ་ཁ་ཐུག་བཤད་ཡོང་ན་ཁས་ལེན་ཐུབ་ཀྱི་མི་འདུག

    ཁང་གསར་རྡོ་རྗེའི་རྩོམ་ལ་སྔོན་མ་དགའ་པོ་ཡོད། བསམ་ཚུལ་འབུར་འཛོམས་ཞེས་པ་དང་ད་ལྟའི་འདི་ཚོ་ལ་དགའ་པོ་ཞེ་དྲག་མ་བྱུང་།

    མ་འོངས་པར་ཕ་བུའི་སྒྲུང་དེ་འདྲ་རང་མང་ཙམ་འབྲི་རོགས་གནང་ཞུ་འདོད་བྱུང་། འདི་ཚོ་ང་ཚོའི་བློ་ལ་འཚམས་ཀྱི་མི་འདུག

    Reply
  49. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ། བདེན་པ་ནི་བདེན་པ་རེད་དེ། ཁོར་ཡུགས་དང་བསྟུན་པའི་སྐད་ཆ་ཞིག་མ་བཤད་ན་འབུར་འཇོམས་ངོ་མ་ཁྱེད་རང་བྱེད་ཡོང་ངོ་༎

    Reply
  50. གནམ་ལྕགས། says:
    ལོ་ 15 སྔོན།

    བྲེལ་སྟབས་ཡིན་མིན་གང་ཤེས་ཏེ། རྒད་པོ་ཁང་གསར་བའི་དཔྱད་བརྗོད་གཏམ་གླེང་ཁ་གསལ་བོ་ཞིག་གནང་འདུག མ་གཞི་རྩོམ་ཡིག་འདིའི་ཕྱི་ཤུན་གྱི་ཕུགས་ན་ད་དུང་ག་རེ་ཡོད་མིན་བཤད་དཀའ་ཡང་། ངོ་གདོང་གི་གོ་བ་ནི་ལྗིད་ཁོག་ཚ་བོ་ཞིག་ཏུ་སྣང་།

    མུ་མཐུད་ནས་འདི་ལྟར་དོན་ལ་འབབ་ཐུབ་པའི་རྩོམ་ཡིག་མང་དུ་སྤེལ་བའི་རེ་བ་ཤིན་ཏུ་ཆེ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese