མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བ་རིན་པོ་ཆེའི་སྲུང་མ། ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁང་གསར་རྡོ་རྗེ།

དད་གུས་ཀྱི་དབང་གིས་ཡིན་ནམ་ཡང་ན་བསམ་བློ་ལ་རང་དབང་མེད་པས་ཡིན། རྣམ་པ་གཅིག་ཏུ་ན་འདི་གཉིས་ཐ་དད་ཡིན་སྲིད་ལ་གཞན་དུ་ན་བབས་ས་གཅིག་མཚུངས་ཀྱང་ཡིན་སྲིད།
         
བསྟན་འཛིན་ཕན་བདེའི་༧རྒྱལ་བ་རིན་པོ་ཆེའི་བཞུགས་ཁྲི་ཞེས་པའི་རྩོམ་ཐུང་དེ་ཡང་མཐར་གཏུགས་ནས་བཤད་ན་དད་གུས་ཀྱི་ལྟ་སྟངས་འོག་ནས་བལྟས་པའི་མཐོང་ཚུལ་ཞིག་རེད་ལ། ངས་བྲིས་པ་ཁག་ཅིག་ཀྱང་ལྟ་སྟངས་དེ་རང་གི་འོག་ནས་བྲིས་ཡོད།  ལྟ་སྟངས་དེའི་འོག་ནས་སོང་ན། རྔ་མོང་ཆེ་ན་ལྕི་བ་ཡང་ཆེ་དགོས་པའི་ལོག་རྟོག་བཟུང་སྟེ། མི་ཆེན་གྱིས་བཤད་ཚད་ལ་མཐོང་ཆེན་དང་མི་ཆུང་གི་སྐད་ཆ་ཚང་མ་ཆོ་མེད་དུ་བརྩི་རྐྱང་བྱེད་ངེས་པ་ནི་བཤད་མི་དགོས་པ་ཞིག་རེད། འོན་ཀྱང་གང་ཟག་ལ་མ་རྟོན་ཆོས་ལ་རྟོན་ཞེས་པའི་ལྟ་སྟངས་དེའི་དབང་དུ་བྱས་ན། བསམ་ཚུལ་ཚང་མར་བསམ་ཚུལ་ཡིན་མཉམ་གྱི་ལྟ་སྟངས་ཤིག་གི་ཐོག་ནས་རིན་ཐང་འཇོག་དགོས་པ་རེད་མ་གཏོགས། བཤད་མཁན་སུ་ཡིན་མིན་གྱི་ཐད་ནས་རིན་ཐང་འཇོག་མི་རུང་བ་རེད། ད་ནི་དོན་ཚན་ལ་དབབ་སྟེ་བཤད་པར་བྱ།
 
༡༽ ངའི་སྐད་ཆ་དེ་ཚོ་སུ་ལ་དམིགས་པ་དང་གང་ལ་གཟས་ཏེ་བཤད་མིན་ཐད། སྐུ་ཉིད་ཀྱིས་མཚོན་པའི་ཀློག་པ་པོ་སུས་གོ་བ་ག་རེ་བླངས་ནའང་ངས་དེ་འགྲིགས་མི་འདུག་ཅེས་བཤད་ཀི་མིན། གང་ཡིན་ཟེར་ན། ངས་བཤད་པའི་ང་ཚོའི་སྤྱི་ཚོགས་ཀྱི་མི་མངོན་པའི་སྒྲོམ་གཞི་དེ་གཞི་རྒྱ་ཆེན་པོ་ཞིག་ཡིན་པ་ལས་ཆུང་ཆུང་མ་རེད། དེའི་དབང་གིས་མི་འབུམ་གཅིག་ལྷག་གི་ནང་ལ་བཤད་པའི་སྐད་ཆ་དེ་སུའི་གནོངས་ལའང་ཕོག་ཆོག་པ་ལ་གནོངས་ཅན་ཞིག་གིས་ངོས་བླངས་ན་དེར་ཟད་ཀྱི་ངས་མཛུབ་བཙུགས་བྱས་པ་མིན།
 
༢༽ དངོས་ཡོད་གནས་ཚུལ་ལ་ཞིབ་ཏུ་བསམས་ན། ཉིད་ཀྱིས་མགོ་ནས་མཇུག་བར་ག་རེ་བྲིས་པ་དེ་ག་སྒྲོམ་གཞི་དེའི་གཙོ་གནད་རེད། ༸རྒྱལ་བ་རིན་པོ་ཆེར་དད་པ་ཡོད། ཁོང་དྲིན་ཆེ། ཁོང་གིས་དམངས་གཙོ་གསོལ་རས་གནང་བ་རེད། ཁོང་བླ་ན་མེད་པ་རེད། དེའི་དགོངས་པ་དང་མི་མཐུན་པ་སྨྲས་ན་མི་རིགས་ཀྱི་ཞབས་འདྲེན་རེད། ངོས་ལེན་མེད། ངོ་རྒོལ་ཡོད་ཟེར་གྱི་ཡོད་རེད། སྐད་ཆ་འདི་འདྲ་བཤད་དེ་ང་ཚོ་རྡོག་རྡོག་བཟོི་ཐུབ་ན། སྐད་ཆ་འདི་ག་རང་གིས་ང་ཚོ་དུམ་བུ་མང་པོར་གཏོང་ཐུབ་ཀྱི་རེད།

༣༽ང་ཚོའི་དམངས་གཙོ་འདི་༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་གསོལ་རས་གནང་བ་རེད། དེ་དོན་དངོས་རེད། ལུང་པ་ཆུས་འཁྱེར་ན་རྡོ་ལེབ་སྐམ་པོར་མི་གནས་པ་བཞིན་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ནང་ལ་ཕེབས་རྗེས་མང་གཙོའི་ལུགས་བཟང་དུ་མ་ཕེབས་རང་ཕེབས་ཡིན་པ་དེ་ཡང་དོན་དངོས་རེད།

འོ་ན། བོད་མི་ཚོས་འདས་པའི་ལོ་ངོ་ ༣༦༠ ལྷག་གི་རིང་ལ་ཅིའི་ཕྱིར་ལམ་ལུགས་གསར་པ་ཞིག་ལ་རྩོད་ལེན་མ་བྱས་པ་རེད། ད་ལྟ་རང་གི་ཕྲག་སྟེང་དུ་ལྷུང་པའི་འགན་འཁྲི་ཡང་ངོས་འཛིན་མི་ཐུབ་པ་འདི་འདྲ་ཇི་ལྟར་ཆགས་པ་རེད། འདིའི་ཕུགས་དེད་ན་༸རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བརྩིས་པའི་བོད་ཀྱི་དབུ་ཁྲིད་དང་ལས་སྣེ་ཚོས། བསམ་བཞིན་དུའང་བསམ་བཞིན་མ་ཡིན་པར། བོད་མི་དམངས་རྣམས་མུན་འཐོམ་དུ་བཞག་པ་དང་འབྲེལ་བ་ཡོད་པ་དེ་ཡང་དོན་དངོས་རེད། མདོར་བསྡུས་ནས་བཤད་ན། ༡༩༥༩ གོང་དུ་༸རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་མི་དཀྱུས་མ་ཚོ་ལ་ཕན་པའི་སློབ་གྲྭ་ག་ཚོད་བཙུགས་འདུག་གམ། འདི་གཅིག་པུ་ལ་བསམ་བློ་བཏང་ན་ཤེས། ལོ་བརྒྱ་ཕྲག་མུན་འཐོམ་དུ་བཞག་པའི་མི་རིགས་ཤིག་ལ་ལོ་ཁ་ཤས་ནང་༸རྒྱལ་ཁབ་ཀྱི་འགན་ལེན་པར་ཤོག་ཟེར་ན་ཁག་པོ་ལོས་བྱེད།
 
༤༽ ངས་གཏམ་དཔེ་གསར་པ་ཞིག་རྩོམ་འདོད་བྱུང་། དེ་ནི། བཟང་བཟང་བླ་མ་དང་ངན་ངན་མང་ཚོགས། ཞེས་པ་འདི་ཡིན། ང་ཚོས་གྲུབ་འབྲས་གླེང་སྐབས། བླ་ཆེན་འདི་དང་འདིའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཞེས་བརྗོད་པ་ལས། ལས་དོན་དེའི་ནང་དངོས་སུ་དཀའ་ཚེགས་མྱངས་ཏེ་ལས་ཀ་བྱེད་མཁན་ཚོའི་བྱས་རྗེས་བགྲངས་པ་ཧ་ལམ་མཐོང་རྒྱུ་མེད་ཅིང་། ཡང་ལས་དོན་འཐུས་ཤོར་དང་བྱུས་ཉེས་ཀྱི་སྐོར་གླེང་སྐབས། གོང་རིམ་གྱི་བཀོད་འདོམས་འོག་ཏུ་ལས་དོན་སྒྲུབ་མཁན་གཤམ་འོག་ལས་བྱེད་པ་རྣམས་དང་། མང་ཚོགས་ཀྱིས་མ་འཇོན་རབས་མ་གཏོགས། དཀོན་མཆོག་གོང་ཕུད་ཅེས་སྦུག་རྩ་ངོ་མ་དེར་ཅི་ཡང་བརྗོད་ཕོད་ཀྱི་མེད་པའམ་བརྗོད་ཀྱི་མེད། ཅི་མཛད་ཡང་དག་པ་དང་ཅི་གསུང་ལེགས་བཤད་རེད།

ང་རང་རྒྱ་ནག་ནང་དུ་ཕྲན་བུ་སྡོད་མྱོང་། རྒྱ་ནག་ནང་དུའང་མང་ཚོགས་ཕལ་མོ་ཆེས་སྲིད་གཞུང་དང་སྲིད་འཛིན་ལ་སྐྱོན་བརྗོད་བྱས་པ་ཉུང་ཉུང་རེད། མང་ཆེ་བས་སྲིད་གཞུང་གི་གཤམ་འོག་ལས་བྱེད་པས་སྲིད་བྱུས་ཚུལ་བཞིན་ལག་བསྟར་མ་བྱས་པར་བསམས་ཏེ། དབུས་གཞུང་ལ་ཞུ་གཏུགས་བྱེད་ཅིང་། ནམ་ཞིག་དབུས་གཞུང་གིས་མཁྱེན་ན་གནས་དོན་ཐག་གཅོད་ཡོང་གི་རེད་དྲན་བཞིན་ཡོད། རྒྱ་མི་སྟོང་ཕྲག་མང་པོས་ཡིད་ཆེས་དེ་འདྲ་ཞིག་བཅངས་ཏེ་ཉིན་ལྟར་རྒྱ་གཞུང་ལ་སྙན་ཞུ་འབུལ་བཞིན་ཡོད། ཞུ་གཏུགས་བྱེད་བཞིན་ཡོད།

འོན་ཀྱང་རྒྱ་གར་དང་ཨ་རི། ཁེ་ཎ་ཌ་སོགས་ཚད་ལྡན་གྱི་དམངས་གཙོའི་རྒྱལ་ཁབ་ནང་། ཐད་ཀར་སྲིད་འཛིན་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་འདུག  འདི་ལ་ཞིབ་ཏུ་བསམས་ཤེས་ན། དངོས་གནས་ཀྱི་དམངས་གཙོའི་གནས་ཚད་དུ་སླེབས་ཡོད་མེད་ཀྱི་ཚད་གཞི་ཞིག་མཐོང་གི་རེད།
 
༥༽  འདི་ལྟར་བཤད་དུས་ང་༸རྒྱལ་བ་རིན་པོ་ཆེ་ལ་མ་དད་པ་དང་། ངོ་རྒོལ་བྱེད་མཁན་ཞིག་ཏུ་དགོངས་སྲིད། ༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་འདི་ང་ཚོ་བོད་ཀྱི་ནོར་བུ་རེད། ཡིད་བཞིན་ནོར་བུ་རེད། དེ་ལ་གུས་བརྩི་ཡོད། ང་ཚོས་ཁོང་ལ་སྲུང་སྐྱོབ་ཡིན་ཁུལ་གྱིས་མང་ཚོགས་ཀྱི་བསམ་ཚུལ་འབུར་འཇོམས་བྱས་ན་ནོར་བ་རེད། ཁོང་རླབས་ཆེན་ཞིག་ཡིན་པའི་རྟགས་སུ་དམངས་གཙོ་ལ་ཐུགས་དགྱེས་མཉེས་དང་རྒྱུན་དུ་བསམ་ཚུལ་གསར་པར་ཐུགས་སྣང་། ལྷག་པར་དུ་མི་རིགས་འདི་འགྱེལ་ས་ནས་ལངས་ཐུབ་པ་ཞིག་བཟོ་དགོས་དགོངས་བཞིན་ཡོད།

ང་ཚོས་དད་གུས་བྱེད་སྟངས་དེར་ཡང་བསམ་བློ་གཏོང་དགོས། ལྕེ་ནར་ནར་དང་ལུས་གུག་གུག་དེ་དད་གུས་ངོ་མ་མ་རེད། ཁོང་གིས་ཅི་བཤད་ལ་ཉན་པ་ལས་གཞན་དག་འབུར་འཇོམས་བྱེད་པ་དེ་དད་གུས་བྱེད་སྟངས་མ་རེད། ཤ་རིའི་བུ་དང་མོངྒལ་གྱི་བུ་སོགས་ཀྱིས་ཀྱང་སངས་རྒྱས་ཀྱི་གསུང་ལ་དོགས་འདྲི་དང་གླེང་སློང་། བརྒལ་བརྟག་གནང་ཡོད། དེ་ལྟར་གནང་བ་དེ་བླ་ན་མེད་པའི་དད་གུས་རེད། ང་ཚོས་སེམས་ནང་འདི་ཁྱད་མཚར་དྲན་ནའང་ཅི་མཛད་ལེགས་མཐོང་བྱེད་དགོས་ཞེས་མནན་གྱིན་ཡོད། ངའི་ལྟ་སྟངས་ལྟར་ན་དེ་ཚོ་དད་གུས་མ་རེད།

ངས་རང་གི་བསམ་ཚུལ་རྣམས་སྔོན་མ་བཤད་ཟིན་ལ་ད་ལྟའང་་བཤད་ཀྱིན་ཡོད། མ་འོངས་པར་ཡང་བཤད་ཀྱི་ཡིན། ངས་བཤད་པའི་བསམ་ཚུལ་རྣམས་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་བྱེ་བྲག་གི་གནད་ཁ་ཤས་དང་མི་མཐུན་པ་ཡོང་གི་རེད། ཆོས་ཉིད་ཀྱི་དབང་གིས་དེ་ཡོང་ཆོག་པ་ཞིག་དང་ཡོང་དགོས་པ་ཞིག་རེད། ངས་བཤད་པ་རྣམས་ང་རང་གི་བསམ་ཚུལ་རེད། དེ་ཡང་དག་དང་མ་དག་དེ་ངས་བཤད་པའི་རྒྱུ་མཚན་ལ་བལྟ་རྒྱུ་རེད་མ་གཏོགས་བླ་ཆེན་མི་ཆེན་ཞིག་གི་དགོངས་པ་དང་མཐུན་མ་མཐུན་ལ་གཟིགས་རྒྱུ་མ་རེད།

འོན་ཀྱང་གསལ་པོ་བཟོ་དགོས་པ་ཞིག་ལ། བསམ་ཚུལ་མི་མཐུན་པ་བཤད་པའི་རྒྱུ་མཚན་གྱིས་༸རྒྱལ་བ་རིན་པོ་ཆེ་ལ་གུས་བརྩི་མེད་པའམ་ངོ་རྒོལ་བྱེད་མཁན་ཡིན་པར་བཤད་ན་སྤྱིར་བཏང་གི་འགྲོ་སྟངས་ཐོག་ནས་ནོར་བ་རེད་ལ། མཛངས་དཀྱེལ་ཆེ་བའི་༸གོང་ས་མཆོག་གི་དགོངས་པར་བབས་པའི་བྱ་བ་ཞིག་ཀྱང་མ་རེད།
 
༦༽ རྒྱ་ནག་གི་ནང་དུ་ཏཱ་ལའི་བླ་མ་ལ་དགག་པ་བརྒྱབ་ནས་འཚོ་བ་སྐྱེལ་མཁན་ཁྱུ་གཅིག་ཡོད་རེད། དྷ་རམ་ས་ལས་གཙོ་བོ་བྱས་པའི་རྒྱ་གར་ནང་དབུ་མའི་ལམ་དང་༸རྒྱལ་བ་རིན་པོ་ཆེར་བསྟོད་པ་འཐེན་ཏེ་འཚོ་བ་སྐྱེལ་མཁན་ཁྱུ་གཅིག་ཡོད་རེད། ཕྱི་མ་དེས་ཧ་ལམ་རང་ཉིད་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་སྲུང་སྐྱོབས་དང་དར་སྤེལ་གཏོང་མཁན་གྱི་སྲུང་མ་ཡིན་དྲན་བཞིན་ཡོད། ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་ཟེར་དུས་རྒྱ་ཆེན་པོ་རེད། དབུ་མའི་ལམ་ཙམ་མ་རེད། རང་བཙན་རྩོད་མཁན་ལ་རང་གི་སྐད་སྒྲ་སྒྲོག་སའི་ལམ་ཞིག་བསྐྲུན་དགོས་པ་དེ་ཡང་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད། ༸རྒྱལ་བ་རང་ཉིད་ཞལ་མ་བཞུགས་པའི་སྐབས་སུའང་བོད་དོན་མུ་མཐུད་དེ་གནས་དགོས་པ་དང་། དེ་ལྟར་གནས་ཐུབ་པའི་འགན་ལེན་བྱེད་དགོས་པ་དེ་ཡང་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་རེད།
         

དེར་བརྟེན་༸རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་ཐོག་འདིར་གནད་དོན་གང་ལའང་བློ་རྒྱ་ཆེན་པོས་སྦྱང་བཤད་བྱས། ཐབས་ལམ་གང་ལའང་བསམ་བློ་བཏང་སྟེ། མང་ཚོགས་རང་གིས་འགན་འཁྱེར་ཐུབ་པའི་གནས་སྟངས་ཤིག་ཏུ་འཁྲིད་དགོས་པ་དེ། བོད་དོན་འཐབ་རྩོད་ཀྱི་དགོས་མཁོ་རེད་ལ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་གལ་ཆེ་ཤོས་ཤིག་རེད། དེར་བརྟེན། རྟག་པར་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ཏུ་འབབ་ཐབས་བྱེད་པ་འདི་མངོན་ཤེས་ལྟ་ཅི་རྗེས་དཔག་ཙམ་ཡང་མེད་པའི་སྲུང་མ་ཐ་ཆད་ཀྱི་བྱེད་སྟངས་རེད།

སྐུ་ཉིད་ཀྱིས་ང་མི་ཆུང་ཞིག་གི་བསམ་ཚུལ་ལ་ཐུགས་སྣང་གནང་བར་དགའ་བསུ་ཡོད། ཇི་ལྟར་ཤོག་བུའི་སྒོར་མོ་ཞིག་ལ་རྒྱབ་མདུན་གཉིས་ཡོད་པ་ཇི་བཞིན་༼བསམ་ཚུལ་འབུར་འཇོམས་དང་འུར་རྒྱག་པ་༽ཟེར་བ་དེ་ཤོག་སྒོར་གྱི་ངོས་གཅིག་རེད། དེ་མིན་གྱི་ངོས་གཞན་དེ་ཕྲན་གྱི་ཟིན་བྲིས་གཞན་དག་ལ་བཀོད་ཡོད་པས་དེར་གཟིགས་པར་འཚལ། ཁང་གསར་རྡོ་རྗེས་བྲེལ་སྟབས་སུ་བྲིས་ཏེ་ཕུལ།། །།

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

མཆན། 104

  1. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་ཀུན་དགའ་བདེ་ཆེན་ལགས།

    ༡ ཁང་གསར་རྡོ་རྗེ་ལགས་ཤེས་ཡོན་ལེགས་པོ་ཡོད་པ་ཁྱེད་རང་གིས་རྩོམ་ལ་བལྟས་ནས་མ་ཤེས་ཀྱང་མི་ལ་དྲིས་ནས་ཤེས་ཡོད་པས་ང་དགའ་ཡོད།

    ༢ རི་བོ་རྡོག་པས་མནན་ནས་རྟག་པར་རི་ལ་འགྲོ་རྒྱུར་དགའ་བ་ཁང་རྡོར་ལགས་ཀྱིས་ཟིན་བྲིས་ངོ་སྤྲོད་བྲིས་འདུག བོད་མི་ཚོ་རི་ལ་འཁྱམ་རྒྱུའི་ལུགས་སྲོལ་ཞེ་དྲག་མེད་པས་སྤྱོད་པ་ཁྱད་མཚར་མཐོང་བ་ཡིན་གྱི་རེད།

    ༣ དེང་སང་བོད་གཞུང་དང་༸རྒྱལ་བ་རིན་པོ་ཆེས་ཀྱང་རྒྱ་རིགས་དང་འགྲོགས་འདྲིས་བྱེད་དགོས་པའི་ལམ་སྟོན་རྒྱུན་མར་གནང་གི་ཡོད་པ་དང་། སྔ་ལོ་རྒྱ་མི་དང་མཉམ་དུ་༸རྒྱལ་བ་རིན་པོ་དང་། ཟམ་གདོང་རིན་པོ་ཆེ་སོགས་བོད་ཀྱི་དབུ་ཁྲིད་ཚོས་ཚོགས་འདུ་འཚོགས་པ་རེད། ནིའུ་ཡོག་ཏུ་བོད་རྒྱ་མཐུན་ཚོགས་བཙུགས་ཡོད་པ་རེད། མཐའ་མ་རྒྱ་མི་དང་སྐད་ཆ་བཤད་ནས་བོད་དོན་ཐག་གཅོད་དགོས་པས་ད་ལྟ་ནས་རྒྱ་མི་དང་འབྲེལ་བ་བྱས་ནས་བོད་རྒྱ་འབྲེལ་མོལ་བྱེད་ཀྱི་ཡོད་པ་རེད། གོང་རིམ་ནས་རྒྱ་མི་དང་འབྲེལ་བ་བྱས་ན་ཡག་པོ་དང་། འོག་ནས་རྒྱ་མི་དང་འབྲེལ་བ་བྱས་ན་སྡུག་ཅག་རེད་དམ། མ་གཞི་ནས་ཁང་གསར་རྡོ་རྗེས་རྒྱ་མི་དང་འབྲེལ་འདྲིས་ཀྱིས་བོད་དོན་ལ་རྩོད་པ་རྒྱག་གི་ཡོད་པ་སྤོབས་པ་བྱས་ནས་གསུང་གི་འདུག ཁྱོད་ཀྱིས་མཐོང་མེད་ན་རྩོམ་མཆན་བུ་དང་བཅས་པ་ཀློགས།

    ༤ ཁྱོད་རང་གིས་ལྷག་པར་ཆོས་ལ་དད་པ་མེད་པ་ཞིག་རེད་ཟེར་གྱི་འདུག་ཅེས་ཧང་སངས་མདོག་ཁ་པོ་བྱས་འདུག བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེ་མཇལ་ཨེ་མྱོང་། དེའི་ནང་ལ་ཆོས་ལ་དད་པ་མེད་ན་བོད་པའི་ཐོབ་ཐང་མེད་ལབ་འདུག་གམ། དེ་བཞིན་ཆོས་ལ་དད་པ་མེད་ན་བོད་དོན་ཤོད་ཡག་གི་ཐོབ་ཐང་མེད་པ་རེད་དམ། ཆོས་ལ་དད་པ་མེད་ན་བོད་དོན་ཤོད་ཡག་གི་ལས་འགན་མེད་པ་རེད་དམ། མ་གཞི་ནས་ཆོས་ཟེར་ན་ག་རེ་ལ་ངོས་འཛིན་གྱི་ཡོད། སོ་སོའི་ཁ་ནང་གི་ཚིག་དེ་ཆོས་པའི་ཚིག་རེད་ཨེ་འདུག གཞིས་ལུས་རྒྱ་ཆེའི་མི་མང་ཡོངས་རྫོགས་ཆོས་པ་ཨེ་རེད། བོད་མི་ཡོངས་རྫོགས་ཀྱིས་ཆོས་ཀྱི་ཆེད་ཁོ་ནར་བོད་དོན་རྩོད་ཀྱི་ཡོད་པ་ཨེ་རེད། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་སླེབས་དུས་བོད་མི་སུ་གང་གིས་ཆོས་ཤོར་སོང་། ང་ཚོ་བཙན་བྱོལ་ལ་ཡོང་བ་ཡིན་གསུངས་མི་འདུག སྐབས་དེར་བོད་མི་ཚོས་ག་རེ་གསུངས་ཡོད་པ་ཤེས་ཀྱི་ཨེ་ཡོད། བོད་ས་ཤོར་སོང་གསུངས་ཡོད་པ་ལས། རྩ་དོན་ས་ཤོར་པ་དེ་རེད། བོད་ས་ཤོར་པ་ལེན་ཐུབ་ས་ཨེ་རེད།

    ༥ གལ་སྲིད་ཁང་གསར་རྡོ་རྗེ་ལ་དོགས་པ་ཡོད་ན་ང་ཡང་ཁྱོད་ལ་དོགས་པ་ཆེན་པོ་ཡོད། གང་ཡིན་ཟེར་ན། བོད་དོན་ལ་ལྷག་བསམ་ཟོལ་མེད་ཀྱིས་གཏམ་དྲང་མོ་རེ་ཤོད་མཁན་སླེབས་དུས་སྤྱི་ཚོགས་ནང་ནག་པོ་བཟོ་ཐབས་བྱེད་པ་འདི་མི་གང་འདྲ་ཞིག་བྱེད་དགོས་པའི་ལས་ཀ་རེད། དེར་བརྟེན་ང་ཡང་ཁྱོད་ལ་དོགས་པ་ཆེན་པོ་ཡོད་པས་རྗེས་ཕྱོགས་ཁྱོད་ཀྱི་བྱ་སྤྱོད་ལ་མུ་མཐུད་བལྟ་ཞིབ་བྱེད་རྒྱུ་ཡིན། དྲ་གྲོགས་ཚོ། གཟབ་གཟབ་གནང་དགོས།

    Reply
  2. ཀུན་དགའ་བདེ་ཆེན། says:
    ལོ་ 16 སྔོན།

    ཞོགས་པ་ངས་མཆན་ཞིག་བཞག་པ་དེ་རྩོམ་སྒྲིག་པས་བསུབ་པར་བློ་ཕམ་ཡོད།

    ངས་རྡོ་རྗེ་གླིང་དང་ཁེ་ན་ཌ་ལ་ངོ་ཤེས་ཚོར་ཁ་པར་བཏང་སྟེ་ཁང་རྡོར་རྩད་བཅད་པ་ཡིན། ཁོ་ངོ་ཤེས་མཁན་ཚོས། ཁོ་ཤེས་ཡོན་ལེགས་ཀྱང་རྟག་པར་རི་ལ་ཤོར་འགྲོ་བ་དང་། སྤྱོད་པ་ཁྱད་མཚར། རྒྱ་མི་དང་འབྲེལ་བ་ཆེ་བ། ལྷག་པར་ཆོས་ལ་དད་པ་མེད་པ་ཞིག་རེད་ཟེར། ཁྱོད་ལ་དོགས་པ་ཆེན་པོ་ཡོད། ངས་མུ་མཐུད་ཞིབ་འཇུག་བྱེད་རྒྱུ་ཡིན། དྲ་གྲོགས་ཚོ། གཟབ་གཟབ་གནང་དགོས།

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས། ཁྱེད་རང་གི་བསམ་ཚུལ་༸རྒྱལ་བ་རིན་པོ་ཆེའི་སྲུང་མ་ཟེར་བ་འདི་བོད་དོན་ལ་དོ་སྣང་ཅན་གྱི་དཀྱིལ་འཁོར་ལ་ཁྱབ་ཤུགས་ཆེན་པོ་བྱུང་སོང་ལ། ཁྱོད་ཀྱིས་མི་མང་ལ་རང་དབང་ཚད་ལྡན་ཞིག་ཡོད་དགོས་པའི་དམིགས་ཚད་གཞི་ལ་བཞག་པའི་ཐོག་ནས་བོད་ཀྱི་རྩ་དོན་ཞིག་འཚོལ་ཐབས་སུ་མང་ཚོགས་ལ་གོ་རྟོགས་སྤེལ་བའི་བསམ་ཚུལ་འདིས་ཤུགས་རྐྱེན་ཡང་གང་འཚམས་ཐེབས་ཡོད་པའི་ཚོར་སྣང་བྱུང་། ཉིན་འདི་དག་གི་རིང་ཁྱོད་རང་གི་བསམ་ཚུལ་འབུར་འཇོམས་བྱེད་རྩིས་ནས་བསམ་ཚུལ་བདག་སྤྲོད་ཀྱི་བགྲོ་གླེང་གང་འཚམས་བྱུང་བ་ནི་འཕེལ་རྒྱས་ཤིག་ཡིན་པར་བརྗོད་ཆོག་ལ། ༢༠༡༠/༠༤/༠༡ ཉིན་འདོན་སྤེལ་བྱས་པ་ནས་ཉིན་གྲངས་འདི་དག་གི་རིང་མུ་མཐུད་བོད་ཀྱི་དུས་བབ་ཀྱི་མདུན་ངོས་བསམ་ཚུལ་གྱི་གདན་འཐོབ་བཟུང་ཐུབ་པ་དང་། ད་ལྟ་ངའི་མཆན་བུ་འདི་མ་བཏབ་སྔོན་ལ་མཆན་བུ་ཁྱོན་གྲངས་ ༩༨ ལ་སླེབས་འདུག་པ་དང་། བལྟ་ཀློག་གྲངས་ ༢༧༡༧ ལ་སླེབས་འདུག་པས། ཐེངས་འདིའི་བསམ་ཚུལ་ལ་ཁྱོན་ཡོངས་ནས་བལྟ་ཀློག་དང་འདྲི་ཞིབ་གླེང་སློང་བྱེད་མཁན་མང་པོ་ཡོད་པའི་ཡིད་ཆེས་བྱེད་ཆོག་པ་འདུག དེར་བརྟེན་ཐེངས་འདིའི་བསམ་ཚུལ་ཁྱབ་སྤེལ་གྱི་བགྲོ་གླེང་དེ་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ལེགས་གྲུབ་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་ཆོག ཡིན་ནའང་ཐེངས་འདིའི་བསམ་ཚུལ་དང་འབྲེལ་བའི་ཐོག་ནས་དྲ་གྲོགས་མང་པོ་ཞིག་ལ་དགོས་ངེས་ཀྱི་དོགས་འདྲི་མང་པོ་ཞིག་སླེབས་ཡོད་ངེས་ཡིན་ལ་དྲ་གྲོགས་རང་རང་གི་ས་ནས་དེ་འབྲེལ་གྱི་སློབ་སྦྱོང་བྱེད་དགོས་པ་ཞིག་ཏུ་སེམས་བཞིན་ཡོད། ཡིན་ནའང་ཁང་གསར་ཁྱོད་རང་གི་ངོས་ནས་ཀྱང་བསམ་ཚུལ་དེ་དག་ལ་དོགས་སེལ་དང་འབྲེལ་བའི་མཇུག་མཆན་ཞིག་གམ། ཡང་ན་དེའི་སྐོར་ལ་བསམ་ཚུལ་གཉིས་པ་ཞིག་སྤེལ་ཐུབ་ན་རྩ་དོན་ལ་སྨན་ངེས་ཀྱི་ཡིད་ཆེས་བྱེད་བཞིན་ཡོད། གུས་འདུད་བཅས་འཇིགས་བྲལ་ནས།

    Reply
  4. karma dorje says:
    ལོ་ 16 སྔོན།

    ཁང་རྡོར་ཁྱེད་རང་གི་སྲུང་མ་གསར་པ་འདི། དོད་རྒྱལ་ལྟར་ཏང་ལ་བེད་ཡོད་སྲིད།

    Reply
  5. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    འོས་ལངས་ཀྱི་བསམ་ཚུལ་ལ་གུས་བརྩི་ཡོད།
    ༡༽ ངའི་རྩོམ་ལ་ནང་འགལ་ཡོད་སྲིད། འོན་ཀྱང་ནང་འགལ་གང་ཡོད་པ་དང་ཚུལ་ཇི་ལྟར་ནང་འགལ་ཡིན་པ་གསུངས་མི་འདུག
    རྙིང་ཞེན་པ་དང་རྟོག་གེ་བ་ཚོས་ནང་འགལ་འདུག་ཅེས་ཧང་སངས་མདོག་བྱེད་ཀྱང་། རང་ཅག་གི་བསམ་བློ་དང་ལག་ལེན་བར་དུ་ནང་འགལ་རྟག་ཏུ་འབྱུང་བཞིན་པ་འདི་ལ་ཧ་མ་ལས་ན། དེ་མཚོན་བྱེད་ཀྱི་ཚིག་ལ་ནང་འགལ་ཤོར་བ་ཡ་མཚན་དོན་ཅི། སངས་རྒྱས་ཀྱི་གསུང་ལའང་སྐབས་དང་དུས་ཀྱི་དགོས་མཁོ་གཞི་བཟུང་དྲང་ངེས་ཀྱི་དབྱེ་བ་མ་ཕྱེ་ཚེ། ནང་འགལ་མང་དུ་འབྱུང་བ་མཐོང་ཆོས་རེད། དེར་བརྟེན་ནང་འགལ་ཤོར་བ་ལ་བདག་མི་འཇིགས། བདག་ཉིད་ཆེན་པོ་གྷན་དྷིས་ཀྱང་གང་གི་གསུང་རྩོམ་གྲགས་པ་ཅན་དེ་ཚོའི་གླེང་བརྗོད་ནང་། དྲང་པོར་བྲིས་པ་དག་ལ་ནང་འགལ་ཤོར་དོགས་ཀྱི་ཐུགས་ངལ་མཛད་ཀྱི་མེད། ནང་འགལ་འདུག་ན་སྔ་ཕྱི་གཉིས་ལས་ཕྱི་མ་དག་པར་ཟུངས་ཞེས་སྤོབས་པ་ཆེན་པོས་གདམས་ཡོད་དོ།།

    ༢༽ བདག་གི་རྩོམ་རྣམས་ལ་ཁྱེད་ཀྱིས་གསུངས་པ་བཞིན་གསལ་ཆ་མེད་པའི་སྐྱོན་ཡོད་སྲིད། དོན་འདི་དང་གནད་འདི་གསལ་པོ་མི་འདུག་གསུངས་ན་ངེས་པར་གསལ་པོ་བཟོ་ངེས་ཡིན།

    ༣༽ བདག་གིས་གང་བཤད་པ་ནི། ཁ་ཞེ་གཉིས་མེད་ཀྱི་སྐད་ཆ་ཡིན་ཞིང་། དེ་ཡང་ཁ་རི་ཁ་ཐུག་དང་གོ་བདེའི་ལམ་ནས་བྲིས་ཁུལ་ཡིན། དེ་བཞིན་ཡེ་ཤེས་དབྱིངས་དཔྱད་དུ་བབས་སྟངས་མ་འགྲིག་པ་ལས་བབས་པ་འདི་གནད་ལ་ཐུག་པའང་ནན་ཏན་ཏུ་ལན་འགར་བརྗོད་ཟིན་པས། ད་དུང་ཡིད་དོགས་མ་སངས་ན་བདག་ལ་བྱ་རྒྱུ་ཅི་ཡང་མ་མཆིས། ༸རྒྱལ་བ་རིན་པོ་ཆེའི་སྐུ་འཕོངས་ལྡག་མཁན་གྱི་གྲས་སུ་ཡོད་པ་བཤད་མི་འདུག་ཅེས་པའི་ཚིག་འགྲོས་ལ་དཔགས་ན་ནི། ཁྱེད་ཀྱི་ནང་གི་དེ་ཉིད་ཕྱིར་མངོན་པ་མིན་ནམ་སྙམ།

    ༤༽ དམངས་གཙོ་ཚད་ལྡན་ཡོད་མེད་ཀྱི་གླེང་ཞིག་བསླངས་པའི་བར་དུ་༼ཕྱི་ནང་གི་དོན་དག་མང་པོ་ཞིག་ཅིས་ཀྱང་གཞན་བསྟུན་བྱེད་དགོས་པའི་བཙན་བྱོལ་བོད་གཞུང་ལ་དེ་བས་ཀྱང་དམངས་གཙོ་ཚད་ལྡན་ཞིག་ལས་སླ་བོར་ཡོང་ཐབས་མེད་༽ཅེས་སོགས་བྲིས་པ་དག བདག་གི་བསམ་ཚུལ་ལ་རྒྱབ་སྐྱོར་དུ་གྱུར་པ་ལས་གནོད་བྱེད་དུ་སོང་བ་མ་ཡིན་ནོ།།
    ༥༽ ཁྱོད་ཀྱིས་༼ བོད་མི་སུ་ཞིག་གིས་རྒྱལ་བ་རིན་པོ་ཆེ་ནི་བླ་ན་མེད་པར་བཀུར་འོས་པ་ལ་དད་གུས་དང་བསྟོད་བསྔགས། རང་ཅག་བོད་རིགས་སྤྱི་དང་། ལྷག་པར་དུ་བཙན་བྱོལ་བོད་མི་སྤྱི་ཡོངས་ལ་སྐུ་དྲིན་ཤིན་ཏུ་ཆེ་བས་དྲིན་ཆེན་སོགས་ཡིན་པར་བརྗོད་ན། ཁྱེད་ལ་མི་བཟོད་པའི་ན་ཚ་དེ་འདྲ་ཅིའི་ཕྱིར་འབྱུང་གི་ཡོད་དམ།༽ཞེས་བཤད་པ་ནི། བཞད་གད་ཀྱི་གནས་ཏེ། བདག་གི་ཟིན་བྲིས་རྣམས་ཀྱི་ཕྱོགས་ཙམ་ཡང་མ་གོ་བའི་ལོང་གཏམ་ཆེན་པོའོ།།

    ༧༽ དགའ་ལྡན་ཕོ་བྲང་པའི་གོང་རོལ་གྱི་དབང་སྒྱུར་བ་དག་གི་བྱས་ཉེས་ཅིའི་ཕྱིར་གླེང་དགོས་རེད། དགའ་ལྡན་ཕོ་བྲང་པའི་འཐུས་ཤོར་བཤད་པའི་ཕྱིར་ཟེར་རམ།

    མཐར་གཏུགས་ན་བླ་མའི་སྐྱོན་ལ་ཐུག་པའི་ཕྱིར་ཟེར་རམ།
    རེད་ཁྱོད་ཀྱི་འདོད་པ་ལྟར་ན། འདི་ཚོའི་རྩ་བ་བྲུས་ཏེ་བོད་སྲིད་པ་ཆགས་པ་ནས་མ་འགྲིགས་པ་རེད་ཟེར་དགོས་ཀྱི་ཡོད་འདྲ་ཡང་། འདི་ལྟར་ཁྱེད་རང་གི་འདོད་པ་བཞིན་ཡར་གཏུགས་སོང་ན། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྤྲེལ་རྒན་བྱང་ཆུབ་སེམས་དཔས་མ་འགྲིགས་པ་རེད། གང་ཡིན་ཟེར་ན། ཁོང་གིས་སྐྱེ་དམན་བླུན་རྒན་སྲིན་མོ་ཞིག་བཙལ་བས་མ་འགྲིགས་པ་རེད་སོགས་ཟེར་དགོས་ཡོང་འདྲ་བས། གང་ལྟར་ཅི་མཛད་ལེགས་མཐོང་པ་དག་གི་འདོད་པ་ལ་བབས་པ་ཞིག་ཡོང་བ་མི་འདུག་པས། དགའ་ལྡན་ཕོ་བྲང་གི་དུས་འདིར་སྐབས་དང་དོན་ལ་འབྲེལ་ཏེ་དགའ་ལྡན་ཕོ་བྲང་རང་གི་སྐོར་ནས་བཤད་ན་ལེགས་ས་རེད།

    ༨༽ཁྱོད་ཀྱིས་མང་པོ་ཞིག་བཤད་པའི་མཐའ་རུ། ༼རྒྱལ་བ་རིན་པོ་ཆེ་ཡང་མི་ཞིག་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་ནོར་འཁྲུལ་འབྱུང་སྲིད་པ་ལྟར། ཁོང་གིས་ཅི་མཛད་ཡང་དག་པ་དང་ཅི་གསུང་ལེགས་བཤད་དུ་ངེས་མིན་སྣ་ཚོགས་ཡོད་༽ཅེས་བྲིས་པ་འདི་ང་ལ་རྒྱབ་སྐྱོར་དུ་སོང་འདུག་པས། དེའི་མཐར་ཧ་ཅང་ཅོལ་ཆུང་གི་སྒོ་ནས་ཁང་རྡོར་བདག་དབུ་མའི་ལམ་བསྟོད་པ་འཐེན་མཁན་ཡིན་དང་དགག་པ་རྒྱག་མཁན་གང་གི་ཕྱོགས་གཏོགས་ཡིན་མིན་གླེང་ཡོང་བ་འདི་ནི། འགྲོ་ཕྱོགས་འཛོལ་བའི་གྲོང་གསེབ་རྒད་མོས། ཨ་སྔོན་གནམ་ལ་ཁ་གཏད་དེ་གང་ཡིན་འདི་ཡིན་མེད་པའི་ཀི་རིང་འདེབས་པ་དང་འདྲ་ཞིང་། དེ་ལ་ལན་ནི་ཀི་རིང་དོན་སྟོང་དེའི་བྲག་ཅ་ལས་གཞན་ཅི་ཡང་འབུལ་རྒྱུ་མེད་པས་བྲག་ཆའི་ཡང་ཆ་དེ་ལ་གསན་སྒོམ་མཛོད་ཅེས་ཁང་རྡོར་གྱིས་ཞོགས་ཇར་རོལ་གྱིན་ཤར་མར་ཐལ་ལོ།།།།

    Reply
  6. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཆབ་སྲིད་ནང་དད་པ་དམ་ཚིག་ཟེར་བ་ཡོད་དམ་མེད་ཟེར་བ་དེ། ལོ་རྒྱུས་ནང་བྱུང་མྱོང་ཡོད་དམ་མེད་ཟེར་བ་ཡིན། ཡང་ན། གཞུང་ལུགས་ཀྱི་ཆ་ནས་བཤད་ན་ཡོད་འོས་དང་མི་འོས་ཟེར་བ་ཡིན་གསལ་པོ་རང་མི་འདུག

    གནའ་བོའི་རྒྱལ་ཁབ་ཁག་གི་སྲིད་དོན་ལོ་རྒྱུས་ལ་གཟིགས་ན། ཆབ་སྲིད་ནང་དད་པ་དང་དམ་ཚིག་གམ། དེ་དང་ཕྱོགས་མཐུན་ཞིག་ཡོད་པ་མཐོང་རྒྱུ་ཡོད་ཅིང་། དེ་ནི་གཙོ་བོ་རྒྱལ་རྒྱུད་ལྷ་ནས་མཆེད་པར་སྨྲ་བ་དང་། དཀོན་མཆོག་གི་བཀའ་བཞིན་སྒྲུབ་མཁན་ཡིན་པར་སྨྲ་བ། གནམ་གྱི་བུ་ཡིན་པར་སྒྲོག་པ། དབང་ཕྱུག་སོགས་ཀྱི་རྣམ་སྤྲུལ་ཡིན་པར་བཤད་པ་སོགས་དང་འབྲེལ་ནས་ཡོང་གི་ཡོད། དེ་བཞིན་རྒྱལ་པོ་དང་རྒྱལ་ཕྲན་དབར་མནའ་ཤག་བསྒྲིགས་ཏེ་དམ་ཚིག་སྲུང་བ་འདི་ཡང་སྔ་མོའི་ལོ་རྒྱུས་ཁག་ནང་མང་།

    དེང་སྐབས་ཀྱང་འབྲུག་རྒྱལ་ཁབ་དང་བོད། ཧི་མ་ལ་ཡའི་རི་བརྒྱུད། ཁ་ཆེའི་རྒྱལ་ཁབ་ཁག་སོགས་སུ་དད་པ་འདི་ཆབ་སྲིད་དང་ཁ་མ་བྲལ་བར་གནས་ཡོད་ཅིང་། ཆོས་དད་མེད་པའི་སྲིད་དོན་པ་ཚོས་ཀྱང་རང་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཆེད། དད་ལྡན་མང་ཚོགས་ཀྱི་ངོ་ལ་བསྟུན་ནས་ཟློས་གར་སྣ་ཚོགས་འཁྲབ་བཞིན་མཆིས།

    ཐ་ན་སྲིད་དོན་དང་འཕྲུལ་ལས་ལག་རྩལ་སོགས་ཀྱི་ཡར་རྒྱས་ཀྱི་རྩེ་མོར་བརྩི་བའི་ཨ་རིའི་ནང་དུའང་འོས་བསྡུའི་སྐབས་ཆོས་ལུགས་བེད་སྤྱོད་བྱེད་པ་དཔེར་ན། ཨ་རིའི་སྲིད་འཛིན་བྷུ་ཤིས་འོས་བསྡུའི་སྐབས་རང་ཉིད་ཡི་ཤུའི་ཆོས་ལུགས་པ་ཡིན་པར་ནན་བཤད་བྱེད་པ་ལྟ་བུ་ཡིན།

    རང་རེ་བོད་ལ་མཚོན་ན། དད་པ་འདི་ནུས་ཤུགས་ཀྱི་འབྱུང་ཁུངས་ཤིག་རེད། ང་ཚོའི་གཞུང་ལ་དད་པ་ཞུ་ཡུལ་གྱི་བླ་ཆེན་བླ་ན་མེད་པ་ཞིག་ཡོད་པ་ལས། གཞན་དམག་དཔུང་དང་སྒྲིག་འཛུགས་ཚགས་ཚུད་པོ་གང་ཡང་མེད། མང་ཚོགས་ལ་དད་པ་གཡོ་བ་མེད་པ་ཞིག་ཡོད་པ་ལས། དེ་མིན་གྱི་ཤེས་ཡོན་དང་མཐོང་རྒྱ་ཡོད་པ་དཀོན། དེར་བརྟེན་དད་པ་འདིས་བོད་རྒྱའི་དབར་གྱི་འཐབ་རྩོད་ཁྲོད་ང་ཚོར་བཟང་ཕྱོགས་ཀྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པ་དེ་ངས་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་རྒྱལ་ཁབ་ཅིག་ཡོད་པ་ནས་ཉམས་རྒུད་དུ་གྱུར་པ་དང་། མང་ཚོགས་ཀྱིས་སྲིད་དོན་གྱི་ལས་འགན་ཁུར་ཕྱོགས་སོགས་ཀྱི་ཐད་གནོད་སྐྱོན་ཆེན་པོ་བྱས་དང་བྱེད་བཞིན་པ་རེད།

    སྲིད་དོན་རིག་པའི་གཞུང་ལུགས་ཁག་གི་ནང་དུའང་། ཆོས་ཀྱི་དད་པ་འདི་ཆབ་སྲིད་ཀྱི་ནུས་ཤུགས་དང་རྙོག་དྲ་གཉིས་ཀར་འགྱུར་སྲིད་པའི་འགྲེལ་བཤད་མང་པོ་འདུག་ལ། ཆོས་སྲིད་ཟུང་འབྲེལ་དང་ཆོས་ལུགས་རིས་མེད་ཀྱི་ལྟ་ཚུལ་གཉིས་ཀ། གཞུང་གིས་ཆོས་ལུགས་བྱེ་བྲག་པ་ཞིག་ལ་དད་པ་བྱེད་མི་བྱེད་ཀྱི་གནད་དོན་དང་འབྲེལ་ཡོད་པ་རེད།

    ད་དུང་འདས་པའི་ལོ་ཉི་ཤུ་ཙམ་གྱི་རིང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྲིད་དོན་ཚན་རིག་གི་ནང་དུ་སྡེ་ཚན་གསར་པ་ཞིག་གསར་གཏོད་བྱས་ཡོད་པ་དེའི་མིང་ལ་Political science of religion ཟེར། བོད་སྐད་དུ་རོབ་སྒྱུར་བྱས་ན། ཆོས་ལུགས་ཀྱི་སྲིད་དོན་ཚན་རིག་ཟེར་བ་རེད། འདི་ནི་དེང་སྐབས་འཕེལ་རྒྱས་ཆེ་བའི་གཞུང་ལུགས་གསར་པ་ཞིག་རེད། ཧ་ལམ་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཚང་མའི་ནང་འདིའི་སྡེ་ཚན་བཙུགས་ཡོད། འདིའི་ངོ་སྤྲོད་མདོར་བསྡུས་ཤིག་གི་དྲྭ་ཐག་འདི་རེད།
    http://en.wikipedia.org/wiki/Political_science_of_religion

    སྤྱིར་བཏང་ཆོས་ལུགས་དང་ཆབ་སྲིད་གཉིས་མི་སྒེར་གྱི་འཚོ་བའི་ནང་ནས་ཁ་འཕྲལ་མི་ཐུབ་པས། ཚོགས་སྡེ་དང་སྤྱི་ཚོགས་ཀྱི་ནང་ནས་ཀྱང་དེ་གཉིས་ཁ་འཕྲལ་མི་ཐུབ་པ་ནི་དངོས་ཡོད་ཡིན།

    ཆོས་ལུགས་ཚང་མའི་ནང་དུ་དངོས་ཤུགས་ཅི་རིགས་སུ་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་ཡོད། དཔེར་ན། འཚེ་བ་སྤོངས་བ་དང་དམག་འཁྲུག རྒྱལ་སྲིད་དང་དེ་ལ་སྙིང་པོ་ཡོད་མེད། དཔལ་འབྱོར་གྱི་འཁོར་རྒྱུག་དང་དཔལ་འབྱོར་གྱི་ཉེས་དམིགས་ལྟ་བུ་རེད།

    ཇི་སྲིད་ཆོས་ལུགས་ཡོད་པ་དེ་སྲིད་དུ་དད་པ་དང་དམ་ཚིག་གི་སྐད་ཆ་ཡང་གནས་ངེས་རེད།

    ད་ནི་རང་ཉིད་ཀྱི་འཆར་སྒོ་ཅུང་ཟད་ཞུས་ན། རང་རེ་བོད་ཀྱི་ཡུལ་མི་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་རང་གི་བླ་མ་ལ་བརྩི་མིན་གྱི་གནད་དོན་འདི་གང་ཟག་སྒེར་སོ་སོའི་ཆོས་དད་དང་འབྲེལ་བའི་གནད་དོན་ཞིག་རེད། འོན་ཀྱང་༸གོང་ས་མཆོག་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་བླ་ན་མེད་པ་ཡིན་པ་དེ་རང་རེའི་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པ་ཞིག་ཡིན་པས། བོད་ཀྱི་ཡུལ་མི་ཡིན་ཕྱིན་དེ་བཅའ་ཁྲིམས་ལ་འགྱུར་བ་མ་སོང་བར་དུ་དེ་ནི་ངེས་པར་དུ་ཁས་ལེན་བྱེད་དགོས་པ་ཞིག་ཡིན།
    སྲིད་ཕྱོགས་ནས་གང་ཉིད་བོད་ཀྱི་དབུ་ཁྲིད་ཡིན་པར་བརྩི་བ་དང་མཉམ་དུ་ཆབ་སྲིད་ཀྱི་ལྟ་ཚུལ་འདྲ་མིན་བཅངས་ཆོག་པ་དང་ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་བཙུགས་ཆོག་པ་དེ་བཅའ་ཁྲིམས་ཀྱི་དགོངས་དོན་ཡིན་ལ། ༸གོང་ས་མཆོག་གི་བཀའ་དགོངས་ཀྱང་རེད། དེར་བརྟེན། ༸གོང་ས་མཆོག་རང་གི་བླ་མ་ཡིན་པའི་རྒྱུ་མཚན་གྱིས་བླ་མའི་ཆབ་སྲིད་ཀྱི་དགོངས་པའི་རྗེས་སུ་ཡིན་གཅིག་འབྲང་དགོས་པའི་ངེས་པ་མེད་སྙམ།

    འོན་ཀྱང་མང་ཚོགས་མང་པོ་ཞིག་ལ་མཚོན་ན། དེ་གཉིས་དབྱེ་འབྱེད་ཐུབ་ཀྱི་མེད། ད་རིང་པོ་ཆགས་སོང་། འདིར་མཚམས་བཞག་གི་ཡིན།

    Reply
  7. རང་བཙན་གཙང་མ། says:
    ལོ་ 16 སྔོན།

    གྲོགས་པོ་འོས་ལངས། ཁང་གསར་གྱི་རྩོམ་ཡག་པོ་བྱས་ནས་ཀློགས། དེ་ནས་
    ༡༽ ནང་འགལ་ག་རེ་ག་རེ་འདུག་བཤད་ཤོག ནང་འགལ་མང་མདོག་ཁ་པོ་ཞིག་ལབ་ཡོང་གི་འདུག་སྟེ་སྟོན་མ་ཐུབ་པ་ག་རེ་རེད།

    ༢༽ ཡེ་ཤེས་དབྱིངས་དཔྱད་སྒང་ལ་འགྲོ་དགོས་རེད་ཅེས་ཁང་གསར་གྱིས་གསལ་པོ་ལབ་འདུག མ་འདོད་པ་ག་པར་བྱས་འདུག

    ༣༽ དད་པ་དམ་ཚིག་གི་སྐད་ཆ་འདྲི་མཁན་དེ་འཇིགས་བྲལ་བསྟན་འཛིན་རེད། ཁང་གསར་མ་རེད། ཁང་གསར་གྱིས་དེ་ལ་ལན་བརྒྱབ་ཀི་ཡིན་ལབ་སོང་། ངས་ཁང་སར་འདིས་མ་འདྲ་བ་ག་རེ་བཤད་ཡོང་བསམ་ནས་སྒུག་བསྡད་ཡོད།

    མདོར་ན་ཡག་པོ་ཀློགས། མགོ་ཚོས་པ་གྱིས། དེ་ནས་བྲིས་ན་ལེགས། དེ་མིན་ཚོད་ཚོད་བྱས་ནས་བྲིས་ཡོང་ན། དངོས་གནས་སྲུང་མ་ཐོན་སྒྱེ་དེ་ཚོའི་གྲལ་ལ་བཞག་ཡོང་།

    Reply
  8. འོས་ལངས། says:
    ལོ་ 16 སྔོན།

    དེ་རིང་རེ་གཟའ་ཉི་མའི་གུང་གསེང་དང་སྐབས་བསྟུན་བོད་ཀྱི་དུས་བབ་དྲ་རྒྱ་ལ་ལྟ་ཀློག་བྱས་རྗེས། ཁང་རྡོར་ལ་ཞུ་དགོས་པའི་རྨོངས་འཆར་འགའ་ནི་འདི་ལྟར། ༡༽ ཁང་རྡོར་གྱིས་རང་ཉིད་ཀྱི་དོགས་པ་ཁོང་སློང་གཙོར་བཟུང་གིས་རང་གིས་ཅི་ཞིག་བཤད་པའི་བརྗོད་བྱའི་དོན་དམིགས་སུ་བཀར་ཏེ་དེ་དང་འདི་ཞེས་ས་རིས་ཐང་གསལ་ནང་བཞིན་བྱེད་ཐུབ་མེད་པའི་སྟབས་ཀྱིས། རང་བྲིས་རྩོམ་ཐུང་དེ་ལ་ནང་འགལ་དང་སྔ་ཕྱི་མི་མཐུན་པ་བྱུང་འདུག་པ་དང་། རང་ཉིད་རང་དབང་དཔྱད་བརྗོད་པར་རློམ་པ་ཞིག་གི་ངོས་ནས་བག་ཞའི་རྣམ་པ་ཡང་མང་ཙམ་མངོན་ཡོང་།
    ༢༽ རྩོམ་སྒྲོམ་སྤྱིའི་ཆ་ནས་བཤད་ན། རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་ལ་འདོད་མོས་མེད་པ་ཤུགས་ཆེར་བསྟན་འདུག་པའི་ཁར། ད་བར་ཁོང་གིས་གནང་བའི་ཕྱག་ལས་ཀྱིས་བོད་ལ་དེ་ཙམ་ཕན་ཐོགས་མེད་ཚུལ་དང་། བོད་མི་ཚོས་ཁོང་ལ་དད་མོས་བྱེད་ལུགས་རྣམས་ཀྱང་འགྲིག་རྟགས་མིན་པའི་ལྟ་ཚུལ་འབའ་ཞིག་་་ཡིད་ལ་བསམ་པ་གཞན་བྱས་ནས། །ཚིག་ཏུ་སྨྲ་བ་གཞན་བྱེད་པའི། །ཟོལ་གྱིས་དབང་མེད་མིག་ལམ་དུ་མཐོང་བར་འགྱུར། ཡིན་ན་ཡང་། རང་ཉིད་རྒྱལ་བ་རིན་པོ་ཆེའི་སྐུ་འཕོངས་ལྡག་མཁན་གྱི་གྲས་སུ་ཡོད་པ་གཏན་ནས་བརྗོད་མི་འདུག་པ་དེ་ཡ་མཚན་སྐྱེ་གཞི་ཞིག་རེད། དེ་བས་ན་རྩོམ་ཐུང་དེ་ནི་དད་གུས་འབུར་འཛོམས་ཀྱི་སྐྱོན་གཏམ་འབའ་ཞིག་ཆགས་འདུག
    ༣༽ དམངས་གཙོ་ཚད་ལྡན་ཡིན་པའི་རྟགས་མཚན་ལ། ཡིན་གཅིག་མིན་གཉིས་རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་ཐུབ་དགོས་པའི་ངེས་པ་དེ་ཙམ་ཨེ་ཡོད་སྙམ། སྤྱིར་བཏང་དམངས་གཙོ་ཚད་ལྡན་ཡོང་བ་ལ་དཀའ་ཁག་ཆེན་པོ་ཡོད་པ་ནི་སྨོས་མ་དགོས། ཨ་རི་ལྟ་བུར་མཚོན་ན་ཡང་། དམངས་གཙོའི་རྒྱལ་ཁབ་བཙུགས་ཚར་ནས་ཡུན་རིང་སོང་ཡང་དམངས་གཙོ་ཚད་ལྡན་ཡོང་བ་ལ་ཇི་འདྲའི་དཀའ་ཁག་དང་རྩོད་རྙོག་ཆེན་པོ་མང་དུ་བྱུང་འདུག་ཨང་། ཕྱི་ནང་གི་དོན་དག་མང་པོ་ཞིག་ཅིས་ཀྱང་གཞན་བསྟུན་བྱེད་དགོས་པའི་བཙན་བྱོལ་བོད་གཞུང་ལ་དེ་བས་ཀྱང་དམངས་གཙོ་ཚད་ལྡན་ཞིག་ལས་སླ་བོར་ཡོང་ཐབས་མེད་པའི་དོན་གནད་ཕྱོགས་ལ་བསམ་བློ་ཞིབ་མོ་གཏོང་ཐུབ་མི་འདུག ཁང་རྡོར་གྱིས་བཏང་བའི་བསམ་བློ་ཞིབ་མོ་ཙམ་ནི། གོང་རིམ་གྱི་བཀའ་བཀོད་རྣམས་མང་ཚོགས་ཀྱི་བསམ་ཚུལ་འབུར་འཛོམས་ཡིན་པར་བསྒྲགས་པའི་འཆལ་གཏམ་དེ་རིགས་རེད་ལ། དེ་ཡང་མཐར་གཏུགས་ན་རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་ལ་ཐུག་ཡོད་པའི་བཟོ་འདྲ་གོ་སྐབས་ཀྱང་འབྱུང་།
    ༤༽ བོད་མི་སུ་ཞིག་གིས་རྒྱལ་བ་རིན་པོ་ཆེ་ནི་བླ་ན་མེད་པར་བཀུར་འོས་པ་ལ་དད་གུས་དང་བསྟོད་བསྔགས། རང་ཅག་བོད་རིགས་སྤྱི་དང་། ལྷག་པར་དུ་བཙན་བྱོལ་བོད་མི་སྤྱི་ཡོངས་ལ་སྐུ་དྲིན་ཤིན་ཏུ་ཆེ་བས་དྲིན་ཆེན་སོགས་ཡིན་པར་བརྗོད་ན། ཁྱེད་ལ་མི་བཟོད་པའི་ན་ཚ་དེ་འདྲ་ཅིའི་ཕྱིར་འབྱུང་གི་ཡོད་དམ། རང་རེར་དམངས་གཙོ་ཚད་ལྡན་ཡོང་མིན་གྱི་གཞི་རྩ་ནི་རྒྱལ་བ་རིན་པོ་ཆེ་གཅིག་པུ་ལ་རག་ལས་ཡོད་པ་ཞིག་གཏན་ནས་མ་རེད། དགའ་ལྡན་ཕོ་བྲང་གིས་འདས་པའི་མི་ལོ་ ༣༦༠ ལྷག་གི་རིང་བོད་མི་དམངས་མུན་འཐོམ་དུ་བཞག་པར་བཤད་པ་ལ་དེ་བས་ཀྱང་མོས་མཐུན་མེད། དེ་ནི་ཁྱེད་ལ་རྒྱ་གྲོགས་མང་བས་དེ་དག་གི་ཤན་ཞུགས་འདྲ་མིན་འགྲོ་སྙམ། སྐབས་དེའི་ཡུལ་དུས་གནས་གསུམ་དང་། བོད་ཀྱི་སྤྱི་ཚོགས། བོད་མི་མང་གི་བསམ་བློའི་འཁྱེར་ཕྱོགས། བོད་མི་མང་གི་ཆབ་སྲིད་བསམ་བློའི་གོ་རྟོགས། བོད་མི་མང་གི་ཤེས་ཡོན་གྱི་ཆུ་ཚད། རྒྱལ་སྤྱི་ལ་མ་བྱུང་ཡང་བོད་དང་ས་འབྲེལ་ལམ་ཁྱིམ་མཚེས་རྒྱལ་ཁབ་ཚོའི་གནས་སྟངས་བཅས་ཕྱོགས་མང་པོར་བལྟས་ནས་སྐད་ཆ་བཤད་དགོས་པ་ཞིག་རེད་འདོད། དུས་རབས་བཅུ་བདུན་པའི་ནང་རྒྱལ་དབང་ལྔ་པས་རིག་གནས་ལ་གསན་སྦྱོང་གནང་སྐབས་སྐྱ་བོའི་རྟེན་ཅན་སྨོན་འགྲོ་ལོ་ཙཱ་པ་དགེ་རྒན་དུ་བསྟེན་དུས། གདན་ས་ཁག་གིས་གཙོས་པའི་བོད་ཀྱི་སྤྱི་ཚོགས་ཁྲོད་ཁོང་ལ་གླེང་རྙོག་དང་ལྟ་སྟངས་ངན་པ་ག་འདྲ་ཞིག་བྱུང་འདུག་པ་དེ་ཡང་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་ཟུར་མཚོན་ཞིག་རེད། དེ་བཞིན་རྒྱལ་དབང་བཅུ་གསུམ་པ་དང་བཅུ་བཞི་པའི་སྐབས་ཀྱི་གནས་ཚུལ་རྣམས་བཤད་མ་དགོས་པ་བྱོས། དེ་དག་ནི་ཁང་རྡོར་གྱི་རྨོངས་འཆར་ལྟར་གྱི་དཀོན་མཆོག་གོང་ཕུད་དང་བསམ་ཚུལ་འབུར་འཛོམས་དེ་འདྲ་གཏན་ནས་མ་ཡིན་པར། དོན་དངོས་སུ་མི་རིགས་ཀྱི་བདེ་སྡུག་ལ་བསམ་ཤེས་ཅི་ཡང་མེད་པའི་་་བོད་གཞུང་སྐུ་དྲག་མི་དྲག ། ཁ་ལ་ཡིད་བཞིན་ནོར་བུ།། ལག་ཏུ་གསོལ་ངན་ནག་པོ།། ཅན་རྣམས་དང་དེའི་ཕྱོགས་གཏོགས་བཅས་པའི་གོང་རྒོལ་རྒྱལ་འཛོམས་གྱི་ཆོ་འཕྲུལ་ལས་བྱུང་ཡོད། ཁང་རྡོར་གྱིས་རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་དགའ་ལྡན་ཕོ་བྲང་མ་གཏོགས། དེའི་གོང་རོལ་གྱི་གཙང་པ་སྡེ་སྲིད་དང་། ཕག་གྲུ ས་སྐྱ། དེ་ལས་ཡར་དེད་ན་བཙན་པོའི་དུས་སྐབས་དེ་དག་གི་བྱུས་ཉེས་དང་ནོར་འཁྲུལ་རྣམས་ཅིའི་ཕྱིར་མ་མཐོང་བ་ཡིན་ནམ། ཡང་ན་དེ་དག་གི་དུས་སྐབས་སུ་བོད་མི་དཀྱུས་མ་ཚོ་ལ་ཕན་པའི་སློབ་གྲྭ་འདྲ་བཙུགས་ཡོད་པ་ཡིན་ནམ།
    ༥༽ རྒྱལ་བ་རིན་པོ་ཆེ་ཡང་མི་ཞིག་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་ནོར་འཁྲུལ་འབྱུང་སྲིད་པ་ལྟར། ཁོང་གིས་ཅི་མཛད་ཡང་དག་པ་དང་ཅི་གསུང་ལེགས་བཤད་དུ་ངེས་མིན་སྣ་ཚོགས་ཡོད་ཀྱང་། རང་གི་བསམ་ཚུལ་དང་མི་མཐུན་པ་ཙམ་རྒྱུ་མཚན་དུ་བཟུང་ནས་ཁོང་གི་ཡེ་ཤེས་དབྱིངས་དཔྱད་ཀུན་ལ་ཞྭ་དཔེི་ལྷམ་འགེབས་བྱས་ན་ཧ་ཅང་མི་རིགས་སོ། དེ་ནི་ཁྱེད་ཀྱིས་ཤོར་བུའི་སྒོར་མོ་ལ་རྒྱབ་མདུན་གཉིས་ཡོད་པར་བཤད་པ་ཇི་བཞིན། ཁྱེད་ཀྱི་ཁ་ནས་ཀྱང་སྐད་ཆ་རྒྱབ་མདུན་གཉིས་དངོས་སུ་བཤད་འདུག་ལ། དེ་འབྲེལ་ཁང་རྡོར་གྱི་རྩོམ་དེའི་དོན་ཚན་དྲུག་པར་་་རྒྱ་ནག་གི་ནང་དུ་ཏཱ་ལའི་བླ་མ་ལ་དགག་པ་བརྒྱབ་ནས་འཚོ་བ་སྐྱེལ་མཁན་ཁྱུ་གཅིག་ཡོད་རེད། ངྷ་རམ་ས་ལས་གཙོ་བོ་བྱས་པའི་རྒྱ་གར་ནང་དབུ་མའི་ལམ་དང་༧རྒྱལ་བ་རིན་པོ་ཆེར་བསྟོད་པ་འཐེན་ཏེ་འཚོ་བ་སྐྱེལ་མཁན་ཁྱུ་གཅིག་ཡོད་རེད། ཅེས་སོགས་བྲིས་འདུག་སྟབས། དོན་དུ་ཁང་རྡོར་ཁྱེད་ཉིད་དེ་གཉིས་ཀྱི་གང་དུ་གཏོགས་སམ་ཞེས་ཀྱང་འདྲི་འདོད་བྱུང་སོང་།

    Reply
  9. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    སང་ཉིན་གྱི་ལས་ཀའི་ཆེད་དོ་དགོང་གྲ་སྒྲིག་ཏོག་ཙམ་བྱེད་དགོས་པས། འཇིགས་བྲལ་བསྟན་འཛིན་ལགས་ལ་ལན་ལམ་སེང་འབུལ་ཐུབ་ས་མ་རེད།

    ཅོ་རི་ཉི་མ་ལགས་ལ་དོན་གྱི་ལན་ཞིག་ཕུལ་ན། ཨ་ཕོ་ལུག་རྫིས་ཉལ་ཤེས་ན།། གཡང་དཀར་ལུག་གིས་འཁོར་ཤེས་ཀྱི་རེད།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཨ་རོགས་འཇིགས་བྲལ་བ་ཁྱེད་ཆུང་དུས་ལུག་རྫི་འགྲོ་མྱོང་ཡོད་ས་མ་རེད་དམ།
    ང་ཅོ་རི་སྐྱེས་ནས་ད་ལྟར་བར་དུ་མི་ལུག་ཁྲིད་ནས་འགྲོ་མཁན་ལྷ་སའི་བར་སྐོར་ནང་དུ་ཨ་མ་ལགས་རེ་གཉིས་ཀྱིས་ལུག་ཁྲིད་ནས་འགྲོ་བ་མཐོང་མྱོང་མ་གཏོགས་འཛམ་གླིང་རྒྱལ་ཁབ་སུ་ལ་ཡང་མི་ལུག་ཁྲིད་ནས་འགྲོ་མཁན་མཐོང་མྱོང་མེད་ད།

    ཨོ་གཅིག་ལྷག་ཤག་་་་་་ལྷོ་ཨ་མེ་ཀའི་མི་རིགས་དམར་པོ་ཚོས་ལུག་སྐེ་རིང་པོ་ཞིག་ཁྲིད་ནས་འགྲོ་བ་བརྙན་འཕྲིན་ནང་དུ་མཐོང་མྱོང་ཡོད་རེད་ལགས།

    ཁྱེད་ཀྱི་ལན་དེར་ཚིག་ལན་རེད་འདུག་མ་གཏོགས་དོན་གྱི་ལན་རེད་མི་འདུག
    ལུག་རྫི་ལུག་གི་ཆེད་དུ་རེད་དམ།
    ལུག་ལུག་རྫིའི་ཆེད་དུ་རེད་དམ།་་་་་་ཨ་འཇིགས་བྲལ་བ་ཏོག་ཙམ་གསལ་རེ་འགྲོ་སོང་ངམ།
    གོང་གི་ལུག་ཁྲིད་མཁན་མི་རིགས་གཉིས་ཀྱི་ལས་དབང་དེ་འདྲའི་འདྲ་བ་ལ་ཨང། གསུང་དང་ཁང་གསར་ལགས།

    Reply
  11. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས། ཅོ་རི་ཉི་མ་ལགས་ཀྱིས་ཁྱེད་དང་། ལྷམ་ཀོག ང་བཅས་མི་གསུམ་ལ་དམིགས་བསལ་བསླབ་བྱ་གནང་བཞིན་འདུག
    ༡ ང་ཚོས་བོད་གཞུང་དང་། ༸རྒྱལ་བ་རིན་པོ་ཆེ། བོད་མི་མང་བཅས་ལ་མ་ཉེས་ཁ་གཡོགས་དང་ངོ་རྒོལ་བྱེད་བཞིན་མེད།
    ༢ ང་ཚོས་སྦུག་སུབ་དོགས་པའི་ཁོར་ཡུག་ཅིག་ནས་བོད་གཞུང་མང་ལ་ཕན་ན་བསམ་ནས་རྩ་དོན་ཐོག་བསམ་ཚུལ་སྤེལ་དོན་ནི། མ་འོངས་པའི་དུས་ཡུན་ནང་བོད་འདི་མི་མང་གིས་སྐྱོང་ཐུབ་པ་དང་། གནས་སྐབས་སུ་ཡང་༸རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་པའི་རིང་མི་མང་ལ་འགན་ཁུར་གྱི་འདུ་ཤེས་སླེབས་ཐབས་བྱེད་བཞིན་ཡོད་པ་དྲ་གྲོགས་ཚོས་ངོས་འཛིན་ཡོད་པའི་གདེང་ཚོད་བྱེད་ཀྱི་ཡོད།

    ཅོ་རི་ཉི་མ་ལགས་ཀྱིས།
    ལུག་རྫུ་ལུག་གི་རྗེས་སུ་འགྲོ་དགོས་ཀྱི་རེད་དམ།
    ལུག་ལུག་རྫུའི་རྗེས་སུ་འགྲོ་དགོས་ཀྱི་རེད་དམ། ཅེས་དྲི་བ་བཏོན་འདུག
    གཉིས་ཀ་མ་རེད། ལུག་རྫིས་ལུག་འཚོ་དགོས་པས་ལུག་གི་རྗེས་སུ་འགྲོ་ཟེར་གྱི་མ་རེད། དེ་ཡང་ལུག་གར་སོང་ལ་ལུག་རྫི་འགྲོ་ཚོད་མེད་ལ། འགྲོ་མཁན་དེར་ལུག་རྫི་སྨྱོན་པ་ཟེར་ཆོག་གི་རེད། ལུག་ལ་མཚོན་ན་དེ་ནི་སྤྱང་ཀི་དང་ཐུག་པའི་ཉེན་ཁ་ཞིག་རེད།
    དེ་བཞིན་ལུག་དུད་འགྲོ་ཡིན་པས་ལུག་རྫིའི་རྗེས་སུ་ཡོང་ཤེས་ཀྱི་མ་རེད། དེར་བརྟེན་ལུག་རྫིས་ལུག་ཉེན་ཁའི་གཡང་ལས་སྐྱོབ་དགོས་པ་དང་། ལུག་རྫིས་ལུག་རང་གི་རྗེས་སུ་ཁྲིད་དེ་ལམ་མ་ནོར་བར་ཁྲིད་ཀྱི་ཡོད་པ་རེད། དེ་ནི་ལུག་རྫི་ཞེས་པའི་དོན་རེད།
    དེ་འདྲ་ཞིག་ཨེ་རེད། ཅོ་རི་ལགས།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བཤད་འདི་འདྲ་ཞིག་གནང་ཡོད།
    བླུན་པོ་རང་གི་རྗེས་སུ་མི་འབྲངས་ལྟར།།
    རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་བ།།
    འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།
    སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས།།ཞེས་སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར་མཆོག་གི་ཀྱང་ལུང་འདིར་ཡང་ཡང་བེད་སྤྱོད་གནང་གིན་ཡོད། ཡིན་ཀྱང་ཁང་གསར་ལགས་ང་ལ་དྲི་བ་གཅིག་རང་གཅིག་ཡོད།
    ལུག་རྫུ་ལུག་གི་རྗེས་སུ་འགྲོ་དགོས་ཀྱི་རེད་དམ།
    ལུག་ལུག་རྫུའི་རྗེས་སུ་འགྲོ་དགོས་ཀྱི་རེད་དམ།
    དེང་སང་བཙན་བྱོལ་སྤྱི་ཚོགས་ནང་དུ་ལུག་རྫུ་ལུག་གི་རྗེས་སུ་འགྲོ་གི་ཡོད་དང་མེད། ཧཧཧཧཧཧཧཧཧཧཧ

    Reply
  13. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས།
    ངས་རང་ངོས་ནས་བཤད་ན་ང་རང་མཁས་དབང་དགེ་ཆོས་མཆོག་གི་གསུངས་པའི་དྲང་གཏམ་དང་ཁ་ཐུག་གི་སྐད་ཆ་རྣམས་ལ་ཧ་ཅང་དགའ་པོ་ཡོད། མཁས་དབང་ཁོང་ནི་དངོས་གནས་བོད་མི་རིགས་ལ་ཞེན་པ་དཀར་བའི་མི་བུ་ཞིག་དང་རྣམ་དཔྱོད་ལྡན་པའི་རྒྱལ་ཁམས་པ་ཞིག་རེད་དྲན་གྱིན་ཡོད། འོན་ཀྱང་ཁོང་གིས་མ་ཤེས་པའང་ཁོང་་གི་ཤེས་ཡོན་དང་རྣམ་དཔྱོད་བེད་སྤྱོད་ཀྱི་བོད་པའི་སྤྱི་ཚོགས་འདིར་སྐྱོང་ཐུབ་མེད་པར་མ་ཟད་དེ་ལས་ལྡོག་སྟེ་བོད་སྡེ་བ་གཞུང་གི་ནག་ཅན་བཙོན་པ་ཞིག་ཆགས་པར་རེད།

    ང་རང་ཚོའི་སྟོན་པ་བཀའ་དྲིན་ཅན་གྱིས་ཀྱང་གང་ལ་གང་འདོད་དེ་ལ་དེ་བསྟན་པའི་སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ་ཞེས་ཟེར་སྲོལ་ཡོད་པར་ལྟར་མང་ཚོགས་དང་བསྟུན་ནས་གནད་ལུགས་བཤད་མ་ཤེས་ན་དོན་དག་འགྲུབ་ཀྱི་མེད་པ་འདིར་དངོས་ཡོད་དུ་འདོད།
    མཁས་དབང་ཁོང་གིས་མང་ཚོགས་ལ་བསྟུན་ནས་སྐད་ཆ་མ་བཤད་པའང་མ་ཤེས་པ་གང་ཡིན་ཡང་ནོར་འཁྲུལ་བྱུང་ཡོད། བོད་པའི་སྤྱི་ཚོགས་ནང་དུ་བླུན་པོའི་ལྟ་བ་མཆོག་འཛིན་ཅན་མང་པོ་ཡོད་པའི་འདི་ཚོ་ནི་རྒྱ་སྟག་ངར་མ་ཤ་དག་རེད།
    མཁས་དབང་ཁོང་གི་སྡུག་སྐད་འདི་འདྲ་ཞིག་ཤོར་ཡོད།

    ཕྲག་དོགས་ཁྲག་གིས་སྨྱོན་པའི་ཨུ་ཚུགས་སྟག
    འཇིགས་པའི་ངར་རོ་སྒྲོག་པའི་ཚང་ཚིང་ན།
    གཅིག་པོ་ལུས་པའི་བདེན་པའི་བུ་ཆུང་ལ།
    ཤེས་རབ་ཅན་གྱི་སྙིང་རྗེའི་ཡུལ་དགོངས།

    ཞེས་གསུངས་པར་ལྟར་ཁྱེད་རྣམ་པ་གསུམ་གྱིས་ཀྱང་སྙན་ངག་འདི་འདྲ་རེ་འབྲི་དགོས་མི་ཐུག་པའི་རེ་བ་དང་རྒྱབ་སྐྱོབ་ཡོད།

    Reply
  14. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    གཤམ་གྱི་དྲི་བ་དེ་ཉིད་ཀྱི་བསམ་ཚུལ་འདི་དང་ཐད་ཀར་འབྲེལ་བ་དེ་ཙམ་མེད་ཀྱང་ལན་ཡོད་པའི་རེ་བ་བྱེད་བཞིན་ཡོད།

    Reply
  15. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས། སྤྱིར་ཆབ་སྲིད་ནང་དད་པ་དང་དམ་ཚིག་ཟེར་བ་ཞིག་ཡོད་དམ་མེད། གལ་སྲིད་ཡོད་ན་ཇི་ལྟར་ཡོད། གལ་སྲིད་མེད་ན་དེང་སང་བོད་པའི་ཆབ་སྲིད་ནང་དད་པ་དང་དམ་ཚིག་ཟེར་བ་ཞིག་སླེབས་འདུག འདི་ལ་ངོས་འཛིན་གང་འདྲ་བྱེད་དགོས་རེད།

    དེ་སྔོན་གྱི་གླེང་སློང་ལ་ལན་འཕྲོད་བྱུང་བས་དགའ་ཡོད།

    Reply
  16. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས། སྐུ་ཉིད་ཀྱིས་དེ་རིང་སྤོབས་པ་ཆེན་པོས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་ལུང་དྲངས་ཡོང་གི་ཡོད་རེད། གཞོན་སྐྱེས་མང་པོས་ཀྱང་དེ་བཞིན་དུ་དྲངས་ཡོང་གི་ཡོད་རེད། དགེ་འདུན་ཆོས་འཕེལ་ཞལ་བཞུགས་པའི་དུས་སུ། ཁོང་ལ་དགག་པ་དང་ཟུར་ཟ་བྱེད་མཁན་མང་བ་ལས་འདི་ལྟར་ལུང་འདྲེན་བྱེད་མཁན་མང་པོ་ཡོད་མ་རེད། དགེ་འདུན་ཆོས་འཕེལ་གྱིས་སྤྱི་ཚོགས་ཀྱི་ལྟ་སྟངས་ལ་ལམ་སེང་འགྱུར་བ་གཏོང་མི་ཐུབ་པ་མཁྱེན་ཡོད། འོན་ཀྱང་ཁོང་གིས་རང་གི་དགོངས་ཚུལ་རྣམས་དྲང་པོར་བྲིས་པ་རེད་མ་གཏོགས། མང་ཚོགས་ལ་བསྟུན་ཏེ་སྐད་ཆ་ལ་བཤད་ཚོད་གནང་མེད། ཁོང་གིས་ལེགས་བཤད་འདི་འདྲ་ཞིག་གནང་ཡོད།
    བླུན་པོ་རང་གི་རྗེས་སུ་མི་འབྲངས་ལྟར།།
    རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་བ།།
    འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།
    སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས།། ཞེས་གསུངས་ཡོད།

    དེ་རིང་ང་ཚོས་སྐད་ཆ་འདི་ཚོ་བཤད་པར་བརྟེན་ནས་ང་ཚོ་ནག་པོ་ཆགས་སྲིད་པ་རེད། ཉུང་མཐར་ཡང་ཟུར་འབུད་བྱེད་སྲིད་པ་རེད། གོ་གནས་མི་ཐོབ་པ་སྲིད་པ་རེད། འོན་ཀྱང་དེ་རིང་ང་ཚོས་གོམ་པ་གང་སྤོས་པ་དེས། མ་འོངས་པའི་ང་ཚོའི་སྤྱི་ཚོགས་འདི་མདུན་སྐྱོད་བྱེད་པར་གོམ་པ་གང་གིས་སྟབས་བདེ་རུ་སོང་བ་རེད། མ་འོངས་པའི་དཔྱོད་ལྡན་ཚོར་རང་དབང་གི་ཁོར་ཡུག་གོམ་པ་གང་གིས་རྒྱ་ཆེ་རུ་སོང་ཡོད། དེར་བརྟེན། བླུན་པོས་བལྟས་ན། གོ་གནས་ལ་དགའ་བ་ཚོས་བལྟས་ན། མིང་གྲགས་ལ་ཞེན་པ་ཚོས་བལྟས་ན། འདི་ནི་ཆོ་མེད་ལྟ་བུར་མངོན་སྲིད་ཀྱང་། རིག་པའི་དཔའ་བོ་ཚོའི་གཤེགས་ཤུལ་འདི་ག་རང་རེད། གནད་ལུགས་ཀྱི་མདུན་དུ་ང་ཚོ་ནོར་མེད། གཞན་གང་གི་མདུན་དུ་ནོར་ནའང་ནོར།

    Reply
  17. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    བཀྲ་ཤིས་སྒྲོལ་མ་ལགས། སྐུ་ཉིད་ཀྱི་དྲི་བ་དེ་དག་ད་ཐེངས་ཀྱི་སྐབས་དོན་དང་འབྲེལ་བ་ཆེར་མ་མཐོང་ཡང་། ལན་མདོར་བསྡུས་ཕུལ་བ་གཤམ་གསལ།

    ༡༽ ཉིད་ཀྱིས་བསམ་ན་བོད་དོན་འདི་མི་སྒེར་གྱི་གནད་དོན་ཞིག་རེད་དམ། ཡང་ན་སྤྱི་ཚོགས་ཧྲིལ་བོ་ཞིག་གི་གཞི་རྩའི་བདེ་སྡུག་དང་འབྲེལ་བ་ཡོད་པའི་གནད་ཞིག་རེད།
    ལན། བོད་དོན་ནི་བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་གནད་དོན་ཞིག་རེད། སྤྱི་ཚོགས་འདི་མུ་མཐུད་གནས་མི་གནས་ཀྱི་གནད་དོན་རེད། བོད་མི་རིགས་འདི་ཆགས་དང་འཇིག་གི་གནད་དོན་རེད། དེར་བརྟེན། མི་སྒེར་སོ་སོའི་བདེ་སྡུག་ལའང་འབྲེལ་ཡོད་པ་རེད་མ་གཏོགས། མི་སྒེར་གྱི་བདེ་སྡུག་དང་མ་འབྲེལ་ན། སྤྱི་པ་དང་འབྲེལ་ཤེས་སྟངས་ཤིག་ཡོད་མ་རེད། མི་སྒེར་རེ་རེ་བསགས་པ་ལས་སྤྱི་ཚོགས་གྲུབ་པ་རེད།

    ༢༽ དེ་བཞིན་བོད་ཀྱི་གནད་དོན་འདི་སུས་མཚོན་ཐུབ་ཀི་རེད།
    ལན། རང་དབང་ཅན་གྱི་སྤྱི་ཚོགས་ནང་རང་ཉིད་ཀྱི་བསམ་ཚུལ་མཚོན་པའི་སྐུ་ཚབ་དེ་ལས་སླ་པོར་འདེམས་བསྐོ་ཐུབ་ཀྱི་ཡོད། མང་ཚོགས་ཀྱི་བསམ་ཚུལ་ཤེས་ཐུབ་པའི་ཐབས་ལམ་ཡང་མང་པོ་རེད། མཚོན་ཐུབ་པའི་བརྒྱུད་ལམ་ཡང་མང་པོ་རེད། བོད་ཀྱི་སྤྱི་ཚོགས་འདི་གཞིས་བྱེས་གཉིས་སུ་གྱེས་ཤིང་། གཞིས་ཀྱི་མང་ཚོགས་ལ་རང་དབང་མེད། དེར་བརྟེན། ༸གོང་ས་མཆོག་དང་ཁོང་གིས་དབུ་འཁྲིད་པའི་སྒྲིག་འཛུགས་འདིས་བོད་ཀྱི་རང་དབང་གི་སྐུ་ཚབ་གནང་གི་ཡོད། བོད་ནང་ ༢༠༠༨ ལོར་༸གོང་ས་མཆོག་བོད་དུ་གདན་ཞུ་དགོས། བོད་མི་སྐྱིད་སྡུག་མཉམ་མྱོང་ཡིན་ཞེས་སོགས་ཀྱི་སྐད་འབོད་གནང་བ་དེས། བཙན་བྱོལ་གྱི་སྒྲིག་འཛུགས་དང་ལྷག་པར་༸གོང་ས་མཆོག་ལ་ཡིད་ཆེས་བློ་གཏད་བྱེད་པ་དེ་མཐོང་ཐུབ། གལ་ཏེ་སུ་ཞིག་གིས་༸གོང་ས་མཆོག་དང་བཙན་བྱོལ་གྱིས་སྒྲིག་འཛུགས་འདིས་བོད་ཀྱི་སྐུ་ཚབ་བྱེད་མི་ཐུབ་ཟེར་ན། དེ་ལྟར་མི་ཐུབ་པའི་ཁུངས་སྐྱེལ་བྱེད་དགོས། དེ་ཡང་བོད་ནང་གི་མི་དམངས་ལ་རང་དབང་གི་སྒོ་ནས་རང་གི་བསམ་ཚུལ་བརྗོད་ཐུབ་པའི་ཁོར་ཡུག་བསྐྲུན་ཏེ། ཁྲིམས་མཐུན་དང་ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཁོང་ཚོའི་མངོན་འདོད་གསལ་འདོན་བྱེད་དུ་འཇུག་དགོས་པ་དེ་རེད།

    ༣༽ བོད་ཀྱི་གནད་དོན་ཟེར་ན་ག་རེ་ལབ་ཀྱི་ཡོད་པ་རེད།
    ལན། བོད་ཀྱི་གནད་དོན་ནི། རྒྱལ་ཁབ་ཅིག་ལ་རྒྱལ་ཁབ་གཞན་ཞིག་གིས་བཙན་འཛུལ་བྱས་པའི་གནད་དོན་ཞིག་རེད། མི་རིགས་ཤིག་གི་སྲོག་དབང་ཚུད་པའི་ཡོད་ཚད་འཕྲོག་བཞིན་པའི་གནད་དོན་ཞིག་རེད། ང་ཚོ་བཙན་འཛུལ་དང་མནར་གཅོད་མྱོང་མཁན་གྱི་མི་རིགས་ཀྱི་ངོས་ནས་བཤད་ན། འདི་ནི་རང་གི་ཐོབ་དབང་བསྐྱར་གསོ་བྱེད་པ་ཞིག་རེད། འཛམ་གླིང་མི་དམངས་ཀྱི་ངོས་ནས་བཤད་ན། འདི་ནི་དྲང་བདེན་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མི་བྱེད་ཀྱི་གནད་དོན་ཞིག་རེད།

    ༤༽ གོང་ས་མཆོག་གི་མཚོན་གི་རེད་དམ། བོད་ནང་གི་བོད་མི་ཚོའི་མཚོན་གི་རེད་དམ། བཙན་བྱོལ་ནང་གི་བོད་མི་ཚོའི་མཚོན་གི་རེད་དམ། བཙན་བྱོལ་བོད་གཞུང་གི་མཚོན་གི་རེད་དམ།

    ལན། འདིའི་ལན་གོང་དུ་སོང་ཟིན།

    ༥༽ མ་གཞི་བོད་དོན་ཟེར་ན་དཀའ་ངལ་ཞིག་ལ་གོ་དགོས་སམ། ཡང་ན་དེ་ལས་གཞན་ཞིག་ལ་གོ་དགོས། གལ་སྲིད་དཀའ་ངལ་ཞིག་ལ་གོ་དགོས་ཚེ་དཀའ་ངལ་མྱོང་མཁན་ཚོ་སུ་རེད།

    ལན། འདིའི་ལན་ཡང་གོང་དུ་བཏབ་ཟིན།

    Reply
  18. བཀྲ་ཤིས་སྒྲོལ་མ། says:
    ལོ་ 16 སྔོན།

    དེ་རིང་དུས་ཚོད་ཀྱི་བར་གསེང་ཞིག་ནས་དུས་བབ་ཀྱི་དྲྭ་བའི་སྒོ་ཕྱེས་ཏེ་མིག་ཉུལ་ཐེངས་ཤིང་བྱས། ཁང་སར་རྒད་པོ་སླེབས་ནས་འདུག སྐད་ཆ་ཡང་མང་པོ་ཞིག་བཤད་བཞིན་འདུག ཁོང་གིས་ཁུར་ཡོང་བའི་བསམ་ཚུལ་མང་པོ་ཞིག་ལ་ཞིབ་འཇུག་གི་རྨང་གཞི་དང་མཚན་ཉིད་རིག་པའི་རྒྱབ་ལྗོངས་ཡོད་ཚུལ་དྲྭ་དཔོན་གྱི་གཙོ་བྱས་པའི་དྲྭ་གྲོགས་ཡོངས་ཀྱིས་ཁས་ལེན་བཞིན་པ་ཡོངས་གྲགས་རེད། འོན་ཀྱང་གུས་མོས་ཁོང་གི་བསམ་ཚུལ་རྣམས་ཕྱོགས་ཡོངས་ནས་དང་སྒོ་ཀུན་ནས་ཁས་ལེན་མི་ཐུབ་པ་མ་ཟད། གནད་དོན་རེ་ཟུང་གི་ཐད་ངེད་གཉིས་རྦད་དེ་བསམ་ཚུལ་ཐ་དད་རེད། གཤམ་དུ་གུས་མོས་ཉིད་ལ་དྲི་བ་འདྲ་བའི་བསམ་ཚུལ་ཁག་ཅིག་འདོན།

    ཉིད་ཀྱིས་བསམ་ན་བོད་དོན་འདི་མི་སྒེར་གྱི་གནད་དོན་ཞིག་རེད་དམ། ཡང་ན་སྤྱི་ཚོགས་ཧྲིལ་བོ་ཞིག་གི་གཞི་རྩའི་བདེ་སྡུག་དང་འབྲེལ་བ་ཡོད་པའི་གནད་ཞིག་རེད།

    དེ་བཞིན་བོད་ཀྱི་གནད་དོན་འདི་སུས་མཚོན་ཐུབ་ཀི་རེད།

    བོད་ཀྱི་གནད་དོན་ཟེར་ན་ག་རེ་ལབ་ཀྱི་ཡོད་པ་རེད།

    གོང་ས་མཆོག་གི་མཚོན་གི་རེད་དམ། བོད་ནང་གི་བོད་མི་ཚོའི་མཚོན་གི་རེད་དམ། བཙན་བྱོལ་ནང་གི་བོད་མི་ཚོའི་མཚོན་གི་རེད་དམ། བཙན་བྱོལ་བོད་གཞུང་གི་མཚོན་གི་རེད་དམ།

    མ་གཞི་བོད་དོན་ཟེར་ན་དཀའ་ངལ་ཞིག་ལ་གོ་དགོས་སམ། ཡང་ན་དེ་ལས་གཞན་ཞིག་ལ་གོ་དགོས། གལ་སྲིད་དཀའ་ངལ་ཞིག་ལ་གོ་དགོས་ཚེ་དཀའ་ངལ་མྱོང་མཁན་ཚོ་སུ་རེད།

    ཉིད་ཀྱིས་འདི་ཚོར་ལན་སྟབས་བདེ་ཞིག་རྒྱོབ་དང་དེ་ནས་གུས་མོས་ཆུ་ཚོད་ཀྱི་ཁོམ་གསེང་ཞིག་ལ་བསམ་ཚུལ་ཁག་ཅིག་འབྲི་རྒྱུའི་འབད་བརྩོན་བྱེད།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་དང་ལྷམ་ཀོག་འཇིགས་བྲལ་བསྟན་འཛིན་གསུམ་གྱིས་གནད་ལུགས་མང་པོ་གསུངས་སོང་ཡང་དོན་གྱི་གནད་ལུགས་ལ་བདེན་ཁ་སྟེར་དང་མི་སྟེར་བོད་མི་མང་ལ་རག་ལུས་ཡོད།
    ཆོས་སྲིད་ཀྱི་གནད་ལུགས་གང་ཞིག་སྤྱི་ཚོགས་ནང་དུ་འདིར་བདེན་དང་འདིར་རྫུན་ཞེས་བདེན་རྫུན་ཚད་མའི་ཁྲིམས་ཐག་སུ་ཡིས་གཅད་དམ། ཞེ་ན། མཁས་དབང་དགེ་ཆོས་ཀྱིས་གསུངས་ལས།
    མི་མང་གང་ལ་དགའ་དེར་བདེན་པ་དང།
    ཁ་མང་གང་ལ་མཐུན་དེར་གྲུབ་མཐའ་སྣང་།
    ཞེས་གསུངས་པར་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་དོན་གྱི་གནད་ལུགས་གང་ཞིག་བདེན་རྫུན་ཐག་གཅད་པའི་བྱེད་པོ་ནི་བཙན་བྱོལ་མི་མང་ལ་ཐུག་ཡོད། དེ་འདྲ་ཡིན་དུས་ཁྱེད་རྣམ་པ་གསུམ་གྱི་ཆབ་སྲིད་ཀྱི་གནད་ལུགས་བཤད་པ་རྣམས་ལ་བཙན་བྱོལ་བོད་མི་རྣམས་ཀྱི་ནང་དུ་བདེན་ཁ་སྟེར་མཁན་ག་ཚོད་ཡོད་དམ།
    ཁྱེད་རྣམ་པ་གསུམ་གྱི་གསུངས་བཤད་རྗེས་སུ་བཙན་བྱོལ་བོད་མི་རྣམས་ཀྱི་བདེན་ཁ་སྟེར་མཁན་མེད་ན། ཁྱེད་རྣམ་པ་གསུམ་གྱི་བརྒྱ་བཤད་སྟོང་བཤད་བྱས་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་དུ་ནུས་པ་ཐོན་མི་ཐུབ། དེ་ལས་ལྡོག་སྟེ་རང་ཉིད་སྤྱི་ཚོགས་ནང་དུ་ནག་པོ་ཆགས་ཡོང། རང་ཉིད་སྤྱི་ཚོགས་ནང་དུ་ནག་པོ་ཆགས་པ་ཡིན་ན་རང་ཉིད་ཀྱིས་བོད་སྤྱི་དོན་སྒྲུབ་ཐུབ་ཀྱིན་མེད། དེའི་དོན་ཡིད་ལ་འཇོག་རོགས་ཞུ།

    འཇིགས་བྲལ་ཁྱེད་ཀྱིས་སེམས་ཐག་དེ་འདྲ་ཆོད་པ་དངོས་གནས་དགའ་པོ་བྱུང་བ་མ་ཟད་ཐུགས་རྗེ་ཆེ་ཞུ།

    Reply
  20. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས། གཤམ་གསལ་ནི་ཕྲན་གྱི་བསམ་ཚུལ་ཡིན། དུས་ཚོད་དབང་གིས་རྒྱས་པོ་བྱུང་མ་སོང་ལ་ཞིབ་འཇུག་ཞིབ་ཚགས་ཀྱང་བྱེད་ཁོམ་མ་བྱུང་། ནོར་འཁྲུལ་ཡོད་སྲིད།

    ༡༽ རྡོག་རྡོག་བཟོ་ཐུབ་ཀྱི་ཡོད་ན་དུམ་བུ་མང་པོར་ཡང་གཏོང་ཐུབ་ཀྱི་རེད་ཟེར་བ་འདིས། དོན་དུ་རྡོག་རྡོག་བཟོ་ཐུབ་ཀྱི་མ་རེད། བཟོ་ཐུབ་རུང་བཙན་ཤེད་ཀྱི་རྣམ་པས་བཟོས་པ་རེད་མ་གཏོགས་དོན་ངོ་མའི་རྡོག་རྡོག་མ་རེད་ཟེར་གྱི་ཡོད།

    ༢༽ མུན་འཐོམ་དུ་བཞག་པ་ཞེས་པ་དེ་ལ་ངས། བསམ་བཞིན་དུའམ་བསམ་བཞིན་མ་ཡིན་པར་ཞེས་བཤད་ཡོད། བསམ་བཞིན་དུ་བཞག་ཡོད་དང་མེད་ཐག་བཅད་མེད། ད་ལྟའང་བསམ་བཞིན་དུ་བཞག་པ་མིན་པར་ཐག་གཅོད་ཀྱི་མེད། བསམ་བཞིན་དུ་བྱས་པར་ཡང་ཐག་གཅོད་ཀྱི་མིན།
    ང་རང་ལ་མཚོན་ན། དེ་དོགས་པའི་གཞི་ཞིག་རེད། དོགས་པ་དེ་ལ་གཞི་རྩ་མེད་པ་ཡང་མ་རེད། སྐུ་དྲག་གི་བུ་ཕྲུག་དེ་ཙམ་མང་པོ་ 1959 གོང་རྒྱ་གར་ལ་སློབ་སྦྱོང་དུ་བཏང་འདུག བོད་ཀྱི་གནད་ཡོད་མི་སྣ་ཚོས་སློབ་སྦྱོང་གལ་ཆེན་ཡིན་པ་ཤེས་འདུག དེང་དུས་ཀྱི་ཤེས་ཡོན་གལ་ཆེན་ཡིན་པ་ཤེས་འདུག དེ་ལ་བརྟེན་ནས་རྒྱ་གར་ལ་བཏང་བ་རེད། ཕྱིས་སུ་རྒྱ་ནག་ལའང་མང་པོ་བཏང་འདུག འོན་ཀྱང་བོད་ནང་གི་བོད་མི་དཀྱུས་མའི་ཆེད་དུ་སློབ་གྲྭ་བཙུགས་མི་འདུག ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྒྱལ་རྩེར་དབྱིན་ཇིའི་སློབ་གྲྭ་འཛུགས་དུས་དང་། སྲིད་སྐྱོང་སྟག་བྲག་གིས་ལྷ་སར་དབྱིན་ཇིའི་སློབ་གྲྭ་འཛུགས་དུས། གདན་ས་གསུམ་གྱིས་དངོས་སུ་ཐོན་ནས་ངོ་རྒོལ་བྱས་འདུག རྡོབ་རྡོབ་ཚོས་འཇིགས་སྐུལ་བྱས་འདུག ཁ་ནས་བཤད་པའི་རྒྱུ་མཚན་ལ། ནུབ་ཕྱོགས་པའི་ལུགས་བོད་ལ་དར་ན་སངས་རྒྱས་ཀྱི་བསྟན་པ་ཉམས་ཀྱི་རེད་ཅེས་བཤད་འདུག རྒྱ་ནག་གོ་མིང་ཏང་གིས་ཕྱི་ལོ་ ༡༩༣༨ ལོར་ལྷ་སར་སློབ་གྲྭ་བཙུགས་པར་གང་ཡང་བཤད་མི་འདུག
    དེ་ནས་རྒྱ་མི་གུང་ཁྲན་སླེབས་རྗེས་ཐོག་མར་ཆབ་མདོ་དང་དེ་ནས་ལྷ་སར་སློབ་གྲྭ་བཙུགས་འདུག སློབ་གྲྭ་དེ་ཚོའི་དབུ་འཛིན་གྱི་མཚན་ཐོའི་ནང་དུ་༸རྒྱལ་བའི་ཡོངས་འཛིན་དང་གདན་སའི་མཁན་པོ། དམག་སྒར་གྱི་དམག་དཔོན། བཀའ་ཤག་གི་བཀའ་བློན་སོགས་ཆེ་ཆེ་བཙན་བཙན་ཚང་མ་བཞག་འདུག དེ་ལ་གདན་ས་གསུམ་སོགས་སུས་ཀྱང་ངོ་རྒོལ་བྱས་མི་འདུག རྒྱལ་རྩེར་དབྱིན་ཇིའི་སློབ་གྲྭ་དེ་ ༡༩༢༣ ལོར་བཙུགས་པ་རེད། ལྷ་སའི་དབྱིན་ཇིའི་སློབ་གྲྭ་དེ་ ༡༩༤༤ ལོར་བཙུགས་པ་རེད། ༡༩༥༠ ལོར་རྒྱ་ནག་གུང་ཁྲན་གྱིས་ཆབ་མདོར་སློབ་གྲྭ་བཙུགས་པ་རེད། ༡༩༥༢ ལོར་ལྷ་སར་རྒྱ་ནག་གུང་ཁྲན་གྱིས་སློབ་གྲྭ་བཙུགས་པ་རེད། ལོ་ཚིགས་དེ་དག་ལ་ཞིབ་པར་གཟིགས་དང་། བར་ཐག་རིང་པོ་མ་རེད། སྤྱི་ཚོགས་ཀྱི་གནས་སྟངས་དང་བསམ་བློའི་གོ་རྟོགས་ལའང་འགྱུར་བ་ཆེན་པོ་ཅང་སོང་མེད། སྔ་མ་གཉིས་ལ་ཅིའི་ཕྱིར་ངོ་རྒོལ་བྱས་པ་རེད། ཕྱི་མ་གཉིས་ལ་ཅིའི་ཕྱིར་དང་ལེན་བྱས་པ་རེད། སྔ་མ་གཉིས་འཛུགས་མཁན་རིམ་པ་བཞིན་༸རྒྱལ་བ་རིན་པོ་ཆེ་དང་སྲིད་སྐྱོང་སྟག་བྲག་རེད། ཕྱི་མ་གཉིས་འཛུགས་མཁན་རྒྱ་ནག་གུང་ཁྲན་རེད། དེ་ཚོ་བསམས་དགོས་པ་ཞིག་རེད།
    བོད་པའི་མི་དྲག་དང་བླ་ཆེན་རྣམ་པ་རྒྱ་གར་ལ་ཡང་ཡང་ཕེབས་ཀྱི་འདུག རྒྱ་ནག་ལའང་ཡང་ཡང་ཕེབས་ཀྱི་འདུག བལ་ཡུལ་ནི་བཤད་མི་དགོས། ཁྱིམ་མཚེས་རྒྱལ་ཁབ་ཀྱི་གནས་སྟངས་དེ་ཚོ་གཟིགས་རྗེས་གནད་འགག་མི་མཁྱེན་པ་ཅང་ཡོད་མ་རེད་སྙམ། དེར་བརྟེན་ང་འདི་ལ་དོགས་པ་ཡོད། ད་ལྟ་ངས་མུན་འཐོམ་དུ་བཞག་པ་འདི་བསམ་བཞིན་དུ་བྱས་པ་རེད་དང་མ་རེད་ཚིག་ཐག་བཅད་ནས་ཞུ་གི་མིན། མུ་མཐུད་དེ་དཔྱད་ཞིབ་བྱེད་དགོས་པ་ཞིག་རེད།
    བོད་དུ་སྔོན་མ་དར་བའི་བསམ་བློའི་གཞུང་ལུགས་ནི་ད་ལྟའང་ང་ཚོས་ཉམས་ལེན་བྱེད་བཞིན་པ་རེད། རྒྱ་ནག་གོང་མ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པར་བསྒྲགས་པ་དང་། ཨུ་རུ་སུའི་གོང་མ་ཤམ་བྷ་ལའི་རིགས་ལྡན་གྱི་སྤྲུལ་པར་བསྒྲགས་པ་དང་ཆ་འདྲ་བར། དེང་རབས་ཀྱི་ཤེས་ཡོན་འདི་བདུད་འདྲ་བ་ཞིག་ཏུ་འགྲེལ་བཤད་བྱས་པ་འདིར་རྒྱབ་ལྗོངས་ཀྱི་རྒྱུ་མཚན་རྙོག་པོ་ཞིག་ཡོད་སྲིད།
    བཙན་བྱོལ་ནང་། བཟང་བཟང་བླ་མ་དང་ངན་ངན་མང་ཚོགས་ཀྱི་འདུ་ཤེས་དེ་ད་ལྟའང་བརྟན་པོ་རེད། དེའི་ཐོག་སྲིད་དོན་ཚོགས་པའི་ལམ་ལུགས་མེད། འགྱུར་ལྡོག་ཚང་མ་སྒང་ནས་མར་ཡོང་བ་མ་གཏོགས་འོག་ནས་ཡར་འགྲོ་ས་མེད་པར་བརྟེན། བོད་པའི་སྲིད་དོན་ནང་འཛུལ་ཏེ་ལས་ཀ་བྱེད་དོན་ཡོད་པའི་གཞོན་སྐྱེས་ཉུང་ཉུང་རེད། འོན་ཀྱང་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་ནང་ཞུགས་འདོད་ཡོད་པ་དང་ཞུགས་མཁན་མང་པོ་རེད། ཅིའི་ཕྱིར་བོད་པའི་སྲིད་དོན་པ་བྱེད་འདོད་མེད་པ་རེད། ལས་འགུལ་བ་བྱེད་འདོད་པ་རེད། འདི་ཚོ་གནད་འགག་རེད།

    ༣༽ དོན་ཚན་འདི་ལ་གནས་སྐབས་གང་ཡང་ཞུ་དགོས་མི་འདུག

    ༤ གྲོས་ཚོགས་ཀྱི་ཉེ་ལམ་གྱི་ཐག་གཅོད་འདིའི་ཐད་༸གོང་ས་མཆོག་གིས་ག་རེ་གསུངས་ཀྱི་རེད་གསུངས་འདུག དོན་དངོས་ཀྱི་ཐོག་ཏུ་བབས་ན། ང་རང་ཚོའི་གཞུང་གི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་གཏོང་བའི་དུས་ལ་སླེབས་མེད། དེ་ནི་ང་ལྟ་བུས་ཀྱང་གསལ་པོ་ཤེས་ན་༸གོང་ས་མཆོག་གིས་ལོས་མཁྱེན། དེར་བརྟེན། གཅིག་ནས་སྤྱི་འཐུས་ཀྱི་ཐག་གཅོད་དེ་ཁྲིམས་ཐོག་ནས་བཤད་ན་ཁྲིམས་མཐུན་རེད། གཉིས་ནས་ད་ལྟའི་འཐབ་རྩོད་ཀྱི་དགོས་མཁོ་ཞིག་རེད། གསུམ་ནས་སྤྱི་འཐུས་དང་བཀའ་ཟུར་ཁ་ཤས་ཀྱིས་མགོ་མ་ཚོས་པ་ནས། མགོ་ཚོས་པ་བྱུང་བ་ལྟ་བུའི་བརྒྱུད་རིམ་འདིའི་ནང་གི་ཟློས་གར་དེ་ཡང་སྙིང་རྗེ་མོ་རེད། དེར་བརྟེན་༸གོང་ས་མཆོག་གིས་མུ་མཐུད་རྒྱ་བོད་གཉིས་སྨན་གྱི་ཞི་བའི་གྲོས་མོལ་ཕེབས་ཀྱི་ཡིན་གསུངས་ངེས་རེད།
    ལྷག་པར་དུ་དཀའ་རྙོག་རྣམས་ཞི་བའི་གྲོས་མོལ་ལ་བརྟེན་ནས་སེལ་ཐབས་བྱེད་དགོས་པ་དེ། ༸རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཙམ་ཡིན་ས་མ་རེད། ཁོང་གི་གཞི་རིམ་གྱི་ལྟ་གྲུབ་ཅིག་ཡིན་ས་རེད། ཁོང་གི་གསུང་རྩོམ་མང་ཆེ་བའི་ནང་དེ་ཤུགས་ཧ་ཅང་ཆེན་པོ་གསུངས་འདུག

