མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧ་ཅང་དྲང་ཞིང་ཕྲ་བའི་ཁོང་། ལུང་རིགས་རྒྱལ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

མི་ནག་ཚང་ལུང་རིགས་རྒྱལ།

ཉིན་དེར་རྒྱ་རིགས་ཤིག་དང་མཉམ་དུ་སྐད་ཆ་བཤད། ཁོ་ཧོང་ཀོང་ནས་རེད། ཡིན་ཡང་ཁོས་ལོ་མང་རིང་པེ་ཅིན་དང་ངྷ་སའི་བར་གོམ་པ་མང་པོ་བརྒྱབ་འདུག འདས་པའི་ལོ་ ༥ རིང་མཚམས་མ་ཆད་པར་ངྷ་སར་ཡོང་ཞིང་། ཡང་དང་བསྐྱར་དུ་རྒྱལ་བ་རིན་པོ་ཆེར་མཇལ་འདུག འདི་དད་པ་དང་དོན་དག་གཞན་གང་གི་ཕྱིར་ཡིན་མིན་གལ་ཆེན་མ་རེད།

ཁོས་འདི་ཕྱོགས་ནས་ཉེན་ཁ་ཆེན་པོ་ཞིག་མཐོང་བ་ནི། ད་སྐབས་བཙན་བྱོལ་བོད་མིའི་ཁྲོད་ནའང་༧གོང་ས་མཆོག་ལ་མངོན་གསལ་དོད་པོས་ཡ་ལན་སློག་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་རེད། གནས་ཚུལ་འདི་ནི་གཞེས་ནིང་ལས་ན་ནིང་མངོན་ཆེ་བ་དང་། ན་ནིང་ལས་ད་ལོ་ལྷང་ཆེ་བ་འདུག ཁོས་འདི་ལ་བསམ་ཤེས་བྱེད་ཐུབ་ཀྱི་མི་འདུག་ལ། འདི་ནི་བོད་དོན་འཐབ་རྩོད་ཀྱི་སེར་ག་ཆུང་ཆུང་ཞིག་རེད་ཟེར།

རྒྱ་ནག་གི་འོག་ནས་བོད་ཀྱི་རིག་གཞུང་ཉམས་ཆག་ཏུ་འགྲོ་བཞིན་པ་ནི་ཤར་ནུབ་གཉིས་ཀར་མྱོང་བ་གཅིག་གྱུར་རེད། འདི་ནི་རྐང་བཙུགས་པའི་གཏོར་བཤིག་ལ་བརྟེན་ནས་འབྱུང་བཞིན་ཡོད། བོད་མི་ཚོའི་སྐད་ཡིག་བརླག་གིན་ཡོད། དགོན་པ་སྟོང་བཞིན་ཡོད། ངོ་རྟགས་འབོར་བཞིན་ཡོད། ཡུལ་སྲོལ་ཉམས་བཞིན་ཡོད། ཆ་ལུགས་འཆོལ་བཞིན་ཡོད། སྐབས་འདིར་བོད་ཀྱི་རིག་གཞུང་དང་མི་རིགས་ཀྱི་ངོ་རྟགས་དེ་ཏཱ་ལའི་བླ་མས་དབུ་ཁྲིད་པའི་བཙན་བྱོལ་དུ་ཡོད། ཏཱ་ལའི་བླ་མ་ནི་བོད་ཀྱི་རིག་གཞུང་གི་སྲོག་ཤིང་གལ་ཆེན་ཞིག་ཡིན། འོན་ཀྱང་། ད་ནི་སྲོག་ཤིང་འདི་ཡང་དེ་ཙམ་གྱི་བཀན་མོ་ཞིག་ཏུ་གནས་ཐུབ་གི་མི་འདུག གཙོ་བོ་ཤེས་ཡོན་པའི་ཁྲོད་ནས་ཁོང་ལ་ཡ་ལན་སློག་གི་འདུག དེའི་ཤུགས་རྐྱེན་བཙན་བྱོལ་གྱི་སྒྲིག་འཛུགས་ཁག་དང་སྤྱི་ཚོགས་གང་སར་འཕེལ་གྱིན་འདུག སྣང་ཚུལ་འདི་གསལ་བོ་དང་མགྱོགས་པོ་རེད་ཟེར།

གདོང་པར་ཆུ་ཞིག་བརྒྱབ་སྟེ། རང་ཚོས་བསྐྱར་དུ་བསམ་བློ་ཐོངས།

ཁོས་མུ་མཐུད་ནས་བཤད་སོང་། ཏཱ་ལའི་བླ་མར་ཚད་ཡོད་མེད་གང་ལྟར་ཡང་། བོད་རིགས་ཚོ་བོད་པ་ཞིག་གི་ཚད་ནས་ལངས་ཐུབ་མིན་ནི་གནད་འགག་ཆགས་འདུག རྒྱ་ནག་ནས་ཏཱ་ལའི་བླ་མར་སྐྱོན་བརྗོད་བྱས་ན་འདྲ་བོ་འདུག་ཀྱང་། ངྷ་ས་ནས་ཏཱ་ལའི་བླ་མར་སྐྱོན་བརྗོད་སྣ་ཚོགས་ཡོང་བཞིན་པ་ནི་ཡག་རྟགས་དང་དགེ་རྟགས་གང་ལའང་མཐོང་མ་སོང་ཟེར། ཁོས་པེ་ཅིན་གྱི་མཁྲེགས་འཛིན་དང་ངྷ་སའི་འཕག་འཚག་གཉིས་ཀའི་བར་ནས་ཏཱ་ལའི་བླ་མ་དང་ཁོང་གི་བོད་དོན་རྒས་བཞིན་འདུག་ཟེར།

གཉིས་པ་དེར། རང་བཙན་དང་དབུ་མའི་ལམ་གྱི་འཐབ་རྩོད་ཀྱི་བཤད་ཡམས་ཁྲོད་ནས། ཐུན་མོང་གིས་འབད་ས་ཞིག་བརྗེད་འདུག དེ་ནི་ཆབ་སྲིད་བཤད་བསྡད་དེ། རིག་གཞུང་བརླག་བཞིན་པ་དེ་རེད། བོད་མི་ཚོར་རང་བཙན་དང་རང་སྐྱོང་མ་རག་ཀྱང་། རང་གི་རིག་གཞུང་མ་བརླག་ན། རྒྱ་ནག་ནས་གྲངས་ཉུང་མི་རིགས་ ༥༥ བོར་སོང་རུང་། བོད་པ་ཚོ་མུ་མཐུད་ནས་ཧི་མ་ལ་ཡའི་རྫ་གསེབ་ཅིག་ནས་རྙེད་གི་རེད་ཟེར།

མ་གཞི་ནས་དབུ་མའི་ལམ་ལ་གྲུབ་འབྲས་མཐོང་རྒྱུ་མེད་རུང་། རང་བཙན་རྩོད་མཁན་ཚོ་ལ་ཡང་རང་བཙན་དགོས་དོན་དང་རང་བཙན་ལེན་སྟངས་ལ་གསལ་བོ་མི་འདུག་ལ། དམངས་གཙོ་ལོངས་སུ་སྤྱོད་སྟངས་ཀྱང་དགྲ་དགའ་གཉེན་སྡུག་གི་རང་བཞིན་ཞིག་རེད། དཔེར་ན། མང་ཚོགས་ཀྱི་ཤེས་ཡོན་གྱི་ཚད་གཞི་ཤིན་ཏུ་དམའ་བ་དང་། ཁོང་ཚོའི་དམངས་གཙོའི་ཁེ་དབང་ཤིན་ཏུ་མཐོ་བོ་རེད། འདི་གཉིས་བར་གྱི་འགལ་བའི་ངོ་བོ་ནི་ག་དུས་ཡིན་ཡང་ཉེན་ཁ་ཡིན་ཟེར།

དེའི་རྗེས་ནས་ཁོས་གནས་ཚུལ་འདི་དག་གི་འབྱུང་རྩའི་སྐོར་གླེང་སོང་། འདིའི་ལན་པ་ནི་ཏཱ་ལའི་བླ་མ་རང་ཉིད་ལ་འདུག ཐོག་མར་ཁོང་གིས་རང་ཉིད་བོད་ཀྱི་རིག་གཞུང་གི་མཚོན་བྱེད་ཅིག་ཡིན་པ་ཞལ་བཞེས་མ་གནང་བ་རེད། དཔེར་ན། པེ་ཅིན་གྱིས་བཤད་ཚད་ལ་ཉན་ཏེ། བོད་དོན་དང་ཏཱ་ལའི་བླ་མའི་གནད་དོན་ཅེས་ཁ་ཁར་བཏང་བ་དེ་རེད། པེ་ཅིན་གྱིས་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་མ་གཏོགས་བོད་དོན་ཟེར་བ་ཞིག་མེད་ཟེར། ཏཱ་ལའི་བླ་མས་བོད་དོན་མ་གཏོགས་ཏཱ་ལའི་བླ་མའི་སྒེར་གྱི་གནད་དོན་ཟེར་བ་ཞིག་མེད་ཅེས་རྩོད་པ་རྒྱག་གིན་ཡོད། དོན་དངོས་ཐོག་འདི་གཉིས་ངོ་བོ་དབྱེར་མེད་ཆགས་ཡོད་རེད། ཡིན་ཡང་། ཏཱ་ལའི་བླ་མས་རང་གི་བོད་མི་རིགས་ལ་འཛེམས་ཟོན་བྱས་པ་རེད། ཁོང་གི་གནད་དོན་ཡིན་ལབ་ན་བོད་པ་ཚོས་ག་རེ་བཤད་ཡོང་སྙམ་པ་རེད། ཕྱོགས་གཞན་ནས་ཁོང་ཉིད་དྲང་པོ་ཡིན་པའང་བསྟན་པ་རེད། གལ་སྲིད་པེ་ཅིན་གྱིས་མུ་མཐུད་ཨུ་ཚུགས་རྒྱག་ན། ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཐག་གཅོད་རྒྱུར་ཁས་ལེན་བྱ་དགོས་པ་རེད། དཔེར་ན། རྒྱ་ནག་རི་བོ་རྩེ་ལྔར་ཕེབས་རྒྱུ་དེ་ཁོང་གི་སྒེར་དོན་རེད། ཧུའུ་ཅིན་ཐོ་ལ་ཐུག་རྒྱུའི་རེ་བ་འདོན་པ་དེ་ཁོང་གི་སྒེར་དོན་རེད། ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་འདི་དག་པེ་ཅིན་གྱིས་ཇི་ལྟར་ཐག་གཅོད་ཐུབ་མིན་ལ་ལྟོས་དང་དེ་ནས་བོད་དོན་དང་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་གཉིས་ངོ་བོ་གཅིག་ཡིན་མིན་གསལ་བོ་ཆགས་ཡོང་གི་རེད། ཏཱ་ལའི་བླ་མས་རང་ཉིད་ཆུང་ཆུང་བཟོས་པ་རེད།

གཉིས་པ་དེར་ཁོང་གིས་གཡོལ་ཐབས་མེད་པའི་གནས་སྟངས་ཤིག་གི་འོག་ནས་བོད་མི་ཚོ་དམངས་གཙོའི་ལམ་ཁར་དེད་པ་རེད། འདི་ནི་ཆ་རྐྱེན་ཞིག་གི་འོག་ནས་བྱུང་བ་རེད། ཡིན་ཡང་། བོད་མི་ཚོའི་ཤེས་ཡོན་གོང་སྤེལ་ཕྱོགས་ལ་དེ་ཙམ་གྱི་ནུས་པ་ཐོན་མེད། དེར་བརྟེན། དམངས་གཙོའི་ཤེས་བྱ་མེད་བཞིན་དུ་དམངས་གཙོའི་ལྟ་གྲུབ་ཅིག་ལག་ལེན་ལ་བཀལ་བ་ནི་དཀའ་ངལ་ཆགས་རྒྱུ་མ་ཟད། རང་དབང་ལོངས་སྤྱོད་ཀྱི་ངོ་བོར་མ་ཕྱིན་པར། རང་སྣང་གང་དྲན་གྱི་ངོ་བོར་འགྱུར་བཞིན་འདུག་ཟེར།

གསུམ་པ་དེར། ཏཱ་ལའི་བླ་མས་རང་གི་འཁྲུངས་རབས་དང་ལོ་རྒྱུས་ཀྱི་གོ་དབང་སོགས་ཀྱང་ཇེ་ཆུང་ལ་གཏོང་གིན་འདུག སྐུ་ཕྲེང་རྗེས་མ་ཕེབས་ཕྱོགས་སྐོར་ལ་བསམ་ཚུལ་སྣ་ཚོགས་བཏོན་སོང་། འདི་དག་གིས་བོད་མི་ཚོའི་འདུ་ཤེས་ལ་འགྱུར་བ་ཐེབས་ཀྱིན་འདུག དེ་བཞིན་དུ། ཁོང་གི་གོ་དབང་ཡང་ཆུང་དུ་བཏང་སྟེ། སྐུ་ཕྲེང་བཅོ་ལྔ་བ་དེ་མི་གཉིས་ཀྱི་རྣམ་པར་ཕེབས་དགོས་ལུགས་ཀྱང་གསུངས་པ་རེད། འདི་དག་ནི་བཅོས་སྒྱུར་རེད་ལ། ཁོང་གི་ནུས་པ་ཇེ་ཆུང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་ཡང་རེད། འདི་ལྟར་ཁོང་གིས་རང་ཉིད་ཤིང་གཞོག་གཞོག་བྱས་ཏེ། ཧ་ཅང་དྲང་པོ་དང་། ཧ་ཅང་ཕྲ་མོ་ཞིག་ཏུ་བཏང་ལ། དེར་བརྟེན། ཁོང་ཉིད་ཆག་ཆོག་ཆོག་ཏུ་ཡོད་པའི་བོད་མིའི་སྲོག་ཤིང་ཞིག་ཏུ་གྱུར་བ་རེད་ཟེར།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།

མཆན། 30

  1. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། བསྟོད་པ་ཤ་སྟག་འཐེན་ནས་སྡོད་ཨཱ། ཨ་ལ་རྩེད་མོ་ཡིན།

    ཨ་རིག་འགྱུར་མེད་ལགས་ཀྱིས། མཆན་འདེབས་དུས་སྐྱོན་བརྗོད་ཀྱི་རིགས་སྤང་རོགས། གལ་སྲིད་དེའི་རིགས་བྱུང་ཚེ་དགོས་དབང་གིས་གསུབ་གྱིན་ཡོད་ལ། ད་སྔ་མཆན་མི་ཉུང་བ་ཞིག་གསུབ་དགོས་འཁེལ་བྱུང་། ཅེས་གསུངས་འདུག
    ༡ མཆན་འདེབས་དུས་ཁུངས་མེད་སྐྱོན་བརྗོད་ཀྱི་རིགས་བསུབ་དགོས་ངེས་ཀྱང་། ཁུངས་ཡོད་ལ་སྐྱོན་ཡང་ཡིན་པའི་སྐྱོན་བརྗོད་བྱེད་མི་ཆོག་ན་མཆན་འདེབས་སའི་ས་ཆ་འདི་བསྟོད་པ་འཐེན་སའི་ཆེད་དུ་ཡིན་ས་རེད།
    ༢ སྐྱོན་བརྗོད་ཀྱི་རིགས་བསུབ་ཀྱི་ཡོད་ན་བསྟོད་པ་འཐེན་བཞིན་སྡོད་པ་དེ་རིགས་ཀྱང་བསུབ་དགོས་ཀྱི་རེད་བསམ་གྱི་འདུག སྐྱོན་བརྗོད་མི་ཆོག་ན་བསྟོད་པ་བརྗོད་ཆོག་དགོས་པའི་རྒྱུ་མཚན་མི་འདུག
    ༣ ཡང་འགའ་ཞིག་ལ་སྐྱོན་བརྗོད་བྱས་པ་བསུབ། འགའ་ཞིག་ལ་སྐྱོན་བརྗོད་བྱས་པ་འཇོག་གི་ཡོད་པ་དེ་འདྲ་ནི་ཡིན་རྒྱུ་མ་རེད་བསམ་གྱི་ཡོད།
    ༤ མཆན་འདེབས་མཁན་གྱི་མི་འདི་དག་བོད་ཀྱི་དུས་བབ་ཀྱི་ངོས་ནས་ངེས་པར་དགོས་ས་ཞིག་ལ་བརྩིས་སྤྲོད་བྱེད་རྒྱུ་ཡོད་པ་ཞིག་དང་པོ་ནས་བྱེད་དགོས་ཀྱི་རེད་མ་གཏོགས་ཟིན་བྲིས་པ་དང་། མཆན་འདེབས་མཁན་དྲ་འབུ་ཚོ་སུ་ཡིན་ཁུངས་ཙམ་ཡང་སྟོན་རྒྱུ་མེད་ན་ཏག་ཏག་བསྡད་ཡོད་མ་རེད་བསམ་གྱི་འདུག
    ༥ ཟིན་བྲིས་པ་དང་མཆན་འདེབས་པའི་ཁུངས་ལུངས་སྟོན་རྒྱུ་ཡོད་པའི་གནས་བབ་ཀྱི་འོག་ནས་མཆན་འདེབས་མཁན་ཚོར་ག་རེ་བཤད་རྒྱུ་འདུག་ན་བཤད་བཅུག་ན་འགྲིག་གི་རེད་བསམ་གྱི་འདུག སོ་སོས་བཤད་པ་དེ་སོ་སོས་འགན་ཁུར་དགོས་བྱེད་ཀྱི་རེད། དེ་འདྲ་བྱུང་ན་བོད་ཀྱི་དུས་བབ་ཀྱི་ངོས་ནས་བྱ་བདེ་བྱེད་བདེ་ཡོང་གི་རེད་དྲན་གྱི་འདུག

    Reply
  2. ནགས་མེ། says:
    ལོ་ 15 སྔོན།

    ང་ཚོས་དོན་གནད་རང་ལ་འཁྲིལ་སྟེ་བསམ་ཞིབ་ནན་ཏན་བྱ་དུས། རྒྱ་རྒན་འདིས་CCTV གི་འགན་འཁུར་ཕྲག་པར་བླངས་ཏེ་གཏམ་འཁྱལ་ལྐོག་གཡོ་འདི་ཆེད་དུ་རྡ་སར་གཡུག་པར་ཡོང་བ་རེད། གཡོ་གཏམ་འདིའི་མདུན་རྒྱབ་ནས་ཁོ་ལ་བསྒྲུབ་བྱ་གཉིས་ཡོད་པ་མཐོང་གི་འདུག
    གཅིག བོད་མིས་གོང་ས་མཆོག་གི་བཀར་གཙིགས་འཛིན་བྱེད་པའི་རྣམ་འགྱུར་འདི་མེད་པ་བཟོ་རྒྱུའི་ངན་སློང་ཁུར་ཡོད་པ་དང་། འདིའི་སྒྲུབ་བྱེད་དུ་བཙན་བྱོལ་ནང་ཅུང་ཟད་གོ་རྟོགས་སད་པའི་ཤེས་ཡོན་པ་ཚོས་བསམ་འཆར་འདྲ་མིན་བཏོན་པ་དེར་ཁ་བསྒྱུར་བྱས་ཏེ་ཡ་ལན་སློག་ཡོད་ཟེར། འདི་ནི་གཡོ་འཁྲིད་ཀྱི་སྐད་ཆ་རེད། དཔེར་ན་བཙན་བྱོལ་བོད་ཀྱི་གྲོས་ཚོགས་ནང་ཁ་རི་ཁ་ཐུག་དང་ཁ་ཤེད་ཆེ་ཤོས་ཀྱི་ཨོ་རྒྱན་སྟོབས་རྒྱལ་སོགས་ནས་ཉེ་ཆར་རྒྱ་ནག་ལ་སྤྲད་པའི་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་སྐོར་གླེང་བའི་སྐབས་སུ་ཁོས་བཤད་དོན། གལ་ཏེ་ཡིག་ཆ་འདི་གོང་ས་མཆོག་གི་དགོངས་གཞི་མིན་ན་ཁས་ལེན་གཏན་ནས་བྱ་གི་མིན། ཅི་སྟེ་ཡིག་ཆ་འདི་གོང་ས་མཆོག་གི་དགོངས་གཞི་ཡིན་ཚེ་རྒྱུག་རྐྱང་མཆོང་རྐྱང་ཡིན་ཟེར་བཤད་སོང་། སྐད་ཆ་འདིས་བཙན་བྱོལ་བའི་བོད་མི་ཡོངས་ཀྱི་ཚབ་མཚོན་མི་ཐུབ་ནའང་ཨོ་རྒྱན་སྟོབས་རྒྱལ་གྱིས་ཀྱང་འདི་འདྲ་འདྲ་བཤད་ཀྱི་ཡོད་དུས་བོད་མི་མང་པོ་ཞིག་གི་བསམ་བློ་རྒྱས་འགེབས་བྱ་ཐུབ་ངེས་རེད་བསམ་ཡོད།

    གཉིས། བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་ཚད་གཞི་གང་འཚམས་སླེབས་པའི་དམངས་གཙོའི་ལམ་ལུགས་འདི་རེད། རྒྱ་ནག་ཏུ་འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་ཙམ་ཟིན་ནའང་བརྒྱ་ཁ་གཅིག་གཅོད་ཡིན་པས་ཁོང་ཚོར་དེར་དོག་མི་བདེ་བ་ཡོད་པས་བཙན་བྱོལ་བོད་ཀྱི་དམངས་གཙོའི་སྒྲིག་འཛུགས་འདི་གཏོར་བཤིག་གཏོང་ཐབས་རེད་ལ་སྐད་ཆ་འདི་འདྲ་བ་དྲ་ལམ་བརྒྱུད་ཆེན་པོ་བཟོས་ཏེ་བོད་ནང་གི་བོད་མི་ཚོ་གནད་བཟོད་མི་བདེ་བ་དང་བོད་མི་ནང་ཁུལ་གྱི་མཐུན་ལམ་དང་ཆིག་སྒྲིལ་ལ་རྨ་ཁ་བཟོ་འདོད་རེད་པས་དོན་དགེ་ཞིག་མིན་པ་མཐོང་ཡོད།

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    ཁ་སྣོན་གཅིག་ཡོད།

    ག་དུས་ཀྱང་དོགས་སློང་དང་སྐྱོན་བརྗོད་ནི་མི་རིགས་ཤིག རྒྱལ་ཁབ་ཅིག ཚོགས་ཁག་ཅིག་བསྐུལ་བྱེད་དང་རྒྱས་བྱེད་ཀྱི་སྲོག་ཤིང་ཡིན་ཞིང་། དེ་ལས་ལྡོག་ན། བོད་ནང་བཞིན་རྒྱལ་སྟོང་གཡོག་པོ་ཆགས་ཀྱི་ཡོད་ལ། དེའང་སྔར་དོགས་སློང་དང་སྐྱོན་བརྗོད་མ་དད་པ་དང་མ་གུས་པའི་མཚོན་བྱེད་དུ་བཙན་འགེལ་བྱས་པར་ཐུག་ཡོད། མ་གཞི་རང་རེའི་མེས་པོ་ཚོས་ག་རེ་ཕྱོགས་བསྡོམས་གནང་ཡོད་དམ་ཞེ་ན། ༼ཤ་ཚ་བའི་ཚིག་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད༽ཅེས་པ་འདི་མ་ཡིན་ནམ། དེ་བས། སྐྱོན་བརྗོད་དང་དོགས་སློང་ཡང་རིག་གཞུང་ཞིག་གི་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་མ་ཡིན་ནམ། དྲ་མགྲོན་ཚོ།

    Reply
  4. གནས་ཚང་། says:
    ལོ་ 15 སྔོན།

    ནགས་ཤོད་རིག་རལ་ལ་བག་ལེབ་གཉིས་ཀྱི་དངན་པ་ཡོད།

    ༡ དེང་ཕྱིན་ངྷ་སར་ཡོང་མཁན་གྱི་རྒྱ་མི་ལ་བརྟག་དཔྱད་གཏོང་སྐབས། མི་རིགས་རང་ཐག་རང་གཅོད་ངོས་ལེན་ཡོད་མེད་ལ་བརྟག་འོས་ཤིང་། བརྟག་པ་ཙམ་མ་ཡིན་པར་ཡིག་ཐོག་ལ་ཕབ་ནས་བརྒྱུད་ལམ་ཁག་སྤེལ་དགོས་ཀྱི་འདུག འགན་འདི་གསར་འགྱུར་ལས་རིགས་ཀྱི་ཕྲག་པར་ལྷུང་ཡོད།
    ༢ གལ་སྲིད་མི་རིགས་རང་ཐག་རང་གཅོད་ལ་ངོས་ལེན་མེད་པའམ། ཡོད་ཀྱང་བརྒྱུད་ལམ་ཁག་ཏུ་སྤེལ་བར་དོགས་མཁན་ཚོར་ངེས་པར་གཟབ་དགོས།
    ༣ མི་རིགས་རང་ཐག་རང་གཅོད་ནི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་འཇོག་ས་ཡིན་ལ། སྐྱེས་ཐོབ་ཀྱི་ཐོབ་ཐང་ཉག་གཅིག་ཀྱང་ཡིན།

    གོང་གསལ་ནི་པཱ་ལེ་བ་ཞིག་གི་གཞེན་སྐུལ་ཡིན་ཞིང་། མཁས་དབང་ཚོར་ཕུལ་བའི་དྲི་བའང་ཡིན།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་མཁན་བཙན་བྱོལ་ནང་དུ་ཤེས་ཡོན་ཅན་གྱིས་ཁྲོད་ན་ཡོད་པ་ལོས་བདེན། རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེ་ཤོས་བྱེད་མཁན་དེ་དོན་རྒྱལ་ཚོགས་པ་རེད། དེའི་སྣེ་ཁྲིད་མཁན་དེ་དགའ་ཤར་འཛེ་སྨད་སྤྲུལ་སྐུ་རེད། ཁོང་ཤེས་ཡོན་ཅན་རེད། མི་བདེན་སྙམ་ན་ཁོང་གི་གསུང་འབུམ་དེབ་ཆེན་ཁ་ཤས་ཤིག་བལ་ཡུལ་དུ་དཔར་བསྐྲུན་བྱས་ཡོད། དབྱིན་ཡུལ་དུ་ཡོད་པའི་དགེ་བཤེས་སྐལ་བཟང་ཡིན་ནམ་དེ་ཚོས་ཀྱང་དེབ་བྲིས་པ་ནི་མཐོང་རྒྱུ་འདུག ཤེས་ཡོན་ཅན་ཟེར་བ་དེ་དེ་འདྲ་ཚོ་ལ་ཟེར་བ་ལོས་ཡིན། ན་ནིང་གི་དགའ་ལྡན་ཁྲི་པ་དེ་ཡང་གང་ཡིན་ནམ།

    Reply
  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ལུང་རིགས་ལགས་ནས་གསལ་བཤད་རིང་པོ་ཞིག་གནང་འདུག་པར་བཀའ་དྲིན་ཆེ། ད་གང་ཐུབ་ཐུབ་ཉུང་ཉུང་ཞིག་ཞུ་གི་ཡིན། རྨོངས་འཆར་ཡིན།

    དང་པོ།
    བོད་དོན་རྒྱབ་སྐྱོར་བ་དང་བོད་དོན་ཆེད་མཁས་ཕྱི་གླིང་བ་ཚོའི་ཁྲོད་དུའང་མང་ཟེར་བའི་སྐད་ཆ་དེ་གོང་གི་རྩོམ་གྱི་ཁུངས་སུ་གསལ་བོ་མི་འདུག བོད་དོན་ཆེད་མཁས་ཕྱི་གླིང་བ་ཚོའི་ཁྲོད་ན། ཡ་ལན་སློག་མཁན་འདུག་དྲན། དེ་བདེན་པ་རེད་དྲན།

    གཉིས།་
    དཔེར་བརྗོད་ལ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་བཞག་འདུག འདི་རྩོད་གཞི་རེད། འདི་རེད་ལབ་ནས་མཐའ་གཅིག་ཏུ་ཐག་གཅོད་པ་ཞིག་མ་རེད་ལ། མ་རེད་ཟེར་ནས་དཔངས་བཙུགས་བྱེད་ཐུབ་པ་ཞིག་ཀྱང་མ་རེད། ཞིབ་ཏུ་བརྟག་རྒྱུ་འདུག་དྲན།

    གསུམ།
    གྲོས་ཚོགས་ནང་གི་ཤེས་ཡོན་པ་དང་བརྒྱུད་ལམ་ཁག་གི་སྲིད་དོན་དཔྱད་བརྗོད་པ་གཉིས་ཀྱི་ནང་ན་འདུག་ལབ་འདུག ཨོ་དེ་ཡིན་ན། གྲོས་ཚོགས་ནང་གི་ཤེས་ཡོན་པ་ཚོ་དང་བརྒྱུད་ལམ་ཐོག་གི་སྲིད་དོན་དཔྱད་བརྗོད་པ་གཉིས་ཀྱི་སྐོར་ལ་བསམ་ཚུལ་མེད། ངེད་རང་སྒེར་གྱི་མཐོང་ཚུལ་ལ། དེ་ཚོ་ནི་རྡ་ལམ་ས་ལའི་ཆར་དུས་ཀྱི་གནམ་གཤིས་འདྲ་བོ་འདུག སྔ་དྲོར་གནམ་ངོ་དྭངས་ན། ཕྱི་དྲོར་གློ་བུར་དུ་གློག་དམར་འཁྱུགགི་རེད། ཐོག་རྒྱག་གི་རེད། ཆར་བ་འབབ་གི་རེད། དེ་ཚོའི་བྱེད་སྟངས་དེ་འདྲ་ཞིག་རེད།

    བཞི།
    ཡིག་ཐོག་དང་ངག་ཐོག་ཟེར་བ་འདི་གཉིས་ལ་བསམ་བློ་གཏོང་རྒྱུ་འདུག་དྲན། དཔེར་ན་། བཙན་བྱོལ་ནང་གི་ད་ཡོད་ལོ་རྒྱུས་ཆེད་མཁས་། དཔེར་ན། མཁས་དབང་ནམ་མཁའི་་ནོར་བུ། མཁར་རྨེའུ་བསམ་གཏན། གདོང་ཐོག་བསྟན་པའི་རྒྱལ་མཚན། བཀྲ་ཤིས་ཚེ་རིང་། ཚེ་རིང་ཤཱཀྱ། ངག་དབང་བསམ་གཏན།་ བསོད་ནམས་རྒྱལ་མཚན་སོགས་ཀྱིས་ཡིག་ཐོག་ནས་ཡ་ལན་སློག་འདུག་གམ། ངག་ཐོག་ནས་སློག་འདུག་གམ། དཔེར་ན། བཙན་བྱོལ་ནང་གི་ཆེད་མཁས། བློ་བཟང་སེང་གེ། ཚེ་རིང་རྣམ་རྒྱལ། བསྟན་འཛིན་རྣམ་རྒྱལ། ཨ་མདོ་ཚེ་རིང་། བཀྲ་ཤིས་རབ་རྒྱས། བློ་བཟང་རབ་རྒྱས་སོགས་ཀྱིས་ཡིག་ཐོག་ནས་ཡ་ལན་སློག་འདུག་གམ། ངག་ཐོག་ནས་སློག་འདུག་གམ། འདི་ཚོ་རེ་རེ་བཞིན་ཞིབ་འཇུག་དང་བརྩད་གཅོད་གཏོང་རྒྱུ་འདུག་དྲན། འདི་ནི་དཔེ་མཚོན་ཙམ་ཡིན།་ དེ་ནས། ངག་ཐོག་དེ་མི་སྒེར་བ་ཕན་ཚུན་གྱི་གླེང་མོལ་དེ་འདྲའི་སྐབས་ཀྱི་ངག་ཐོག་དེ་རེད་དམ་མི་མང་འཚོགས་ས་དང་འཛོམས་ས་དེ་འདྲའི་སྐབས་ཀྱི་ངག་ཐོག་རེད། འདི་ཡང་དོགས་སློང་ཙམ་ཡིན།

    ལྔ་བ།
    མཚམས་རེར་རྡ་ལམ་ས་ལ་ནས་བསྡད་དེ་བོད་དོན་ལ་བལྟས་ན་བལྟ་སྟངས་གཅིག་དང་རྒྱ་གར་ལྷོ་ཕྱོགས་ལ་ཕྱིན་ནས་བོད་དོན་ལ་བལྟས་ན་བལྟ་སྟངས་གཞན་ཞིག་ཡོང་གི་རེད། དཔེར་ན། རང་གི་ལག་པ་དེ་མིག་གི་རྩར་བཅར་ནས་བལྟས་ན། མིག་གི་མཐོང་བྱ་ཚང་མ་དེས་བསྒྲིབས་གི་རེད། འོན་ཀྱང་། ལག་པ་དེ་རྒྱང་རིང་ཙམ་བསྲིངས་ནས་བལྟས་ན།
    དེ་ནི་མིག་གི་བལྟ་བྱའི་ཁྲོད་ཀྱི་ཆུང་ཆུང་ཞིག་རེད།

    དྲུག།
    ལུང་རིགས་ལགས། ངེད་ཀྱིས་འདི་རུ་རྒྱ་རིགས་ཁོང་ནས་གླེང་མོལ་དང་འབྲེལ་མོལ་གནང་སའི་མི་དེ་ཚོའི་མཚན་ྐློག་པ་པོ་ཚོའི་དཀྱིལ་ལ་ཞོག་ལབ་ཀྱི་མེད། འདི་མཚམས་རེར་ཏག་ཏག་བསྡད་ཀྱི་མ་རེད་དྲན། རྨོངས་འཆར་ཙམ་བཤད་པ་ཡིན། རྡ་ལམ་ས་ལའི་གནས་སྟངས་གཙོ་བོ་ཁྱེད་ཚོས་མཁྱེན་གི་རེད། དེ་ལ་ང་ལས་ཁྱེད་ཚོ་རྒྱུས་མངའ་ཡོད་རེད་དྲན། རྩོམ་འདིའི་སྐོར་ལ་ཁྱེད་དང་དངོས་སུ་ཁ་བརྡ་བྱེད་གི་ཡིན། གནས་སྐབས་རིང་བདེ་མོ་བྱོས།

    Reply
  7. ནགས་ཤོད་རིག་རལ། says:
    ལོ་ 15 སྔོན།

    སྤྱིར་རྒྱ་མི་འདིས་བོད་ལ་ཤ་ཚ་མདོག་གི་སྐད་ཆ་སྙན་པོ་མང་པོ་ཞིག་བཤད་འདུག་མོད། དོན་དག་ཆེན་པོ་གཉིས་ཀྱི་ཐོག་ནས་བོད་པ་རྣམས་བསླུ་བྲིད་བྱེད་པའི་བསམ་པ་ཞིག་ཡོད་པ་གསལ་པོ་རེད་འདུག དོན་དག་དང་པོ་དེ་གང་རེད་ཟེར་ན། ཁོས་བོད་དོན་དེ་གོང་ས་མཆོག་སྒེར་གྱི་གནད་དོན་ཡིན་པར་ཞལ་བཞེས་ཀྱང་སྐྱོན་མེད་ཚུལ་ཞིག་རལ་གྲིའི་རྩེ་ལ་སྦྲང་རྩི་བྱུག་ནས་བཤད་འདུག སྐད་ཆ་འདི་དག་སྙིང་གཏམ་ཚུལ་དུ་བཤད་པ་ཙམ་ལས་རྒྱ་གཞུང་གི་བཤོད་སྟངས་དང་གཅིག་པ་རེད། གལ་སྲིད་གོང་ས་མཆོག་གིས་བོད་དོན་ནི་གོང་ས་མཆོག་སྒེར་གྱི་གནད་དོན་ཡིན་པར་ཞལ་བཞེས་ན་གོ་རྒྱུ་ག་འདྲ་ཞིག་འདུག་གམ། བོད་དོན་ཟེར་བ་མེད་པ་ལྟ་བུ་ཞིག་མི་འདུག་གམ། དོན་ཆེན་གཉིས་པ་ཁོས་ཟེར་ན་གོང་ས་མཆོག་གིས་བོད་མི་རྣམས་དམངས་གཙོའི་ལམ་དུ་འདེད་པ་ལྟ་བུ་དེ་ཡག་པོ་མི་འདུག་ཟེར། སྐད་ཆ་འདི་ནས་རྒྱ་གཞུང་གིས་བྱེད་པའི་སེམས་ཁྲལ་དེ་ཁོ་རང་གིས་ཀྱང་བྱེད་པ་མཐོང་གི་འདུག རྒྱ་གཞུང་གི་བསམ་པ་ནི་གོང་ས་མཆོག་མ་བཞུགས་པའི་རྗེས་སུ་བོད་ལ་གོང་ས་ནང་བཞིན་མི་རིགས་གཅིག་ཏུ་སྒྲིལ་ནུས་པའི་སྐྱེས་བུ་འཇོན་ཐང་ཅན་མེད་པས་བོད་དོན་ཡང་སྣུམ་ཟད་ཀྱི་མར་མེ་བཞིན་ཆགས་འགྲོ་བསམ་པ་རེད། འོན་ཀྱང་གོང་ས་མཆོག་གཟིགས་རྒྱང་རིང་བའི་དབང་གིས་ད་ལྟ་ནས་བོད་ལ་དམངས་གཙོའི་སྲིད་ཇུས་གོང་མཐོར་བཏང་ནས་མ་འོངས་པར་དམངས་གཙོའི་ལམ་ལུགས་འདིས་གོང་ས་མཆོག་མེད་པའི་དཀའ་ངལ་སེལ་ཐབས་གནང་གི་ཡོད་པ་རེད། རྒྱ་གཞུང་སྐྲག་ས་འདི་རེད་ལ་རྒྱ་མི་འདི་སྐྲག་ས་ཡང་འདི་རེད། ཁོང་ཚོའི་རེ་བ་ལྟར་ན་བོད་འདི་མུ་མཐུད་ཆོལ་ཁ་དང་གྲུབ་མཐའ་རྩོད་པ་ལས། དམངས་གཙོ་ཟེར་བ་འདིར་ལག་པ་མ་འཆང་ན་བསམ་གྱི་ཡོད་པ་རེད། དངོས་གནས་བྱས་ན་ཁོང་ཚོས་དམངས་གཙོའི་ནུས་པ་ལ་རྒྱུས་མངའ་ཡོ་རེད། ཨ་རི་གཙོས་པའི་སྟོབས་ལྡན་རྒྱལ་ཁབ་མང་པོ་ཞིག་དམངས་གཙོ་ལ་བརྟེན་ནས་གོང་བུ་གཅིག་ཏུ་འགྲིལ་ཡོད་པ་མ་ཚད། སྒེར་གཅོད་སྲིད་དབང་རྨང་ནས་བསློག་རྩིས་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོ་རེད། དེར་བརྟེན་དྷ་སར་བཞུགས་མཁན་གྱི་ཡོན་ཏན་ཅན་རྣམས་ཀྱིས་རྒྱ་མི་འདི་རིགས་ལ་ངེས་པར་དུ་གཟབ་དགོས་པ་དང་། ཁོག་ནང་གི་སྙིང་སྟོན་མི་རུང་བ་མ་ཚད།ཚུར་གང་བཤད་པ་དེ་དག་ལ་ཡང་ཡང་དཔོག་དགོས་པ་ནི་ཧ་ཅང་གལ་ཆེ་བར་མཐོང་།

    Reply
  8. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་འདི་དཀྲུགས་དགོས་ཤིང་། གཙུབ་ས་གཙུབ་བརྡར་གཉིས་ཀ་མཁོ། ནམ་ཡང་ཁ་ཡགས་དང་ཟོལ་བཅོས་ཀྱི་གུས་ལུགས་ཤིག་གི་ཁྲོད་ན། ཡིད་བཞིན་ནོར་བུས་ཅི་མཛད་ལ་སྨོན་ལམ་རེ་བཏབ་ནས་བསྡད་འདུག ནམ་ཞིག་ཉི་མ་དམར་པོ་འཕོང་མགོར་ཤར་དུས་ཇི་འདྲ་ཡིན་ནམ། ཁོ་ཚོས་ཡིད་བཞིན་ནོར་བུའི་གསུང་ལ་བསྟོད་པ་བྱ་རྒྱུ་ལས་བསྒྲུབ་པ་མ་རེད། ད་དཀྲུགས་ནས་ལྷིང་ལ་འབུད་རྒྱུ་ཨེ་ཡོད་ལ་ལྟོས་ན་འགྲིག་གི

    Reply
  9. kunsal says:
    ལོ་ 15 སྔོན།

    སྐུ་ཚབ་སྐལ་བཟང་རྒྱལ་ཞེས་པ་རྒྱལ་མཚན་དུ་བཟོ་གནང་ཡོད་པ་ཞུ།

    Reply
  10. kunsal says:
    ལོ་ 15 སྔོན།

    ལུང་རིགས་ལགས། འབྲེལ་མེད་ཀྱི་མཆན་དག་བསུབས་པ་ལེགས་ཐུགས་རྗེ་ཆེ། སྤྱིར་གསར་འགྱུར་མི་འདྲ་བ་དང་གསར་པ་འཚོལ་སྒྲུབ་བྱེད་རྒྱུ་གསར་འགོད་པའི་དམིགས་ཡུལ་དང་ལས་འགན་ཡིན་རུང་། ང་ཚོའི་གནས་སྟངས་ནི་གཞུང་དང་མང་གཙོ་སོགས་ཇི་ཙམ་གྲ་རྒྱས་མདོག་བརྗོད་རུང་ཡུལ་གྱར་བ་ཞིག་ཡིན་པས་འཛམ་གླིང་གི་རང་དབང་རྒྱལ་ཁབ་ཁག་གི་གསར་འགོད་པ་དང་བསྡུར་ས་མེད། ང་ཚོའི་གསར་འགོད་པ་ཚོར་གཞུང་དང་དབུ་འཁྲིད་ཀྱི་མཛད་ཕྱོགས་མི་མང་གིས་རྟོགས་ཐབས་དང་། མི་མང་གི་བསམ་འདུན་གཞུང་གིས་མཁྱེན་པ་བྱ་རྒྱུ། དེ་བཞིན་སྤྱི་ཚོགས་ལ་གནོད་པའི་ངན་སྤྱོད་ཐེར་འདོན་བྱེད་པ་དང་ཆབས་ཅིག་མང་ཚོགས་ནང་གོ་བ་ལོག་སྒྲུབ་འགྲོ་གཞིའི་རིགས་མི་འབྱུང་ཆེད་གསར་འགྱུར་གོ་ཚད་འགོད་འཐལ་མི་བྱེད་པའི་འགན་འཁྲིའང་ཡོད་ངེས་སྙམ།
    དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེར་སྐྱོན་བརྗོད་དང་མངགས་བརྗོད་བྱེད་མཁན་གཉིས་ལས་མངགས་བརྗོད་བྱེད་མཁན་ཀྱི་རྒྱ་ཆ་མཐོ་བ་ཡོད་པ་གསལ་པོ་རེད། ཉིད་ཀྱི་གསལ་བཤད་དུ་སྐུ་ཚབ་ཏུ་བསྐོས་ན་འགྲིག་གི་མི་འདུག་ཅེས་བཤད་དགོས་རྒྱུ་ལ་དེ་ལྟར་མ་བཤད་པར། སྐུ་ཚབ་ཁོ་རང་གི་མིང་ནས་བཟུང་སྟེ་བཤད་ཀྱིན་ཡོད་གསུངས་པ་ཏག་ཏག་བསྡད་ཨེ་ཡོད་ན། དེ་ལྟར་ཡིན་སྐལ་བཟང་རྒྱལ་ལ་ཡང་དགོས་རྒྱུ་རེད། ལྷག་བསམ་ཅན་གྱི་མི་ཞིག་ཡིན་ན་རང་ཉིད་ཀྱི་བསམ་ཚུལ་ཞུ་ས་མེད་པ་ག་ལ་ཡིན། ལྷག་པར་བཀའ་ཟུར་དང་མཁྱེན་ཡོན་ཅན་རྣམས་ལ་དེ་བས་སྐུ་ངལ་ཡོད་རེད་བསམ་གྱི་མི་འདུག དེ་སྔ་བོད་དུ་ཡིན་ན་ྋགོང་ས་མཆོག་ལ་གདོང་ཞུ་རྒྱབ་ན་རྟ་ལྕག་བཟེད་དགོས་ཟེར་སྲོལ་དེ་འདྲ་དེང་སྐབས་མེད། ཁ་དཔེར། མི་ལ་སྐྱོན་མེད་པ་དང་ཤིང་ལ་མཛེར་པ་མེད་པ་མེད་ཟེར་སྲོལ་ཡོད་ཀྱང་། རྒྱ་རིར་སྐྱོན་བྱེད་མི་རེ་ཟུང་ཡོད་པ་ལས་མང་བ་སྒེར་གྱི་འཁོན་འཛིན་ལས་བྱུང་བར་བདེན་དཔང་མེད་པ་མིན། ལར་ང་ཚོ་བཙན་བྱོལ་སྤྱི་ཚོགས་འདི་མང་གཙོའི་ལམ་ལུགས་སུ་སྐྱོད་མཁན་ཞིག་ཡིན་པའི་ཆ་ནས་མང་ཚོགས་ནང་བསམ་ཚུལ་མི་མཐུན་པ་ཡོང་སྲིད་པ་དང་ཆོག་པ་ཡིན། འོན་ཀྱང་བསམ་ཚུལ་མི་མཐུན་པ་རེ་ཟུང་ཡོད་པ་རྩལ་དུ་བཏོན་ནས་གསར་ལམ་དུ་སྤེལ་ན་གཞིས་བཞུགས་རྒྱ་ཆེའི་མང་ཚོགས་ཀྱི་སེམས་ལ་རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་བོད་བཙན་བྱོལ་གཞུང་མང་གཉིས་ལ་་ཡིད་ཆེས་དང་བློས་འགེལ་བྱེད་པ་དེ་ལ་རེ་བ་མེད་པ་ལྟ་བུའི་ཚོར་སྣང་མི་སྦྱིན་པའི་ངེས་པ་མེད་པས་སླར་དགོངས་བཞེས་ཀྱི་འདི་རིགས་མི་ཡོང་པའི་རེ་བ་ཡོད

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ལྷན་རྒྱས་ཚོ།

    བརྗོད་གཞི་ལ་ཐད་ཀའི་འབྲེལ་བ་མེད་པའི་མཆན་འགའ་རེ་བསུབས་ཚར། རྗེས་ཕྱོགས་ཀྱང་འདིའི་ཕྱོགས་ལ་ཚོད་འཛིན་གང་ཐུབ་བྱ་རྒྱུ་ཡིན་ན་ཚང་མས་བརྗོད་གཞི་རང་གི་སྒང་ལ་བསམ་ཚུལ་བཤད་རྒྱུའི་རེ་བ་ཡོད།

    ཟིན་ཐོ་འདིའི་ནང་གི་མི་སྣ་དེ་རྒྱ་རིགས་ཤིག་ཡིན་པ་རྒྱུ་མཚན་དུ་བྱས་ནས་སྐད་ཆ་བཤད་མཁན་གྱི་རིགས་ལ་དམིགས་བསལ་ཞུ་རྒྱུ་འདྲ་མེད།

    དེ་ནས་རྒྱ་རིགས་འདིའི་སྐད་ཆ་བདེན་པ་མ་རེད་ཟེར་མཁན་དང་། འདི་ཕུང་དཀྲུག་གི་སྐད་ཆ་རེད་ཟེར་མཁན་དག་ལ་གསལ་བཤད་རེ་ཞུ་དགོས་བསམ།

    ང་ཚོ་མགོ་རུལ་བ་སྣ་ཡིས་མ་ཚོར་བའི་དཔེ་ལྟར་དུ་མི་འགྲོ་བའི་ཆེད་དུ་ངས་རྒྱ་རིགས་དེའི་སྐད་ཆ་ཟིན་ཐོར་བཀོད་ནས་འདིར་སྤེལ་བ་ཡིན།

    འདི་ནས་ཁག་ཅིག་གིས་ཡ་ལན་སློག་ཅེས་པ་འདིའི་ཚིག་དོན་ལ་འཇུས་ནས་བདེན་པ་མ་རེད་ཟེར་བ་དང་། དེ་བཞིན་ཤེས་ཡོན་པའི་ཁྲོད་ནས་ཁོང་ལ་ཡ་ལན་སློག་མཁན་འདུག་ཅེས་པ་བདེན་པ་མ་རེད་ཟེར། སྤྱིར་བཏང་། ཡ་ལན་སློག་པ་ནི་གཏམ་ལན་སློག་པ་ལ་གོ་དགོས་ཤིང་། དེ་གཞིར་བཟུང་ནས་བཤད་ན་བོད་རིགས་ཤེས་ཡོན་པ་ཚོའི་ཁྲོད་ན་༧གོང་ས་མཆོག་ལ་གཏམ་ལན་སློག་མཁན་མེད་ཅེས་ན་བདེན་པ་མ་རེད་སྙམ།

    རྒྱ་རིགས་དེ་དང་ངེད་གཉིས་ཀྱི་སྐད་ཆའི་བར་ནས་ཁོས་མི་སྣ་མིང་འབོད་ཀྱིས་དཔེ་མཚོན་གང་འཚམ་རེ་འདྲེན་གྱི་འདུག དེ་དག་རེ་རེ་བཞིན་འདིར་འགོད་དགོས་དོན་མི་འདུག་བསམ་ནས་བྲིས་མེད།

    རིག་འབྱུང་གིས། ༼ད་ཕན། བོད་རིགས་ཞིབ་འཇུག་པ་ཚོའི་ཁྲོད་ན་། ༧གོང་ས་མཆོག་ལ་ཡ་ལན་སློག་མཁན་བྱུང་འདུག་གམ། བོད་རིགས་ལོ་རྒྱུས་སྨྲ་བ་ཚོའི་ཁྲོད་ན་ཡ་ལན་སློག་མཁན་བྱུང་འདུག་གམ། ཆེད་མཁས་ཚོའི་ཁྲོད་ན་ཡ་ལན་སློག་མཁན་བྱུང་འདུག་གམ། རིགས་གཅིག་རྐང་འཛིན་པ་ཚོའི་ཁྲོད་ན་ཡ་ལན་སློག་མཁན་བྱུང་འདུག་གམ། བོད་རིག་པའི་མཆེད་ཁོངས་འཚོལ་མཁན་ཚོའི་ཁྲོད་ན་ཁོང་ལ་ཡ་ལན་སློག་མཁན་བྱུང་འདུག་གམ། ཕལ་ཆེར་བྱུང་མི་འདུག༽ ཟེར།

    རྒྱ་རིགས་དེའི་བཤད་ཚོད་བྱས་ན། བོད་རིགས་ཞིབ་འཇུག་པ་ཚོའི་ཁྲོད་ན་ཡ་ལན་སློག་མཁན་འདུག་ལ། བོད་རིག་པའི་མཁས་དབང་ཚོའི་ཁྲོད་ནའང་འདུག ལོ་རྒྱུས་སྨྲ་མཁན་དང་། སྲིད་དོན་ཆེད་མཁས་པའི་གྲས་ནའང་འདུག ཡ་ལན་སློག་ཚད་ཡིག་ཐོག་དང་ངག་ཐོག་གང་རུང་བརྒྱུད་ནས་སྤྱི་ཚོགས་འདིའི་ནང་ཁྱབ་ཀྱིན་ཡོད།

    དེ་བཞིན་ང་ཚོའི་གྲོས་ཚོགས་འཐུས་མིའི་ནང་གི་ཤེས་ཡོན་པ་དག་གི་ཁྲོད་དུའང་ཡ་ལན་སློག་མཁན་ཡོད། བརྒྱུད་ལམ་ཁག་གི་སྲིད་དོན་དཔྱད་བརྗོད་སྤེལ་མཁན་ཚོའི་ཁྲོད་ནའང་ཡ་ལན་སློག་མཁན་ཡོད། ད་དུང་བོད་དོན་རྒྱབ་སྐྱོར་བ་དང་། བོད་དོན་ཆེད་མཁས་པ་ཕྱི་གླིང་བ་ཚོའི་ཁྲོད་དུའང་མང་།

    ༧གོང་ས་མཆོག་གིས་ཀྱང་བོད་མི་ཚོའི་ཁྲོད་ན་ཁོང་ལ་དངོས་སུ་སྐྱོན་བརྗོད་བྱེད་མཁན་འདུག་ཅེས་བརྒྱུད་ལམ་གཞན་ཁག་ལ་བཤད་པ་གོ་ཐོས་ཡོད་ལ། རྒྱ་རིགས་འདི་ལའང་ཁོང་གིས་དེ་ལྟར་གསུངས་འདུག དེ་བས་ཞིབ་འཇུག་བྱས་དང་མ་བྱས་ནི་བསྐྱར་དུ་ཞིབ་འཇུག་ནན་མོ་བྱས་ན་གསལ་ཡོང་གི་རེད་སྙམ།

    དེ་ནས་རྒྱ་རིགས་འདིས་ཕུང་དཀྲུག་བྱེད་བཞིན་འདུག་ཅེས་པ་དེ་ཡང་སྐད་ཆ་དྲང་པོ་མ་རེད་སྙམ། དེ་ནི་བོད་པ་ཚོས་ནང་ཁུལ་ནས་ཕན་ཚུན་གྱི་མགོ་ལ་ཞྭ་མོ་གཡོག་སྟངས་ཀྱི་རྒྱུན་སྲོལ་དེ་རེད། གལ་སྲིད་དེ་ལྟར་མིན་ན་ཕུང་དཀྲུག་གི་གཞི་རུ་འགྱུར་རྒྱུའི་ཚིག་དོན་གང་ཡིན་རྒྱུ་མཚན་དང་བཅས་བཤད་ན་འགྲིག་གི་རེད། ཚང་མར་དོན་ཕན་གསོས་གི་རེད།

    དཔེར་བརྗོད་གཞན་བཀོད་ན། ཉེ་ཆར་གངས་སྐྱིད་ནས་ཉན་ཞིབ་ཅིག་འཚོགས་པ་དང་། དེ་འཚོགས་དགོས་པའི་རྒྱུ་མཚན་དང་། ཚིག་འགྲོས། ཉན་ཞིབ་ཀྱི་སྔ་ཕྱི་བཅས་ལ་བསམ་ནའང་ང་རང་ཚོ་རྒྱལ་བ་རིན་པོ་ཆེའི་དགོངས་གཞིའི་འོག་ན་མཛུབ་མོ་ལྔ་བཅིངས་ཁུ་ཚུར་ལྟ་བུ་ཞིག་ཡིན་མིན་ཤེས་ཐུབ་པར་འདོད།

    དཔེར་བརྗོད་གཞན་ཞིག་ནི། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་རེད། དེང་སྐབས་ཁོང་ལ་མི་འདོད་པའི་ལྟ་ཚུལ་འཛིན་མཁན་དང་སྐྱོན་བརྗོད་བྱེད་མཁན་ཡང་མང་། འགའ་རེས་དམིགས་བསལ་སྐུ་ཚབ་ཁོང་གི་མི་སྒེར་གྱི་བྱ་སྤྱོད་ལ་སྐོར་ནས་བཤད་ཀྱིན་ཡོད། འགའ་རེས་དམིགས་བསལ་སྐུ་ཚབ་ཀྱི་ལྷག་བསམ་ལ་གཤེ་གིན་ཡོད། སྤྱིར་བཏང་གི་བཤད་སྲོལ་ཡིན་ན། ༧གོང་ས་མཆོག་ལ་མི་འདི་ཁྱེད་ཀྱི་དམིགས་བསལ་སྐུ་ཚབ་ཏུ་བསྐོས་ན་འགྲིག་གི་མི་འདུག་ཅེས་བཤད་དགོས་རྒྱུ་ལ་དེ་ལྟར་མ་བཤད་པར། སྐུ་ཚབ་ཁོ་རང་གི་མིང་ནས་བཟུང་སྟེ་བཤད་ཀྱིན་ཡོད་ལ། སྐུ་ཚབ་ཀྱིས་ནམ་རྒྱུན་ཁོ་རང་ནི་༧གོང་ས་མཆོག་གི་བཀའ་ཕེབས་པ་ལྟར་ཁོང་གི་སྐུ་ཚབ་གནང་གི་ཡོད་ཅེས་བཤད་ཀྱིན་ཡོད། འདི་དག་ལ་བལྟས་ནའང་། འབབ་ས་གང་ཞིག་ཡིན་མིན་གསལ་བོ་རེད་འདོད།

    Reply
  12. ནགས་མེ། says:
    ལོ་ 15 སྔོན།

    རྒྱ་མི་འདིའི་སྐད་ཆ་དྲང་ཚུགས་དང་ཤ་ཚ་ཡིན་ཁུལ་ལྟར་སྣང་ཡང་། དོན་དམ་དུ་བཙན་བྱོལ་སྤྱི་ཚོགས་འདི་ཕུང་དཀྲུགས་སློང་བྱེད་ཀྱི་འཁྱལ་གཏམ་ཉག་ཅིག་རེད། སྐད་ཆ་འདིའི་རིགས་དྲ་གནས་སུ་མ་བཀོད་ན་བཟང་གི་རེད། ཁྱོད་ཚོས་བསམ་བློ་ནན་ཏན་གཏོང་དགོས་པ་རེད་མ་གཏོགས་སྐད་ཆ་མཚར་མཚར་འདྲ་ཞིག་རྗེས་སྙེགས་ཆེ་དྲགས་ན་ཕན་ཆ་ལས་གནོད་ཚབས་ཆེ་བའང་ཡོང་གི་རེད། ཁྱོས་ཤོད་དང་། ང་ཚོ་བོད་པའི་སྤྱི་ཚོགས་ན་སུས་༸གོང་ས་མཆོག་ལ་ཁ་གཏོང་གི་འདུག སུས་གོང་ས་མཆོག་གིས་མ་འགྲིག་མ་འཐུས་པ་རེད་ལབ་ཀྱི་འདུག མི་འདི་ང་ཚོའི་སྤྱི་ཚོགས་ནང་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་རེད། ཉེ་བའི་ཆར་ང་ཚོའི་འཁོར་ཡུག་ན་བོད་ཀྱི་མ་འོངས་ལངས་ཕྱོགས་སྐོར་བསམ་འཆར་འདྲ་མིན་ཙམ་ཡོད་པར་གོ་སྐབས་བཟུང་སྟེ་ཆེད་དཀྲུགས་གཏམ་བརྫངས་འོངས་བ་རེད། སྐད་ཆ་འདི་རིགས་ཡག་པོ་གཏན་ནས་མ་རེད། འདི་རིགས་རྒྱ་རྒན་ཆབ་སྲིད་པ་དེ་ཚོས་བོད་མི་མགོ་ཡང་དེ་ཚོ་རླུང་བུར་སྤུར་འདོད་པ་རེད།

    Reply
  13. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཏཱ་ལའི་བླ་མ་དང་བོད་མི་འགའ་རེའི་བར་གྱི་གནས་སྟངས་བཤད་པ་དེར་ཚིག་བཀོལ་སྤྱོད་བྱེད་སྟངས་ལ་ཐལ་ཆ་ཆེ་དྲགས་པ་འདྲ། ཡ་ལན་སློག་པ་དང་ལྟ་བ་མ་འདྲ་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། གཞན་བོད་མིར་དམངས་གཙོའི་ཤེས་ཡོན་མེད་པར་བཤད་པ་སོགས་སྐད་ཆ་འགའ་རེར་གོ་རྒྱུའང་ཆེ་ཙམ་འདུག་སྙམ། དེར་བརྟེན་རྒྱ་མི་ཡིན་པ་ཙམ་གྱིས་སྡང་སྡིག་མ་བསྟན་ན་ལེགས།

    Reply
  14. དབྱངས་བུ། says:
    ལོ་ 15 སྔོན།

    རིག་འབྱུང་དོན་གྲུབ་ལགས། ཁྱེད་ཀྱི་མཆན་དོན་ཚན་གཉིས་པའི་ནང་དོན་ལ་གཞིགས་ན། དྷ་སར་ཆེད་ལས་མཁས་པ་དང། རིགས་གཅིག་རྐང་འཛིན་པ། ཤེས་ཡོན་ཅན་སོགས་མེད་པའམ། ཁོང་ཚོའི་འདོད་འདུན་དང་ཕུགས་འདུན་སོགས་གང་ཡིན་རུང་དྷ་སར་གནས་སྡོད་པ་མེད་པར་ཕྱི་གླིང་ཡུལ་གྲུ་གང་རུང་ཞིག་ལ་འཕུར་ཟིན་པ་ལྟ་བུ་བྲིས་འདུག གཅིག་བྱས་ན་ཁྱེད་རང་ལ་ཕྱི་རྒྱལ་སླེབས་པ་ཙམ་གྱིས་དེ་ལྟར་གསུངས་པ་ཡིན་ན་གང་ཤེས་མ་གཏོགས། རྒྱུ་མཚན་མི་འདུག་སྙམ། རྒྱུ་མཚན་ནི་དྷ་སར་ཁུལ་ལ་ཆེད་ལས་མཁས་པ་དང། ཤེས་ཡོན་ཅན། རིགས་གཅིག་རྐང་འཛིན་པ་མི་ཉུང་བ་ཞིག་མིག་མཐོང་ལག་ཟིན་གྱི་གནས་སུ་འདུག་ལགས།

    Reply
  15. kunsal says:
    ལོ་ 15 སྔོན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ནས་གནད་ལ་ཕིག་པའི་མཆན་བཀོད་གནང་འདུག་པས་བསྐྱར་ཞུ་མི་དགོས་པའི་ཐོག་ནས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། རྩོམ་པ་པོའི་དགོངས་ཚུལ་ཡིན་དང་རྒྱ་རྒན་ཞིག་གི་བསམ་ཚུལ་ཇི་ལྟར་ཡིན་ཡང་། རང་བཙན་དང་དབུ་མའི་ལམ་གྱི་འཐབ་རྩོད་ཀྱི་བཤད་ཡམས་ཁྲོད་ནས། ཐུན་མོང་གིས་འབད་ས་ཞིག་བརྗེད་འདུག དེ་ནི་ཆབ་སྲིད་བཤད་བསྡད་དེ། རིག་གཞུང་བརླག་བཞིན་པ་དེ་རེད་ཟེར་བ་ནི་དོན་དངོས་དང་མཐུན་པས་ང་ཚོས་ངེས་པར་བསཨམ་གཞིགས་བྱེད་གལ། དེ་མིན་ངྷ་ས་ནས་ཏཱ་ལའི་བླ་མར་སྐྱོན་བརྗོད་སྣ་ཚོགས་ཡོང་བཞིན་པ་ཟེར་བ་དང་། འདིའི་ལན་པ་ནི་ཏཱ་ལའི་བླ་མ་རང་ཉིད་ལ་འདུག་ཟེར་བ། ད་སྐབས་བཙན་བྱོལ་བོད་མིའི་ཁྲོད་ནའང་༧གོང་ས་མཆོག་ལ་མངོན་གསལ་དོད་པོས་ཡ་ལན་སློག་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་ཟེར་བ་སོགས་ནི་བོད་མིར་ཕན་སེམས་ཀྱི་སྐད་ཆ་ཞིག་རྩ་བ་ནས་མ་ཡིན། འདི་ནི་ང་ཚོའི་མི་མང་བསམ་རྒྱ་ཆུང་བ་རྣམས་ཀྱི་སེམས་ཤུགས་ལ་དོ་ཕོག་གཏོང་རྒྱུའི་ལྐོག་གཡོ་ཞིག་ཏུ་མངོན། ལོག་སྨོན་རྒྱུག་ཁྱི་འགའ་རེས་དགྲ་བོའི་ཚིག་རྗེས་འབྲངས་ནས་སྐྱོན་བརྗོད་ལྟ་བུ་ཞུ་མཁན་རེ་གཉིས་ཡོད་སྲིད་ཀྱང་དེས་བོད་རྒྱ་ཆེའི་མི་མང་གི་ཚབ་ནམ་ཡང་མཚོན་མི་ཐུབ། ༧གོང་ས་༧སྐྱབས་མགོན་ཆེན་པོར་གཞིས་བྱེས་བོད་མི་ཡོངས་ནས་དད་གུས་དང་། རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་དང་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་དུ་རྩི་བཀུར་ཞུས་དང་ཞུ་བཞིན་ཞུ་བར་འགྱུར་བ་ཡིན་པ་ནི་༧གོང་ས་མཆོག་གི་ཞལ་མཇལ་ཇི་ཙམ་ཞུས་རུང་ངོམས་པ་མེད་པར་གང་དུ་༧གོང་ས་མཆོག་གི་བཀའ་སློབ་དང་གསུང་ཆོས་ཡོད་པ་དེ་རུ་བོད་རིགས་རྣམས་མེ་ཏོག་ལ་བུང་བ་འཁོར་བ་བཞིན་དུ་ཚང་ག་ཤིག་ཤིག་གིས་འདུ་བ་འདིས་མཚོན་ནུས། གལ་སྲིད་རྒྱ་དམར་ནས་རང་འདོད་དུ་འགྲོ་དབང་སྤྲད་པ་ཡིན་ཚེ་གཞིས་བཞུགས་སྤུན་ཟླ་མ་ལུས་པ་༧གོང་ས་མཆོག་གི་ཞལ་མཇལ་ཞུ་བར་རྒྱ་གར་དུ་བཅར་ངེས་པ་ཡིན། རྩོམ་བྲིས་རྣམས་ཀྱིས་ཀྱང་སླར་ང་ཚོའི་གནས་སྟངས་དང་བསྟུན་ནས་རྩོམ་འབྲི་གནང་གལ་འབོད་སྐུལ་ཞུ་རྒྱུར་དགོངས་འགལ་མི་ཡོང་བའི་རེ་བ་ཡོད།

    Reply
  16. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཨ་ཧོ། མི་རྟག་པ་རང་རེད་ཁ་སང་ངས་བྲིས་པ་དེ།
    དེ་རང་མཐོང་ཡག་ངི་འདུག ཧ་ཧ་ཧ་ཧ་ཧ

    Reply
  17. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    རྒྱ་མི་དེས་བཤད་སྟངས་དེ་བྱ་ཁ་ཏས་ཕག་པོ་ཁྱོད་རང་ནག་པོ་ཞེ་དྲག་འདུག་ཟེར་བ་དང་གཅིག་པ་མ་རེད་པས།ཁོང་རང་ཚོ་ལ་ཁ་གྲགས་པའི་རང་དབང་མེད་པ་ལ་ད་དུང་ང་ཚོའི་སྐོར་བཤད་ཁུལ་བྱས་པ་དེ་དགོད་མོ་ཤོར་ཡག་རང་རེད།

    Reply
  18. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ལུང་རིགས་ལགས་ཀྱི་རྩོམ་འདི་བྐླགས་པ་ཡིན། ད་རྨོངས་འཆར་འགའ་ཞུ་གི་ཡིན།

    གཅིག།
    ངེད་ཚོའི་བསམ་ཚུལ་ཅུང་ཙམ་མཐུན་གྱི་མི་འདུག ཡ་ལན་སློག་ཟེར་བ་དང་གཙོ་བོ་ཤེས་ཡོན་པའི་ཁྲོད་ནས་ཁོང་ལ་ཡ་ལན་སློག་གི་འདུག་ཟེར་བའི་སྐད་ཆ་འདི་ལ་ཞིབ་འཇུག་གི་རྨང་གཞི་མི་འདུག་དྲན། ད་ཕན། བོད་རིགས་ཞིབ་འཇུག་པ་ཚོའི་ཁྲོད་ན་། ༧གོང་ས་མཆོག་ལ་ཡ་ལན་སློག་མཁན་བྱུང་འདུག་གམ། བོད་རིགས་ལོ་རྒྱུས་སྨྲ་བ་ཚོའི་ཁྲོད་ན་ཡ་ལན་སློག་མཁན་བྱུང་འདུག་གམ། ཆེད་མཁས་ཚོའི་ཁྲོད་ན་ཡ་ལན་སློག་མཁན་བྱུང་འདུག་གམ། རིགས་གཅིག་རྐང་འཛིན་པ་ཚོའི་ཁྲོད་ན་ཡ་ལན་སློག་མཁན་བྱུང་འདུག་གམ། བོད་རིག་པའི་མཆེད་ཁོངས་འཚོལ་མཁན་ཚོའི་ཁྲོད་ན་ཁོང་ལ་ཡ་ལན་སློག་མཁན་བྱུང་འདུག་གམ། ཕལ་ཆེར་བྱུང་མི་འདུག དཔེར་ན། ༧གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པའི་བསམ་ཚུལ་མངོན་གསལ་དོད་པོའི་སྒོ་ནས་གླེང་མཁན་ཞིག་འཇམ་ནོར་ལགས་རེད། འོན་ཀྱང་། འཇམ་ནོར་ལགས་ཀྱིས་ཀྱང་ད་ཕན་༧གོང་ས་མཆོག་ལ་ཡ་ལན་སློག་མ་སོང་དྲན། འདི་གཅིག་རེད།
    གཉིས།
    བོད་པའི་ཤེས་ཡོན་པ་ཚོ་གང་དུ་འདུག་གམ། ཞིབ་འཇུག་པ་ཚོ་རྡ་སར་འཚང་ནས་བསྡད་འདུག་གམ། ཆེད་ལས་མཁས་བ་ཚོ་རྡ་ལམ་ས་ལར་བསྡད་འདུག་གམ། རིགས་གཅིག་རྐང་འཛིན་པ་ཚོས་རྐང་བ་རྡ་ལམ་ས་ལར་བཙུགས་འདུག་གམ། ངེད་ཀྱི་བསམ་པར། བོད་རིགས་ཤེས་ཡོན་གྱི་གཞི་རྐང་ཡོད་མཁན་ཚོ་རྡ་ལམ་ས་ལར་བསྡད་མི་འདུག སྔ་མོ་ནས་རྡ་ལམ་ས་ལ་ནས་འཕུར་ཚར་འདུག

    གསུམ་།
    རྒྱ་རིགས་ཁོང་ནས་རྡ་ལམ་ས་ལའི་སྤྱི་ཚོགས་ཀྱི་སྣང་ཚུལ་གཞི་ལ་བཞག་ནས་བོད་པའི་ཤེས་ཡོན་པའི་ཚབ་མཚོན་གྱི་སྐད་ཆ་བཤད་ཀྱི་ཡོད་ན། གནས་སྟངས་ལོགས་ཀ་རེད་དྲན། གལ་སྲིད་རྒྱ་རིགས་ཁོང་གི་བསམ་ཚུལ་བཤད་སྟངས་འདིའི་རིགས་། དེང་སང་ཚགས་པར་དང་དཔེ་དེབ་སོགས་ཀྱི་ཐོག་ལ་དཔར་བ་ཡིན་ན། ཚོང་རྒྱུག་གི་རེད། དེ་ལ་བསམ་བློ་གཏོང་རྒྱུ་ཡོད་དྲན།
    གནས་སྐབས་ལ་དེ་ཙམ་ཡིན།

    Reply
  19. དབྱངས་བུ། says:
    ལོ་ 15 སྔོན།

    ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། རྒྱ་དམག་ཐོག་མར་བོད་ལ་སླེབས་སྐབས་ཁ་མཁས་ཚིག་སྙན་བཤད་པ་དང། ཌཡང་མང་པོ་སྤྲད་ནས་བསླུ་ཐབས་བྱས་ཡོད། དེ་དུས་མི་རེ་བཟུང་གིས་བདེན་པར་སྙམ་ཡོད་ཀྱང། འཇུག་འབྲས་ལས་གསལ་པོ་ཆགས་ཡོད། ད་ལན་ཡང་རྒྱ་རིགས་མི་ཞིག་གིས་ཁ་མཁས་བཤད་འདུག་ཀྱང། ང་ཚོས་ཞིབ་འཇུག་ནན་ཏན་གནང་དགོས་སྙམ།

    Reply
  20. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    རྒྱ་མི་འདིས་སྐད་ཆ་སྙན་མོ་ཙམ་བཤད་འདུག་ཀྱང་། ༸གོང་ས་མཆོག་གིས་གསུང་སྟངས་དང་གནང་སྟངས་དེ་དག་གིས་བོད་མིའི་འཐབ་རྩོད་ཀྱི་ནུས་པ་དང་༸གོང་ས་མཆོག་སྐུ་སྒེར་གྱི་ནུས་པ་གཉོམ་ཞིང་ཆུང་བར་བསྒྱུར་བར་བཤད་པ་དེ་རྩ་བའི་ཆ་ནས་བདེན་པ་མ་རེད་ལ། གལ་ཏེ་བདེན་པའི་ཆ་ཅུང་ཙམ་ཡོད་པའི་དབང་དུ་བཏང་ཡང་དེ་ནི་མིག་རྒྱང་ཐུང་ཐུང་གི་ལྟ་ཚུལ་ཞིག་གི་མཐོང་སྣང་གི་ཆ་ཙམ་རེད།

    གཞན་བཙན་བྱོལ་ནང་ཤེས་ཡོན་ཅན་ཚོས་༸གོང་ས་མཆོག་ལ་རྒོལ་བཞིན་འདུག་ཅེས་པ་དེ་བདེན་པ་མ་རེད། ༸གོང་ས་མཆོག་དང་ཁོང་གི་ལྟ་གྲུབ་དང་ལམ་སྟོན་ལ་ཟུར་ཙམ་ཟ་བ་བའི་སྐད་ཆ་བཤད་མཁན་དག་ནི་དོན་དམ་པའི་བོད་མི་རིགས་ཀྱི་ཚབ་མཚོན་རང་བཞིན་གྱི་ཤེས་ཡོན་ཅན་དག་གཏན་ནས་མ་རེད།
    དེ་ཚོ་སྐྲག་དགོས་ས་ཞིག་མ་རེད་ལ། དེ་ཚོས་སྐྲག་དགོས་ས་ཞིག་བཤད་དང་བསྒྲུབ་ཐུབ་ཀྱི་མ་རེད།

    Reply
  21. ཐོ་རེངས་སྐར་ཆེན། says:
    ལོ་ 15 སྔོན།

    རྒྱ་མི་དེའི་བཙན་གཤོལ་བོད་གཞུང་དང་བོད་མི་ཡུར་གྱར་བའི་ཆ་རྒྱུས་དག་སེ་ལོན་ཡོད་པ་འདྲ། རྒྱ་གཅིག་གི་ཆབ་སྲིད་ཤེས་ཡོན་དང་བོད་མི་བརྒྱ་ཡི་ཆབ་སྲིད་ཀྱི་ཤེས་ཡོན་གཉིས་གཅིག་མཚུངས་རེད།

    Reply
  22. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    This chinese guy’s opinion just shows off that himself still has attached with chinese traditional idea-“son of sky”. He should know Dalai lama is beyond everything.

    Reply
  23. བསེ་རུ། says:
    ལོ་ 15 སྔོན།

    དོན་ལྡན་གཏམ་གླེང་གནང་སྟེ།།
    ཀུན་ཕན་ལས་ལ་བརྩོན་རོགས།།
    ཛར་ཛོར་ཉག་ཉོག་གླེང་ན།།
    མི་ཚེ་འཕྲོ་བརླག་ཡིན་ནོ།།

    Reply
  24. བསེ་རུ། says:
    ལོ་ 15 སྔོན།

    རིག་པ་འདོན་མཁན་ཚོ།
    ཡིག་ནོར་ཇེ་ཉུང་དུ་གཏོང་རོགས། དེ་ཡང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་མ་རེད་དམ།

    Reply
  25. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    པྭ་མགོ་རྒྱ་སྤྲང་ཞིག་གིས་བཙན་བྱོལ་མི་དམངས་ཀྱི་ཤེས་ཡོན་ལ་ཚད་རྒྱག་མདོག་མདོག་བྱས་པ་འདི་ནི་འདམ་བག་ནང་གི་སྦལ་བ་ཞིག་གིས་དགོང་སྔོན་གནམ་ལ་འཕུར་བའི་ཐང་དཀར་རྒོད་པོའི་ཤོག་རྩལ་ལ་ཚད་རྒྱག་མདོག་མདོག་འདི་དགོད་མོ་ཤོར་ཡ་རང་རེད།
    བཙན་བྱོལ་མི་དམངས་ལ་ཆགས་འཇོག་ན་59་རྗེས་སུ་སྐྱེ་པའི་བོད་མི་རྣམས་ཀྱི་སྐད་རིགས་གསུམ་བཞི་རེ་མི་ཤེས་པའི་མི་སུ་ཡང་མེད། སྐད་རིགས་མི་འདྲ་བ་གསུམ་བཞི་ཤེས་པའི་མི་ཞིག་གི་རྒྱལ་ཁབ་མི་འདྲ་བ་གསུམ་བཞིའི་འགྲོ་ལུགས་ཤེས་མིན་བཤད་མ་དགོས་པ་ཞིག་རེད།
    མདོ་ན་སྔ་ནས་ད་བར་དུ་བོད་དོན་ཡག་པོ་ཞིག་མ་འགྲུབ་དུས་བོད་མི་ཉམ་ཐག་ཚོའི་མ་འཇོན་པ་ཡིན་ལུགས་བཤད་བསྡད་པ་འདིར་དངོས་ཡོད་གནས་ཚུལ་ཞིག་མ་རེད་འདོད།
    བཙན་བྱོལ་བོད་མི་ཉུང་ཤས་ཤིག་ལས་མེད་ཀྱང་ཡོད་པ་རྣམས་འཛམ་གླིང་འདི་ཅི་འདྲ་ཡིན་མིན་ཡག་པོ་ཧ་གོ་བའི་ཤེས་ཡོན་པ་ཤ་དག་ཡིན།
    ཆུ་དང་ཆར་པའི་དཀྱུལ་ནས།
    རང་མགོ་ཐོན་ནས་ཡོང་ཡོད།
    རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ།
    རྒྱ་མིས་སྐྱོར་རོགས་མི་དགོས།

    རྡ་སའི་གསང་ལམ་ནང་དུ།
    རྒྱ་འཁྱོམ་མཁས་མདོག་ཚ་བོ།
    མཁས་པ་དེ་འདྲ་ཡོད་ན།
    རྒྱ་ནག་མང་གཙོ་བསྒྱུར་དང།

    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་་་་་་་་ཀླད་མེད།

    Reply
  26. ཕྱོགས་གླང། says:
    ལོ་ 15 སྔོན།

    ངའི་བསམ་ཚུལ་བྱས་ན། བོད་མིས་༧རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་ཅེས་པ་དེ་དངོས་ཡོད་གནས་ཚུལ་དང་མ་མཐུན་པ་ཞིག་རེད། ཁོང་ལྟ་བུའི་དབུ་འཁྲིད་ཅིག་གསེར་གྱི་ཞུན་མར་འཁྱེར་ཀྱང་རྙེད་རྒྱུ་མེད་པ་བོད་པ་ཚང་མས་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་བོད་གྲོས་མོལ་སྐོར་གྲུབ་འབྲས་ཕར་བཞག་ཡར་རྒྱས་ཀྱི་རྣམ་པ་ཡང་་མཐོང་རྒྱུ་མེད་ཙང་འུ་ཐུག་ཐབས་ཟད་ཀྱིས་ཟུར་ཟའི་ཚིག་རེ་གཉིས་ཁ་ནས་ཤོར་གྱི་ཡོད་པ་ཡིན་གྱི་རེད། དེ་ནི་ནོར་འཁྲུལ་རེད། རང་གི་ཕོར་པའི་ནང་རང་གིས་སྐྱག་པ་བཏང་བ་དང་གཅིག་པ་རེད། ༼ ཚིག་པ་གཡག་ལ་ཟ་ནས་རྡོག་རྒྱག་ཁྱི་ལ་གཞུས་༽ ཟེར་བའི་དཔེ་ལྟར་ཆགས་པ་རེད། དཔེ་བཞག་ས་སྙིང་པོ་རང་བྱུང་མ་སོང་ཡང་དོན་དངོས་ཐོག་དེ་རང་རེད། འགག་རྩ་སུ་ལ་ཐུག་ཡོད་མེད་མ་ཤེས་པའི་རྟགས་རེད།

    Reply
  27. karma dorje says:
    ལོ་ 15 སྔོན།

    བྱུང་ན་དབུ་མའི་ལམ་ལ་འགྲོ དེ་མིན་ན་རང་བཙན་ལམ་ལ་རྒྱུགས། དོན་དག་སྤྱི་དོན་ཡག་པོ་སྒྲུབས། དམ་ཚིག་མཐུན་པོ་གྱིས། གཞན་གྱིས་བཤད་ཚད་ཉན་དགོས་མ་རེད།

    Reply
  28. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།་རྒྱ་མི་དེས་་་་་བོད་མི་འགའ་ཞིག་གི་སེམས་ལ་གདོན་ཞུགས་པ་མཐོང་འདུག་ག

    Reply
  29. རྒྱལ་བསྟན། says:
    ལོ་ 15 སྔོན།

    རྒྱ་མི་དེས་དེ་ལྟར་བཤད་དུས་ཁྱེད་རང་ག་རེ་བསམས་བྱུང།

    Reply
  30. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཡ། འོ་ན་ད་གང་བྱེད་དགོས་སམ།
    གང་ཡིན་ཡང་༧གོང་ས་མཆོག་ནི་ལོ་བརྒྱ་ལྷག་བཞུགས་གི་རེད།
    དེ་ཡི་རིང་ལ་འཕོ་འགྱུར་འགྲོ་བ་ཆོས་ཉིད་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese