དེ་རིང་༧གོང་ས་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། ཁོང་ཐེངས་འདིའི་ས་ཡོམ་བྱུང་སར་ངོ་བསྐྱོད་གནང་སྟེ། མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ་ཞེས་གསུངས་ཡོད།
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཁམས་སྐྱེ་རྒུ་མདོ་རུ་ས་ཡོམ་གྱི་གོད་ཆགས་བྱུང་བའི་ཉིན་དེར་༧གོང་ས་མཆོག་གིས་འཚམས་འཕྲིན་ཕུལ་ཡོད་པར་མ་ཟད། དེ་རིང་ཉིན་གུང་༸གོང་ས་མཆོག་གིས་ཡང་བསྐྱར་ས་ཡོམ་གྱི་གོད་ཆགས་དང་འབྲེལ་བའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། ཁོང་གིས། ཉིན་ཤས་སྔོན་རོབ་ཙམ་བཤད་ཟིན་པ་ལྟར་ད་རེས་མཚོ་སྔོན་ཞིང་ཆེན་ཁོངས་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་རྒུ་མདོ་ཉེ་འཁོར་དང་བཅས་པར་ས་འགུལ་གྱི་འཇིགས་པ་ཚབས་ཆེ་བྱུང་སྟེ་མི་གྲངས་ཧ་ཅང་མང་པོ་རྐྱེན་འདས་དང༌རྨས་སྐྱོན། དེ་བཞིན་སྡོད་ཁང་དང་ཟ་ཆས་སོགས་གང་ཅིའི་ཆ་ནས་དཀའ་ངལ་བསམ་ཡུལ་ལས་འདས་པ་འཕྲད་པར་བློ་ཕམ་ཚད་མེད་བྱུང་ཡང༌། མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་བྱ་རྒྱུ་ཙམ་ལས། ས་ཁད་ཀྱིས་འགྱངས་པས་དངོས་སུ་རོགས་ཕན་བྱ་ཐབས་དབེན།
ད་ལན་རྐྱེན་ངན་བྱུང་སྐབས་ཁུལ་དེའི་གྲྭ་བཙུན་དང་ན་གཞོན་སློབ་ཕྲུག་རྣམས་ཀྱིས་མཚོན་རང་རིགས་མང་པོས་ངལ་བ་ཁྱད་བསད་ཀྱིས་ངལ་སེལ་རོགས་སྐྱོར་ཧུར་ཐག་བྱས་འདུག་པར་དགའ་སྤོབས་བརྟས་ཤིང༌། ཚང་མར་ལེགས་སོའི་བསྔགས་བརྗོད་དང༌། འབྱུང་འགྱུར་ཡང་གཞན་དོན་འགན་འཁུར་དང་ལེན་བྱེད་རྒྱུ་བྱང་སེམས་ཀྱི་བསླབ་བྱ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལག་ཏུ་བླངས་པ་ཡིན་པས། བཟང་སྤྱོད་དེ་དག་རྒྱུན་སྐྱོང་དགོས་པའི་རེ་སྐུལ་བྱེད་རྒྱུ་ཡིན། དེ་བཞིན་དབུས་སའི་དབུ་ཁྲིད་སྤྱི་དང༌། ལྷག་པར་སྲིད་བློན་ཝུན་ཅཱ་པོའོ་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ས་གནས་སུ་ངོ་ཕེབས་ཐོག་མང་ཚོགས་ལ་སེམས་གསོ་དང༌། ཉེན་སྐྱོབ་ངལ་སེལ་གྱི་ལས་གཞི་ཁག་ལ་གཟིགས་སྐྱོང༌། གསར་འགྱུར་བརྒྱུད་ལམ་ཁག་ནས་དུས་ཐོག་གནས་ཚུལ་ཁྱབ་སྤེལ་ཐུབ་པ་བྱུང་བ་བཅས་ལ་ངོས་ནས་ཡི་རངས་བསྔགས་བརྗོད་བྱེད་རྒྱུ་དང༌། ཕྱི་ལོ་ ༢༠༠༨ ལོར་ཟི་ཁྲོན་དུ་དེ་འདྲའི་ས་འགུལ་བྱུང་སྐབས་རྒྱ་ནག་དབུས་སའི་གཞུང་དང༌། ཆེས་མཐོའི་དབུ་ཁྲིད་རྣམ་པས་ཐུགས་སྣང་ཆེན་པོས་ཉེན་སྐྱོབ་ཀྱི་ལས་དོན་ཚགས་ཚུད་དང༌། ལྷག་པར་གསར་འགྱུར་བརྒྱུད་ལམ་ལ་ཚོད་འཛིན་མ་བྱས་པར་ཕྱི་གསལ་ནང་གསལ། དེ་བཞིན་རྒྱལ་སྤྱིའི་ཉེན་སྐྱོབ་མཐུན་རྐྱེན་རྣམས་དཀའ་ཚེགས་མེད་པར་ས་གནས་ས་ཐོག་ཏུ་འབྱོར་ཐུབ་པ་བྱུང་བ་བཅས་ལ་ཡི་རངས་བསྔགས་བརྗོད་གནང་ཡོད་ཅིང༌། ད་ལམ་ཡང་དེ་དང་མཚུངས་པ་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་དངོས་དངུལ་གྱི་རོགས་སྐྱོར་མཐུན་རྐྱེན་གང་ཐུབ་བྱེད་འདོད་ཡོད་པ་བཞིན་བརྒྱུད་ལམ་ཚད་ལྡན་ཞིག་བྱུང་འཕྲལ་ཁུངས་སུ་གཏོང་ཐུབ་རེ་ཡོད།
རྐྱེན་ངན་གོད་ཆགས་ཀྱི་འོག་སྡུག་བསྔལ་གྱིས་མནར་བ་ཚོ་དང་ངོ་ཐུག་གིས་སྡུག་བསྔལ་མཉམ་མྱོང་དང་སྨོན་ལམ་རེ་འདེབས་ཐུབ་ན་སྙམ་པའི་རེ་བས་དེ་སྔོན་ཟི་ཁྲོན་དུ་གོད་ཆགས་བྱུང་སྐབས་འགྲོ་འདོད་བྱུང་ཡང་ཐབས་ཤེས་བྲལ། སྔ་ལོ་ཐའེ་ཝན་དུ་ཆུ་ཉེན་བྱུང་སྐབས་ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་དང་མཉམ་དུ་ཐུག་འཕྲད་དང༌། སེམས་གསོ་སྨོན་ལམ་བྱ་རྒྱུའི་གོ་སྐབས་ཐོབ་པ་དེས་རང་ཉིད་ཡིད་བློ་ཚིམས་པ་མ་ཟད། མང་ཚོགས་ལའང་ཕན་ཐོགས་གང་ལེགས་བྱུང་སོང་སྙམ། ད་རེས་ས་འགུལ་གྱི་གོད་ཆགས་བྱུང་སའི་ས་ཁུལ་མཚོ་སྔོན་ཞིང་ཆེན་ནི་ངོས་དང་༧པཎ་ཆེན་སྐུ་གོང་མ་གཉིས་ཀའི་སྐྱེས་ཡུལ་ཡིན་སྟབས། ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ།
མཐའ་དོན་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཡོངས་ལ་ཉེན་སྐྱོབ་རོགས་རམ་ས་གནས་ས་ཐོག་ཏུ་ཡོང་བའི་རེ་སྐུལ་དང༌། རྐྱེན་ངན་འོག་ཚུད་པའི་འཚོ་བཞུགས་མང་ཚོགས་རྣམས་ལ་ཡིད་སྐྱོ་རེ་ཆད་ཞུམ་པ་མི་བྱེད་པར་ལས་འབྲས་ལ་ཡིད་ཆེས་ཀྱིས་རྐྱེན་ངན་གྲོགས་སུ་སྒྱུར་ཐུབ་པའི་དཀའ་ངལ་གདོང་ལེན་དང༌། མདུན་བསྐྱོད་ཀྱི་བསམ་པ་བརྟན་པོས་ཉམས་གསོ་དང་འཛུགས་སྐྲུན་གྱི་ལས་རིམ་ལ་ཧུར་བརྩོན་དགོས་པའི་གཞེན་སྐུལ་ཞུ་རྒྱུ་དང༌། འདས་གསོན་ཚང་མར་དུས་ཀུན་དགེ་བའི་མཆོག་གསུམ་གསོལ་འདེབས་རྟག་ཏུ་བྱེད། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༧ ལ།། ཞེས་བཀའ་བསྩལ་ཡོད།
ཁོང་གིས་ད་དུང་གསར་འགོད་པ་ཚོར་དམིགས་བསལ་ཐོག རྒྱལ་སྤྱིའི་རོགས་སྐྱོར་པ་ཚོར་མཚོན་ནའང་རོགས་རམ་ཤུགས་ཆེར་བྱེད་ཀྱིན་ཡོད་ཀྱང་། ས་གནས་ས་ཐོག་ཏུ་ཕེབས་ཏེ་གཟིགས་ཞིབ་དང་རོགས་རམ་གནད་དུ་སྨིན་པ་ཞིག་གནང་རྒྱུ་གལ་ཆེན་ཡིན་པའི་འབོད་སྐུལ་གནང་བ་མ་ཟད། རིམ་པ་དང་པོ་འཕྲལ་སེལ་གྱིས་ས་གནས་ས་ཐོག་གི་སློབ་ཕྲུག་ཚོའི་སློབ་སྦྱོང་གལ་ཆེན་དུ་འཛིན་རྒྱུ་དང་། མི་མང་གི་འཕྲོད་བསྟེན་ཐོག་མཐུན་རྐྱེན་སྦྱོར་རྒྱུའི་ཐད་འབོད་སྐུལ་གནང་ཡོད།
དེ་བཞིན། ཐེངས་འདིར་དམིགས་བསལ་བོད་རིགས་ཀྱི་ས་ཁུལ་དང་ལྷག་པར་ཞིང་གཤེགས་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ངེད་གཉིས་སྐྱེས་སའི་ཕ་ཡུལ་ཡིན་སྟབས། ས་གནས་ས་ཐོག་གི་རེ་བ་ལྟར་འགྲོ་ཐུབ་ན་བསམ་པའི་རེ་བ་ཡོད་པ་དང་། མི་མང་གི་རེ་འདོད་ལྟར་འགྲོ་ཐུབ་པ་ཡིན་ན། གཞན་སྒྲུབ་མི་ཐུབ་ཀྱང་མི་མང་པོ་ཞིག་གི་སེམས་སུ་སྤོབས་པ་སྐྱེད་པ་དང་སེམས་ཀྱི་སྡུག་བསྔལ་ཆུང་དུ་ཡོང་ཐུབ་པ་ཞིག་བྱ་ཐུབ་ཀྱི་རེད་བསམ་ལ། ང་རང་གིས་ཀྱང་རེ་བ་རྒྱག་གིན་ཡོད། ཅེས་གསུངས་བྱུང།
ཞབས་ཟུང་རེ་ཁ་མངོན་པར་འཁོད་པའི་འཛིན་མ་གང་ཡིན་དོན་ཡོད་མཛད། །
ཕྱག་ཟུང་དབང་སྐུར་གང་གིས་ཐོབ་པའི་སྐྱེ་འགྲོ་ཀུན་ཀྱང་དོན་ཡོད་མཛད། །
སྤྱན་ཟུང་སྨིན་མ་གང་དུ་གཡོ་བའི་ཕྱོགས་དང་མཚམས་ཀུན་དོན་ཡོད་མཛད། །
མདོར་ན་ཅི་མཛད་འགྲོ་བའི་དོན་འགྱུར་སྤྱན་རས་གཟིགས་ལ་བདག་ཕྱག་འཚལ། །
【多維新聞】青海玉樹地震已過去整整一周,地震遇難人數已增至2,064人,中國將4月21日定為全國哀悼日以悼念地震遇難者,官方同時婉拒達賴喇嘛前往災區,明確拒絕國際救援隊入藏救援,并否認了此前境外媒體关于地震遇難人數數据不實的說法。
གླེན་པ་ལུག་གིས། དེ་རིང་ང་། ལས་དོན་ག་གེའི་མོའི་སླད་དུ་གངས་སྐྱིད་དུ་སོང་། ཉོབ་མདངས་ལྷུག་ལྷུག་གི་གཞུང་ཞབས་ཕོ་མོ་ཚོ་མཐོང་བས། ང་སྐྱོ་ཞིང་གདུང་། དེ་ནས་དཔེ་མཛོད་ཁང་གི་ཉེ་འཁྲིས་སུ་བཅར། དཔེ་མཛོད་འགན་འཛིན་གཙོས་པའི་ལས་བྱེད་ཚོའི་དགོད་སྒྲ་དང་། མཛུབ་བར་ནས་ཐག་ཐག་ཡར་བའི་གེ་རམ་གྱི་ཁྲོག་སྒྲ། ཧ་ཧ་དང་ཧོ་ཧོའི་དགོད་སྒྲ་དེ་ལས་རེ་བའི་སེམས་པ་རྨེག་མེད་དུ་བཅོམ་སོང་། རོ་ཐོག་རྟ་རྒྱུག་ཟེར་བ་འདི་འདྲ་ཞིག་ལོས་ཡིན་སྙམ་སོང་། རྡ་རམ་ས་ལ་ན་ཅི་ཞིག་ཡོད་དམ། ༸གོང་ས་མཆོག་བཞུགས་པ་དངོས་གནས་རེད། ཁོང་གིས་ས་ཡོམ་གོད་ཆག་ཁྲོད་ཀྱི་སྐྱེ་རྒུའི་མི་དམངས་ལ་མཛའ་བརྩེའི་གསུང་འཕྲིན་དང་བསྔོ་སྨོན་གནང་སོང་། ད་དུང་ཐོག་དང་པོར་གོ་སྐབས་བརྩོན་ལེན་གནང་སྟེ། ཕ་ཡུལ་སྐྱེ་རྒུའི་ཡུལ་གྱི་རང་གི་འབངས་མི་ལ་ཐུག་ཏུ་འགྲོ་བར་དྲིལ་བསྒྲགས་སོང་། ༸གོང་ས་ཐམས་ཅད་མཁྱེན་པ་དངོས་གནས་བཞུགས་འདུག
འོན་ཀྱང་བོད་གཞུང་གི་བཀའ་ཁྲི་མཆོག་ཀྱང་བཞུགས་ཡོད་དམ་མེད། མི་དམངས་སྤྱི་འཐུས་རྣམས་ཀྱང་བཞུགས་ཡོད་དམ་མེད། ཚོར་སྣང་ཅི་ཡང་མ་བྱུང་། གཅིག་བྱས་ན་གསང་བའི་བརྒྱུད་ལམ་རེ་ན་འབད་འབུངས་བྱེད་བཞིན་ཡོད་ལས་ཆེ། ད་ལྟའི་རེ་བ་བཅངས་ཡོད། ཉིན་གུང་གཞུང་ཞབས་ཚོའི་གུང་གསེང་སྐབས་ཀྱང་མཐོང་སོང་། ཚ་གདུག་ཆེ་བས་ཡིན་ནམ། ཚང་མའི་གདོང་ན་གྲིམ་རིག་རིག་གི་རྣམ་འགྱུར་དང་། ལང་ཆོག་ཆོག་གི་སྙིང་སྟོབས་ཟུར་ཙམ་ཡང་མི་འདུག ཚང་མ་ཕག་པ་ལྟར་ཡམ་ཡོམ་ལྷ་ལྷུག་ངང་འགྲོ་བཞིན་འདུག ལས་ཁུངས་ཁག་གི་ར་སྐོར་དང་། གྱང་རྟིང། རྒྱ་ལམ་བཅས་སུ་གད་སྙིགས་དང་ས་རྡུལ་ཕྱུར་བུར་སྤུངས་ཏེ་འདུག ངའི་སེམས་ལ་ཁོང་ཅག་ལ་ཚོར་བ་ཡོད་དམ་སྙམ། ཐེངས་འདིའི་སྐྱེ་རྒུའི་མི་དམངས་ལ་འཕྲད་པའི་གོད་ཆག་ཐད་ཁོ་ཚོར་རྒྱུས་མངའ་ཇི་ལྟར་ཡོད་དམ། བོད་གནས་ཉམས་ཞིབ་ཀྱིས་ཇི་ཞིག་ཉམས་ཞིབ་བྱས་ཡོད་ཨང་སྙམ། གལ་སྲིད་བདུན་ཕྲག་རེ་གཉིས་རྗེས་བོད་གནས་ཉམས་ཞིབ་པ་ཚོར་ཐེངས་འདིའི་གནས་ཚུལ་ཐད་དོན་དངོས་ལ་འབབ་པའི་རྒྱུགས་གཞི་ཞིག་སྤྲད་ན་གང་འདྲ་ཡིན་ནམ། རྒྱ་གཞུང་གིས་ལག་གང་སྔ་བརྩད་ནས་ཚེས་༢༡་ཉིན་སྐྱེ་རྒུའི་མི་དམངས་ལ་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཟེར། ང་ཚོའི་སྲིད་གཞུང་འདིའི་ཐད་ཀྱང་རྗེས་སུ་ལུས་སོང་། རང་གི་མི་དམངས་ལ་ད་ལྟའི་དར་སྲོལ་ལྟར་གྱི་མྱ་ངན་ཞུ་བར་རྒྱ་གཞུང་སྔོན་ལ་ཤོར་སོང་བར་ཅི་སྙམ་གྱི་འདུག་གམ། ངའི་གཅེས་ཤིང་བརྩེ་བའི་གཞུང་ས་དགའ་ལྡན་ཕོ་བྲང་དང་དེའི་གཞུང་ཞབས་པ་ཚོ།
ད་ལྟ་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་སྐྱེ་དགུའི་མི་དམངས་ལ་མྱ་ངན་དང་རྒུད་སྐྱོབས་ཀྱི་ཞལ་འདེབས་བསྡུ་བའི་བྱ་འགུལ་སྤེལ་གྱི་འདུག གསར་འགོད་པ་དག་གངས་སྐྱིད་དཔེ་མཛོད་ཀྱི་སྒོ་འགྲམས་དང་། གསོལ་ཐབས་ཁང་བཅས་སུ་སོང་ནས་ལྟོས་དང་། དེ་གར་གེ་རམ་རྩེ་བཞིན་པའི་གཞུང་ཞབས་པ་ཚོའི་དགོད་སྒྲ་དང་། དཔེ་མཛོད་ལས་བྱེད་ཚོའི་འཛུམ་མདངས་དང་དགོད་སྒྲས་བཀང་ནས་འདུག ཐག་ཉེ་བའི་གསར་འགོད་པ་ཚོ་མྱུར་དུ་རྒྱུགས
སྐྱེ་རྒུ་མདོ་སོགས་རིགས་དྲུག་གི་སེམས་ཅན་རྣམས་ཀྱི། །
སྒོ་གསུམ་དུག་གསུམ་བག་ཆགས་དྲི་མ་དང་བཅས་པ། །
མ་ཎི་ཡིག་དྲུག་གི་རྟ་དབྱངས་གོ་ཐོས་ཙམ་གྱིས། །
ངན་འགྲོ་གསུམ་དང་སྡུག་བསྔལ་གསུམ་ལས་གྲོལ་གྱུར་ཅིག །
༸གོང་ས་མཆོག་རང་བྱུང་གོད་ཆག་ཕོག་ཡུལ་དུ་ཕེབས་ཐུབ་ན་ཧ་ཅང་བཟང་མོད་དེ་ནི་ད་ལྟའི་གནས་སྟངས་ལ་བསམ་ན་རྨི་ལམ་ཞིག་རེད། དེ་ལས་༸རྒྱལ་དབང་ཀརྨ་པ་མཆོག་ས་གནས་དེར་ཕེབས་ཐུབ་པའི་རྒྱབ་སྐྱོར་གཞུང་མང་གཉིས་ཀས་བྱེད་དགོས་རེད།
དུས་ཚད་འདིར་གོང་ས་མཆོག་དངོས་གནས་བོད་ནང་དུ་ཐེངས་གཅིག་ཕེབས་ཐུབ་ན་ཅི་མ་རུང་། ཉམ་ཐག་པའི་གཞི་ལུས། དམྱལ་བ་མི་ཡུལ་དུ་འཕོས་པ་འདྲ་བའི་ཡུལ་ལུང་དེར། སྐྱོབ་དང་དཔུང་རོགས་བྲལ་ཞིང༌། ངུར་རྒྱང་གིས་གནས་ས་ཧྲལ་ཏེ། བེམ་རོས་ས་སྟེང་ཁེངས་ཤིང༌། ཁ་འཐོར་བའི་སྤུན་ཟླ་དེ་རྣམས་ལ། སྐྱི་གཡའ་བའི་དུས་ཚིགས་འདི་འདྲ་ཞིག་ཤར་བས། དེ་རིང་ཀུན་འདུས་མཆོག་གི་གསེར་ཞལ་མཇལ་ཏེ། བདུད་རྩི་ལྟ་བུའི་ཞལ་གདམས་རེས་ཐུགས་གསོ་དང༌། གཟིགས་གཏོགས་ཤིག་དགོས་ངེས་པའི་དུས་ཤིག་དངོས་གནས་རེད།
སྤྱི་ཚེས་ ༢༡ བདུན་ཚིགས་དང་པོའི་ཉིན། ཚེ་ལས་འདས་པ་དང་འདས་མ་རྣམས་ཀྱི་ཆེད། ༧འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་ནས། གནས་འདྲེན་དང་བྱང་ཆོག་གསུང་རྒྱུ་རེད་འདུག་པས། གཞི་བྱེས་ཀྱི་ལྷན་རྒྱས་རྣམ་པས་ཚེ་འདས་རྣམ་པའི་མིང་ཐོ་གང་བྱུང་བ་ཚེས་ ༢༡ གི་སྔོན་ཚུད་ཁ་བྱང་འདིའི་ཐོག་གཏང་གནང་རོགས་ཞུ། mainly882001@yahoo.co.in ཡང་ན་ druktsering2003@gmail.com
དྲ་གྲོགས་རྒྱ་ཡིག་ཤེས་མཁན་ཚོས་དྲ་བྱང་འདིའི་སྟེང་གཟིགས་ནས་རྒྱ་ཡིག་ཐོག་འཆན་རེ་བྲི་ན་ཡག་པོ་ཡོད་ས་རེད།རྒྱ་རྒན་ཁ་ཤས་ཀྱི་རྒྱལ་བ་རིན་པོ་ཆེ་ཡོང་མི་དགོས་པའི་གཏམ་བཤད་ཁུལ་བྱས་འདུག།
http://www.secretchina.com/node/345261?nochche=1#comment_217467