    ༥ ཁང་གསར་རྡོ་རྗེ་ལགས་ཀྱིས་། ༸རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་ཐོག་འདིར་གནད་དོན་གང་ལའང་བློ་རྒྱ་ཆེན་པོས་སྦྱང་བཤད་བྱས། ཐབས་ལམ་གང་ལའང་བསམ་བློ་བཏང་སྟེ། མང་ཚོགས་རང་གིས་འགན་འཁྱེར་ཐུབ་པའི་གནས་སྟངས་ཤིག་ཏུ་འཁྲིད་དགོས་པ་དེ། བོད་དོན་འཐབ་རྩོད་ཀྱི་དགོས་མཁོ་རེད་ལ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་གལ་ཆེ་ཤོས་ཤིག་རེད། དེར་བརྟེན། རྟག་པར་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ཏུ་འབབ་ཐབས་བྱེད་པ་འདི་མངོན་ཤེས་ལྟ་ཅི་རྗེས་དཔག་ཙམ་ཡང་མེད་པའི་སྲུང་མ་ཐ་ཆད་ཀྱི་བྱེད་སྟངས་རེད། ཟེར་བ་འདི་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། རེ་བར་འདིའི་སྐོར་ལ་རྩོམ་ཡིག་མང་ཙམ་འབྲི་རོགས་ཅེས་སེམས་གཏིང་ནས་སྐུལ་མ་ཞུ་བ་ཡིན།

    ༦ སྐུ་ཉིད་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་དང་བླ་མ་སོགས་ཡོངས་རྫོགས་བློས་གཏོང་གནང་རྒྱུར་གྲ་སྒྲིག་ཡིན་པའི་རྣམ་འགྱུར་བསྟན་པར་དགའ་གུས་ཡོད།

    Reply
  21. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    སུ་ཡིན་མིན་མི་ཤེས་ཀི དེ་མིན་མདོ་སྨད་པ་ཞིག་ཡིན་ཚེ་ངས་སྤྱི་འཐུས་ནང་དུ་ཚོ་ལྟ་ཞིག་བྱེད་ས་རེད། ལག་གསོན་པོ་ཁ ཤི་རོ་ཟིག་ཡིན་མིན་དོགས་པའི་གནས་རེད།

    Reply
  22. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཁང་གསར་རྒད་པོས་བཤད་པ་ལྟར་རང་བཙན་གཙང་མ་བརྩད་ན་ཡང་༧གོང་ས་མཆོག་ལ་སྐྱོན་བརྗོད་དགོས་དོན་མེད་ཁུ། རྒོད་པོ་འདིའི་སྐད་ཆ་ལ་ནང་ཆོས་ཀྱི་རྟགས་གསལ་བཏང་བའི་རིགས་ལམ་གྱི་གྲུབ་འབྲས་ལྟ་བུ་མངོན་འདུག འོན་ཀྱང་ཨུ་ཚུགས་ལ་ཨ་རིག་གླེན་པའི་རྒད་པོ་ཞིག་གི་གཤིས་ཀ་འདུག གང་ལྟར་ཟིན་བྲིས་པ་ངར་བ་ཟེར་ན་ཁོ་འདྲ་རེད།

    Reply
  23. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས། སྐུ་ཉིད་ཀྱི་དྲི་བ་དེ་ཚོར་ད་ལྟ་བགྲོ་གླེང་བྱེད་ཐུབ་མ་སོང་། ཆུ་ཚོད་དགུ་པར་མི་ཞིག་དང་མཉམ་དུ་ཞོགས་ཇ་འཐུང་རྒྱུ་བྱས་ཡོད། དེ་ནས་ལམ་སེང་ཚར་དགོས་པའི་ལས་ཀ་ཁ་ཤས་ཡོད། དེ་དག་ཚར་རྗེས་དུས་ཚོད་ཨེ་རག་བལྟ་གི་ཡིན། ཐུགས་རྗེ་ཆེ།

    Reply
  24. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། ངས་བོད་མི་འབུམ་གཅིག་ལྷག་གི་ནང་ལ་བཤད་པའི་སྐད་ཆ་གོང་དུ་ཆ་ཚང་དྲངས་ཟིན། ཞིབ་ཙམ་བཤད་ན་སྐད་ཆ་འདི་རེད། ༼ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་མི་མངོན་པའི་སྒྲོམ་གཞི་ཞིག་གྲུབ་ཡོད་ཅིང་། སྒྲོམ་གཞི་དེས་ང་ཚོ་ཆིག་སྒྲིལ་ཡོང་བར་ཕན་བཞིན་ཡོད་ལ་མང་ཚོགས་རང་གིས་མདུན་སྐྱོད་བྱ་རྒྱུར་གནོད་བཞིན་ཡོད། མི་མངོན་པའི་སྒྲོམ་གཞི་དེའི་དབང་གིས་ང་ཚོའི་ལམ་ལུགས་དང་ཆབ་སྲིད་ཀྱི་གནད་དོན་གང་ལའང་འགྱུར་བ་གཏོང་དགོས་ན། འོག་ནས་སྒང་ལ་ཡར་འགྱུར་བ་གཏོང་མི་ཐུབ་པར་ག་དུས་ཡིན་ནའང་སྒང་ནས་མར་བཀའ་ཕབ་སྟེ་འགྱུར་བ་གཏོང་དགོས་པའི་གནས་ཚུལ་དེ་འབྱུང་བཞིན་པ་རེད། མདོར་བསྡུས་ནས་བཤད་ན། བསམ་ཚུལ་དང་བསམ་ཚུལ་འདྲ་མཉམ་དུ་མ་བརྩིས་པར། བསམ་ཚུལ་རིགས་ཤིག་གིས་བསམ་ཚུལ་རིགས་ཤིག་ལ་དབང་བསྒྱུར་དང་འབུར་འཇོམས་བྱས་དང་བྱེད་བཞིན་པ་དེ་ཡིན། དེ་ནི་གང་ཟག་ལ་མ་རྟོན་ཆོས་ལ་རྟོན་ཞེས་པ་དེ་དང་ཏག་ཏག་གོ་ལྡོག་ཏུ་གྱུར་ཡོད།༽ཅེས་པ་འདི་རེད།
    དོན་དངོས་སུ་སྐད་ཆ་འདིའི་ནང་མང་པོ་ཞིག་ཚུད་ཡོད་རེད། མང་ཚོགས་ཀྱིས་ཡར་དད་གུས་དང་ཡིད་ཆེས་ཞུ་བ་དང་། དད་གུས་ཞུ་ཡུལ་གྱི་མཛད་བཟང་། བར་གྱི་ཆབ་སྲིད་པ་ཚོས་དེ་གཉིས་བེད་སྤྱོད་བྱེད་པ་སོགས་རྙོག་འཛིང་ཆེ་བའི་འབྲེལ་བ་ཞིག་རེད། འབྲེལ་བ་དེ་ངས་མཐའ་གཅིག་ཏུ་ནོར་བའམ་ཕན་འབྲས་མེད་པ་ཞིག་ཏུ་འགྲེལ་བཤད་བྱས་མེད་ལ། བཟང་ཆ་ཅན་ཞིག་ཏུའང་འགྲེལ་བཤད་བྱས་མེད། འོན་ཀྱང་དེས་དཀའ་ངལ་ཁག་ཅིག་བསྐྲུན་བཞིན་ཡོད་པ་དེ་དངོས་ཡོད་རེད། ༸རྒྱལ་བ་རིན་པོ་ཆེས་ཀྱང་གནད་འགག་འདི་གཟིགས་ཏེ་བར་ལམ་ནས་ཕྱེད་བགྲེས་ཡོལ་སོགས་ཀྱི་བཀའ་སློབ་གནང་བཞིན་ཡོད།
    འོན་ཀྱང་བསྟན་འཛིན་ཕན་བདེ་ལགས་སོགས་ཀྱིས། ༼མི་མངོན་པའི་སྒྲོམ་གཞི་༽དེ་༸རྒྱལ་བ་རིན་པོ་ཆེའི་བཞུགས་ཁྲི་ལ་ཟེར་བར་ངོས་འཛིན་གནང་བ་རེད། དེ་ཁོང་ཅག་གི་ངོས་འཛིན་རེད། ངས་མཛུབ་བཙུགས་བྱས་པ་མ་རེད། ངས་དེ་གཙོ་གནད་ཀྱི་གྲས་ཤིག་ལ་ངོས་འཛིན་པ་མ་གཏོགས། སྒྲོམ་གཞི་ཆ་ཚང་བ་དེ་ག་ཡིན་པར་ངོས་འཛིན་བྱས་མེད།
    ད་ངའི་གཟས་ས་དེ་༸རྒྱལ་བ་རིན་པོ་ཆེ་དང་ཁོང་གི་སྲུང་མ་ཉུང་ཤས་ཙམ་མིན་པ་དེ་གསལ་པོ་ཆགས་ཡོད་པའི་རེ་བ་ཡོད།
    སྐད་ཆ་གསལ་ཙམ་བཤད་ན། སྒྲོམ་གཞི་འདི་གནད་འགག་ཅན་ཞིག་རེད། སྒྲོམ་གཞི་འདི་གཏོར་ན་མི་འགྲིགས་ལ། བཞག་ནའང་དཀའ་ངལ་ཅན། ལེགས་བཅོས་བྱེད་པར་དུས་ཚོད་རིང་པོ་དགོས་པ་ཞིག་རེད། ཡག་ཤོས་ནི་འདི་ལྟར་བགྲོ་གླེང་བྱས་ཏེ། མང་ཚོགས་ཀྱི་གོ་རྟོགས་སད་དགོས་པ་དེ་རེད།

    ༢༽ ཁྱེད་རང་གི་དྲི་བ་གཉིས་པ་དེས་ང་རང་ཡ་མཚན་སོང་། ངས་སྤོབས་པ་མཐའ་ཡས་ཟེར་དུས་མི་སྤོབས་པ་ཅན་ཞིག་ལ་ངོས་འཛིན་གྱིན་ཡོད་མ་གཏོགས། ལག་གཅིག་གིས་བླ་མ་དང་ལག་པ་གཞན་དེས་རྒྱ་མི་དྲངས་ཡོང་སྟེ་འཇིགས་སྐུལ་གནང་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། ད་ཁྱད་མི་འདུག ངའི་ལས་འགན་དེ་ང་རང་གི་བསམ་ཚུལ་གསལ་པོར་ཞུ་རྒྱུ་དེ་རེད།
    དམངས་གཙོའི་རྒྱལ་ཁབ་གཅིག་གི་ནང་དུ་སླེབས་རྗེས་དམངས་གཙོའི་ལམ་དུ་མ་ཕེབས་རང་ཕེབས་རེད། དེ་འདྲ་ཞིག་ནི་དཔྱོད་ལྡན་སུས་ཀྱང་མཐོང་ཐུབ་པ་ཞིག་རེད། དེ་བཞིན་དུ་གལ་ཏེ་རྒྱ་གར་འདི་དམངས་གཙོའི་རྒྱལ་ཁབ་ཅིག་མིན་ན། བོད་གཞུང་འདི་དམངས་གཙོར་བསྒྱུར་དགོངས་ནའང་བསྒྱུར་ཐབས་དཀའ་བ་ཞིག་ཡིན་པ་དེ་འང་གསལ་པོ་རེད། ཉེ་དུས་རྒྱ་ནག་གཞུང་ལ་གནང་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་དགོངས་འཆར་ཡིག་ཆའི་ནང་དུ་དམངས་གཙོའི་སྐོར་དེ་གསལ་མེད། གསལ་མེད་པ་དེ་ཅི་རེད། རྒྱུ་མཚན་གཅིག་ལས་མེད། དེ་ནི་རྒྱ་ནག་ལ་དམངས་གཙོ་མེད་པ་དེ་ག་རེད། དེར་བརྟེན། བོད་པའི་གཏམ་དཔེ། ལུང་པ་ཆུས་འཁྱེར་ན་རྡོ་ལེབ་སྐམ་པོར་གནས་མི་ཐུབ་ཅེས་པ་དེ་གཏན་ཚིགས་ཆེན་པོ་ཞིག་རེད།
    འོན་ཀྱང་སྐད་ཆ་འདི་འདྲ་ཞིག་བཤད་ཡོང་དུས། ༸རྒྱལ་བ་རིན་པོ་ཆེ་ལ་དམངས་གཙོའི་ཐད་མཛད་རྗེས་གང་ཡང་མེད་པ་འདྲ་བོ་ཞིག་ལ་བརྩིས་ན་ནོར་བ་རེད། ས་མཐའ་ལུང་ཁུག་གི་ཞིང་པ་དང་འབྲོག་པ་དེ་ཚོ། རུག་རུག་བཟོས༌ཏེ་སློབ་སྦྱོང་གནང་། རྩ་འཛུགས་བཟོས། རྙིང་ཞེན་ཅན་གྱི་མི་སྣ་དེ་ཚོར་གོ་སྐོན་སློབ་གསོ་མཛད། ཕྱིའི་དམངས་གཙོའི་འགྲོ་སྟངས་ཧ་ཆང་ལེབ་བཤུས་མ་ཡིན་པར། རང་རེའི་གནས་སྟངས་ལའང་བསྟུན། དེ་ཡང་དུས་གཅིག་ལ་མ་ཡིན་པར་གོམ་པ་རིམ་བགྲོད་ཀྱིས་ད་ལྟའི་ཚད་གཞི་འདི་ཙམ་བར་བསྐྱལ་བ་འདི་རླབས་ཆེན་རེད། གལ་སྲིད་དེ་འདྲའི་གཟིགས་རྒྱང་རིང་བའི་མཛད་པ་ཞིག་བསྐྱངས་ཐུབ་མེད་ཚེ། དེ་རིང་ངས་ཁེ་ཎ་ཌ་ནས་དྷ་རམ་ས་ལར་ཉན་པ་དང་། དྷ་རམ་ས་ལ་ནས་བཀའ་གཅིག་གནང་འཕྲལ་ཆུ་ཚོད་ཁ་ཤས་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡོངས་ལ་ཁྱབ་ཐུབ་པའི་ནུས་པ་རྩ་བ་ནས་ཡོང་གི་མ་རེད།
    ངས་《༸རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བརྩིས་པའི་བོད་ཀྱི་དབུ་ཁྲིད་དང་ལས་སྣེ་ཚོས། བསམ་བཞིན་དུའང་བསམ་བཞིན་མ་ཡིན་པར། བོད་མི་དམངས་རྣམས་མུན་འཐོམ་དུ་བཞག་པ》ཞེས་པ་དེ། ལོ་གསུམ་བརྒྱ་ལྷག་གི་རིང་མང་ཚོགས་ཀྱིས་སྤྱི་ཚོགས་ཀྱི་ལམ་ལུགས་གསར་པ་ཞིག་ཅིའི་ཕྱིར་རྩོད་ལེན་མ་བྱས་པའི་གནད་འགག་ཤེས་ཆེད་དུ་བཤད་པ་རེད། དེ་ལ་གནད་འགག་ཅིག་དགོས་ངེས་རེད། བོད་ཡོངས་ལ་བུ་དཔའ་བོ་བརྒྱ་དགོས་སྟོང་ཡོད་རེད། འོན་ཀྱང་ག་རེ་བྱས་ནས་འདི་མུར་ལྷག་པ་རེད། དེ་ལ་རྒྱུ་མཚན་གཞན་ཡོད་མ་རེད། གཞུང་གིས་དམངས་ལ་ཤེས་ཡོན་སློབ་སྦྱོང་མ་སྤྲད་པ་དེ་ག་རང་རེད།
    མུན་འཐོམ་དུ་བཞག་པ་དང་སྤྱི་ཚོགས་ཧྲིལ་པོ་མུན་ནག་ཡིན་པའི་དབར་ཁྱད་པར་ཕྱེ་དགོས་རེད། གལ་སྲིད་དེ་གཉིས་གཅིག་ལ་གོ་གི་འདུག་ན། ངས་ཚིག་བེད་སྤྱོད་གཏོང་སྟངས་ཐལ་དྲག་པ་རེད། ངའི་ཞེ་འདོད་ནི། བོད་མི་དཀྱུས་མ་ཚོར་སློབ་སྦྱོང་མ་སྤྲད་པ་དེ་ག་རང་ལས་གཞན་གོ་ས་མེད། རྒྱ་ནག་གིས་བོད་བཅིངས་འགྲོལ་བཏང་བ་རེད་དམ་མ་རེད་ཟེར་ན། བཅིངས་འགྲོལ་བཏང་བ་མ་རེད་ཅེས་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཕྱིའི་དབང་བསྒྱུར་འོག་ནས་བཅིངས་འགྲོལ་བཏང་མེད་པར་དེ་ལས་ལྡོག་སྟེ་ཕྱིའི་དབང་བསྒྱུར་སླེབས་པ་རེད། མཐོ་རིམ་གྲལ་རིམ་འོག་ནས་བཅིངས་འགྲོལ་བཏང་བ་རེད་དམ་ཟེར་ན། མ་རེད། མཐོ་རིམ་གྲལ་རིམ་རང་འཇགས་གནས་ཡོད་ལ། མཐོ་རིམ་གྲལ་རིམ་གསར་པ་ཞིག་ཀྱང་སླེབས་ཡོད། སློབ་གྲྭ་མང་པོ་བཙུགས་ཡོད་ཀྱང་། དེ་དག་ནི་དབང་བསྒྱུར་གྱི་དགོས་མཁོ་ཞིག་རེད་ཅེས་ཞུ་གི་ཡོད།

    ༣༽ དོན་ཚན་བཞི་པའི་གོ་དོན་ནོར་ས་མེད། བཟང་བཟང་བླ་མ་དང་ངན་ངན་མང་ཚོགས་ཀྱི་ལྟ་སྟངས་དེ་དོར་དགོས་ཟེར་བ་ཡིན། ནོར་ན། སུས་ནོར་ནའང་ནོར་བ་རེད། འགྲིགས་ན། སུས་འགྲིགས་ནའང་འགྲིག་པ་རེད། དམངས་གཙོའི་སྤྱི་ཚོགས་ནང་ལྟ་སྟངས་དེ་འདྲ་ཞིག་མེད་ན། དོན་ངོ་མའི་དམངས་གཙོ་ཡོང་གི་མ་རེད་ཟེར་གྱི་ཡོད། ཁྱེད་རང་གིས་གནད་དོན་འདི་མི་ཚང་མས་ཐོས་ན་ཞེད་དགོས་ས་ཞིག་ལ་འཐེན་སྙིང་འདོད་ན་དེ་ངའི་ལག་པ་ལ་མེད། ཁྱེད་རང་གི་ཕྱག་ལ་ཡོད་རེད། ཀློག་པ་པོ་ཚོའི་ཕྱག་ལ་ཡོད་རེད།

    ༤༽ ཆབ་སྲིད་ཀྱི་ཤོག་ཁ་ཀ་དང་ཁ་གཉིས་ཡོད་ན། ཀ་པས་དཔའ་བོར་བརྩི་བ་དེ་ཁ་པས་དགྲ་ལ་བརྩི་བ་རེད། ཁ་པས་དཔའ་བོར་བརྩི་བ་དེ་ཀ་པས་དགྲ་ལ་བརྩི་བ་རེད། དེ་གཅིག་རེད། ངེད་གཉིས་ཀ་བོད་མི་རེད། དབུ་མའི་ལམ་འདི་བོད་མི་རིགས་ཀྱི་ཐོབ་ཐང་དང་ཁེ་ཕན་རྩོད་པའི་དབུ་མའི་ལམ་ཞིག་རེད། དེར་བརྟེན་ངེད་ཅག་བོད་མི་རིགས་ཀྱི་ངོས་ནས་དབུ་མའི་ལམ་ལ་བསྟོད་པ་འཐེན་མཁན་དང་དབུ་མའི་ལམ་ལ་དགག་པ་རྒྱག་མཁན་༼བོད་རང་བཙན་རྩོད་ལེན་པ་ཡིན་པ་གང་ཞིག་དབུ་མའི་ལམ་ལ་དགག་པ་རྒྱག་མཁན་རྣམས་ཕུད་༽གཉིས་ལས་སྔ་མ་དཀར་པོར་བརྩི་དགོས་པ་དེ་བཤད་མི་དགོས་པ་ཞིག་རེད།
    འོན་ཀྱང་ད་དུང་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ནི། བོད་རང་བཙན་རྩོད་མཁན་ཚོ་རྒྱ་ནག་ནང་ལ་མནར་གཅོད་ཕོག་ཡུལ་གཙོ་བོ་རེད་ལ། བཙན་བྱོལ་ནང་དུའང་རང་བཙན་གྱི་ལྟ་ཚུལ་བཟུང་སྟེ་མདུན་དུ་ཐོན་མཁན་རྣམས་དངོས་ཤུགས་གང་ཐད་ནས་ཟུར་འབུད་བྱེད་བཞིན་ཡོད།
    སྤོབས་པ་མཐའ་ཡས། ཆབ་སྲིད་ཀྱི་རླུང་འཚུབ་ཁྲོད་དུ། དེ་རིང་ངས་སྐད་ཆ་འདི་འདྲ་ཞིག་བཤད་པ་དང་། ཟིན་བྲིས་འདི་འདྲ་ཞིག་སྤེལ་བའི་དབང་གིས། ང་རང་གི་གནས་སྟངས་གང་འདྲ་ཞིག་ཏུ་འགྱུར་འགྲོ་མིན་ངས་གསལ་པོ་ཤེས་ཀྱི་འདུག འོན་ཀྱང་ཆུང་དུས་ནས། རང་མགོ་རང་གིས་བསྐོར་མི་ཤེས་པའི་གཤིས་ཀ་འདིས། ངས་རང་གི་བསམ་ཚུལ་དྲང་པོ་མ་བཤད་པར་སྡོད་ཐུབ་ཀྱི་མི་འདུག
    ད་ནི་གསལ་པོ་ཆགས་པའི་རེ་བ་ཡོད། གསལ་པོ་ཆགས་པའི་རེ་བ་ཡོད། གསལ་པོ་ཆགས་པའི་རེ་བ་ཡོད། གལ་ཏེ་གསལ་པོ་མ་ཆགས་ནའང་ང་ལ་འགྱོད་པ་མེད། ངས་ཤོག་བུ་དཀར་པོའི་ཐོག་ཏུ་ཡི་གེ་ནག་པོ་བྲིས་ཏེ་གསལ་པོ་གང་ཐུབ་ཐུབ་བཟོས་ཟིན། གོ་ཡང་མ་གོ་མདོག་མདོག་གནང་མཁན་ཚོས་གོ་ཐུབ་པ་ཞིག་ནམ་ཡང་བཟོ་མི་ཐུབ་པ་ངས་ལོས་ཤེས། ཐུགས་རྗེ་ཆེ།

    Reply
  25. ཕུན་ཚོགས ། says:
    ལོ་ 16 སྔོན།

    སྐད་ཆ་དྲང་མོར་བཤད་ནོ་ཐུགས་རྗེ་ཆེ་ཞུ།

    དྲང་ཚུགས་ཀྱི་སྒལ་བ་མཁྲེགས་པོ་ཡོད་མཁན་ཚོ་མ་གཏོགས།་མུན་ནག་དང་བག་ཆག་རྐྱང་འདེད་བྱེད་མཁན་ཚོ་འདི་ནས་ད་སོང་ཤིག་་་་ཧ་ཧ་ཧ་ཧ་ཧ་་ཧ་ཧ་

    ༧གོང་ས་མཆོག་གི་སྐོར་ལ་སྐད་ཆ་མང་ཙམ་བཤད་རྒྱུ་ནི་ད་ལྟའི་མི་རབས་ཀྱི་དུས་ལ་བབ་པའི་འགན་འཁྲི་དང་རྣོ་བསམ་གཏོང་ཡུལ་གྱི་ཚུལ་དུ་ལྷག་ཡོད།་རྒྱུ་མཚན་༧གོང་ས་མཆོག་ནི་བོད་ཀྱི་ཤི་གསོན་ཀྱི་ལོ་རྒྱུས་དང་འབྲེལ་ཡོད་པ་ཞིག་་དང་།བོད་ཀྱི་མ་འོངས་པའི་ཆགས་འཇིག་གི་ལོ་རྒྱུས་དང་འབྲེལ་དགོས་པ་ཞིག་ཏུ་གྱུར་ཡོད་པ་སོགས་གནད་འགག་མང་པོ་ཞིག་ལ་ཁ་གཏད་ཡོད་པས་ཡིན།

    དེ་བས་འུ་ཚོས་བོད་དང་བོད་ཀྱི་ལས་དབང་གླེང་བ་ལ་རྒྱལ་བ་རིན་པོ་ཆེ་ནི་ང་ཚོས་མི་གླེང་ཐུ་མེད་དུ་གྱུར་བའི་གླེང་གཞི་གལ་ཆེན་དུ་འགྱུར་དགོས་པ་མ་ཟད།་ལོ་རྒྱུས་དང་ཆབ་སྲིད།་རིག་གཞུང་དང་ལམ་ལུགས་སོགས་ཕྱོགས་ངོས་རེ་རེ་ནས་བཀླག་དགོས་པའི་སློབ་གཞི་གལ་ཆེན་ཞིག་ཏུའང་འཛིན་དགོས།

    འདི་ནི་སུ་ཞིག་དད་པ་ཡོད་མེད་དང་།་སུ་ཞིག་དད་ལོག་ཡིན་མིན་ཀྱི་གནས་ཚུལ་ཐག་གཅོད་བྱེད་ས་ཞིག་ཏུ་འགྱུར་དགོས་རྒྱུ་དེ་མ་ཡིན་པར།དངོས་ཡོད་དང་གནས་ལུགས།ལོ་རྒྱུས་དང་ཕྱིར་རྟོགས།དཀྱེལ་ཡང་དང་དཔྱད་སྟོབས་ཀྱི་འདུ་ཤེས་ཆེ་ཙམ་སྲིང་སའི་རྒལ་སྟེགས་ཆེན་པོ་ཞིག་ཏུ་གྱུར་ན་འགྲིག་པ་དེ་ཡིན།

    རྒྱལ་བ་རིན་པོ་ཆེ་ལྷ་ལ་བཀུར་མཁན་དང་རྒྱལ་བ་རིན་པོ་ཆེ་འདྲེ་རུ་རྫི་མཁནགྱི་མི་་སུ་ཞིག་ཡིན་ནའང་།མི་གཞི་དང་ཆོལ་ཁུངས།་གྲུབ་མཐའ་དང་རིགས་རུས་ཀྱི་ཁྲག་རྩ་མི་འདེད་པར།་གནད་ལ་ཐུག་ཅིང་སྲོག་ལ་ཁེལ་པའི་སྐད་ཆ་རེ་ཤོད་ཐུབ་རྒྱུ་ནི་ང་ཚོའི་ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་ངོ་མ་དང་།མི་རབས་ཀྱི་རླབས་ཆེ་བའི་གསར་རྟོགས་ཀྱི་ལོ་རྒྱུས་དོན་སྙིང་ལྡན་པ་དེ་ཡིན།

    Reply
  26. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དྲྭ་རོགས་ཚོ། དཔྱད་ཞིབ་གཏིང་ཟབ་ཙམ་ཡོང་བའི་ཆེད་དུ་ངས་སྤེལ་བའི་ཟིན་བྲིས་《བསམ་ཚུལ་འབུར་འཇོམས་དང་འུར་རྒྱག་པ།》ཞེས་པ་དེ་ཆ་ཚང་འདིར་བཀོད་ཡོད། དེ་མིན་གྱི་ཟིན་བྲིས། 《ཕྱིའི་ཆར་ཐག་ཆོད་ཀྱང་ནང་གི་ཐིགས་ཐག་ཆོད་ཡོད་དམ་》ཞེས་པ་དེར་ཡང་གཟིགས་རོགས།
    ༡༽ བསམ་ཚུལ་འབུར་འཇོམས།

    ཟླ་བ་འདིའི་ཚེས་ ༡༨ ཉིན་སྤྱི་འཐུས་ལྷན་ཚོགས་ཀྱིས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་གར་ནང་བཞུགས་པའི་བཀའ་ཟུར་རྣམ་པ་བསྐོངས་ཏེ་ཉན་ཞིབ་ཅིག་གནང་གཏན་འཁེལ་ཡོད། ཉན་ཞིབ་འདི་སྤྱི་ཚོགས་ཀྱི་བསམ་ཚུལ་ལ་ཉན་ཞིབ་བདག་སྤྲོད་གནང་བྱེད་དུ་འགྱུར་རམ་ཡང་ན་འབུར་འཇོམས་བྱེད་ཆས་སུ་འགྱུར་གཉིས་ལས་ཕྱི་མར་འགྱུར་རྒྱུ་ཡིན་པ་ད་ལྟ་ཧ་ཅང་གསལ་པོ་ཆགས་ཟིན།
    ཚོད་དཔག་བྱས་ན། མཐའ་མ་གྲོས་ཚོགས་ཀྱི་ཐག་གཅོད་ལའང་འགྲོ་ལམ་གཅིག་ལས་མེད་པ་སྟེ། ༸གོང་ས་མཆོག་གིས་མུ་མཐུད་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གང་གནང་ལ་མོས་མཐུན་གཙང་མ་ཡོད་ཅེས་པ་དེ་རེད།

    སྤྱི་འཐུས་ལྷན་ཚོགས་འཚོགས་ནའང་འདྲ། དམིགས་བསལ་ཚོགས་ཆེན་འཚོགས་ནའང་འདྲ། ཉན་ཞིབ་ཚོགས་ནའང་འདྲ། འགྲོ་ལམ་འདི་ཙམ་ལས་མེད་པ་དེ་རང་དབང་གི་ཐོག་ནས་རེད་དམ་གནོན་ཤུགས་ཤིག་གི་ཐོག་ནས་རེད།

    དོན་དངོས་སུ། སི་ཊའི་སི་སྦག་གི་གྲོས་འཆར་དང་ཞི་བའི་གྲོས་འཆར་དོན་ཚན་ལྔ་ལ་འཆར་སྣང་གིས་མིང་བཏགས་ཏེ་རྩིས་མེད་དུ་སོང་ཚུལ་དང་། དེ་ནས་ཆོལ་གསུམ་གཅིག་ཏུ་བསྒྲིལ་ཅིང་མང་གཙོ་ཡིན་པའི་མིང་དོན་མཚུངས་པའི་རང་སྐྱོང་ཞེས་པ་དེ། རིམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་ཁོངས་རང་སྐྱོང་ཚད་དང་ལྡན་པ་ཞིག་ལག་བསྟར་ཡོང་ཐབས་ཞེས་པར་བསྒྱུར་བ་དེར་མང་ཚོགས་ནང་བསམ་ཚུལ་ཡོད་པ་ཙམ་དུ་མ་ཟད། བསམ་ཚུལ་ཤུགས་ཆེན་ཡོད་པ་དེ་གནོན་ཐུབ་པ་ཞིག་ཡིན་སྲིད་ཀྱང་སྦས་ཐུབ་པ་ཞིག་མ་རེད།

    བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཁྲོད་དུ། ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གིས་ཐོག་མར་རྒྱ་ནག་ལ་ཧ་ཅང་བསྟུན་ཐལ་ཆེ་བའི་སྲིད་བྱུས་བཟུང་སྟེ༌རྒྱ་ནག་གཞུང་ངོ་ཚ་ཁ་སྐྱེངས་ཡོང་བའི་སྐད་འབོད་ཙམ་ཡང་བྱེད་མི་རུང་བའི་འབོད་སྐུལ་གནང་བ་དང་། བར་དུ་བོད་ཆོལ་ཁ་གསུམ་དང་བོད་ཆེན་པོ་སོགས་ཀྱི་གནད་ཆེའི་མིང་ཚིག་རྣམས་གཞུང་གི་ཡིག་ཆའི་ནང་བཀོལ་མི་ཆོག་པའི་བཀོད་ཁྱབ་གནང་བ། ཐ་མར་བོད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་འདི་འདྲ་ཞིག་གདེང་ཚོད་ཅི་ཡང་མེད་བཞིན་དུ་རྒྱ་ནག་གཞུང་གི་ལག་ཏུ་བཞག་པ་ནི་ཡ་ཡུད་ཧ་ཅང་ཆེ་བའི་ཐག་གཅོད་ཡིན་པས། བོད་དོན་ལ་དོ་སྣང་དང་སེམས་ཁུར་ལྡན་པའི་མི་སུ་འདྲ་ཞིག་ཡིན་ཡང་དེའི་ཐད་སེམས་འཚབ་དང་སེམས་ངལ་ཡོང་བ་ནི་བཤད་མི་དགོས་པ་ཞིག་རེད།

    ད་ཆ། སྤྱི་ཚོགས་ནང་འདིའི་ཐད་བསམ་ཚུལ་ཞིག་གླེང་ཡོང་དུས། བསམ་འཆར་ཡིག་ཆ་འདི་དག་༸གོང་ས་མཆོག་གི་དགོངས་པ་བཞིན་ཡིན་ལ། ༸གོང་ས་མཆོག་གིས་དེ་ལྟར་གནང་ཆོག་པར་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཡོད། གནང་བ་དེ་འགྲིག་འདུག་གམ་མི་འདུག མི་འདུག་ན་མ་འོངས་པར་བྱེད་ཕྱོགས་གསལ་པོ་དགོས་ཞེས་གསུངས་ཀྱི་ཡོད། ཚིག་གཞན་གྱིས་བཤད་ན། འགྲིག་མི་འདུག་ན་མ་འོངས་པར་འགན་ཡོངས་རྫོགས་གྲོས་ཚོགས་རང་གིས་འཁྱེར་ཞེས་གསུངས་ཀྱི་ཡོད། ༸གོང་རིམ་ནས་བཀའ་འདི་འདྲ་ཞིག་གནང་། གཤམ་འོག་ན་དད་དམ་གཡོ་བ་མེད་པའི་མང་ཚོགས་དེ་ཙམ་ཞིག་ཡོད་པའི་མདུན་དུ། ད་ཆ་གྲོས་ཚོགས་ལ་འགྲོ་ལམ་གཞན་ག་རེ་ཡོད་དམ།

    ངས་སྙིང་པོ་ག་རེ་བཤད་ཀྱི་ཡོད་ཟེར་ན། ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་མི་མངོན་པའི་སྒྲོམ་གཞི་ཞིག་གྲུབ་ཡོད་ཅིང་། སྒྲོམ་གཞི་དེས་ང་ཚོ་ཆིག་སྒྲིལ་ཡོང་བར་ཕན་བཞིན་ཡོད་ལ་མང་ཚོགས་རང་གིས་མདུན་སྐྱོད་བྱ་རྒྱུར་གནོད་བཞིན་ཡོད། མི་མངོན་པའི་སྒྲོམ་གཞི་དེའི་དབང་གིས་ང་ཚོའི་ལམ་ལུགས་དང་ཆབ་སྲིད་ཀྱི་གནད་དོན་གང་ལའང་འགྱུར་བ་གཏོང་དགོས་ན། འོག་ནས་སྒང་ལ་ཡར་འགྱུར་བ་གཏོང་མི་ཐུབ་པར་ག་དུས་ཡིན་ནའང་སྒང་ནས་མར་བཀའ་ཕབ་སྟེ་འགྱུར་བ་གཏོང་དགོས་པའི་གནས་ཚུལ་དེ་འབྱུང་བཞིན་པ་རེད།

    མདོར་བསྡུས་ནས་བཤད་ན། བསམ་ཚུལ་དང་བསམ་ཚུལ་འདྲ་མཉམ་དུ་མ་བརྩིས་པར། བསམ་ཚུལ་རིགས་ཤིག་གིས་བསམ་ཚུལ་རིགས་ཤིག་ལ་དབང་བསྒྱུར་དང་འབུར་འཇོམས་བྱས་དང་བྱེད་བཞིན་པ་དེ་ཡིན། དེ་ནི་གང་ཟག་ལ་མ་རྟོན་ཆོས་ལ་རྟོན་ཞེས་པ་དེ་དང་ཏག་ཏག་གོ་ལྡོག་ཏུ་གྱུར་ཡོད།།
    ༢༽ འུར་རྒྱག་པ།

    དེང་རབས་སེམས་ཁམས་རིག་པའི་ནང་། མི་གཟུགས་པོ་ཆུང་བ་ཚོས་སྐད་ཆ་བཤད་དུས་སྐད་ཤུགས་ཆེ་བ་ཡོད། རྒྱུ་མཚན་ནི་ཁོ་རང་ལུས་སྟོབས་ཆུང་སྟབས་གཞན་གྱིས་དོ་སྣང་ཡོང་ཆེད་རང་བཞིན་གྱིས་སྐད་ཤུགས་ཆེ་བ་ཐོན་གྱི་ཡོད་ཟེར།

    ང་ཚོའི་སྤྱི་ཚོགས་ནང་གི་འུར་གཏམ་མང་ཆེ་བ་ནི་ཏག་ཏག་མི་ཆེན་གྱི་བསམ་ཚུལ་གྱིས་མནན་པའི་མི་ཆུང་གི་བསམ་ཚུལ་རེད། འུར་གཏམ་དེ་ཚོ་འུར་བརྒྱབ་སྟེ་མ་བཤད་ན་གཞན་གྱིས་དོ་སྣང་མི་བྱེད་པར་བརྟེན་འུར་རྒྱག་པ་ནི་དགོས་མཁོ་ཞིག་རེད་ལ་ཐབས་ཤེས་ཤིག་རེད། འུར་རྒྱག་སྟངས་ལ་མཚོན་ནས་བཤད་ན། སྐད་ཆའི་ནང་མི་བདེན་པའི་ཆ་བསྲེས་པའམ། འགན་ལྗིད་པའི་གནད་དོན་དུ་བསྒྱུར་བ་ལྟ་བུ་ཡིན། དཔེར་ན། ད་ལྟའི་གནས་ཚུལ་ལ་མཚོན་ན། ༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་མིན་དང་། གྲོས་ཚོགས་ལ་བསྟན་མིན་གྱི་གླེང་ཕྱོགས་བཟོས་པ་ལྟ་བུ་རེད།
    ཕྱོགས་གཞན་ནས་བཤད་ན། གནོན་ཤུགས་ཐེབས་པའི་མི་དེ་ཚོས་སྐད་ཆ་བཤད་སྐབས་ཀྱང་། ཤུགས་ཆེ་ཙམ་དང་ངར་ཙམ་མ་བཤད་ན་གཞན་གྱིས་དོ་སྣང་ཡོང་གི་མ་རེད་དྲན་བཞིན་ཡོད། དེར་བརྟེན་གྲོས་ཚོགས་ནང་དབུ་མའི་ལམ་གྱི་ལྡོག་ཕྱོགས་སུ་ལངས་མཁན་མང་ཆེ་བས་སྐད་ཆ་ཤོད་སྐབས། སྐད་ཤུགས་དང་ངར་ཤུགས་ཆེ་བ་ཡོད། དེ་ནི་གཞན་གྱི་དོ་སྣང་འདྲེན་ཐབས་ཤིག་རེད།

    གཞན་གྱིས་དོ་སྣང་ཡོང་ཐབས་སུ་སྤྱད་པའི་བྱེད་ཐབས་དེ་ནི་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་ཡིན། དེ་ཡང་ཕྱོགས་གཅིག་ནས་དེས་དམིགས་ཡུལ་ལྟར་རང་གི་སྐད་ཆར་གཞན་གྱིས་དོ་སྣང་ཡོང་གི་ཡོད་ཀྱང་། ཕྱོགས་གཞན་ནས་དེས་རང་ཉིད་ཀྱི་གཟུགས་བརྙན་ལ་ཚབས་ཆེའི་གནོད་སྐྱོན་བཟོ་བཞིན་ཡོད།། །།

    Reply
  27. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ད་ཁྱོད་ཚོས་མང་པོ་ཞིག་བཤད་སོང་མོད་ངའི་དོག་པ་ད་དུང་སེལ་ཐུབ་མ་སོང་། ཁང་གསར་རྡོ་རྗེ་ལགས་ཀྱིས་ཁོང་གི་སྐད་ཆའི་དོན་ཚན་དང་པོ་དེ་བཙན་བྱོལ་བོད་མི་འབུམ་གཅིག་ལ་ཁ་བསྐོར་ཏེ་བཤད་ཀྱིན་ཡོད་ཟེར་མོད་གཟས་ས་དེ་རྒྱལ་བ་རིན་པོ་ཆེའམ་རྒྱལ་བ་རིན་པོ་ཆེའི་སྲུང་མ་ཉུང་ཤས་ཤིག་རང་ཡིན་པ་འདྲ། དེ་འདྲ་རེད་དམ།
    དོན་ཚན་གསུམ་པ་དེ་ད་ལྟའི་བོད་ཀྱི་དམངས་གཙོ་ཟེར་བ་དེ་རྒྱལ་བ་རིན་པོེ་ཆེས་ཁོར་ཡུག་དང་བསྟུན་ཏེ་མི་སྩོལ་རང་སྩོལ་བྱུང་སྐོར་ཞིག་ཡིན་པ་ལས་རང་འགུལ་གྱིས་བསྩལ་པ་ཞིག་མ་ཡིན་པའི་རྒྱུ་མཚན་དུ་རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་༡༩༥༩བར་དུ་བོད་ཀྱི་སྤྱི་ཚོགས་མུན་ནག་གི་ནང་དུ་བསྐྱལ་སྐོར་ཞིག་རེད། རྒྱ་ནག་གིས་བོད་སྤྱི་ཚོགས་རྙིང་པ་ཟེར་བའི་མུན་ནག་གི་སྤྱི་ཚོགས་ཤིག་བཅིང་འགྲོལ་དུ་བཏང་སྐོར་ཞིག་བཤད་ཀྱིན་འདུག ཁྱེད་ཀྱིས་བཤད་པའི་ཏྰ་ལའི་བླ་མ་ལྔ་པ་ནས་བཟུང་སྟེ་མ་འགྲིགས་མ་འཇོན་པས་ཕུང་སོང་ཚུལ་ཞིག་གསུངས་འདུག དེ་ལྟ་ན་ཁྱེད་རང་གི་ལྟ་སྟངས་ལ་རྒྱ་དམར་གྱིས་བོད་བཅིང་འགྲོལ་བཏང་ཡོད་དམ།
    དོན་ཚན་བཞི་པ་དེ་ལ་ང་ཚོའི་སྦུག་རྩ་ངོ་མ་ན་མི་ནག་པོ་ཞིག་ངོས་འཛིན་མ་ཐུབ་པར་ལུས་ཡོད་སྐོར་དེ་རེད། ང་ཚོའི་སྦུག་གི་མི་ནག་པོ་དེ་སུ་ཡིན་ཁ་གསལ་པོ་བཟོ་རོགས་གནོང་།
    དོན་ཚན་ལྔ་པ་ལ་དམིགས་བསལ་ཞིག་འདྲི་རྒྱུ་མི་འདུག
    དོན་ཚན་བདུན་པ་དེལ་་རྒྱ་ནག་གཞུང་གིས་བཀས་བཀོད་བཞིན་རྒྱལ་བ་རིན་ཆེ་ལ་དགག་པ་རྒྱག་མཁན་ཚོ་དང་རྒྱལ་བ་རིན་པོ་ཆེ་ལ་བསྟོད་པ་བྱེད་མཁན་ཚོ་དཀར་ན་དཀར་མཉམ་དང་ནག་ན་ནག་མཉམ་དུ་བཏང་འདུག བསྟོད་པ་དང་སྨད་པ་བྱས་ནས་འཚོ་བ་འཁྱོལ་མི་འཁྱོལ་དེ་ང་ཚོའི་གནད་འགག་མ་རེད། དེ་ལ་ཕྲག་པ་དོག་དགོས་དོན་མི་འདུག ང་ཚོར་འབྲེལ་བ་ཡོད་པའི་གནད་འགག་དེ་བསྟོད་པ་དང་སྨད་པ་བྱས་པ་དེ་དོན་དང་མཐུན་མིན་དེ་རེད། རྒྱལ་བ་རིན་པོ་ཆེ་ལ་བསྟོད་པ་བྱས་ན་བོད་ཀྱི་སྤྱི་ཚོགས་ལ་གྱོང་གུད་ཅི་ཡོད་དེ་གསུངས་རོགས། འདི་དང་འདི་ལྟ་བུའི་དོན་གནད་མང་པོ་ཞིག་ད་དུང་ཁ་གསལ་པོ་བཟོ་དགོས་ཀྱིན་འདུག

    Reply
  28. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཁང་རྡོར་ཁྱེད་ཀྱིས་ངས་དྲི་བར་དྲི་ལན་ཚང་མིན་འདུག་ཁྱེད་བརྒྱ་ཆ་འཕྲོད་མ་སོང་དགོངས་(Fail)
    རེད་ཡ་ཁྱེད་ཀྱི་ང་ལ་དྲི་ལན་གནང་བ་དེ་དང་ཁྱེད་ཀྱི་མ་རྩོམ་གཉིས་ལ་ཞིབ་སྡུར་མཛོད་འགལ་བ་མི་འདུག་གམ། མ་རྩོམ་ནང་་ ༡༩༥༩ གོང་དུ་༸རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་མི་དཀྱུས་མ་ཚོ་ལ་ཕན་པའི་སློབ་གྲྭ་ག་ཚོད་བཙུགས་འདུག་གམ། དྲི་ལན་ནང༌། ཕན་ཡོད་མེད་ཐད། ཕན་པའི་ཆ་ཡོད་ལ་གནོད་པའི་ཆ་ཡང་ཡོད་རེད། ཁག་མེད་ཁྱེད་དཀའ་ལས་ཁག་འདུག མགོ་སེར་གྱི་རྐུབ་ལ་བཞེད་དྲག་མ་རྒྱུགས་ལོ། ནད་ངན་གོས་ཡོངས། ཁ་བརྡ་ཡིན་ལོ། ཤ་ཚའི་ཁ་ན་གཏམ་སྙན་མེད་ཟེར་། སྐུ་རྩེ་ཡིན། སྙིང་མི་དགའ་མ་བྱེད་ལོ། སྐུ་རྩེ་ཡིན་ཧཧཧཧ།

    Reply
  29. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དེ་རིང་ཡེ་ཤུའི་དུས་ཆེན་གནད་འགག་ཅན་ཞིག་རེད། དགོང་མོའི་ཆུ་ཚོད་ ༡༡ ཟིན་གྲབས་འདུག དེ་རིང་ཉིན་གང་མགོ་སེར་ཁ་ཤས་མཉམ་དུ་སོང་སྟེ་དཀའ་ལས་ཁག་པོ་བྱུང་། མ་ཉལ་གོང་ཚང་མ་ལ་ལན་འདེབས་དཀའ། འཇིགས་བྲལ་བསྟན་འཛིན་གྱི་བསམ་འཆར་དེ་ཚོར་སང་ཉིན་དུས་ཚོད་ཡོད་པས། སྐབས་དེར་བགྲོ་གླེང་བྱ། འདིར་གཞན་དག་ཁ་ཤས་ལ་ལན་འདེབས་ཞུ་གི་ཡིན།
    ༡༽ ང་རང་ཚོ་བསམ་ཚུལ་མ་མཐུན་ན་མ་མཐུན་པ་རེད། བསམ་ཚུལ་མ་མཐུན་པའི་དབང་གིས་ཕན་ཚུན་སྡང་སེམས་བྱེད་དོན་མེད། ངས་འདིར་ལན་བཏབ་པ་རྣམས་ང་རང་གི་བསམ་ཚུལ་རེད། དགག་པ་མ་རེད།
    ༢༽ མུ་ཏིག་ཆུང་ཆུང་གིས། ངའི་རྩོམ་དེའི་སྙིང་དོན་༸རྒྱལ་བ་རིན་པོ་ཆེར་ངོ་རྒོལ་སྐྱོན་བརྗོད་བྱེད་འཇུག་དགོས་རེད་ཅེས་བཤད་ཀྱི་ཡོད་རེད། སྐྱོན་བརྗོད་ཁང་གསར་བས་བྱེད་མུས་རེད། ད་ཡག་པོ་བྱས་ནས་བྱོས་ཞེས་བཤད་འདུག ངས་ནི་ད་འདྲ་བཤད་མེད། དམངས་གཙོའི་ཚད་གཞི་ཞིག་བཤད་དུས། དམངས་གཙོ་ཚད་ལྡན་གྱི་སྤྱི་ཚོགས་དང་ཚད་ལྡན་མ་ཡིན་པའི་སྤྱི་ཚོགས་ཀྱི་ས་མཚམས་གལ་ཆེན་ཞིག་ང་རང་གིས་མཐོང་བས་དེ་བཤད་པ་ཡིན། ང་ཚོས་རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་སུ་ལ་བྱས་ནའང་ཆོག་པ་དེ་ཁྲིམས་ཐོག་ནས་སྩལ་བའི་ཁེ་དབང་ཞིག་རེད། དེ་ཡང་གཙོ་བོ་ང་རང་ཚོ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་གསལ་པོ་འཁོད་པའི་ཁེ་དབང་ཞིག་ཡིན་སྟབས། ང་ཚོའི་སྤྱི་ཚོགས་ཀྱི་ཁྲིམས་ཡིག་ནང་ལའང་དེ་གསལ་ཡོད་པ་རེད། དངོས་ཡོད་གནས་ཚུལ་ལ་མར་བབས་ན། སྐྱོན་བརྗོད་དེ་ཚོར་ཁས་ལེན་བྱེད་པའི་སྙིང་སྟོབས་ང་ཚོར་འདུག་གམ། མི་མང་ནང་ལ་གཟིགས་དང་འདུག་གམ། དབུ་ཁྲིད་ཚོ་ལ་གཟིགས་དང་འདུག་གམ།
    རྒྱ་ནག་ནང་ལ་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ལ་གོ་གནས་མཐོན་པོ་རག་དོན་ག་རེ་རེད། རྒྱ་གར་ནང་ལ་དབུ་མའི་ལམ་ལ་བསྟོད་པ་འཐེན་མཁན་ཚོ་གོ་གནས་མཐོན་པོ་ཆགས་དོན་ག་རེ་རེད། རང་བཙན་གཙང་མ་བཤད་མཁན་ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ་སོགས་ལ་འཇོན་ཐང་ག་ཚོད་ཡོད་ཀྱང་། སྐུ་ཚབ་དོན་གཅོད་ཕར་བཞག་ས་གནས་འགོ་འཛིན་གྱི་རྐུབ་སྟེགས་ཤིག་ཀྱང་མེད་པ་འདི་ཚོ་ཅི་རེད། དེ་ཚོ་ལ་བསམ་བློ་བཏང་ན། ང་རང་ཚོའི་སྤྱི་ཚོཌ་ཀྱི་དམངས་གཙོ་དེ་ཚད་ག་ཚོད་ཅིག་ལ་སླེབས་ཡོད་མེད་ཤེས་ཐུབ། དངོས་གནས་བྱས་ན། རང་བཙན་གཙང་མའི་བསམ་ཚུལ་ལྡན་པ་ང་ཚོའི་སྤྱི་ཚོགས་ནང་ཉུང་ཉུང་མ་རེད།
    མདོར་བསྡུས་ནས་བཤད་ན། ངས་འདི་དམངས་གཙོའི་ཚད་གཞི་ཞིག་གི་ཐོག་ནས་བཤད་པ་ཡིན་མ་གཏོགས། ༸རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་བྱེད་དགོས་པའི་སྐུལ་སློང་བྱས་པ་མིན། དེ་ཚོ་ནོར་མི་ཉན།
    བདེན་པ་ར་སྤྲོད་ཀྱི་ཚུལ་དུ་ཁྱོད་ལ་གཅིག་བཤད་ན། ༸རྒྱལ་དབང་ལྔ་པ་ཆེན་པོས་སྐུ་ངལ་བརྒྱ་ཕྲག་གིས་བཙུགས་ཤིང་སྐུ་ཕྲེང་རིམ་པས་བསྐྱངས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་དང་དེའི་ལས་སྣེ་ལ་ཁྱོད་ཀྱིས། དཔང་རྟགས་སྣེ་གཅིག་སྟོན་རྒྱུ་མེད་པར། མུ་ཏིག་ཆུང་ཆུང་ཟེར་བའི་མིང་རྫུན་ཞིག་གི་འོག་ནས་༸རྒྱལ་བ་རིན་པོ་ཆེའི་སྐུ་སྲོག་བཀྲོངས་མཁན་ཡིན་པའི་སྙོན་འཛུགས་དང་། ༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་མནར་གཅོད་དང་སྡུག་པོ་གཏོང་མཁན་ཡིན་པར་ཧམ་བཤད་བྱེད་པ་འདི་༸རྒྱལ་བ་རིན་པོ་ཆེ་ལ་དད་ཆེ་ནས་རེད། བོད་རྒྱལ་ཁབ་དང་བོད་གཞུང་ལ་སྡང་ཆེ་ནས་རེད། དམངས་གཙོའི་གོ་རྟོགས་རེད། གྲོང་གསེབ་པའི་གླེན་རྟགས་རེད།
    ངས་བལྟས་ན། གཞན་དག་གང་ཡང་མ་རེད། སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བཏང་ཟེར་བ་དེ་རེད། དད་པ་དེའི་དབང་གིས། རྨོངས་ཞེན་དེའི་དབང་གིས། ཐ་ན་རང་གི་རྒྱལ་ཁབ་དང་མི་རིགས་ལ་ནག་པོ་བཟོ་བ་ལ་ཡ་ང་བག་ཚ་ཅི་ཡང་མེད་པ་རེད། ཁྱེད་རང་སོམ་དང། འདུ་ཤེས་འདི་ཅི་ཙམ་གྱི་ཉེན་ཆེན་པོ་རེད་མི་འདུག་གམ།

    ༢༽ ༸རྒྱལ་བ་ལྔ་པའི་བཀའ་ཤོག་ཐད། ངས་མདོ་སྟོད་སྨད་ཀྱི་ས་མཚམས་དེ་ཚོའི་གནས་སྟངས་དང་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ཤེས་པའི་ཆེད་དུ། ལྔ་པ་ཆེན་པོའི་གསུང་འབུམ་བཀླགས་པ་ཡིན། གསུང་འབུམ་ནང་ནས་མདོ་སྟོད་སྨད་དེ་ཚོ་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ཡིན་པའི་ཁུངས་སྐྱེལ་བརྟན་པོ་རག་གི་མི་འདུག སྙན་རྩོམ་དང་རྒྱལ་རབས། གདན་ཡིག གཞུང་ཆེན་གྱི་འགྲེལ་པ་སོགས་མང་པོ་འདུག སེམས་ནང་ལ་དེ་ཚོ་འབྲི་མཁན་ནི་མང་ཐག་ཆོད་ཡོད་པས་རྒྱལ་ཁབ་ཀྱི་དབུ་ཁྲིད་གཅིག་གིས་དམིགས་བསལ་ཤུགས་བསྐྱོན་དགོས་ས་རང་ཨེ་ཡིན་སྙམ། དེ་ལས་མདོ་སྟོད་སྨད་དེ་ཚོར་བཀའ་ཤོག་དང་བྱིན་རྟེན་མང་ཙམ་གནང་ཡོད་རོགས་བྱས་ན། དགའ་ལྡན་ཕོ་བྲང་ཟེར་དུས་དབུས་གཙང་དང་ཁམས་ཀྱི་ཆ་ཤས་ཙམ་ལ་མ་གཏོགས་ཁྱབ་མི་ཐུབ་པ་འདི་ཡོང་གི་མ་རེད་དྲན་བྱུང་། དེ་ངའི་དྲན་ཚུལ་རེད། ཁྱོད་ཚོ་ཅི་མཛད་ལེགས་མཐོང་ཚོར་དེ་འདྲའི་དྲན་ཚུལ་ཡོང་གི་མ་རེད།
    དེ་ནས་སོག་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་མི་རྒྱུད་དང་བཅས་པ་ལ་བོད་ཀྱི་རྒྱལ་པོའི་ཆོ་ལོ་གནང་། འདམ་གཞུང་སོགས་ལ་གང་འདོད་བྱེད་བཅུག་པ་ལ་བརྟེན་ནས་མཐའ་མ་དཀའ་ངལ་ག་ཚོད་འཕྲད་ཡོད་མེད་ལོ་རྒྱུས་ལ་གཟིགས་ན་མཁྱེན་གྱི་རེད། རྩ་བའི་ལྔ་པ་ཆེན་པོ་འདི་མི་རླབས་ཆེན་ཞིག་རེད།

    ༣༽ དེ་ནས་གཅིག་གིས་ཆོས་ཀྱི་སློབ་སྦྱོང་དེ་སློབ་སྦྱོང་ཡིན་མིན་དང་དེ་སྦྱོང་མཁན་བོད་མི་དཀྱུས་མ་ཡིན་མིན། ཕན་ཡོད་མེད་སོགས་དྲིས་འདུག སློབ་སྦྱོང་རེད། སྦྱོང་མཁན་ཕལ་ཆེ་བ་ཡང་བོད་མི་རེད། ཕན་ཡོད་མེད་ཐད། ཕན་པའི་ཆ་ཡོད་ལ་གནོད་པའི་ཆ་ཡང་ཡོད་རེད། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ངོས་ནས་བཤད་ན། ཆོས་ཀྱི་ཐོག་ལ་ཤུགས་རྒྱག་ཐལ་ཆེ་ཡོད། བོད་རྒྱལ་ཁབ་ཤོར་བའི་རྒྱུ་མཚན་གལ་ཆེ་གཅིག་ཆོས་ལ་ཤུགས་རྒྱལ་ཐལ་ཆེ་བ་དང་། སྲིད་ཕྱོགས་ཀྱི་སློབ་སྦྱོང་དང་སྐྱ་བོའི་ཤེས་ཡོན་ལ་དོ་སྣང་ཆུང་ཐལ་སོང་བ་དེ་རེད།

    ད་ཉལ་གྱི་ཡིན། སང་ཞོགས་བགྲོ་གླེང་ཞུས་ཆོག

    Reply
  30. གནས་ཚང་། says:
    ལོ་ 16 སྔོན།

    ད་རེས་ཁང་གསར་རྡོ་རྗེ་ལགས་ཀྱིས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག བག་ལེབ་གཅིག་རྔན་པ་སྟེར་འདོད་བྱུང་སོང་།

    Reply
  31. ལྷ་མོ། says:
    ལོ་ 16 སྔོན།

    དབྱིན་མིང་ཅན་ཀརྨ་རྡོ་རྗེ་ལགས།
    བེད་མེད་ཟེར་ན་གང་འདྲ་ཞིག་ལ་ཟེར་གྱི་རེད།
    ཕྲག་དོགས་མ་བྱེད་ལོ།

    རྒྱུ་མཚན་དང་གནས་ལུགས་མི་འགྲོ་ན་དྲ་ཚིགས་སུ་མཆན་འདེབས་བྱེད་པའི་ཐོབ་ཐང་མེད་ཅེས་བཤད་ན་ཆོག་གི་རེད།

    བསམ་བློ་གང་འདྲ་ཞིག་བཏང་རྗེས་བེད་མེད་ཡིན་པ་ཐག་ཆོད་སོང་།

    Reply
  32. karma dorje says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱི་སྲུང་མའི་སྐོར་གྱི་འབྲི་རྩོམ་འདི་ནི་བེད་མེད་སྟོང་བཤད་ཅིག་རེད་འདུག

    Reply
  33. ལྷ་མོ། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས། འཇིགས་བྲལ་བསྟན་འཛིན་ཟེར་བ་འདིས་ཁྱོད་ལ་དོན་ཚན་དྲུག་བཏོན་འདུག ཁྱོད་ཚོ་ཁ་རུབ་ཀྱིས་བཙན་བྱོལ་སྤྱི་ཚོགས་འདི་རྦད་དེ་དཀྲུགས་འདོད་ཡོད་པ་འདྲ། ཡིན་ནའང་སྟོང་སེམས་མ་འཆང་ལོ། ད་དུང་ཁྱོད་ཚོས་བཀའ་ཁྲི་ཟམ་གདོང་གི་ཚིག་གཅིག་གི་འགྲེལ་བཤད་ཀྱི་སྣ་བརྟན་གྱི་མ་རེད།

    Reply
  34. རིན་ཆེན་རིལ་བུ། says:
    ལོ་ 16 སྔོན།

    ཁང་གསར་ཚང་གི་སྒོར་ཁུག་ཁྱི་སྤྱང་གིས་འཐེན་རྒྱང་བྱེད་ཀྱིན་འདུག།

    Reply
  35. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ༤ ཁང་གསར་རྡོ་རྗེ་ལགས་ཀྱིས་། ང་ཚོས་སེམས་ནང་འདི་ཁྱད་མཚར་དྲན་ནའང་ཅི་མཛད་ལེགས་མཐོང་བྱེད་དགོས་ཞེས་མནན་གྱིན་ཡོད། ངའི་ལྟ་སྟངས་ལྟར་ན་དེ་ཚོ་དད་གུས་མ་རེད། ཅེས་བཤད་པ་འདི་དོན་དངོས་རེད། རྡ་སའི་ཆབ་སྲིད་པ་ཚོས་མི་མང་གི་མདུན་དུ་མཐོང་ཆེན་ཐོབ་ཐབས་དང་། གོ་གནས་བརྟན་སྲུང་ཆེད་ཤེས་རབ་ཅན་དག་གི་མགོར་༸གོང་ས་མཆོག་བེད་སྤྱོད་བྱས་ཏེ་རང་སེམས་ཀྱི་སྐད་ཆ་དྲང་མོ་ཤོད་མི་ཕོད་པ་ཞིག་བཟོས་ཏེ་མནན་གྱི་ཡོད། ཡིན་ནའང་ཁྱོད་རང་གིས་དེ་སྔོན་བཤད་པ་བཞིན་མནན་ཐུབ་ཀྱང་སྦས་ཐུབ་པ་ཞིག་མ་རེད། དེ་བཞིན་སྤྱི་འཐུས་ནང་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཡིན་མདོག་བྱས་ཏེ་སྡོད་མཁན་སྐོར་ཅིག་ཡོད། དོན་ངོ་མར་བོད་དོན་གནས་ཚུལ་གང་བྱུང་བཞིན་པ་མི་ཤེས་མཁན་སྐོར་ཅིག་ཡོད། དོན་དངོས་འདི་ཚོ་གླེང་སློང་མང་ཙམ་བྱེད་པ་བརྒྱུད་ཐེར་འདོན་བྱེད་འཆར་ཡོད་ལ་ང་ཚོ་ཚང་མས་འབད་པ་མཉམ་རུབ་བྱེད་དགོས་པ་རེད་སྙམ། གཞན་༸གོང་ས་མཆོག་གིས་ཀྱང་ང་མེད་པ་ནང་བཞིན་ལས་ཀ་བྱོས་གསུངས་ཀྱི་ཡོད། ཡིན་ནའང་འདི་ལོའི་ཉན་ཞིབ་སྐབས་ལྟ་བུ་ལ་བཀའ་ཁྲིས་༸གོང་ས་མཆོག་གི་དགོངས་པ་ཡིན་པ་རྭ་སྤྲོད་བྱེད་པ་དེ་འགྲིག་པ་ཞིག་རེད། ཡིན་ནའང་མཇུག་མཐར་བཀའ་ཁྲིས་༸གོང་ས་མཆོག་གི་སྐུ་དབང་ལེན་གྱི་ཡིན་ནམ་ཟེར་བ་ལྟ་བུའི་སྐེ་བཙིར་གྱི་བྱེད་སྟངས་དེ་མང་ཚོགས་ཀྱི་མདུན་དུ་བྱས་པ་རེད། འཁྲབ་སྟོན་འདིའི་མཇུག་ཏུ་༸གོང་ས་མཆོག་གིས་གང་གསུངས་ཀྱི་རེད། དེ་ནི་ད་ལྟ་དྲི་བ་རེད། འདི་ནི་ང་ལྟ་བུའི་མི་མང་པོ་ཞིག་གི་སེམས་ལ་ཡོད་པའི་དྲི་བ་རེད། འདིའི་ཐད་ཁང་གསར་རྡོ་རྗེ་ཁྱོད་རང་ལ་བསམ་ཚུལ་གང་ཡོད།
    ༥ ཁང་གསར་རྡོ་རྗེ་ལགས་ཀྱིས་། ༸རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་ཐོག་འདིར་གནད་དོན་གང་ལའང་བློ་རྒྱ་ཆེན་པོས་སྦྱང་བཤད་བྱས། ཐབས་ལམ་གང་ལའང་བསམ་བློ་བཏང་སྟེ། མང་ཚོགས་རང་གིས་འགན་འཁྱེར་ཐུབ་པའི་གནས་སྟངས་ཤིག་ཏུ་འཁྲིད་དགོས་པ་དེ། བོད་དོན་འཐབ་རྩོད་ཀྱི་དགོས་མཁོ་རེད་ལ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་གལ་ཆེ་ཤོས་ཤིག་རེད། དེར་བརྟེན། རྟག་པར་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ཏུ་འབབ་ཐབས་བྱེད་པ་འདི་མངོན་ཤེས་ལྟ་ཅི་རྗེས་དཔག་ཙམ་ཡང་མེད་པའི་སྲུང་མ་ཐ་ཆད་ཀྱི་བྱེད་སྟངས་རེད། ཟེར་བ་འདི་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། རེ་བར་འདིའི་སྐོར་ལ་རྩོམ་ཡིག་མང་ཙམ་འབྲི་རོགས་ཅེས་སེམས་གཏིང་ནས་སྐུལ་མ་ཞུ་བ་ཡིན།
    ༦ ཁང་གསར་རྡོ་རྗེ་ལགས་ཀྱིས་། དངོས་གནས་བྱས་ན། ངེད་ཅག་བོད་ཀྱི་ཡུལ་མི་ཞིག་ཡིན་པའི་ཆ་ནས། བོད་གཞུང་དང་བོད་རྒྱལ་ཁབ་ཅེས་པ་དེ་བླ་མ་གཅིག་གི་གོང་ལ་འཇོག་དགོས་པ་རེད། ཅེས་པ་དེ་ཁང་གསར་རྡོ་རྗེ་ཁྱོད་ཀྱི་སྙིང་གཏམ་ཡིན་གྱི་རེད་བསམ་གྱི་འདུག་ལ། བསམ་ཚུལ་འདི་ནི་ཁྱོད་ཀྱིས་སྤེལ་བའི་ཚིག་བརྗོད་ཡོངས་ཀྱི་ནང་ནས་གལ་ཆེ་ཤོས་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གཞུང་དང་རྒྱལ་ཁབ་ཀྱི་ཆེད་དུ་གལ་ལ་ཐུག་ན་རང་གི་ཆུང་མ་དང་། ཕ་མ། བླ་མ་སུ་ཡིན་ཡང་ཐེ་ཚོམ་མེད་པར་བློས་གཏོང་ཐུབ་དགོས་པ་དེ་གཞུང་དང་རྒྱལ་ཁབ་གལ་ཆེར་བལྟ་མཁན་ཚོས་ངེས་པར་ལག་བསྟར་བྱེད་དགོས་ཀྱི་རེད་སེམས་ཀྱི་ཡོད་ལ། ང་རང་གི་ངོས་ནས་དེའི་ཐད་གྲ་སྒྲིག་གང་འཚམས་ཡོད་སྙམ་པའི་སྤོབས་པ་ཡོད། དེར་བརྟེན་དེ་རིང་ང་བློ་མཐུན་ཁང་གསར་རྡོ་རྗེ་ལགས་ཟེར་འདོད་བྱུང་།

    Reply
  36. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས། གནད་ཆེ་ས་ནས་གླེང་བའི་བསམ་ཚུལ་དེ་དག་མཐུད་སྤེལ་རོགས།
    ཁང་གསར་རྡོ་རྗེ་ལགས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་སྲུང་མ་མཆན་ལན་དང་བཅས་པ་ཞིབ་བཀླགས་བྱས་རྗེས་གླེང་མོལ་བྱེད་རྒྱུར།
    ༡ ཁང་གསར་རྡོ་རྗེ་ལགས་ཀྱིས་། ཁོང་གིས་དམངས་གཙོ་གསོལ་རས་གནང་བ་རེད། ཁོང་བླ་ན་མེད་པ་རེད། དེའི་དགོངས་པ་དང་མི་མཐུན་པ་སྨྲས་ན་མི་རིགས་ཀྱི་ཞབས་འདྲེན་རེད། ངོས་ལེན་མེད། ངོ་རྒོལ་ཡོད་ཟེར་གྱི་ཡོད་རེད། སྐད་ཆ་འདི་འདྲ་བཤད་དེ་ང་ཚོ་རྡོག་རྡོག་བཟོི་ཐུབ་ན། སྐད་ཆ་འདི་ག་རང་གིས་ང་ཚོ་དུམ་བུ་མང་པོར་གཏོང་ཐུབ་ཀྱི་རེད། ཅེས་པའི་ཐད་ཕྲན་གྱི་བསམ་ཚུལ་ལ། ཚིག་དུམ་འདི་མཐོང་ཡོང་དུས་གནས་ཚུལ་དངོས་གང་ཡིན་མི་ཤེས་པར་ཡིད་ཆེས་བྱེད་པའི་བོད་པའི་མང་ཚོགས་ཀྱི་སྤྱོད་ཚུལ་དེ་རེད། སྐད་ཆ་འདི་རིགས་ཤོད་མཁན་ཚོས་མང་ཚོགས་གང་ཡང་མི་ཤེས་མཁན་ཚོ་བེད་སྤྱོད་ཀྱི་ཡོད། དེར་བརྟེན་མང་གཙོ་ཡོང་དགོས་ན་མི་མང་ལ་གོ་རྟོགས་གནད་སྨིན་སྤེལ་དགོས་པ་དེ་དྲན་ཡོང་གི་འདུག དེ་བཞིན་བྱེད་ཚུལ་འདིས་མི་མང་ནང་ཤེས་རབ་ཅན་གྱི་ལུས་པོ་མནན་ཐུབ་ཀྱི་རེད། སེམས་པ་མནན་ཐུབ་ཀྱི་མ་རེད། དེར་བརྟེན་རྡོག་རྡོག་ཟེར་བ་དེ་རྡོག་རྩ་གཅིག་སྒྲིལ་ལ་ཟེར་གྱི་ཡོད་ན་དེ་བཟོ་ཐུབ་ཀྱི་མ་རེད། ཡིན་ནའང་བྱེད་སྟངས་འདི་ག་རང་གིས་ཤེས་རབ་ཅན་དག་ཡི་ག་ལོག་སྟེ་སྤྱི་སེམས་ཉམས་པ་དང་ཐ་ན་བོད་ནང་ཁུལ་དུམ་བུར་གཏོང་གི་རེད། མ་ཟད་བྱེད་སྟངས་དེ་རིགས་ལོ་རྒྱུས་ཡིག་ཚང་ནང་འཁོད་པ་ཡིན་ན་བྱེད་མཁན་དེར་མ་འོངས་མི་རབས་ཚོས་བཟོད་སྒོམ་གཏན་ནས་བྱེད་ཀྱི་མ་རེད། ཡང་རྡོག་རྡོག་ཟེར་བ་འཁུམ་པར་བྱེད་པ་ལ་གོ་གི་ཡོད་ན་འཇོམས་པའི་འོག་ཏུ་འཁུམ་རྒྱུ་ཡིན་སྟབས་བདེན་པ་རེད།
    ༢ ཁང་གསར་རྡོ་རྗེ་ལགས་ཀྱིས་། ལོ་བརྒྱ་ཕྲག་མུན་འཐོམ་དུ་བཞག་པའི་མི་རིགས་ཤིག་ལ་ལོ་ཁ་ཤས་ནང་༸རྒྱལ་ཁབ་ཀྱི་འགན་ལེན་པར་ཤོག་ཟེར་ན་ཁག་པོ་ལོས་བྱེད། ཅེས་པ་དེ་ཇི་བཞིན་ཁས་ལེན་བྱེད་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན་ལོ་བརྒྱ་ཕྲག་མུན་འཐོམ་དུ་ཤེས་བཞིན་བཞག་པ་མིན་པར་འགོ་ལུས་ཡོངས་མུན་འཐོམ་དུ་ལུས་འདུག་སྙམ། དེ་ཡང་གཙོ་བོ་བོད་རང་དུ་དར་པའི་བསམ་བློའི་གཞུང་ལུགས་ཀྱིས་ཚིམས་ཏེ་གསར་དར་རིག་གསར་ལ་དོ་སྣང་བྱེད་མ་ཐུབ་པ་དང་། དེ་བཞིན་ནང་ཁུལ་གྱི་འཐབ་རྩོད་ལ་མགོ་འཐོམ་ནས་ལུས་འདུག་སྙམ། བར་སྐབས་རྗེས་སུ་ལུས་ཡོད་པ་ཤེས་རྟོགས་བྱུང་ནས་བསྒྱུར་བཅོས་བྱེད་ཐབས་དང་། བོད་ཁམས་ཡོངས་གཞུང་གི་འབངས་ཞབས་སུ་འཇུག་ཐབས་བྱས་པ་དེ་དག་བོད་ཀྱི་སྐུ་དྲག་ཚོའི་བསམ་བློའི་ནང་ཆུན་ཐུབ་མི་འདུག འདི་དག་རྗེས་ལུས་ཀྱི་སྤྱོད་ཚུལ་ཡིན་མིན་ལ་རྩོད་པ་མེད་ཀྱང་དགའ་ལྡན་ཕོ་བྲང་པས་ཤེས་བཞིན་མུན་འཐོམ་དུ་བཞག་པར་ངོས་ལེན་བྱེད་ཐུབ་པ་མི་འདུག་སྙམ། དེ་བཞིན་༸གོང་ས་མཆོག་གིས་ཨུ་ཚུགས་ངང་བཙན་བྱོལ་བོད་མི་ཚོ་མང་གཙོའི་ལམ་དུ་བསྐྱོད་བཅུག་ན་ཡང་ཆབ་དཔལ་རིག་གསུམ་གྱི་གནས་སྟངས་སྐྱོ་པོའི་འོག་བཙན་བྱོལ་གྱི་དུས་ཡུན་མི་ལོ་ལྔ་བཅུའི་ནང་བོད་མི་ཚོར་ཆབ་སྲིད་ཀྱི་ཐོག་ནས་གཞུང་ལ་ཤ་ཞེན་དང་། ལྷག་པར་ཁོང་གིས་གཅེས་སྐྱོང་འོག་ཆིག་སྒྲིལ་བྱུང་བ་ལས། བཙན་བྱོལ་བོད་མི་ཚོ་རང་ས་ནས་ཆབ་སྲིད་ཀྱི་གོ་རྟོགས་ཡག་པོ་ཞིག་སད་ཐུབ་མི་འདུག དེ་ལ་རྒྱུ་རྐྱེན་གསུམ་འདུག་སྙམ། ༡ སྔར་གྱི་གཞུང་ལ་ཐེ་བྱུས་མི་བྱེད་པའི་ལམ་སྲོལ་རྒྱུན་འཇགས་གཤིས་ཀ་དང་། ༢ བཙན་བྱོལ་གཞུང་གིས་མང་ཚོགས་ལ་ཆབ་སྲིད་གོ་རྟོགས་སྤེལ་བའི་མ་འདང་པས་འགན་ཁུར་གྱི་འདུ་ཤེས་སྐྱོ་བ། ༣ གནས་ཚང་གི་རང་དབང་འོག་སྡུག་བསྔལ་མིག་མཐོང་དང་རང་མྱོང་མ་བྱུང་བ་བཅས་རེད་འདུག་སྙམ། འདི་ཡང་ལོ་རྒྱུས་ཀྱི་སྐྱོ་གནས་ཤིག་མ་རེད་རྩ་བ་ནས་ཟེར་མི་ཐུབ། ཡིན་ནའང་ད་ལྟ་ང་ཚོ་འདི་ལྟར་གླེང་བཞིན་པ་འདི་ཡང་རྒྱལ་ཁབ་ལ་འགན་ལེན་གྱི་བཀའ་མོལ་ཞིག་ཡིན་པས་ཡར་རྒྱས་འགྲོ་བཞིན་འདུག
    ༣ ཁང་གསར་རྡོ་རྗེ་ལགས་ཀྱིས་། རྒྱ་གར་དང་ཨ་རི། ཁེ་ཎ་ཌ་སོགས་ཚད་ལྡན་གྱི་དམངས་གཙོའི་རྒྱལ་ཁབ་ནང་། ཐད་ཀར་སྲིད་འཛིན་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་འདུག འདི་ལ་ཞིབ་ཏུ་བསམས་ཤེས་ན། དངོས་གནས་ཀྱི་དམངས་གཙོའི་གནས་ཚད་དུ་སླེབས་ཡོད་མེད་ཀྱི་ཚད་གཞི་ཞིག་མཐོང་གི་རེད། ཅེས་པ་འདི་དོན་དངོས་རེད། ཡིན་ནའང་བོད་སྤྱིའི་རྩ་དོན་གྱི་ཆེད་དུ་གནས་བབ་གང་འདྲ་ཞིག་གི་ལམ་ནས་འགྲོ་འདུག་བྱེད་དགོས་པ་དང་། དོན་དངོས་ལ་གང་བྱེད་དགོས་པ་སོགས་ལ་བསམ་ཤེས་མི་ཐུབ་ལ། དད་འདུན་ཡིད་ཆེས་བྱེད་པའི་བོད་པའི་མང་ཚོགས་ཀྱིས་ཁེངས་པའི་སྤྱི་ཚོགས་ནང་མི་རབས་བརྗེས་ཏེ་མང་གཙོ་འདི་གང་འཚམས་ཡར་རྒྱས་སོང་ཡོད་པར་བརྗོད་ཆོག ཡིན་ནའང་མང་ཚོགས་ལ་མང་གཙོའི་གཞི་རྩའི་བསམ་བློ་༼བདག་དོན་༽མེད་པ་དེས་མང་གཙོའི་ལག་ལེན་དེ་ཆོ་ག་ཕྱག་ལེན་དུ་གྱུར་ཏེ་ ང་ཚོའི་མང་གཙོ་ལ་ཕམ་ཉེས་བྱུང་ཡོད། ཡིན་ནའང་ཕམ་ཉེས་ངོས་ཟིན་ཏེ་ཁེ་ཕན་འདིའི་ཆེད་དུ་ང་ཚོས་དེ་རིང་གི་གཏམ་བརྗོད་འདི་སྤེལ་བཞིན་ཡོད་པ་རེད། འདི་ཡང་དོན་དངོས་རེད། ཁྱོད་ལ་མང་གཙོ་ཚད་ལྡན་ཡིན་སུས་ཟེར་གྱི་འདུག་ན་རྫུན་མ་རེད།

    Reply
  37. བདེན་པའི་གཅེར་བུ་མ། says:
    ལོ་ 16 སྔོན།

    ཁང་གསར་ལགས་ལ་རྟེན་འབྲེལ་ཞུ། རྩོམ་ཡིག་རང་གཤིས་ཅན་ཞིག་འཁྱོངས་འདུག། མཆན་ཞབས་པ་མང་དག་ཅིག་གི་རང་བློ་སྦུག་འཐོམས་སུ་གནས་དྲགས་ཤིང་། དོན་གྱི་གནད་དང་མིག་སྔའི་དངོས་ཡོད་ཕར་བཞག་ནས་དངོས་མེད་ཀྱི་འུར་ལངས་ཤིང་། གདོང་གང་ལ་གཏད་སའི་ཆབ་དཔལ་རིག་གསུམ་གྱི་གནས་བབ་ཅམ་གྱིས་བཞག་ཏེ། ཅིག་དག་སྣང་གི་ལྟ་ཚུལ་འདྲ་འདྲ། ཡང་ན་དོན་མེད་ཀྱི་སྒྲོ་སྐུར་རེ་བཟོས་ནས་ཕ་རོལ་བོ་གཏན་དུ་གཞོམ་པར་བརྩོན་པ་འདྲ་འདྲ་དག་གི་སྟེང་དུ་གནས་འདུག་པས། འགན་འཁུར་མེད་པའི་འུར་སྐྱ་དག་ལ་ནམ་ཡང་རྣ་བ་མ་གཏོད་རོགས། བདེན་པ་ནི་ནམ་ཡང་བདེན་པ་རང་ཡིན།

    Reply
  38. མེ་འོད། says:
    ལོ་ 16 སྔོན།

    ངས་ཁང་གསར་གྱི་རྩོམ་ཡིག་གི་ཐོག་མཐའ་བར་གསུམ་དང་ཕྱི་ནང་གསང་གསུམ་ན་༸གོང་ས་མཆོག་གི་ཐུགས་དགོངས་དང་འགལ་བའི་རིགས། ཁོང་ལ་ངོ་རྒོལ་བྱེད་ཀི་ཡོད་པའི་གོ་བ་ཞིག་རྙེད་ཀི་མི་འདུག
    ༸གོང་ས་མཆོག་གིས་ཀྱང་ཅི་མཛད་ལེགས་པར་མཐོང་བས་མོས་གུས་བགྱིད་ཟེར་བ་འདི་ཚོ་ཏག་ཏག་ཅིག་བསྡད་ཨེ་ཡོད་གསུངས་ཡོད་པ་རེད།ཤཀྱཱ་ཐུབ་པའི་བསྟན་པའི་ཁྱད་ཆོས་གཞན་ནི་བསྲེག་བཅད་བརྡརགསུམ་གྱི་བྱས་ཆོག་པ་འདི་རེད་གསུངས་ཡོད་ཀི། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་བ་འདི་ལ་ཁོང་གིས་གདེང་འཇོག་ཚད་མེད་གནང་གི། དེ་བས་ཁང་གསར་གྱི་རྩོམ་འདི་༸གོང་ས་མཆོག་གི་ཐུགས་དགོངས་དང་འགལ་འདུགབསམ་མཁན་ཚོས་འགལ་ལུགས་འགལ་ཚུལ་ཞིག་གསུང་ན་གསལ་བོ་ཆགས་ཀི་རེད།
    མ་གཞི་ང་ཚོའ་སྤྱི་ཚོགས།་བསམ་བློ་གསར་བ་དང་ལངས་ཕྱོགས་བརྟན་པོ། སྒེར་ཚུགས་ཅན་འདི་འདྲ་གལ་ཆེན་པོ་རེད།

    Reply
  39. karma dorje says:
    ལོ་ 16 སྔོན།

    ཁང་གསརག་གྱིས། ་་་འདིའི་ཕུགས་དེད་ན་༸རྒྱལ་ བ་སྐུ་ཕྲེང་ལྔ་པ་ནས་བརྩིས་པའི་བོད་ཀྱི་དབུ་ཁྲིད་དང་ལས་སྣེ་ཚོས། བསམ་བཞིན་དུའང་བསམ་བཞིན་ མ་ཡིན་པར། བོད་མི་དམངས་རྣམས་མུན་འཐོམ་དུ་བཞག་པ་དང་འབྲེལ་བ་ཡོད་པ་དེ་ཡང་དོན་དངོས་ རེད།་་་ ཅེས་པ་འདི་ནི། རང་ཚིག་སྔ་ཕྱི་འགལ་བ་རེད། དང་པོ་བསམ་བཞིན་དུ་མ་ཡིན་པ་དངོས་པོའི་གནས་ཚོད་རེད། གཉིས་པ་བསམ་བཞིན་མ་ཡིན་པར་ཡིན་ན། དེ་ལྟར་ཆགས་པ་ཡིན་སྲིད་ཀྱང་། བཞག་པ་མ་རེད།

    Reply
  40. གནམ་ལྕགས། says:
    ལོ་ 16 སྔོན།

    རང་བཙན་གཙང་མ་ལགས། དེའི་སྐོར་རྒྱལ་དབང་སྐུ་ཕྲེང་བཞི་བའི་རྣམ་ཐར་ཀློག་དང་ཁྱོད་ལ་གསལ་བོ་ཆགས་ངེས་ཤིང་། དེའི་སྐོར་གྱི་གནས་ཚུལ་མང་བོ་ཞིག《དུ་ཀུ་ལའི་གོས་བཟང་》དུ་ཡང་གང་འཚམ་ཞིག་གསལ། ཡིན་ནའང་སོག་པོས་བོད་ཁམས་དབང་དུ་བསྡུས་པ་དང་བོད་སྡེ་བ་གཞུང་གི་མགོར་སྡུག་ཕབ་པ་ནི་གསལ་བོ་ཡིན། དེའི་ལན་པ་དེ་ལྔ་བ་ཆེན་མོར་འབབ་མིན་མི་ཤེས།

    Reply
  41. རང་བཙན་གཙང་མ། says:
    ལོ་ 16 སྔོན།

    འདི་ཚོ་མགོ་ཚོས་པ་བྱེད་ས་འདུག་གམ། ཟེར་བ་དེ་མགོ་མ་ཚོས་པ་བྱེད་ས་འདུག་གམ་ཞེས་པ་ལ་བཅོས་རོགས།

    Reply
  42. རང་བཙན་གཙང་མ། says:
    ལོ་ 16 སྔོན།

    མུ་ཏིག་ཆུང་ཆུང་གིས་དགའ་ལྡན་ཕོ་བྲང་གིས་གཅིག་མ་འགྲིག་པ་སོགས་གཏམ་འཆལ་བཤད་པ་དེ་ལ་ཁང་གསར་གྱིས་ལན་ཡག་པོ་བརྒྱབ་འདུག

    ངས་ནི་ཁང་གསར་གྱི་སྐད་ཆ་གོ་སོང་། ཁང་གསར་༸རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་ཟེར། བོད་རྒྱལ་ཁབ་དང་གཞུང་དེ་བོད་ཀྱི་ཡུལ་མི་ཡིན་པའི་ཆ་ནས་བླ་མ་ལས་གལ་ཆེ་ཟེར། ཡེ་ཤེས་དབྱིངས་དཔྱད་ལ་བབས་པ་དེ་ཡང་འགངས་ཆེན་རེད་ཟེར། བབས་སྟངས་དེ་ཡག་པོ་བྱུང་མ་སོང་ཟེར། བོད་མིས་ད་ལྟ་འགན་འཁྱེར་ཐུབ་ཀྱི་མེད་ཟེར། འགན་འཁྱེར་མ་ཐུབ་པ་དེ་ལ་ཁག་མེད། ལོ་བརྒྱ་ཕྲག་ཁ་ཤས་རིང་བོད་ཀྱི་དབུ་ཁྲིད་དང་གཞུང་གིས་སློབ་སྦྱོང་མ་སྤྲད་པར་བཞག་པ་རེད་ཟེར། འདི་ཚོ་མགོ་ཚོས་པ་བྱེད་ས་འདུག་གམ། ཆོ་མེད་པ་རང་རེད།

    ང་རང་གིས་གཅིག་མགོ་ཚོས་མ་སོང་། དེ་སྐད་ཆ་འདྲི་རྒྱུ་ཡིན། དེ་ཡང་དངོས་གནས་མ་ཤེས་པར་དྲིས་པ་ཡིན། ཁང་གསར་གྱིས་༸རྒྱལ་དབང་སྐུ་ཕྲེང་ལྔ་པས་བཀའ་ཤོག་མ་གནང་བ་དང་སོག་པོ་ལ་དབང་ཆ་སྤྲད་པ་ཟེར་བ་ཞིག་བྲིས་འདུག དེ་ག་རེ་ཟེར་གྱི་ཡོད། དེ་གསལ་པོ་གསུངས་རོགས་གནང་།

    Reply
  43. Sopa Lhatse says:
    ལོ་ 16 སྔོན།

    ཁང་རྡོར་ཁྱེད་ལ་དྲི་བ་འགའ་ཡོད་པས་དོན་དམ་གྱི་ལན་རེ་མཁོ། ཆོས་ཀྱི་སློབ་སྦྱོང་། སློབ་སྦྱོང་ཡིན་ནམ་མིན། གདན་ས་ཆེན་མོ་བཞི་མཚོན་བོད་ཀྱི་དགོན་པ་དག་ཏུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་རྣམས་བོད་མི་དཀྱུས་མ་མ་ཡིན་ནམ་མིན། བོད་ཕྲུག་དེ་དག་ལ་སློབ་སྦྱོང་དེ་ཡིས་ཕན་པ་ཡོད་པ་ཡིན་ནམ་མིན། འོ་ན་དགོན་པ་དེ་དག་59གོང་ནས་རྒྱལ་བ་རིན་པོ་ཆེའི་དབུ་འཁྲིད་པའི་བོད་གཞུང་དགེ་ལྡན་ཕོ་བྲང་གི་དབུ་འོག་ཏུ་མེད་པ་རྒྱ་དམར་བཤད་པ་ཇི་བཞིན་རྒྱ་དམར་གྱི་འོག་ལ་ཡོད་པ་ཡིན་ནམ་མིན།

    Reply
  44. གནམ་ལྕགས། says:
    ལོ་ 16 སྔོན།

    ད་ཐེངས་ཀྱི་ཁང་གསར་བའི་རྩོམ་ཡིག་འདིའི་ཐད་ལ་ལྟ་ཚུལ་རིན་ཐང་ལྡན་པ་ཞིག་འབུལ་མཁན་ནི་རི་བོང་རྭ་རུ་གྱུར་འདུག ངས་བལྟས་ན་མཆན་བུ་ཇི་ལྟར་མང་བ་དེ་ཚང་མ་བསྐྱར་བཤད་ཡང་བཤད་ཤ་སྟག་རེད། དེ་ལྟར་སོང་ན་ཡར་རྒྱས་ཀྱི་རྩ་བ་ཚུགས་མི་ཐུབ།

    འདི་མུར་སོང་ན་ཚིག་རྩུབ་དང་འཕྱ་དམོད། ཟུར་ཟ་དང་དམའ་འབེབས་ཇེ་མང་ཇེ་མང་དུ་འགྲོ་ཡི་འདུག་པས། དགོས་པ་དང་རྒྱུ་མཚན་གང་ཡང་མ་མཐོང་། མི་དང་མིའི་བསམ་ཚུལ་ཐད་རང་ཉིད་ཀྱིས་ཀྱང་ལྟ་ཚུལ་འདོན་ཆོག་ཀྱང་། མ་ཉེས་ཁ་གཡོག་དང་དོན་མེད་འཆལ་གཏམ་སྨྲས་ན་དེ་ནི་སྤྱི་ཚོགས་ཀྱི་ཕུང་འདྲེའོ།།

    བདག་ལ་མཚོན་ན་ཁང་གསར་རྡོ་རྗེ་ལ་གདེང་འཇོག་གང་འཚམས་ཡོད་པ་ཞིག་ཡིན། ཁོང་གིས་རང་གོས་བཏོན་པའི་བསམ་ཚུལ་གྱི་མཐའ་འཁྱོངས་ཀྱི་འདུག དེ་ནི་རང་རེར་མཚོན་ན་ཅུང་ཚད་ལྡན་གྱི་གྲལ་དུ་འཇོག་དགོས་པ་རེད། ཁོས་དུས་ནམ་ཡང་མི་སུ་ཡི་ཟིན་བྲིས་སོགས་སུ་མཆན་དང་རྩོམ་ཡིག་བྲིས་ཀྱང་། ཚགས་ཚུད་དང་། བསམ་གཞིག་གི་རིན་ཐང་ཡོད་པ་ཤ་སྟག་འབྲི་བ་ནི་དྲ་ངོས་འདིའི་བློ་གཟུ་བོར་གནས་པའི་དྲ་གྲོགས་རྣམས་ཀྱིས་མཁྱེན་གསལ་ལྟར་ཡིན། དེའི་སྟབས་ཀྱིུས་ཁོང་གི་བསམ་ཚུལ་སོགས་ལ་མི་དགྱེས་པའི་མི་རེ་འགའ་ཡང་འབྱུང་སྲིད་པ་ནི་ཆོས་ཉིད་ཡིན།

    གང་ལྟར་གོང་གི་རྩོམ་ཡིག་འདི་ལ་བསམ་ཚུལ་འབུལ་ཐུབ་ན་དེ་ལྟར་དང་། གལ་སྲིད་བསམ་ཚུལ་མ་ཡིན་པར་དོན་མེད་དུ་སྡིགས་མོ་བྱེད་པ་དག་ནི་མ་ལེགས་སོ།།

    Reply
  45. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    “སྤྱིར་བཏང་དེང་གི་གནས་སྟངས་ཐོག་ནས་བལྟས་ན། ཡེ་ཤེས་དབྱིངས་དཔྱད་ཐོག་ལ་བབས་ན་ཁེ་ཕན་ཆེ་ཤོས་ཡིན་པ་དེར་མོས་མཐུན་བྱེད་ཀྱི་ཡོད། དེའི་ཐད་དགོས་མཁོ་བྱུང་ན་ཟིན་བྲིས་གཞན་ཞིག་སྤེལ་ན་དྲན་བཞིན་ཡོད།”འདི་ཁང་སར་ཁྱེད་རང་གི་སྐད་ཆ་རེད། འོ་ན་ད་ཁྱེད་ལ་འདོད་པ་མ་ཁེངས་ས་དང་སྐྱོན་བརྗོད་འདོདོ་ས་ག་རེ་ཡོད་དམ། མི་གཞན་པ་ཚོས་ཀྱང་འདི་ལ་རྒྱབ་སྐྱོར་དང་མོས་མཐུན་བྱེད་ཀྱི་ཡོད་པ་རེད། དེ་ལ་ཁྱེད་ཀྱིས་༧རྒྱལ་བ་རིན་པོ་ཆེའི་སྲུང་མ་ཟེར་ན་ཟུར་ཟ་ག་ཚོད་བྱས་འདུག ཁྱེད་ལ་ཁ་ཕྱོགས་གེ་མི་འདུག ང་མོས་མཐུན་ཡོད་ཟེར་གི་ཟེར་གི་ལ་ཁ་ནས་ཟུར་ཟ་བྱེད་པ་དེར་གོ་བ་ལེན་ཤེས་མ་སོང་།
    ག་རེ་བཤད་འདོད་པ་བརྡ་འཕྲོད་པོ་འབྲི་བ་ཁང་སར་གྱི་ཁྱད་ཆོས་བཟང་པོ་ཞིག་ལ་བརྩི་གི་ཡོད། འོན་གང་བཤད་པར་ཕུགས་ཐུབ་ཀྱི་ཁ་ཕྱོགས་དང་ལེན་རིན་ཡོད་པིའ་ནང་དོན་མེད་པ་ཁྱེད་རང་གི་འཕང་པོ་རེད།
    མི་ཁ་ཤས་ཀྱིས་ཁྱེད་ཀྱི་ཟིན་བྲིས་ཀྱི་ཚིག་རས་ལ་ལྟོས་ནས་ཤེས་ཡོན་ཅན་ཆེན་པོ་ཞིག་རེད་མདོག་མདོག་གི་བསྟོད་བསྔགས་བྱེད་ཀྱི་འདུག་མོད། ང་ནོར་མེད་ན་དེ་འདྲ་མ་ཡིན་པར་སྤྱི་བཏང་ཡིག་རྩ་ཡག་པོ་ཡོད་པ་ལ། ཆབ་སྲིད་སོགས་ཀྱི་ཐོག་གདེངས་འཇོག་བྱེད་རིན་ཡོད་པའི་ཁ་ཕྱོགས་དང་བསམ་ཚུལ་གང་ཡང་མེད་མི་ཞིག་རེད། ལྷག་པར་དུ་གང་འདོད་བྲིས་ནས་མི་གཞན་གྱི་སེམས་དྲི་བ་མང་པོ་བསླངས། གནད་ལ་ཐུག་པའི་དྲི་བ་དྲིས་ཚེ་ལན་མེད་པར་ཁ་ཕྱོགས་མེད་པར་རླུང་སྟོན་སྟངས་དང་འཕྱ་དམོད་བྱེད་ཁུལ་ལ་ལྟོས་ན་ཁ་བརྡ་བྱེད་རིན་ཡོད་མི་ཞིག་མ་རེད། རླུང་བསྟན་པ་ལས་ད་བར་དུ་ཁྱེད་ཀྱིས་གནད་འགག་ཡོད་པའི་དྲི་བ་གཅིག་ལའང་ལན་བཏབ་མ་སོང་། མཐའ་མ་འདི་ནས་ངས་ཁྱེད་ལ་ལན་འདེབས་རེས་བྱེད་མཚམས་རྦད་དེ་བཞག་པ་ཡིན།
    མཐའ་མ་ཁང་སར་བཤད་རྒྱུར། ཐེངས་རྗེས་མར་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་དུ་འཇུག་དགོས་མདོག་མདོག་གི་ཉོག་རྩོམ་འདི་འདྲ་མི་འབྲི་བར། ཐད་ཀར་༧གོང་མཆོག་གི་དབུ་མའི་ལམ་ལྟ་བུ་གང་ལྟར་ཁོང་གི་དགོངས་གཞི་བྱེ་བྲག་པ་གང་ཞིག་ལ་འདོད་པ་དང་ངོས་ལེན་མེད་ན། འདོད་པ་མེད་སའི་དགོངས་པ་དེ་རང་དཔྱད་གཞིར་བཞག་ནས་རྒྱུ་མཚན་དང་རིག་པ་ཡང་དག་པ་སྤྱད་ནས་ཁོང་གི་ཞན་ཆ་དང་ནོར་འཁྲུལ་གསལ་འདོན་བྱས་པའི་ཟིན་བྲིས་དོན་སྙིང་ཅན་འདྲ་སྤེལ་ཐུབ་ན་མུ་མཐུད་ཁ་བརྡ་ཡོད། གལ་སྲིད་ཁོང་ལ་སྐྱོན་དང་ནོར་འཁྲུལ་མེད་ན་ངེས་པར་དུ་སྐྱོན་བརྗོད་བྱེད་ཆོག་དགོས་ཟེར་ནས་སྐྱོན་བརྗོད་གཞན་པ་ཞིག་བྱེད་པར་རྒྱུ་མཚན་མ་མཐོང་། ཞེས་པ་འདི་ལ་གོ་མ་ནོར་བ་ལེན་རོགས། ག་ལེ་བཞུགས་ལོ།

    Reply
  46. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་བོད་རང་བཙན་ཟེར་བས་འདི་འདྲ་ཞིག་བཤད་འདུག དོན་དག་རྡོག་རྡོག་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ལ་བབས་ཟིན་པ་རེད། བོད་མི་མང་སྤྱི་འཐུས་ཀྱིས་༼རང་དབང་༽ཐོག་ནས་ཐག་བཅད་པ་རེད། བཀའ་ཤག་དང་རྒྱལ་བ་རིན་པོ་ཆེས་སྤྱི་འཐུས་ལ་དབང་ཆ་གནང་ཡང་། ཁོང་ཚོས་རང་འཇགས་ཡར་ཕུལ་བ་རེད། དེའི་བརྒྱུད་རིམ་ལ་སྐྱོན་ག་རེ་འདུག མ་འགྲིགས་པ་ཅི་བྱུང་སོང་། རྩོད་གཞི་གཙོ་བོ་འདི་རེད། དེ་ལ་གསལ་བཤད་གནང་རོགས། ཅེས་བཤད་འདུག དེ་ལ་གསལ་བཤད་ཅིག་སྤྱི་འཐུས་ཤིག་གིས་གསར་ཤོག་ཐོག་འདི་འདྲ་ཞིག་སྤྱི་མོས་གྲོས་ཆོད་བཞག་རྗེས་བཤད་འདུག བོད་དོན་བདེན་མཐའ་གསལ་ཐབས་སུ་ཚང་མའི་ངག་གོམས་སུ་གྱུར་ཟིན་པའི་བརྗོད་ཚིག་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་གནང་རོགས་ཞེས་བསྐྱར་དུ་འགན་ཁུར་ཡོངས་རྫོགས་༧གོང་ས་མཆོག་གཅིག་པུའི་སྐུ་ཕྲག་ཏུ་བཀལ་ཡོད་པ་དང། སྤྱི་འཐུས་ཁག་ཅིག་གིས་འགན་གང་ཡང་ཁུར་རྒྱུ་མིན་ཞེས་པ་ལྟ་བུའི་གྲོས་ཆོད་དེ་སྤྱི་མོས་ཀྱིས་གཏན་འབེབས་བྱེད་མ་ཐུབ་ན། རྒྱབ་སྐྱོར་མི་བྱེད་མཁན་དེ་༧གོང་ས་མཆོག་གི་སྐུ་དབང་འཕྲོག་མཁན་ཡིན་པ་ལྟ་བུ་བརྗོད་བབས་ལ་བརྟེན། སྤྱི་མོས་ཀྱིས་གཏན་འབེབས་མི་བྱེད་ཀ་མེད་དུ་གྱུར་པ་ཞིག་ཡིན་པའང་ཟུར་བལྟས་ལེབ་མཐོང་རེད།

    Reply
  47. ཞྭ་ནག་བློ་གྲོས། says:
    ལོ་ 16 སྔོན།

    དྲ་ངོས་འདི་ན་སྐྱོན་ཆ་ཆེ་ཤོོས་གསུམ་འདུག གཅིག ཟིན་བྲིས་པ་གྲགས་ཅན་དང་ཤེས་ཡོན་ཚད་མཐོ་པོ་ཡོད་མཁན་ཚོར་སྡང་སེམས་འཆང་བ། གཉིས། དྲ་ངོས་འདི་ན་ཟིན་བྲིས་པ་གྲགས་ཅན་དྲུག་འདུག་པ་དེ་ཚོ་ནི་ཁ རྡུང་གཏོང་ཡུལ་ལྟ་བུ་ཆགས་ཡོད་པ། གསུམ། ཟིན་བྲིས་དང་མཆན་ཆ་ལེ་ཆོལ་ལེ་སྤེལ་མཁན་ཚོས་དྲག་གྲས་ཚོ་དགྲ་རུ་བལྟ་བ་བཅས་རེད། ཁང་གསར་རྡོ་རྗེ་ནི་ཁ རྡུང་ཕོག་ཡུལ་དེ་ཚོའི་ནང་གི་གཅིག་རེད། ཐེངས་མང་པོར་ཚོད་ལྟ་བྱས་པ་ཡིན། གྲངས་ཀ་བརྒྱབ་པ་ཡིན། ཟིན་བྲིས་པ་དང་མཆན་འབྲི་མཁན་ཁག་གཅིག་གིས་རང་གིས་མ་འཇོན་པ་དེ་གཞན་ལ་ཞེ་སྡང་དང་ཕྲག་དོག་གིས་ངལ་གསོ་ཐོབ་ཐབས་བྱེད་ཀྱི་འདུག གནས་ལུགས་བཤད་ན་ལེགས། ཁ རྡུང་བཏང་། སྐྱོན་མེད་སྐྱོན་འདོགས་བྱས་ནས་ཅི་ཡོང།
    ཁང་གསར་ལགས། དྲ་ངོས་འདི་ན་ཁྱེད་རང་གི་རྩོམ་ཡིག་གིས་ཡིད་དབང་བཀུག་ཡོད་མཁན་ཧ་ཅང་མང་། དགའ་བསུ་ཡོད།

    Reply
  48. blackman says:
    ལོ་ 16 སྔོན།

    ཀུན་དགའ་བདེ་ཆེན་གྱི་བསམ་ཚུལ་དེ་ཨ་ཆད་ཨུ་ཐུག་ཟེར་བ་དེ་རེད། དེས་ཅི་གང་ཕན་གྱི་མ་རེད། ཁང་གསར་ལ་དོ་ཟླ་བྱེད་འདོད་པ་ཚོས་དེ་ག་རང་བྱེད་ན་འགྲིག་་གི། བསམ་བློ་བརྗེ་རེས་བྱེད་མཁན་ཚོས་ཀྱང་དེ་ག་རང་བྱེད་དགོས་རེད། ད་དུང་བསམ་བློ་མཐུན་མཁན་ཡོད་ནའང་དེ་ག་རང་མཐུན་ཕྱོགས་ནས་གླེང་དགོས་རེད།
    གཡུགས་ཤོག་ཟེར་བ་ནི་རྒྱུ་མཚན་ལ་གུས་བཀུར་མེད་པའི་རྟགས་རེད། ཁང་གསར་གྱི་འབྲི་རྩལ་དང་ཤེས་རྒྱ་ལ་དོ་ཟླ་མེད་སོང་ན་ཁོའི་རྩོམ་ཡིག་དེ་ལ་དོ་ཟླ་མེད་སོང་བ་རེད། རྩོམ་ཡིག་དེ་ལ་དོ་ཟླ་མེད་ཚུལ་དེ་ཡང་རྒྱུ་མཚན་གྱི་སྒོ་ནས་ལག་མ་ཁེལ་བ་རེད། དེ་ཡིན་ཁང་གསར་ལ་ཁ་གཏད་གཅོག་མཁན་ཚོ་ཕམ་སོང་ནི་རེད།་གནས་ལུགས་ཀྱི་མདུན་ནས་ཕམ་སོང་ནི་རེད། དེ་ལྟར་ཡིན་ན།ཁོའི་རྩོམ་ཡིག་དེ་ད་ག་རང་དོན་ལ་གནས་སོང་ནི་རེད། ཁང་གསར་ཁ་གཏད་གཅོག་མཁན་ཚོས་ཁོ་ལ་ཁས་ལེན་བྱེད་དགོས་རེད། གནས་ལུགས་ཀྱིས་ཕམ་ནས་ཁས་ལེན་མི་བྱེད་ན་དེ་ལ་བསམ་བློ་དང་ཤེས་ཡོན་གྱི་བགྲོ་གླེང་བྱེད་སའི་གར་སྟེགས་མེད་སོང་བ་རེད། ཐབས་ཤེས་ཡོད་ནི་མ་རེད།

    Reply
  49. ནད་པ says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ནི་༸ གོང་ས་མཆོག་མཆོག་དང་། བཙན་བྱོལ་བོད་གཞུང་། བོད་མི་རིགས་ལ་ཤ་ཚ་ཡོད་པའི་མི་ཞིག་ཡིན་པ་ང་ཚོ་ཚང་མས་ཁོང་གི་ལྟ་བ་དང་། ལམ་ཕྱོགས། ལས་སྟངས་བཅས་ནས་ཤེས་ཐུབ་ངེས་ཡིན།

    ༸ གོང་ས་སྐྱབས་མགོན་པོའི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་དག་ལ་ང་ཚོས་ངེས་ཤེས་འདྲོངས་བའི་སློབ་སྦྱོང་དང་། ཕྲ་ཞིང་འཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་བརྟག་ཅིང་དཔྱད་ན་༸ གོང་ས་ཏ་ལའི་བླ་མ་དེ་ལ་ང་ཚོས་ཁང་གསར་ལགས་ཀྱིས་བཤད་པ་ལྟར་ལྕེ་ནར་ནར་དང་ལུས་གུག་གུག་ཙམ་མ་ཡིན་པར་ཁོང་གིས་ཅི་བཤད་ཉན་པ་ལས་འབུར་འཇོམས་བྱེད་བ་ཞིག་མིན་ཞེས་བཤད་པ་ལྟར་༸ ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་དགོས།

    ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན་ཁོང་གིས་ཅི་གསུང་བཀའ་བཞིན་སྒྲུབ་པར་བྱེད་པ་ལ་ཕན་ཐོགས་ཆེན་པོ་ཡོད་ལ་དེས་རྒྱལ་བ་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འང་འགྲོ་ངེས་ཡིན་ཏེ།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙོང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག ། ཅེས་གསུངས་བ་ལྟར་དོན་ལ་གནས་ངེས་ཡིན།

    Reply
  50. ཀུན་དགའ་བདེ་ཆེན། says:
    ལོ་ 16 སྔོན།

    དྲྭ་རོགས་ཚོ། ད་ཁ་ཁར་བསྡད་ན་ཡག་ས་རེད། ཁང་རྡོར་འདི་ལ་མང་པོ་བཤད་ན་ངན་དུ་ངན་དུ་འགྲོ་གི་འདུག ཁོའི་འབྲི་རྩལ་དང་ཤེས་རྒྱ་ལ་དོ་མཁན་ནི་ང་རང་ཚོའི་ནང་ལ་གཅིག་ཀྱང་མི་འདུག ཚང་མས་ཆ་ལེ་ཆོ་ལེ་འདྲ་ཞིག་བཤད་པ་ཙམ་རེད། དེ་འདྲ་ཡིན་དུས་ང་རང་ཚོས་བསམ་ཚུལ་མང་པོ་བཏོན་ན། ཁོ་ལ་ཆེད་མངགས་གོ་སྐབས་སྤྲད་པ་འདྲ་བོ་རེད། ཁོ་བར་ལམ་སྐད་གྲགས་བཟོ་མཁན་ང་རང་ཚོ་རེད། ད་གཡུགས་བཞག་ན་ཁོ་འཇམ་ཐིང་ངེར་འགྲོ་གི་རེད། ཁ་ཡ་མ་བྱེད།

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese