ཧོར་གཙང་འཇིགས་མེད།
ཐག་གཅོད་གཅིག་དང༌། འགུལ་སྐྱོད་གཉིས། བསྐྱར་ཞིབ་གཅིག་བཅས་ཀྱི་སྒོ་ནས་རྩ་དོན་གླེང་བ།
དང་བོ། གཞི་རིམ་གྱི་ངོ་བོ།
དེ་རིང་ཡང་ཇུས་མེད་ཇུས་གཏོགས་ཀྱི་སྐད་ཆ་ཁ་ཤས་བཤད་འདོད་བྱུང༌། ལོ་ངོ་དུ་མའི་རིང་བོད་ཕྱི་ནང་གི་བོད་མི་དག་གི་འབོད་སྒྲ་ལ་ཉན་པ་ཡིན། བརྒྱུད་ལམ་ཁག་ཏུ་སྤེལ་བའི་སྡུག་ཡུས་སྨྲེ་ངག་ལ་བལྟས་པ་ཡིན། རྒྱ་གཞུང་དང་བོད་གཞུངགཉིས་བར་གྱི་དོ་མི་སྙོམས་པའི་ཞི་མོལ་ལམ་འབྲེལ་མོལ་གྱི་བརྒྱུད་རིམ་དང་གནས་བབ་ལ་དཔྱད་པ་ཡིན། བོད་མིའི་ཞི་རྒོལ་དང་རྒྱ་གཞུང་གི་དྲག་རྡུང༌། བོད་མིའི་རེ་འབོད་དང་ནུབ་ཕྱོགས་ཀྱི་བསླུ་བྲིད་སོགས་ཚད་དམའ་ས་བོད་ཀྱི་གྲོང་གསེབ་ནས། ཚད་མཐོ་ས་མཉམ་འབྲེལ་རྒྱལ་ཚོགས་དང༌། ཨ་རིའི་ཁང་བ་དཀར་བོ་སོགས་ཀྱི་བར་བྱུང་བའི་ལྟད་མོ་ལ་ཐེངས་མང་བལྟས་པ་ཡིན། དེའི་སྟབས་ཀྱིས་ད་ལྟ་ང་ཚོ་ག་འདྲ་ཞིག་ཏུ་ཡོད་པ་དང༌། མ་འོངས་པར་ང་ཚོ་ཁ་ག་འདྲ་ཞིག་ཏུ་ཕྱོགས་དགོས་པའི་དྲི་བ་འདི་གཉིས་ཀྱིས་སེམས་ལ་ངལ་གསོ་མི་སྟེར།
ངས་དེ་རིང་འདས་པའི་བྱུང་རབས་ལོ་རྒྱུས་ནས་གླེང་རྒྱུ་མིན་པར་ད་ལྟ་ང་ཚོ་ཡོད་ས་དེ་འཚོལ་རྒྱུ་ཡིན། འོ་ན་ད་ལྟ་ང་ཚོ་གང་ཞིག་ཏུ་ཡོད་དམ་ཞེ་ན། ནུས་མེད་ཟུངས་ཟད་དུ་གྱུར་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྣ་མཆོག་ལྟེབས་རྩེག་བརྒྱབ་པའི་ཕྱི་རོལ། ཨ་རི་དང་ཡུ་རོབ་སྟོབས་ལྡན་རྒྱལ་ཁབ་ཁག་གི་འཇའ་ཚོན་ལྟ་བུའི་ཕྱི་སྲིད་ཀྱི་ཉེ་འགྲམ། སྟོབས་ཆེན་ཚོང་བ་དང་ཆབ་སྲིད་པ་མཉམ་འབྲེལ་གྱིས་གྲུབ་པའི་གོ་ལ་གཅིག་གྱུར་དང༌། རང་དབང་གི་ཚོང་རར་འབོད་པའི་བར་གསེང༌། སྙིང་རྗེའི་བླ་སྲོག་དང༌། དྲང་བདེན་དང་བྱམས་སེམས་ཀྱི་ཡལ་འདབ་ཡོངས་སུ་བསྐམས་པའི་དེང་རབས་རྒྱལ་སྤྱིའི་རིག་གནས་ཀྱི་སྡོང་རྒན་སྐམ་ཞིང་འཁོགས་པའི་གྲིབ་བསིལ། རྒྱ་ནག་གི་འགྱིག་བཟོས་ཅ་དངོས་ཁེ་བོ་གད་སྙིགས་ལྟར་སྤུངས་པའི་མངའ་ཞབས། རྒྱལ་སྤྱིའི་གཅིག་གྱུར་གྱི་ནུས་སྟོབས་ལ་རྒྱུས་ལོན་བྱུང་ཞིང༌། ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ཁ་སྟབས་ལ་ཚོད་དཔག་ཐུབ་པའི་རྒྱ་གཞུང་གི་ང་རྒྱལ་དང་མཐོང་ཆུང་ཁྱད་གསོད་ཀྱི་མེ་རི་ལུད་པའི་འདབས་གཤམ་སྟེ། ལོ་ངོ་ལྔ་བཅུའི་སྔོན་མགོ་འཛུགས་བྱེད་སའི་གནས་དེ་རུ་ལྷག་ནས་ཡོད།
ང་ཚོས་ཁས་ལེན་བྱས་ཀྱང་རུང༌། མ་བྱས་ཀྱང་རུང༌། འདོད་ཀྱང་རུང༌། མ་འདོད་ཀྱང་རུང༌། ང་ཚོ་ཡོད་ས་འདི་འདྲ་ཞིག་ཡིན་པ་དེ་དངོས་ཡོད་གནས་ཚུལ་ཡིན། དེས་ན་རང་རིགས་ཀྱི་མ་འོངས་མདུན་ལམ་ལ་བསམ་གཞིགས་བྱེད་མཁན་དང་། འཐབ་རྩོད་བྱེད་མཁན། བགྲོ་གླེང་བྱེད་མཁན་སུ་འདྲ་ཞིག་ཡིན་ཀྱང་རང་ཉིད་ཡོད་སའི་ས་ཆ་འདི་ངོས་ཟིན་དགོས་པ་ཡོད་ཚད་ཀྱི་རྨང་གཞི་ཉིད་ཡིན། འདི་ངོས་མ་ཟིན་པའི་ལས་ཀ་གང་ཞིག་བརྩམས་ཀྱང་རྩིག་རྨང་ཞིག་པའི་ཁང་བ་ལྟར་འགྱུར་ངེས་ཡིན།
ད་ལྟ་ང་ཚོ་རང་སྟོབས་ཀྱི་ནུས་པ་མ་འདང་བའི་བྱིས་པ་ཞིག་ཏུ་གྱུར་ནས་ཡོད། བྱིས་པ་དེར་དགོས་པ་མ་རག་ནས་ངུ་བཞིན་ཡོད། འདི་འགྲོ་བ་མི་འུ་ཐུག་པའི་གཤིས་ཀ་མཐར་ཐུག་དེ་ཡིན། མ་བཟོད་པ་དང༌། མ་ནུས་པ། མ་འཇོན་པ། མ་རག་པ། མ་ཐོབ་པ་སོགས་སྡུག་བསྔལ་གྱིས་མནར་སྐབས་སེམས་ཅན་རྣམས་ངུ་བ་ཡིན་ལ། ངུས་ནས་འདོད་དོན་འགྲུབ་མི་འགྲུབ་དེ་སྐབས་འདིའི་དྲི་བ་མིན།
གཅིག ཐག་གཅོད་གཅིག
ཐག་གཅོད་གཅིག་ནི། ང་ཚོས་འདས་སོང་གི་ལོ་རྒྱུས་གླེང་ནས་སྡོད་རྒྱུ་དེ་མ་ཡིན་པར། བློ་ཐག་ཆོད་པོའི་སྒོ་ནས་༧གོང་ས་རྒྱལ་དབང་མཆོག་གི་ཆབ་སྲིད་ཀྱི་གཟིགས་སྣང་དང་ཡིད་ཆེས་ལ་བློ་རྩེ་གཅིག་ཏུ་བཀལ་ནས། མགྱོགས་མྱུར་ངང་གཞིས་བྱེས་མཉམ་འཛོམས་འབྱུང་ཐབས་ལ་འཐབ་བརྩོན་བྱེད་རྒྱུ་དེ་ཡིན། འདི་རྒྱལ་བ་རིན་པོའི་ཆེའི་དགོངས་ཚུལ་ཙམ་དང༌། ང་ཚོ་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་མེད་ཀྱི་གནད་དོན་ལ་ཐུག་པ་ཞིག་མ་ཡིན་པར། མགྱོགས་ནས་མྱུར་དུ་གཞིས་བྱེས་ལྷན་འཛོམས་འབྱུང་ཐུབ་པ་ཡིན་ན་ང་ཚོ་ལ་ཕུགས་རྒྱང་རིང་བོའི་ཁེ་ཕན་ཡོད་པའི་སྟབས་ཀྱིས་ཡིན།
༡། ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་གཞི་རྩའི་ངོས་འཛིན་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁག་དང༌། ལས་བྱེད་ཁག རང་དབང་གི་ཚོགས་པ་ཁག གཞི་རིམ་གྱི་མང་ཚོགས་བཅས་ཀྱི་ཁྲོད་ངོས་འཛིན་སྣ་ཚོགས་ཡོད་ཅིང༌། ཆེ་ས་ནས་སྤྱི་འཐུས་བཞི་བཅུ་ཞེ་གསུམ་པོས་རྩ་དོན་འཐབ་རྩོད་ཀྱི་ངོ་བོ་ངོས་འཛིན་བྱེད་སྟངས་ནམ་ཡང་འདྲ་མྱོང་མེད་ཅིང༌། དེ་མེད་པ་ལ་བརྟེན་ནས་འཐབ་རྩོད་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་མ་ཐུབ་པའི་དཀའ་ངལ་འབྱུང་གིན་ཡོད་ལ། དཀའ་ངལ་འདི་མགྱོགས་མྱུར་ངང་སེལ་མ་ཐུབ་པ་ཡིན་ན། ལོ་རྒྱུས་རང་བཞིན་གྱི་དུས་ཚོད་རྩ་ཆེན་ཞིག་འཕྲོ་ལྷག་ཏུ་གཏོང་མི་སྲིད་པ་མིན།
༢། ད་ལྟའི་དབུ་མའི་ལམ་དུ་འབོད་པ་འདི་ནང་བའི་དགེ་སློང་ཞིག་གིས་བོད་མི་ས་ཡ་དྲུག་གི་དཀའ་སྡུག་སེལ་ཐབས་ལ་དམིགས་ནས་གསར་བཏོད་མཛད་པའི་གཞུང་ལུགས་ཤིག་ཡིན་ལ། ང་ཚོས་ད་ཡོད་རྒྱལ་བ་རིན་པོ་ཆེའི་དགོངས་ཕྱོགས་དང༌། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ཀྱི་ཐོག་ལ་ཅི་ཙམ་གྱིས་ཀླན་ཀ་བྱས་པ་དེ་ཙམ་གྱིས་རྒྱལ་བ་རིན་པོ་ཆེས་བོད་མིའི་དབུ་ཁྲིད་གནང་དགོས་མིན་གྱི་གནད་འགག་ལ་གཏུག་གིན་ཡོད། རྒྱུ་མཚན་ནི་ནང་བའི་དགེ་སློང་ཚད་ལྡན་ཞིག་གི་ངོས་ནས་འཚེ་མེད་ཞི་བའི་ལྟ་བ་གཞི་ལ་བཞག་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་འདི་འདྲ་ལས་གཞན་གནང་ལམ་མེད་པ་དེ་ནང་བའི་ཆོས་ལུགས་ཀྱི་རིན་ཐང་བརྩི་ཤེས་མཁན་རྣམས་ལ་གོ་བརྡ་སྤྲོད་ཁག་པོ་མིན།
རང་ཅག་གི་སྤྱི་ཚོགས་ཁྲོད་ཀྱི་རྩ་དོན་གླེང་སློང་འཐབ་རྩོད་བྱེད་མཁན་སྐོར་ཞིག་གིས་འཐབ་རྩོད་ཀྱི་ཁ་རྒྱ་ཕྱོགས་ལ་བསྐོར་རྒྱུ་བཞག་ནས། བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་ཐོག་ལ་སྐོར་གྱིན་ཡོད་པ་དེ། གོང་དུ་བཤད་པའི་རྒྱལ་བ་རིན་པོ་ཆེའི་ཕྱག་ལས་གཙོ་གནད་གསུམ་གྱི་ནང་ནས་གསུམ་པ་དེ་རྩ་ཁྱུར་གནང་དུ་འཇུག་རྒྱུའི་ཉེན་ཁ་ལ་ཐུག་གིན་ཡོད་པ་ཤེས་དགོས། ༧ཁོང་ཉིད་ཀྱིས་བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ་ཐུགས་འགན་ཁྱེར་བཞིན་དུ། ང་ཚོས་གདམས་གསེས་འདི་འདྲ་ལ་གཏུགས་པ་ཡིན་ན། མི་རབས་ནས་མི་རབས་བར་འགྱོད་གདུང་སྐྱེ་དགོས་པའི་མཇུག་འབྲས་ངན་པ་འཇོག་མི་སྲིད་པ་མིན།
མདོར་བསྡུས་ནས་བཤད་ན། འཚེ་མེད་ཞི་བའི་ལྟ་བ་གཞི་ལ་བཞག་སྟེ་ཞི་མོལ་གྱི་ལམ་ནས་བོད་རྒྱ་གཉིས་ཕན་གྱི་སྲིད་ཇུས་ལ་འགྱུར་བ་ཐེབས་པའི་ཉིན་མོ་ནས། རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་རྩ་དོན་འཐབ་རྩོད་ཀྱི་ལེའུ་མཇུག་སྒྲིལ་གྱིན་ཡོད་པ་འདི་ཤེས་དགོས།
གཉིས། འགུལ་སྐྱོད་གཉིས།
འགུལ་སྐྱོད་གཉིས་ནི། ད་ཡོད་རྒྱལ་སྤྱིའི་ཐོག་གི་བོད་དོན་སྟོབས་ཤུགས་དེ་ཁ་ཡོད་ལག་ཡོད་ཀྱི་སྟོབས་ཤུགས་སུ་བསྒྱུར་ཐབས་བྱེད་རྒྱུ་དང༌། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཆ་ཚང་ལ་ལེགས་བཅོས་བྱེད་རྒྱུ་དེ་གཉིས་ཡིན། ང་ཚོས་འགུལ་སྐྱོད་འདི་གཉིས་ངེས་པར་དུ་བྱེད་དགོས་པའི་རྒྱུ་མཚན་ནི། རང་གཞུང་གིས་སྤྱི་ལོ་ ༡༩༧༩ ལོ་ནས་ད་ལྟའི་བར་མི་ལོ་སུམ་ཅུ་ལྷག་གི་རིང་འདས་པ་མི་རྩོད་པར་མ་འོངས་པ་གླེང་བའི་བློས་བཏང་དང་གུ་བཤངས་ཀྱི་སྲིད་ཇུས་ལ་དོན་ཕན་ལྡན་པའི་ཡ་ལན་གང་ཡང་མ་བྱས་སྟབས། ང་ཚོ་མུ་མཐུད་འདི་མུར་ཧད་དེ་སྡོད་ཐབས་མེད་པ་དེ་ཡིན།
༡། རྒྱལ་བ་རིན་པོ་ཆེ་དང་མཚན་གནས་རྗེས་འབྲེལ་དང༌། བཙན་བྱོལ་བོད་གཞུང་གིས་དཀའ་ལས་མི་ཉུང་བ་བརྒྱབ་པ་ལ་བརྟེན་ནས། ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་སུམ་ཅུར་ཉེ་བ་དང༌། བྱང་ཨ་རི་དང་ཁེ་ཎ་ཌ། ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་ཁག་ཅིག ཨོ་སི་ཋིརེ་ལིས་ཡ། ནོའུ་རྫིས་ལན་ཌ། ཉི་ཧོང༌། ལྷོ་ཀོ་རི་ཡ། རྒྱ་གར་སོགས་རྒྱལ་ཁབ་མང་བོ་ཞིག་ཏུ་བོད་དོན་གླེང་སློང་བྱེད་མཁན་དང༌། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན། ས་གནས་མི་དམངས་ཀྱིས་འཐུས་མི་རྣམས་ལ་གནོན་ཤུགས་སྤྲད་དེ་གཞུང་ངོས་ནས་བོད་དོན་གླེང་སློང་མི་བྱེད་རང་བྱེད་ལྟ་བུ་ཆགས་པ་སྟེ། ལོ་རྒྱུས་ཐོག་གི་བོད་དོན་གྱི་གནསབབ་ཚད་མཐོ་ཤོས་དེར་སླེབས་ཐུབ་ཡོད་ཅིང༌། ང་ཚོས་འབྲེལ་ཡོད་རྒྱལ་སྤྱིའི་སྡིངས་ཆ་ཁག་བརྒྱུད་དེ་ང་ཚོའི་རྒྱབ་སྐྱོར་དེ་དག་ལག་ལེན་དངོས་ཀྱི་རྒྱབ་སྐྱོར་དུ་བསྒྱུར་ཐབས་ལ་འབད་བརྩོན་བྱེད་དགོས།
ལས་ཀ་འདི་བྱེད་སྐབས། ནུབ་ཕྱོགས་ཀྱི་ཡུལ་གྲུ་ཞིག་ན་ང་ཚོའི་རྒྱབ་ལོགས་སུ་སྟག་ལྟར་མཆོང་ཡོང་མཁན་གྱི་མགོན་སྐྱབས་ཤིག་ཡོད་པ་ལྟ་བུའི་གཞན་བརྟེན་རེ་སྟོང་བཅངས་མི་རུང་ལ། ང་ཚོ་ལ་རྒྱབ་རོགས་གང་ཡང་མེད་པའི་གྲོགས་མེད་ཁེར་རྐྱང་ཡིན་པ་ལྟ་བུའི་བག་འཁུམ་སྐྱོ་སྣང་གི་འདུ་ཤེས་ཀྱང་ཡོད་མི་རུང་སྟེ། ང་ཚོ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་སྟབས། ང་ཚོའི་དཀའ་རྙོག་དེ་མི་སེལ་མཐུ་མེད་ཀྱི་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཡིན་པ་དང༌། དཀའ་རྙོག་འདི་སེལ་ཐུབ་ན། འཛམ་གླིང་ཞི་བདེ་དང༌། ཁོར་ཡུག་སྲུང་སྐྱོབ། རྒྱ་གར་དང་རྒྱ་ནག ཁན་བྷོ་ཌིས་ཡ། བྷང་ག་ངྡེ་ཤིས་སོགས་ཨེ་ཤ་ཡའི་རྒྱལ་ཁབ་མང་བོ་ཞིག་གི་གཙང་བོ་དང་རླུངས་ཁམས་འབག་རྩོག་ཏུ་འགྱུར་བཞིན་པ་དང༌། གཙང་བོ་དེ་དག་ལ་བརྟེན་པའི་མི་དམངས་ས་ཡ་ཆིག་སྟོང་ལྷག་གི་སྐྱེ་ཁམས་བདེ་ཐང་ལ་ཕན་རླབས་ཆེ་བ་འབྱུང་བའི་དངོས་ཡོད་གནས་ཚུལ་ཁག་ངོ་སྤྲོད་དང་འབྲེལ། བོད་དོན་དཀའ་རྙོག་གི་གལ་ཆེའི་རང་བཞིན་ཤེས་རྟོགས་འབྱུང་ཐབས་ཀྱི་འགུལ་སྐྱོད་སྣ་མང་སྤེལ་རྒྱུ་གལ་ཆེན་དུ་མཐོང༌།
༢། བོད་དོན་འཐབ་རྩོད་ཀྱི་གཞི་རྟེན་གལ་འགངས་ཆེ་ཤོས་ནི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་ཡིན་ལ། ཇི་སྲིདབོད་དོན་བདེན་མཐའ་མ་སེལ་གྱི་བར་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་སྲ་མཁྲེགས་དང་ཡར་རྒྱས་ཀྱི་ངོ་བོར་གནསདགོས་པ་དེ་ལོ་རྒྱུས་ཀྱིས་ང་ཚོར་གནང་བའི་བསླབ་བྱ་ཡིན། གཞུང་འདི་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་ཆབ་སྲིད་དང༌། རིག་གནས། ཆོས་ལུགས། ལོ་རྒྱུས་སོགས་ངོ་སྤྲོད་གང་ལེགས་བྱེད་ཐུབ་ཡོད་ལ། སྒྲིག་འཛུགས་འདི་ལ་བརྟེན་ནས། རྒྱ་བལ་འབྲུག་གསུམ་གྱི་བོད་མི་ཆིག་འབུམ་ལྷག་གི་ཤེས་ཡོན་དང༌། འཕྲོད་བསྟེན། སྤྱི་ཚོགས་བདེ་དོན་སོགས་མི་དམངས་ཀྱི་གཞི་རྩའི་དགོས་མཁོ་ཁག་ལ་མཐུན་འགྱུར་གང་ལེགས་བྱེད་ཐུབ་ཡོད།
འདིའི་ཁྱབ་ཁོངས་སུ་དགོན་སྡེ་དང་གཞིས་ཆགས་མང་བོ་འཛུགས་སྐྲུན་བྱས་པ་ལ་བརྟེན་ནས། བོད་རང་གི་ཆོས་ལུགས་དང་། སྐད་ཡིག སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས། མི་རིགས་ཀྱི་ངོ་བོ་བཅས་གཅེས་སྲུང་བྱེད་ཐུབ་པ་བྱུང་ཡོད། སྒྲིག་འཛུགས་འདི་བརྒྱུད་ནས་བྱང་ཨ་རིའི་ནང་བོད་མི་ཆིག་ཁྲི་ལྷག་ལྷག་གནས་སྤོ་བྱེད་ཐུབ་ཡོད་ཅིང༌། དེ་མིན་མཐུན་ཕྱོགས་རྒྱལ་ཁབ་ཁག་མང་བོ་ཞིག་ཏུ་གཞིས་སྡོད་པ་དང༌། ཆབ་སྲིད་བཙོན་ཟུར་སོགས་མི་འབོར་གང་འཚམ་གཞིས་སྡོད་བྱེད་ཐུབ་པ་སོགས་མདོར་ན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ཞིག་བཟོ་ཐུབ་ཡོད།
ད་ནི་ཕྱི་བཤོལ་མི་བྱེད་པ་དང༌། ནར་འགྱང་མི་བྱེད་པ། ཐེ་ཚོམ་མི་བྱེད་པ་བཅས་ཀྱི་སྒོ་ནས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ལ་བསྐྱར་བཅོས་དང་ལེགས་སྒྲིག་ཆེན་པོ་ཞིག་བྱེད་པའི་དུས་ལ་བབ་ནས་ཡོད། གཞུང་གི་ལས་ལས་ཁུངས་ཁག་གནས་དུས་ཀྱི་དགོས་མཁོ་དང་བསྟུན་ཏེ་བཙུགས་པ་ཤ་སྟག་ཡིན་སྟབས། གནས་དུས་ཀྱི་དགོས་མཁོ་དང་བསྟུན་ཏེ་འཁུ་བསྡུ་བྱེད་པ་དང༌། ཡང་ན་སྒོ་རྒྱག་ཐུབ་རྒྱུའང་ཧ་ཅང་གལ་ཆེན་ཡིན། དཔེར་ན་ཆོས་རིག་ལས་ཁུངས་ནི་ལས་ཁུངས་ལྷག་མ་ཞིག་ཡིན། ཤེས་རིག་གིས་ཤེས་ཡོན་དང་འབྲེལ་བའི་ལས་ཀ་ཡོངས་རྫོགས་བྱེད་ཀྱིན་ཡོད་སྟབས། ྋསྐུའི་ཞབས་བརྟན་ལྟ་བུ་བསྒྲུབ་དགོས་བྱུང་ཚེ་དགོན་སྡེ་ཁག་ལ་གསལ་བརྡ་འགྲེམས་རྒྱུ་ལས་ལྷག་པའི་ལས་ཀ་དམིགས་བསལ་བ་མེད། ཆོས་རིག་གི་ཁྱབ་ཁོངས་སུ་ཡོད་པར་གྲགས་པའི་ཟློས་གར་དང༌། ལྡི་ལི་བོད་ཁང༌། ནོར་བུ་གླིང་ག་གསུམ་ཡང་དོན་གྱིས་འགན་འཛིན་ལྷན་ཚོགས་ཡོད་པའི་ཚོགས་པ་རང་སྐྱ་བ་ཤ་སྟག་ལས། ཆོས་རིག་དང་ཐད་ཀར་འབྲེལ་བ་ཅི་ཡང་མེད།
འཆར་འགོད་ལས་ཁུངས་ལའང་དམིགས་བསལ་གྱི་ལས་ཀ་མེད། རྒྱལ་ཁབ་རང་བཙན་པ་ཞིག་ལ་མཚོན་ན་འཆར་འགོད་དེ་ཧ་ཅང་གལ་ཆེན་ཡིན་མོད། ང་ཚོར་རང་བདག་བྱེད་ཆོག་པའི་ས་ཆ་དང་གྲོང་ཁྱེར་སོགས་མེད་སྟབས། འཆར་གཞི་ཅི་ཡང་འགོད་མི་ཐུབ། འོས་བསྡུ་དང་ལས་བྱེད་འདེམས་ལྷན་གཉིས་ལའང་ཉི་མ་རེ་བཞིན་བསྒྲུབ་རྒྱུའི་ལས་ཀ་མེད། ལྷག་པར་འོས་བསྡུ་ནི་ལོ་ལྔ་རེའི་མཚམས་ལ་ཐེངས་རེ་མ་གཏོགས་མེད་སྟབས། གཏན་ཚུགས་ཀྱི་ལས་ཀ་ཅི་ཡང་མེད། དེས་ན་འོས་བསྡུ་ནམ་བྱུང་སྐབས་ཚུགས་དགོས་པའི་ཚོགས་པ་གནས་སྐབས་པ་ཞིག་གི་ངོ་བོར་བཞག་ན་མ་འཐུས་པ་གང་ཡང་མེད། དམངས་གཙོའི་ཆ་ལག་ཚང་མ་ཚང་གི་ཐོག་ནས་ཀླན་ཀ་བྱེད་མཁན་རྣམས་ལ། ང་ཚོ་དམངས་གཙོ་འཐུས་སྒོ་ཚང་བ་ཡོང་ཆེད་སྐྱབས་བཅོལ་དུ་བསྡད་ཡོད་པ་མ་རེད་ལ། རང་བཙན་ཡོད་པའི་རྒྱལ་ཁབ་སྟོབས་ལྡན་དག་ལ་དཔེ་འགེབས་ང་ཚོའི་ཐོག་འབྱོར་མི་འབྱོར་མང་བོ་ཡོད། ད་དུང་ལྷན་ཁང་ཁག་སྤྱི་ཡོངས་ལ་བསྐྱར་ཞིབ་ནན་ཏན་བྱས་ཏེ་ད་ཡོད་ལས་བྱེད་ཡོངས་རྫོགས་དགོས་མཁོ་ཡོད་མེད་དང༌། གཞུང་ཞབས་དང༌། རང་ཁོངས། ཆོད་གན། ཞབས་གཡར་བཅས་ལས་བྱེད་རིགས་བཞིར་བགོས་ཏེ་ཉར་གསོག་བྱེད་དགོས་མིན་ཀྱང་དཔྱད་དགོས་པ་སྟེ། མདོར་བསྡུས་ཏེ་བཤད་ན། ལས་བྱེད་ཉུང་འཕྲི་དང༌། གླ་ཕོགས་འཕར་སྣོན། དེང་རབས་ཡར་ཐོན་གྱི་འཕྲུལ་ཆས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། མི་ཉུང་ཉུང་གིས་ལས་ཀ་སྤུས་གཙང་ཡོང་ཐབས་ཀྱི་ཐབས་ལམ་སྤྱོད་དགོས།
སྤྱི་འཐུས་རྒྱུན་ལས་སུ་གྲགས་པ་འདི་་སྔ་མོ་ཞིག་ནས་ང་ཚོའི་སྤྱི་ཚོགས་ཁྲོད་རྩོད་གཞི་ཆེན་པོ་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་ལ། འདས་པའི་སྤྱི་འཐུས་སྐབས་དུ་མའི་རིང་གྲོས་ཚོགས་ནང་སྤྱི་འཐུས་རྒྱུན་ལས་དགོས་མིན་ཐོག་གླེང་སློང་ཤུགས་ཆེན་བྱས་ཀྱང༌། གླེང་སློང་རེ་རེའི་མཐའ་མཇུག་ཏུ་གང་ཟག་བྱེ་བྲག་པ་སུས་ཀྱང་འགན་མི་ཐེག་པའི་གནོན་ཤུགས་སྤྲད་དེ་ལས་ཁུངས་དེ་སྒོ་རྒྱག་ཐུབ་མཁན་གྱི་སྐྱེས་བུ་སུ་ཡང་མ་བྱུང༌། གང་ལྟར་འདི་ཡང་ལས་ཀ་དམིགས་བསལ་བ་མེད་ཅིང༌། ཧ་ཅང་རྙོག་གཞི་ལྡན་པའི་སྡེ་ཚན་ཞིག་ཡིན་པས་རབ་བྱུང་ན་ཁུ་བསྡུ་བྱ་རྒྱུ་གལ་ཆེན་དུ་མཐོང༌།
ལྷག་པར་དུ་བཙན་བྱོལ་བོད་གཞུང་གི་ལས་ཀ་ལྟེ་བ་དེ། རྒྱལ་བལ་འབྲུག་གསུམ་གྱི་མི་དམངས་གཅིག་པུའི་སྟེང་འཇོག་པའི་སྲོལ་རྒྱུན་གྱི་འདུ་ཤེས་བསྒྱུར་ཏེ། བྱང་ཨ་རི་དང༌། ནུབ་ཡུ་རོབ། ཁེ་ཎ་ཌ། ཨོ་སི་ཊི་ལིས་ཡ་སོགས་སུ་བོད་མི་གནས་སྤོ་བྱེད་མཁན་ལོ་ཟླ་ཞག་མཐུད་ཀྱིས་ཇེ་མང་དུ་འགྲོ་བཞིན་པའི་དོན་དངོས་ལ་གཞིགས་ཏེ། ལས་ཀའི་གནད་ས་འདི་ཕྱོགས་སུ་འཛིན་དགོས།
རྒྱ་གར་དུ་བསྡད་ན་རིགས་ཞེན་ལ་རྒྱ་དང་བློ་དཀར་ཚུལ་མཐུན་ཡིན་པ་དང༌། རྒྱལ་ཁབ་གཞན་དུ་སོང་ན་མི་རིགས་དང་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མཁན་ལྟ་བུར་བལྟ་བའི་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་གི་རྒྱ་གར་གྱི་འདུ་ཤེས་འཛིན་སྟངས་ལ་འགྱུར་བ་བཏང་སྟེ། གོང་སྨོས་རྒྱལ་ཁབ་ཁག་ཏུ་སྡོད་པའི་བོད་མི་རྣམས་དང་གཞུང་གི་འབྲེལ་ལམ་སྔར་བས་ཡར་རྒྱས་སུ་གཏོང་རྒྱུ་གལ་ཆེན་དུ་སྣང༌།
དེ་དང་འབྲེལ་ནས་ཕྱི་རྒྱལ་དོན་གཅོད་ཁག་གི་གནས་སྟངས་ཀྱང་གླེང་དགོས་བྱུང༌། གཤམ་དུ་འབྱུང་བའི་དོན་གནད་ཁག་ངོ་ཡོད་ཀྱི་དོན་གཅོད་བྱེ་བྲག་པ་སུ་གང་དང་ཡང་འབྲེལ་བ་མེད།
བཙན་བྱོལ་བོད་གཞུང་གི་ཁྱབ་ཁོངས་འོག་ྋརྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་བཅུ་གཉིས་ཙམ་ཡོད་ཅིང༌། བོད་གཞུང་གི་ལོ་རེའི་དངུལ་རྩིས་ཨ་སྒོར་ས་ཡ་བཅུ་དགུ་ལྷག་འགྲོ་བཞིན་པའི་བརྒྱ་ཆའི་ལྔ་བཅུ་ལྷག་དོན་གཅོད་འདི་བཅུ་གཉིས་པོ་ཁོ་ནའི་ཐོག་ལ་འགྲོ་བཞིན་ཡོད། ང་ཚོ་ལ་མཚོན་ན་འདི་དངུལ་འབོར་ཉུང་ཉུང་ཞིག་གཏན་ནས་མིན། ལས་ཀ་རླབས་པོ་ཆེ་སྒྲུབ་ཐུབ་ཀྱིན་ཡོད་ན་དངུལ་གྱི་འགྲོ་སོང་གཏོང་རྒྱུ་ནི་གཡོལ་དུ་མེད་པ་ཞིག་ཡིན་ཀྱང༌། ལྡི་ལི་དོན་གཅོད་ལ་ལས་ཀ་མ་རྫོགས་པའི་དཀའ་ངལ་ཡོད་པ་དང༌། བལ་ཡུལ་དོན་གཅོད་ལའང་གསར་འབྱོར་བོད་མི་དང་འབྲེལ་བའི་ལས་ཀ་ཙག་ཙིག་མང་བོ་འབྱུང་གིན་ཡོད། འོན་ཀྱང་ཕྱི་རྒྱལ་དོན་གཅོད་གཞན་རྣམས་ཀྱི་ལས་ཀ་དངོས་གནས་དེ་ག་རེ་རེད། ཁོང་ཚོསས་གནས་དེ་དག་ཏུ་ཡོད་པའི་བོད་མི་རྣམས་ཀྱི་ཤེས་ཡོན་ལ་འགན་འཁུར་གྱིན་ཡོད་པ་ཡིན་ནམ། ཡང་ན་འཕྲོད་བསྟེན། ཡངན་སྤྱི་ཚོགས་བདེ་དོན། ཡང་ན་སྐྱབས་བཅོལ་ཞུ་རོགས། ཡང་ན་ལས་ཀ་འཚོལ་རོགས། ཡང་ན་ཆབ་སྲིད་དྲིལ་བསྒྲགས། ཡངན་གཞིས་ཆགས་འཛུགས་རོགས། ཡང་ན་ཆོས་ཕྱོགས་ཀྱི་མཐུན་འགྱུར་ཏེ་གང་ཞིག་ལ་ཕན་གྱིན་ཡོད་པ་ཡིན་ནམ། དོན་དངོས་སུ་ཁོང་ཚོའི་ལས་ཀ་ག་རེ་ཡིན་པ་གཞུང་དང་མི་དམངས་གཉིས་ངོས་ནས་བསྐྱར་ཞིབ་བྱ་རྒྱུ་གལ་ཆེན་ཡིན་ནམ་སྙམ།
བརྒྱུད་ལམ་ཁག་ཅིག་ཏུ་སྤྱི་དོན་ལྷག་བསམ་རྣམ་དག་གིས་སྒྲུབ་མཁན་དང༌། ཤེས་ཡོན་དང་འཇོན་ཐང་ལྡན་པ་སོགས་ཁྲིམས་ལུགས་ཀྱི་འོས་ཆོས་ལས་ལྡན་འགྱུར་གྱིས་མང་བ་བཀལ་བའི་སྤྱི་འཐུས་དང་བཀའ་བློན་དྲག་འདེམས་དགོས་པའི་འབོད་སྒྲ་སྒྲོག་གིན་ཡོད་པ་མང་བོ་མཐོང་བྱུང༌། ཁོང་རྣམ་པས་དོན་གནད་དེ་གང་ཟག་སྒེར་གྱི་ཚོར་བ་དང་བསྲེས་ནས་བཤད་ཀྱིན་འདུག འོན་ཀྱང་ཁོང་རྣམ་པས་སྔོན་ཆད་ང་ཚོས་སྤྱི་དོན་ཁོ་ན་སྒྲུབ་མཁན་གྱི་འཕྲུལ་ཆས་ལྟ་བུའི་བཀའ་བློན་དང་སྤྱི་འཐུས་མ་རྙེད་པའམ། ཡང་ན་གདམས་མ་ཐུབ་པའི་རྒྱུ་རྐྱེན་ལ་བསམ་གཞིགས་བྱས་མེད་པ་འདྲ།
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཉེ་སྔོན་སྤྱི་འཐུས་ཀྱི་ལས་མཇུག་སྡོམ་མ་ཐུབ་པར་གྲོལ་དགོས་བྱུང་བ་དེ་ཁྱིམ་ཚང་གཉིས་ལ་ཐུག་པའི་གནད་དོན་ཞིག་མ་ཡིན་པར། ང་ཚོའི་སྤྱི་ཚོགས་སུ་འདུམ་ཐབས་བྲལ་བའི་དཀའ་རྙོག་ཧ་ཅང་གཏིང་ཟབ་མོ་ཞིག་མི་མངོན་པའི་ཚུལ་དུ་གནས་ནས་ཡོད་པར་བཤད་པ་དེ་རྒྱུས་ཡོད་ཀྱི་སྐད་ཆ་ཡིན། ང་ཚོས་སྤྱི་འཐུས་དྲག་འདེམས་བྱེད་མི་ཐུབ་པའི་དཀའ་རྙོག་ཇེ་ཆེར་འགྲོ་བ་ལས་ཇེ་ཆུང་དུ་འགྲོ་མི་སྲིད། དེའི་རྒྱུ་མཚན་ནི་སྡེ་ཚན་གཅིག་ལ་གལ་ཆེན་ཡིན་པའི་དོན་དག་ཁག་ཅིག་སྡེ་ཚན་གཞན་པ་ལ་གལ་ཆེན་མ་ཡིན་པའི་སྟབས་ཀྱིས་ཡིན། དཔེར་ན་སྡེ་ཚན་ཀ་བ་དང༌། ཁ་བ། ག་བ་གསུམ་གྱིས་གཅིག་གི་ནང་ཁུལ་ལ་ཐེ་གཏོགས་བྱེད་པའི་ཁྲིམས་མཐུན་གྱི་ལམ་ཁ་མེད། དེར་བརྟེན་སྡེ་ཚན་ཁག་བར་གྱི་ལྟ་ཚུལ་དང་བསམ་ཚུལ་མང་བོ་ཞིག་བགྲོ་གླེང་དང༌། བསམ་ཚུལ་བརྗེས་རེས་ནམ་ཡང་བྱེད་ཐུབ་མེད་ཅིང༌། འབྱུང་འགྱུར་ཐུབ་མི་ཐུབ་ནི་མང་ཚོགས་ལ་རག་ལས་པ་ཞིག་རེད། འདི་ཉིད་ཁྲིམས་གཞི་དང་འབྲེལ་བ་ཞིག་ཡིན་སྟབས་ཚོར་བ་དང་འདྲེས་པའི་སྐད་ཆ་བཤད་པ་ཐམས་ཅད་སྟོང་བ་རང་ལས་དངོས་ཡོད་གནས་ཚུལ་འགྱུར་བ་གཏོང་རྒྱུ་ལ་ཅི་ཡང་མི་ཕན། གལ་སྲིད་ད་ཡོད་ཀྱི་འོས་བསྡུའི་ཁྲིམས་ལུགས་འདི་ལ་འགྱུར་བ་རླབས་ཆེན་ཞིག་གཏོང་དགོས་ན་སྟབས་མ་ལེགས་པའི་ལྟད་མོ་ཡ་ང་བ་མང་བོ་མཐོང་གི་རེད། འབྲེལ་བཤད་མང་བོ་རྒྱག་དོན་མེད།
ད་དུང་འདི་ལས་ཀྱང་ཇེ་རྫོབ་ཇེ་སྡུག་ཏུ་འགྲོ་མི་སྲིད་པ་མ་རེད། རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ཆ་ཚང་གནང་ན་ག་འདྲ་ཆགས་ས་རེད། རྒྱལ་བ་རིན་པོ་ཆེ་མེད་སོང་ན་ག་འདྲ་ཆགས་ས་རེད། ལྷན་རྒྱས་རྣམ་པ་ལ་དཔྱད་བརྗོད་སྤེལ་རྒྱུ་དང་རྩོམ་ཡིག་འབྲི་རྒྱུ་ཇེ་མང་ཇེ་མང་དུ་འགྲོ་རྒྱུ་ལ་སུས་ཀྱང་ལུང་བསྟན་རྒྱག་མི་དགོས། དཀའ་རྙོག་འདི་དག་རྒྱལ་དབང་བསྟན་འཛིན་རྒྱ་མཚོས་མི་ལོ་ལྔ་བཅུའི་རིང་སེལ་མ་ཐུབ་པའི་དཀའ་རྙོག་རེད།
བཀའ་བློན་ཁྲི་བ་ལ་མི་སུ་འདྲ་ཞིག་འདེམས་མིན་དེ། གཞན་གྱིས་སྐད་བརྒྱབ་ནས་ཕན་ཐོགས་གང་ཡང་མེད། དེ་ནི་རྒྱ་ཆེ་བའི་དབུས་གཙང་མི་དམངས་ཀྱི་ཕྱག་ལ་ཡོད་པའི་དོན་དག་ཅིག་ཡིན། ནམ་རྒྱུན་མདོ་སྨད་ལ་འོས་ཤོག་འཕེན་མཁན་ཆིག་སྟོང་ལྷག་ལས་མེད་ཅིང༌། མདོ་སྟོད་ལ་དེ་ལས་མང་ཡང་ཧ་ཅང་མང་བོ་མེད། སྐྱབས་བཅོལ་བོད་མི་ཆིག་འབུམ་བཞི་ཁྲི་ལྷག་ཡོད་པའི་བརྒྱ་ཆ་བདུན་ཅུ་དོན་ལྔ་ལྷག་དབུས་གཙང་བ་འདི་རོབ་ཚོད་ཙམ་ལས་ཞིབ་རྩིས་མིན། རྒྱ་ཆེ་བའི་དབུས་གཙང་མི་དམངས་ཐུགས་འདོད་སུ་ལ་ཡོད་ན་དེ་ལ་འཐོབ་པ་ལས་གཞན་གྱིས་ནུས་པ་ཅི་ཡང་མི་ཐོན། གལ་སྲིད་འོས་གཞི་དུ་མའི་སྟེང་དབུས་གཙང་ཆོལ་ཁའི་འོས་ཤོག་ཁ་འཐོར་བྱུང་བ་ཡིན་ན། མདོ་སྟོད་སྨད་ཀྱི་འོས་ཤོག་གིས་ཀྱང་ནུས་པ་གང་འཚམ་ཐོན་ཐུབ་པ་ཡིན། འདི་ལ་རིག་པའི་གཞུང་ལུགས་བཤད་ནས་ཅི་ཡང་མི་ཕན། ཁྲིམས་ལུགས་ཀྱི་ཆ་རྐྱེན་ཚང་བའི་མི་ཡོད་ཚད་བཀའ་བློན་ཁྲི་བ་དང་སྤྱི་འཐུས་ལ་ལངས་ཆོག་པ་རེད། འོས་འཕེན་མཁན་ལ་འདོད་པ་ཡོད་མེད་དེ་འོས་ཆོས་ཚང་མིན་ལ་བཤད་པ་དེ་ཁྲིམས་ལུགས་ཀྱི་གོ་དོན་མ་ཆགས་པའི་སྐྱོན་ཡིན།
གསུམ། བསྐྱར་ཞིབ་གཅིག
བསྐྱར་ཞིབ་གཅིག་ནི། ང་ཚོས་སྐུ་ཚབ་བཏང་སྟེ་རྒྱ་ནག་གཞུང་དང་མཉམ་དུ་གྲུབ་འབྲས་མེད་པའི་འགྲོ་འོང་མུ་མཐུད་བྱེད་རྒྱུ་ཡིན་ནམ། ཡང་ན་རྒྱ་གཞུང་གིས་བོད་དོན་དཀའ་རྙོག་སེལ་དགོས་པའི་ངེས་ཤེས་མ་རྙེད་བར་ངང་འཐེན་བྱེད་རྒྱུ་འདི་ལ་བསམ་བློ་མང་ཙམ་གཏོང་དགོས་པ་ཡིན། འདས་པའི་ལོ་ངོ་བདུན་བརྒྱད་ཀྱི་བྱུང་རབས་ལ་བརྟག་ན། རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་སོགས་དོན་དག་མང་བོ་ཞིག་གི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁ་རྡུང་ཕོག་སྐབས་སྐུ་ཚབ་མགྲོན་འབོད་བྱེད་པའི་གཡོ་སྒྱུ་ཞིག་གོམས་བཞིན་ཡོད་སྟབས། ང་ཚོ་ཕྱི་རྒྱལ་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་མཉམ་དུ་འཚོང་འབྲེལ་བྱེད་པའི་ཆ་རྐྱེན་དུ་བེད་སྤྱོད་བྱེད་བཞིན་པ་དང༌། རྒྱ་གཞུང་གིས་ཀྱང་དེ་མཐུན་གྱིས་རྒྱལ་སྤྱིའི་ཁ་སྨྲས་འགོག་བྱེད་ཙམ་ལ་དམིགས་པའི་འབྲེལ་མོལ་དུ་གྲགས་པ་འདི་མུ་མཐུད་བྱེད་དགོས་པ་ཡིན་ནམ། བསླུ་བྲིད་དེ་དག་ལ་ཁ་ཡ་མི་བྱེད་པར། ཕྱོགས་གཅིག་ནས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་སྲ་བརྟན་བཟོ་བ་དང༌། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་གཞན་པ་ཁག་ཏུ་གནས་སྡོད་བོད་མི་རྣམས་མཉམ་འདུས་ཀྱིས་བོད་པའི་གཞིས་ཆགས་སམ་གྲོང་སྡེ་ལྟ་བུ་འཛུགས་ཐབས་ལ་འབད་པ་སྟེ། ལོ་ངོ་ཅི་ཙམ་ལ་བོད་མི་རྣམས་ཕྱི་རྒྱལ་དུ་གནས་སྒོས་བྱུང་ཡང་རང་གི་སྐད་དང་ཡི་གེ། ཆོས་ལུགས། མི་རིགས་ཀྱི་ངོ་བོ་གསོན་ཉར་ཐུབ་པའི་འཆར་གཞི་གཟབ་ནན་ལག་བསྟར་བྱེད་དགོས་མིན་ལ་བསྐྱར་ཞིབ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་དོན་ཆེན་དུ་མཐོང༌།
༢༠༡༠།༥།༣ ཉིན་བྱང་ཨ་རིའི་གྲོང་ཁྱེར་ནོའུ་ཡོཀ་ནས་བྲིས་ཏེ་ཕུལ།།
སྟག་སྨྱོན་ཁྱེད་བདེན་ ངོ་མ་བདེན་ བསམ་ཚུལ་ཟེར་ན་ངོ་མ་དེ་འདྲ་རེད།
མཁས་དབང་ཧོར་འཇིགས་ལགས་དངོས་སུ་མཇལ་མྱོང་མེད་ཀྱང་ཁོང་ལ་སྙིང་ནས་དགའ་ཞེན་ཡོད། དེ་རིང་འདིར་ཕེབས་པ་ལ་སྙིང་ནས་ཐུགས་རྗེ་ཆེ། ཡང་ཡང་ཕེབས་པའི་རེ་བ་ཡོད་། ང་ཁྱེད་ལ་ཡིད་ཆེད་ཡོད། དེ་ཡང་གཙན་བྱོལ་ནང་མཁས་དབང་གྲགས་ཅན་གདོང་ཐོག་སྤྲུལ་སྐུ་ཟེར་བ་དེ་ཡི་དེང་དུས་རྩོམ་བྲིས་་པ་ཚད་ལྡན་ཞིག་ནི་ཧོར་གཙང་འཇིགས་མེད་ཡིན་གསུང་ཡོད།
རྩོམ་པ་ཕོ་ཧོར་གཙང་ལགས་ནས་གསུངས་བ་ལྟར་བཙན་བྱོལ་བོད་གཞུང་གི་ཆོས་རིགས་དང་འོས་བསྡུ་ལས་ཁུངས་། སྤྱི་འཐུས་རྒྱུན་ལས། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་བཅས་ལ་ལས་ཀ་མང་པོ་མེད་པ་དང་འགྲོ་སོང་ཆེན་པོ་རེད་གསུངས་པ་བདེན་ནའང་། འོན་ཀྱང་ལས་ཀ་མེད་པའི་ལས་ཁུངས་དེ་དག་སྒོ་བརྒྱག་རྒྱུ་ནི་དཀའ་ངལ་དེ་དག་གི་སེལ་བའི་ཐབས་མ་ནོར་བ་མ་རེད། དེ་ལས་སྒོ་ཕྱེ་ཡོད་ནའང་ལས་ཀ་ཆེར་མེད་པའི་ལས་ཁུངས་འདི་དག་ལ་ལས་འགན་མང་དུ་གཏོང་ཐབས་དང་། ཕན་ཐོགས་ཆེར་མེད་པའི་ལས་ཁུངས་འདི་དག་ཚགས་ཇེ་ཚུད་དུ་གཏོང་ཐབས་དང་ཕན་ཐོགས་ཡོད་པ་ཞིག་བཟོ་ཐབས་ལ་བསམ་བློ་ནན་ཏན་བཏང་ནས་ཡར་རྒྱས་གཏོང་དགོས་རེད། གང་ལྟར་ཕན་ཐོགས་མེད་ཀྱང་ས་བོན་ཙམ་ཡོད་པའི་ལས་ཁུངས་དང་སྡེ་ཚན་དེ་དག་སྒོ་བརྒྱབ་ནས་རྩ་མེད་བཏང་ན་བཙན་བྱོལ་བོད་གཞུང་ཡར་རྒྱས་འགྲོ་གི་རེད་ལབ་ན་ངོས་ལེན་མེད། དེ་ལས་ལས་ཁུངས་ཡོད་ཀྱང་ཕན་ཐོགས་མེད་ལ་འགྲོ་སོང་ཆེ་བའི་ལས་ཁུངས་འདི་དག་ཇི་ལྟར་ཡར་རྒྱས་དང་ཚུགས་དུ་གཏོང་དགོས་མིན་ལ་བསམ་བློ་གཏོང་དགོས་རེད་འདོད། ཕན་ཐོགས་མེད་པ་ནས་ཕན་ཐོགས་ཡོད་པ་ཅན་དུ་ཇི་ལྟར་ཡར་རྒྱུས་གཏོང་དགོས་མིན་ལ་བསམ་བློ་དགོས་པ་རེད། མེད་པ་བཟོ་རྒྱུ་ལས་སླ་བོ་རེད་དེ། མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་གཏོང་རྒྱུ་དེ་དཀའ་ལས་ཁག་པོ་ཡོད་རེད། ཁག་པོ་ཡོད་ནའང་ང་ཚོས་འབད་བརྩོན་བྱས་ནས་འགྲུབ་ཐབས་བྱེད་དགོས་པ་གནས་ཚུལ་ཕྱི་མ་འདི་འདོད།
ཧོར་གཙང་འཇིགས་མེད་ལགས་ལ་བཀྭའ་དྲིན་ཆེ། འདི་འདྲ་བའི་རྩོམ་གང་མང་སྤེལ་རོགས།
ཨ་ཁུ་ཧོར་འཇིགས་ལགས། རྩོམ་ཡིག་རིང་སོང་བས་ཀློག་ཁོམ་མ་བྱུང་། པར་དུ་བཏབ་ནས་ག་ལེར་ཀློག་རྒྱུ་ཡིན། དྲ་རྩོམ་ཚོ་ཅུང་རྒྱས་བསྡུས་འཚམས་པ་ཞིག་ཡོང་ན་ཐུགས་ཕན་གསོ་ས་རེད་ ཧ ཧ ཧ ང་ལེ་ལོ་ཆེ་དྲགས་སོང་།
གཞོན་སྐྱེས་སྙན་ངག་པ་ཧོར་གཙང་འཇིགས་མེད་ཀྱིས་དངོས་གནས་ཡག་པོ་ཞིག་བྲིས་གནང་འདུག ཁོང་ལ་རྗེས་སུ་ཡི་རང་ཡོད། སྤྱིར་སྤྱི་ཚོགས་བྲེལ་ཟིང་ཚ་བོ་རེད། དེ་ནས་ཁྱིམ་ལས་བྲེལ་བ་ཚ་བོ་རེད། ཡིན་ནའང་། བསམ་བློའི་ནང་བོད་དོན་ཉར་ནས་བཞུགས་ཡོད་པ་ཞིག་རྟོགས་ཐུབ་པ་འདུག ཁོང་གི་སྙན་ངག་གསར་པ་མ་རིག་ནས་ཡུན་རིང་འགོར། རྩོམ་པ་པོ་རྒན་པ་ཚོ་ཕེབས་ན་གཟི་བརྗིད་དེ་འདྲ་གི་མི་འདུག གསར་ཐོན་པ་ང་ཚོས་ཁོང་ཚོར་སློབ་སྦྱོང་བྱེད།
སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ་ལགས། ཁྱེད་མི་དཔྱད་ཤེས་ཅན་ཞིག་རེད་འདུག་ དགའ་བསུ་ཞུ་
འོན་ཀྱང་ཁ་ནང་སྐོར་འདི་ དགའ་མིན་དགའ་སྡུག་དང ནང་འཁུལ་དཀྲུགས་ཤིང་ ཕྱོགས་རེས་ བཅས་ལ་གོ་དགོས་པ་མིན་འགྲོ་ དེ་མིན་ལྷག་བསམ་རྣམ་དག་གི་བརྒྱུད་ནས་བྱུང་བའི་་བསམ་ཚུལ་སྣ་ཚོགས་ནི་བརྗོད་ལུས་ཆོག་ལ་ བརྗོད་དགོས་པའང རེད་།
བཀུར་འོས་བོད་ཀྱི་སྙན་ངག་པ་ཆེན་པོ་དང་བོད་ཀྱི་སྤྱི་འཐུས་ཟུར་བ་ཧོར་གཙང་འཇིགས་མེད་མཆོག་གིས་བརྩམས་པའི་ འཆར་སྣང་ཐར་ཐོར་ལ་ཐེངས་འགའ་བལྟས་པས།
མང་ཆེ་བ་བསླབ་བྱ་བཟང་པོ་གནང་འདུག་པས་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ།
ད་དུང་མུ་འཐུད་དེ་བོད་གཞི་བྱེས་མཉམ་འཛོམས་ཡོང་བའི་ཐབས་ཇུས་དང་ལས་འགུལ་གང་ཟབ་གནང་རོགས་ཞུ་རྒྱུ་ཡིན།
འོན་ཀྱང་ཁྱེད་ཀྱི་བསམ་ཚུལ་ཁག་ལྔ་ལ་མོས་མཐུན་བྱེད་འོས་མི་འདུག་པས།
བོད་སྤྱི་དོན་ལ་ཕན་པའི་ཕྱིར་ཁྱེད་ལ་བརྒལ་བའི་ཚུལ་གྱིས་དཔྱད་བརྗོད་སྤེལ་དགོས་བྱུང་བས་དགོངས་འགལ་མེད་པར་མཁྱེན་ཞུ།
༡༽ ཁྱེད་ཀྱི་འཆར་སྣང་ཐར་ཐོར་ལས།
“རང་ཅག་གི་སྤྱི་ཚོགས་ཁྲོད་ཀྱི་རྩ་དོན་གླེང་སློང་འཐབ་རྩོད་བྱེད་མཁན་སྐོར་ཞིག་གིས་འཐབ་རྩོད་ཀྱི་ཁ་རྒྱ་ཕྱོགས་ལ་བསྐོར་རྒྱུ་བཞག་ནས། བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་ཐོག་ལ་སྐོར་གྱིན་ཡོད་པ་དེ། གོང་དུ་བཤད་པའི་རྒྱལ་བ་རིན་པོ་ཆེའི་ཕྱག་ལས་གཙོ་གནད་གསུམ་གྱི་ནང་ནས་གསུམ་པ་དེ་རྩ་ཁྱུར་གནང་དུ་འཇུག་རྒྱུའི་ཉེན་ཁ་ལ་ཐུག་གིན་ཡོད་པ་ཤེས་དགོས།”
ཅེས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་སྐོར་ལ་བསམ་ཚུལ་བཟང་ངན་གཉིས་ཀ་འབྲི་མི་རུང་བའམ་བཟང་པོ་ཁོ་ནར་མ་བྲིས་ན། སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་ནས་བོད་དོན་ཀྱི་ཕྱག་ལས་གནང་གི་མ་རེད་ཟེར་བ་ལྟ་བུ་ཞིག་བྲིས་འདུག་པས་དགོངས་ཚུལ་འདི་ལེགས་པོ་གཏན་ནས་མི་འདུག་ཏེ། གོང་ས་མཆོག་ལ་རྒྱ་དམར་ཡོངས་རྫོགས་ཀྱིས་བསམ་ངན་ཡོད་དགུས་ཉིན་མཚན་མེད་པར་འཐབ་རྩོད་སྐྱོན་བརྗོད་བྱས་དང་བྱེད་བཞིན་ཡོད་ཀྱང་། དེ་ལ་གོང་ས་མཆོག་གིས་ཐུགས་ཕམ་མཛད་རྒྱུ་ཕར་ཞོག་ཐུགས་སྟོབས་དགུ་འགྱུར་གྱིས་སྙིང་རྗེ་སྤྲོ་བཞིན་འདུག་ན།
སེམས་སྡུག་གིས་མནར་བའི་བོད་ཀྱི་སྨྱུག་ཐོག་པ་བསམ་བཟང་ཁ་ཤས་ཀྱིས་བོད་སྤྱི་བའི་ཆེད་དུ་བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་སྐོར་ལ་འཐབ་རྩོད་ལྟ་བུའི་བསམ་ཚུལ་བྲིས་པ་རྣམས་ལ། བསྐལ་མང་སྔོན་ནས་ཐུགས་བསྐྱེད་སྨོན་ལམ་ཆེན་པོས་བོད་འབངས་སྐྱོང་བ་ཞལ་གྱིས་བཞེས་པའི་གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྔགས་བརྗོད་མཛད་ངེས་ལས་ཐུགས་ཕམ་ནམ་ཡང་གནང་མི་སྲིད་པ་ཆོས་ཉིད་ཡིན་པར་བརྟེན། དགོས་མེད་དུ་བསམ་ཚུལ་ཐ་ཐོར་འབྲི་ཤེས་མཁན་རྣམས་ལ་སྡིགས་བསྐུལ་མ་བྱེད་རོགས།
དེ་བཞིན་དགེ་སློང་དགེ་བའི་བཤེས་གཉེན་རྒྱལ་དབང་ཕྱག་ན་པདྨོ་་མཆོག་ནི་བླ་མ་བཟང་ཤོས་ཡིན་པར་མ་ཚད་བོད་ཀྱི་དཔོན་པོ་བཟང་ཤོས་ཡང་ཡིན་པས་། གཞན་གྱི་སྐྱོན་བརྗོད་ལ་ཞེད་ནས་རང་གི་ཕུགས་བསམ་དང་ཐུགས་འགན་ཚང་མ་བཙན་གཡུག་བྱེདམཁན་གྱི་ནུས་མེད་ཅོལ་ཆུང་ཞིག་གཏན་མིན་པས་ང་ཚོས་གོང་ས་མཆོག་གི་དགོངས་སྤྱོད་ལ་བསླབ་དགོས་པ་ལས་ཁོང་གི་ཐུགས་བསྐྱེད་ལ་སེམས་ཁྲལ་དེ་ཙམ་བྱེད་དགོས་དོན་མི་འདུག་་དྲན།
དེ་ཡང་་ད་ལོ་གོང་ས་མཆོག་ལ་བརྟན་བཞུགས་ཕུལ་སྐབས་སུ་ཁོང་གིས་བཀའ་སློབ་གནང་དོན། “ང་རང་སེམས་ཤུགས་བསྐྱེད་དེ་བསྡད་ཡོད་ལ། གཟུགས་པོ་ནི་བདེ་ཐག་ཆོད་དང༌། སེམས་ནི་སྐྱིད་ཐག་ཆོད་ཡོད། གཉིད་ནི་སྐྱིད་པོ་ཁུག་གི་འདུག ལྟོ་ཆས་ནི་བྲོ་བ་ཆེན་པོ་འདུག ཁྱེད་རང་ཚོས་བརྟན་བཞུགས་ཕུལ་ནས་དངངས་སྐྲག་བྱེད་དགོས་དོན་རྩ་བ་ནས་མེད། བློ་བདེ་པོ་བྱས་ཏེ་སྡོད།”ཅེས་གསུངས།
ངོ་མ་བཤད་ན་བསམ་ཡོད་བོད་མི་སུས་ཀྱང་གོང་ས་མཆོག་ལ་ངོ་རྒོལ་འཐབ་རྩོད་སྲོག་ལ་ཐུག་ཀྱང་བྱེད་ཀྱིན་མེད་པར་གསལ་པོ་རེད། འོན་ཀྱང་འདྲེ་དང་རྒྱ་དམར་ལ་སྐྱབས་བཅོལ་མཁན་གྱི་མི་ཉུང་ཤས་ཀྱིས་གོང་ས་མཆོག་ལ་བསྐུར་འདེབས་བྱས་དང་བྱེད་བཞིན་ཡོད་ཀྱང་། ཁོ་ཚོའི་བླ་སྲོག་འདྲེ་དང་རྒྱ་དམར་ལ་ཤོར་ཟིན་ནས་ནང་པའི་ཆོས་པ་དང་བོད་ཀྱི་ངོ་བོར་གནས་མེད་པས་ཁོ་ཚོས་བོད་མི་ནང་འཁྲུགས་སློང་མི་་མི་ནུས་ལ་གོང་ས་མཆོག་གི་ཐུགས་དགོངས་ཡང་དཀྲུག་མི་ནུས་ཏེ།
འདིར་དཔེ་མཚོན་ཙམ་བཀོད་ན།
༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ ༡༩༩༧ ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་ཐེག་ཆེན་ཆོས་གླིང་ཕོ་བྲང་དུ་ཚོགས་པ་ཁག་དང༌། བཞུགས་སྒར་ཁུལ་གྱི་མི་མང་གི་འཐུས་མི་བཅས་ལ་གལ་ཆེའི་གནད་དོན་ཐོག་གསལ་བཤད་བཀའ་སློབ་སྩལ་དོན།
“གནད་འགག་ཆེ་ཤོས་མང་ཚོགས་རྣམས་ད་བར་མགོ་བསྐོར་འོག་མ་ཚུད་པར་ཚང་མས་འགྲེང་འགྲེང་བྱས་ཏེ་བསྡད་ཡོད་ཅིང༌། ད་དུང་ཡང་མགོ་བསྐོར་མ་ཐེབས་བ་བྱེད་དགོས། ངོས་ནས་བཤད་པ་འདི་དག་ལ་རྒྱུ་མཚན་གང་འདུག ཕར་ཕྱོགས་ནས་བཤད་པ་ལ་རྒྱུ་མཚན་གང་འདུག ཁྱེད་རང་ཚོས་བསམ་བློ་ཡག་པོ་བཏང༌། ངས་བརྗོད་པ་འདི་དག་ལ་རྒྱུ་མཚན་མང་པོ་མཐོང་བ་དང༌། ཡིད་ཆེས་ཡོང་གི་འདུག་ན་སོ་སོའི་ལངས་ཕྱོགས་འདི་བཟུང༌། ད་བར་ཚང་མས་ཧུར་ཐག་བྱས་ཡོད་པ་རེད། ད་དུང་ཡང་དེ་བཞིན་ཧུར་ཐག་བྱེད་དགོས། མགོ་ཚོས་ལ་མ་ཚོས་ཀྱི་ཡིག་ཆ་འདྲ་མིན་དང་སྙོན་འཛུགས་ཧམ་པ་བཤད་པ་དེ་ཚོར་མགོ་བསྐོར་ཐེབས་ཀྱི་མ་རེད་ལ། མགོ་འཁོར་མ་ཐེབས་པའི་ཐོག་ནས་གསལ་བཤད་གང་བྱེད་དགོས་ཀྱང་བྱ་རྒྱུ་ལས། གཞན་གྱི་གནད་འགག་མཐོང་གི་མི་འདུག
གོང་དུ་བརྗོད་པ་ལྟར་ཡག་པོ་རེད་བསམ་གྱི་འདུག ངས་རྣམ་ཀུན་བཤད་པ་བཞིན་སོ་སོའི་ངོས་ནས་ཕྱོགས་ཚང་མའི་གནས་ཚུས་ལ་བལྟས། གནས་ཚུལ་མང་པོ་ཞིག་མཐོང༌། ཉམས་མྱོང་མང་པོ་ཞིག་བསགས་པའི་གནས་ཚུལ་གྱི་འོག་ནས་ད་ལྟ་གསལ་བཤད་བྱེད་ཀྱི་ཡོད། གསལ་བཤད་མ་བྱས་ན་ངའི་ནོར་འཁྲུལ་ཡིན་ལ་གསལ་བཤད་བྱས་པ་དེར་ཉན་དང་མ་ཉན་ཁྱེད་ཚོ་སོ་སོའི་བསམ་བློ་རེད། མང་ཆེ་བས་ཉན་གྱི་ཡོད་ཅིང༌། ཉུང་ཤས་ཤིག་གིས་མི་ཉན་པ་ཡོང་ངེས་རེད། དེ་སྔོན་ྋརྒྱལ་བ་སྐུ་གོང་མའི་སྐབས་ལའང་སྐུ་གོང་མར་ཁ་གཏོང་མཁན་ཡོད་པ་ལས་མེད་པ་མིན། ྋགོང་ས་ལྔ་པ་ཆེན་པོའི་སྐབས་ལ་དེ་བས་ཀྱང་ཡོད། དེ་ནས་ཡར་འདེད་ན་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་ཡང་སྟོན་པ་བཅོམ་ལྡན་འདས་ལ་སྐུར་བ་འདེབས་མཁན་ཡོད་པ་རེད། ང་རང་ལ་དཔགས་པའི་དྲང་པོས་གཞུང་བསྲང་སྟེ་འགྲོ་སྐབས་ཕྲན་བུ་བློ་མ་རང་བ་ཁག་གཅིག་གིས་སྒྲོ་སྐུར་འདྲ་མིན་བྱེད་པ་ནི་ག་དུས་ཡིན་ཡང་ཡོང་སྲིད་པ་ལས་ཡོང་མི་སྲིད་པ་མིན། དེ་ལ་ཡ་མཚན་སྐྱེ་དགོས་དོན་དང༌། དེ་འདྲའི་གནས་ཚུལ་གྱིས་རྐྱེན་པས་ངོས་རང་སེམས་ཤུགས་ཆག་དགོས་དོན་རྩ་བ་ནས་མེད། ཤེས་སོང་ངམ།” ཞེས་གསུངས་བ་ལ་བལྟས་ན་ཤེས་ཐུབ།
༢༽ཡང་ཁྱེད་ཀྱི་འཆར་སྣང་ཐར་ཐོར་ལས།“ཆེ་ས་ནས་སྤྱི་འཐུས་བཞི་བཅུ་ཞེ་གསུམ་པོས་རྩ་དོན་འཐབ་རྩོད་ཀྱི་ངོ་བོ་ངོས་འཛིན་བྱེད་སྟངས་ནམ་ཡང་འདྲ་མྱོང་མེད་ཅིང༌། དེ་མེད་པ་ལ་བརྟེན་ནས་འཐབ་རྩོད་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་མ་ཐུབ་པའི་དཀའ་ངལ་འབྱུང་གིན་ཡོད།” ཅེས་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་གཅིག་སྒྲིལ་མ་ཐུབ་པའི་རྒྱུ་མཚན་ནི་སྤྱི་འཐུས་ཚོས་རྩ་དོན་འཐབ་རྩོད་ལ་ངོས་འཛིན་བྱེད་སྟངས་མ་འདྲ་བས་བྱུང་བ་རེད་གསུངས་པ་ཡིན་ན། ཁྱེདཀྱིས་བསམ་བློ་་འཁོར་ཕྱོགས་ནོར་འདུག གང་ཡིན་ཟེར་ན་། སྤྱི་འཐུས་ཚོས་འབྱུང་ཁུངས་མི་འདྲ་བའི་གྲོས་གཞི་སྣ་ཚོགས་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ནས་མཐར་མང་མོས་འོས་འདེམས་ཀྱིས་གྲོས་ཆོད་འཇོག་དགོས་པ་ལས། རྒྱ་དམར་གྱི་འཐུས་མི་བཞིན་བསམ་ཚུལ་གཅིག་ལས་མེད་པ་བྱེད་མི་རུང་ཞིང་།
ཁྱད་པར་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་ནི། གཙོ་བོ་གཞུང་འཛིན་བཀའ་ཤག་གི་ལས་འགན་གལ་ཆེན་ཞིག་ཡིན་པར་བརྟེན། སྤྱི་འཐུས་ཚོའི་བསམ་ཚུལ་གཅིག་པ་ཡིན་མིན་ཁོ་ནར་བརྟེན་མི་དགོས་པས། གཞུང་འཛིན་བཀའ་ཤག་གི་སྒྲོམ་གཞིའི་ནང་དུ་“མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་” མ་ལག་ཚང་བ་ཞིག་གང་མྱུར་གསར་འཛུགས་བྱས་ཏེ། ཕྱོགས་ཡོངས་ནས་མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་ནས་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་བཏང་དགོས།
དེ་རིང་སང་ཉིན་འཆད་ཉན་བྱེད་དགོས་པས་མུ་འཐུད་འབྲི་་བ་དང་ཞུ་དག་བྱེད་ཁོམ་མ་བྱུང་ཀྱང་། རྗེས་སུ་ལན་གཞན་རྣམས་རིམ་འགོད་བྱེད་བསམ་ཡོད།
བོད་ཀྱི་གནད་དོན་འདི་ཁ་ཕྱི་་སྐོར་དང་ནང་སྐོར་གཉིས་ལ་ཐུག་འདུག་།
ཧོར་གཙང་གི་གསུངས་བདེན་པ་རེད་
ཁ་ཕྱིར་སྐོར་དགྲ་དང་གདོང་གཏུགས་བྱེད་།
ཕྱི་དགྲ་ཐབས་དང་དཔུང་པས་བཏུལ།
དགྲ་ཤར་པའི་སྟེང་ལ་ཐོག་ལས་ངར།
ནང་ཕོ་ནུ་སྟེང་ལ་དར་ལས་འཇམ།
སེམས་པ་རང་གི་གཞུང་ལ་གཏོད་།
བུ་ཡ་རབ་ཤིག་གི་བྱེད་སྟངས་རེད།
ཁ་ནང་སྐོར་གཉེན་གྱི་ཐོག་ལ་མཆོང་།
མི་དྲིན་ཆེན་ལག་པ་རྡོ་ཡིས་རྡུང་།
གཉེན་ཉེ་བའི་སྟེང་ལ་སྟག་ལས་ངར།
དགྲ་ཤར་པ་དགའ་དང་འཛུམ་གྱིས་བསུ།
ཚིག་མཚོན་ཆ་མེ་ལྕེ་མཆེད་མཆེད་རེད།
རང་གི་གཞུང་་ལ་རྟག་ཏུ་སྨད།
བུ་མཐའ་མ་ཤིག་གིས་བྱེད་སྟངས་རེད།
བོད་གངས་ཅན་ལྗོངས་ཀྱི་ལས་དབང་འདི།
བརྗེད་བསམ་ཀྱང་སྙིང་ལ་བཀོད་ནས་འདུག
སྐྱུར་བསམ་ཀྱང་ཁྲག་དང་འདྲེས་ནས་འདུག
གཡུག་བསམ་ཀྱང་རུས་ལ་མཐུད་ནས་འདུག
འདིར་མི་བརྗེད་མི་སྐྱུར་མི་གཡུག་གསུམ།
འདི་གསུམ་པོ་རྩ་བའི་དམ་བཅའ་རེད།
སྐྱབས་དཀོན་མཆོག་བཞིན་དུ་བརྩི་རྒྱུ་རེད།
ལས་རྒྱུ་འབྲས་བཞིན་དུ་སྲུང་རྒྱུ་རེད།
thokme ལགས་ཁྱེད་ ཕེབས་འགྲོ་ཡ་ཡིན་ན་དགའ་བསུ་ཡོད་། ཨ་ཙི་ ཀུ་རེ་ཡིན། མ་འོངས་པ་ན་ བོད་ཡིག་ཐོག་འབྲི་རོགས་གནང་། ཁ་དན་ཚིག་ལ་གནས་པ་བྱེད་རོགས།
ཚྭ་སྒང་ཕོ་ཉ la,
You have made some spelling mistakes.Here I would like to correct them.below they are:
…དབྱིང་ཡིག་…should be དབྱིན་ཡིག་
…དྲ་བརྒྱ་…should be དྲ་རྒྱ་
…མ་བྱེད་རོག་…should be མ་བྱེད་རོགས
…ང་ཚོ་ལ་དག་པའི་…should be ང་ཚོ་ལ་བདག་པའི་
…ཞུ་བ་རྒྱབ་རྒྱུ་ཡིན།། should be ཞུ་བ་བརྒྱབ་རྒྱུ་ཡིན།།
In contrast,I have respected you guys opinion.
I think I have no time to come here often since my class has started agian.I hope I can type Tibetan when next vacation I come here!
I love Tibet! I love whole world!
Tank you guys.
ཁ་སང་ཧོར་གཙང་འཇིགས་མེད་ཀྱིས་རྩོམ་ཡིག་ཅིག་སྤེལ་འདུག དྲ་ཁང་ནང་ནས་ཅུང་ཙམ་ཀློག་ཡིན། དེ་ཙམ་གྱིས་ཕྲན་སྐོམ་མི་སོད་ཀི དེ་ནས་དཔར་ལོག་ཅིག་བརྒྱབས་ཏེ་རང་ཤག་ནས་ལྷོད་ལ་བབས་ཏེ་ཞིབ་ཀློག་ཅིག་བྱས་པ་ཡིན། ཅི་འདྲའི་སྡོམ་ཚིག་གོ་བདེ་ཞིག ཅི་འདྲའི་བསླབ་བྱ་སྙན་མོ་ཞིག གང་ལྟར་ཁོང་ནི་རྩོམ་པ་པོ་ནས་ཆབ་སྲིད་པ་ལེགས་པོ་ཞིག་ཏུ་གྱུར་འདུག་ལ། དེང་སང་བོད་ཀྱི་གཞོན་སྐྱེས་ཚོ་ཕྱི་རྒྱལ་ཁག་ཏུ་སོང་ནས་བསམ་བློ་ཡར་རྒྱས་ཕྱིན་དུས་ཕྱིར་འཁོར་ནས་བོད་གཞུང་དང་༧རྒྱལ་བ་རིན་པོ་ལ་ཁ་གཏོང་སྲོལ་ཞིག་ཡོད་མོད། ངས་དེ་རིང་གཞི་ནས་རྙེད་པ་ནི་བོད་ནང་གི་་གཞོན་སྐྱེས་རྩོམ་པ་པོ་ཚོས་བེད་སྤྱོད་གཏོང་བཞིན་པའི་མི་གཞི་ཟེར་བ་དེ་ཡིད་ལ་ཤར་བྱུང་། ངོ་མ་རང་ཉིད་ལ་མ་རྩ་འཛུགས་སའི་བསམ་བློ་ཞིག་དང་ལངས་ཕྱོགས་ཤིག་དགོས་པ་གལ་ཆེན་རེད་སྙམ། ད་ལྟ་མི་མང་བོ་ཞིག་གྱང་ཁའི་རྩ་ནང་བཞིན་རླུང་གང་སར་གཡུགས་ན་དེའི་ཕྱོགས་སུ་བུད་འགྲོ་གི དེའི་ཕྱིར་དེ་རིང་གི་ཧོར་གཙང་རྒོད་པོའི་སེམས་གཏམ་དམར་རྗེན་མ་འདི་ད་ལོ་དམིགས་བསལ་ཚོགས་ཆེན་སྟེང་ཁྱེར་རྒྱུའི་ལག་སྐྱེས་རྩ་ཆེན་ཞིག་རེད། སྤྱི་འཐུས་ཚོ་མ་གཉིད་ཡར་ལ་ལོངས་ནས་ཤོག་དང་འདི་ན་ཁྱེད་ཅག་ལ་མཁོ་བའི་སྨན་ཐུན་ཁེམ་གང་འདུག སུ་མྱུར་ཏུ་ཐོན་ན་དེའི་ཁྱེར།
དྲང་མོ་བཤད་ན་ཕྲན་གྱིས་ཧོར་གཙང་འཇིགས་མེད་དང་ཀླུ་ཚང་བློ་བཟང་ཡེ་ཤེས་སྐུ་གཤེགས་ཟུང་གི་རྩོམ་སྟངས་དང་ཚིག་སྦྱོར་སོགས་ལ་ལད་ཟློས་བྱེད་མྱོང་ཡོད་ལ། དེའི་ཆ་ནས་ཁོང་གཉིས་ལ་འདང་བརྩེ་ཟབ་མོ་ཞིག་ཡོད། ཀླུ་ཚང་འདས་པོ་དང་ངེད་གཉིས་ངོ་ཤེས་དང་རྩོམ་རིག་སྐོར་གྱི་ཁ་བརྡ་བྱེད་མྱོང་ཡོད། ཧོར་གཙང་འཇིགས་མེད་མཐོང་མྱོང་ཡང་ལམ་སེང་སོང་ནས་ཁ་ནང་འཛུལ་རྒྱུ་ཕྲན་དགའ་བོ་དེ་ཙམ་མེད་ལ་དེ་ནི་ཕྲན་གྱི་རང་གཤིས་ཀྱང་ཡིན། དེའི་ཕྱིར་ངེད་གཉིས་ཀྱིས་ཁ་བརྡ་ཙམ་བྱེད་མྱོང་མེད། འོན་ཀྱང་རྩོམ་གྱི་ཕྱོགས་ནས་ཕྲན་ལ་དཀའ་དྲིན་ཆེ་བ་དང་རང་ཉིད་དགའ་སའི་རྩོམ་པ་པོ་ཡིན། ཁོང་གི་<<དྲང་བདེན་གྱི་བསླུས་པའི་སློང་མོ་བ>>་ཀློག་ནས་རྣམ་དཔྱོད་ལྡན་པའི་སྐྱེས་བུ་ཞིག་དང་ལྷག་དོན་གཞུང་ལུགས་ལ་སྦྱང་བརྩོན་བྱས་པ་བཟང་འདུག་སྙམ་པ་ཞིག་བྱུང་། ཡིན་ནའང་། ངས་གདེང་འཇོག་བྱེད་ས་དེ་མ་རེད། གཙོ་བོ་ཁོང་གི་༧རྒྱལ་བོ་རིན་པོ་དང་གཞུང་ཟེར་བའི་ཡུལ་གྱར་བ་འུ་ཚང་གི་ཡོད་ན་མེད་ན་དེའི་སྐོར་ལ་ཐུགས་བསམ་བཞེས་པ་ཙམ་མ་ཡིན་པར། རང་གི་མཚན་སྙན་གྲགས་དང་བཅས་པ་བློས་བཏང་སྟེ་སྤྱི་ཚོགས་སྐྱོན་བརྗོད་ཀྱི་རྩོམ་རིག་གང་མང་སྤེལ་བ་རེད། དེ་ཡང་གཙོ་བོ་ཚིགས་བཅད་ལམ་ནས་བྲིས་པ་རེད། ཚིགས་བཅད་ཀྱི་ཚིག་སྦྱོར་མཛེས་པ་ཙམ་མིན་པར་དོན་དངོས་ཀྱི་བརྗོད་བྱ་གཏིང་ཟབ་ས་ནས་གླེང་ཐུབ་ཡོད་པས་ཡིན། གལ་སྲིད་ཁོང་གི་<<གཟུགས་མེད་ཀྱི་དར་སྐུད་ལས་མྱངས་པའི་ཁྱོད>>་ཅེས་པ་ལྟ་བུ་བཙན་བྱོལ་སྤྱི་ཚོགས་ནང་ད་སྔ་བྱུང་མ་མྱོང་ལ་རྗེས་སུ་ཡང་དུས་རབས་གཅིག་པ་འདིར་ཁག་པོ་རེད། <<ང་མ་སྒུལ་རོགས། སྐྱུགས་གྲབས་འདུག >>ཅེས་པ་དང་<<འོད་ཐིག་ཅིག་ལྟ་བུ>>། གཞན་<<མ་འོངས་ལུང་བསྟན>>་ལྟ་བུ་ཀློག་དུས་ད་ལྟ་ཉིད་དུ་རྩོམ་པ་པོ་འདི་དང་ལྷན་དུ་ལྷད་མེད་ཀྱི་སྐད་ཆ་འགའ་བཤད་ན་བསམ་ཡང་། ཁོང་ནི་མཚན་སྙན་གྲགས་ཡོད་པའི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ཉེ་སར་བཅར་རྒྱུ་དེ་ཡང་ཁོག་པོ་ཞིག་རེད། གང་ལྟར་གོང་གི་ཚིགས་བཅད་དེ་དག་རེ་རེ་བཞིན་ཞིབ ཀློག་ཅིག་བྱོས་དང་ཧོར་གཙང་འཇིགས་མེད་ཁྱེད་ཀྱི་བྲང་གཞུང་དུ་འབྱར་ཡོང་། འདི་ནི་སྐྱུག་རྫུན་མིན་པར་རང་མྱོང་ཚད་གྲུབ་ཀྱིས་སྟེང་ནས་བཤད་པ་ཡིན། དེ་རིང་དེ་ཙམ་བྱོས་སླར་ངས་ཁོང་ལ་བྲིས་པའི་སྙན་ངག་ཐེབས་ཆག་ཅིག་ཡོད་པ་ཁོམ་དུས་ཤིག་ལ་དྲ་ཐོག་ཏུ་འཇོག་རྒྱུ་ཡིན་ལ། ཕྲན་གྱིས་ཧོར་འཇིགས་ལ་བཟུང་བའི་ལྟ་ཚུལ་དང་ཁོང་གི་རྩོམ་ཀློག་པའི་མྱོང་ཚོར་དེ་ནས་ཤེས་ནུས་སོ།། གོང་གི་ཚིགས་བཅད་སྙན་ངག་དེ་དག་ནི་སྲིད་ཕྱོགས་ནས་བྲིས་པའི་ལེགས་ཤོས་འགའ་ཡིན། དེ་མིན་<<ཕོ་སྐྱེས་དར་མའི་རང་བཞིན་བརྗོད་པ>>དང་བུ་མོ་སོགས་ལ་བྲིས་པའི་སྙན་ངག་ལེགས་པོ་དག་དེ་རིང་གླེང་གི་མེད། མེ་སོར་གྲོང་ཁྱེར་ནས་བྲིས་པའོ།།
ཧོར་གཙང་འཇིགས་མེད་ལགས་ཀྱིས་དེ་རིང་གི་བསམ་ཚུལ་ནང་ང་ཚོའི་སྤྱི་ཚོགས་ཀྱི་ཕྱི་ནང་གསང་གསུམ་གྱི་ངོ་བོ་ཆ་ཚང་ཞིག་འཆར་འདུག དྲ་གྲོགས་ཚོས་ཁོང་ལ་སྐྱོན་བརྗོད་དང་ངན་མཚང་ཅི་ཙམ་བྲུས་ཀྱང་དེ་ནི་རང་ཉིད་ཀྱི་དེ་ཉིད་བསྟན་པ་ལས་ཧོར་གཙང་པས་ནོར་འདུག་སྙམ་པ་ཞིག་མི་འདུག ཁོང་གི་སྐད་ཆའི་ནང་ཕྱོགས་ལྷུང་དང་ཞེན་ཁོག་གི་སྐད་ཆ་ཞིག་མེད་པ་དངོས་མཐོང་རེད། སྤྱིའི་ཆ་ནས་བཤད་ན་མི་སུ་ཡིན་ཡང་རང་ཕྱོགས་ལ་ཞེན་པ་མེད་མཁན་ཞིག་མེད་ཅེས་བཤད་ན་ཆོག ལྷག་པར་དུ་རྩོམ་པ་པོ་ཚོས་འདི་ལྟར་རྩོམ་ཡིག་རེ་བྲིས་དུས་ཕྱོགས་ཞེན་ཆེ་དྲགས་པའི་སྐད་ཆ་བསྟུད་མར་ཐོན་གྱི་འདུག་པ་མ་ཟད་གང་ཟག་ག་གེ་མོ་རེར་རང་འཁོན་བཟུང་ནས་ཆེད་དུ་ནག་པོ་བཟོ་ཅི་ཐུབ་བྱེད་པའི་སྐྱོན་ཞིག་ང་ཚོའི་སྤྱི་ཚོགས་ནང་གཏན་འཇགས་སུ་གནས་འདུག གང་ལྟར་ད་ཐེངས་སྐུ་ཞབས་ཧོར་གཙང་པས་རྒྱུན་རིང་སེམས་ཁོང་ན་ཉལ་བའི་སྐད་ཆ་དག་ཕྱོགས་རིས་དང་ཞེན་ཁོག་གིས་མ་སྦག་པར་དེ་རིང་འདིར་༌༌༼ཐག་གཅོད་གཅིག་དང་། འགུལ་བསྐྱོད་གཉིས། བསྐྱར་ཞིབ་གཅིག་བཅས་ཀྱི་སྒོ་ནས་རྩ་དོན་གླེང་༽་འདུག་པས་བཅོས་མིན་སེམས་ཁོང་ནས་དགའ་བསུ་དང་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད།
ཧོར་གཙང་འཇིགས་མེད་ལགས་ཀྱི་རྩོམ་ཡིག་ད་ལྟ་བར་དུ་མཇལ་རྒྱུ་མེད་དེ་ལུས་སོང་། ད་རིང་རྒྱུ་མཚན་གང་གིས་དེད་སོང་ངམ། དེ་ཡང་ཞེན་ཁོག་གིས་དེད་པ་མ་ཡིན་ནམ། ཨ་ཅང་སྐུ་རྩེད་ཞུ་བཞིན་ཡོད། སྐུ་ཉིད་ཀྱི་རྩོམ་ཡིག་ལ་ང་རང་དགའ་པོ་ཡོད། རྩོམ་ཡིག་ལ་རྒྱུ་མཚན་ཀྱང་འདུག ད་དུང་མ་མཐུད་དེ་སྤེལ་གནང་ཡོང་བའི་གཞེན་བསྐུལ་དུ་ཕུལ།
ང་ནི་ཧོར་འཇིགས་ལ་ཡ་མཚན་མྱོང་མེད་ལ་ཞེད་སྣང་ཡང་སྐྱེས་ཀྱིན་མེད་ལ། གང་ལྟར་སྙན་ངག་པ་ཞིག་གིས་མདོ་སྨད་མི་མང་གིས་འཐུས་མི་བྱས་མྱོང་བ་དང་བཙན་བྱོལ་བོད་གཞུང་གི་གབ་སྟེགས་སུ་འཛེག་མྱོང་བ་ཞིག་རེད། ཁོང་གིས་སྤྱི་འཐུས་གྲོས་ཚོགས་སུ་ཆོལ་ཁ་བྱེད་བྲག་པ་ཞིག་ལ་ཞེན་པས་ཞེན་ཁོག་སྐམ་པོས་ཁོང་གིས་ཁོག་ནས་མེ་འབར་ཏེ་ཁ་ནས་དུ་བ་མང་པོ་འཐོན་མྱོང་མཁན་གཙོ་བོ་ཁོང་ཡིན་པ་རེད།
ཚྭ་སྒང་ཕོ་ཉ་ལགས་དེ་ཤེས་འདོད་ན་རང་ཉིད་ལ་རྟེན་དགོས།དེ་མིན་ཆབ་སྲིད་ཀྱི་འགྲོ་ལུགས་དེ་ལྟར་རེད།རང་གི་ཞིབ་འཇུག་ཡག་པོ་བྱེད་རོགས།ངས་མཛུབ་མོ་འཛུགས་པ་ལས་རང་ཉིད་ཀྱི་ཤེས་ཐུབ་བྱས་ན་བཟང་།དགེ་མཚན་ཡང་དེ་ལ་ཡོད།
ཏཱ་ལའི་བླ་མ་དང་རྒྱ་ནག་གཞུང་གཉིས་སུ་ཞིག་གིས་སྐྱོ་གར་འཁྲབ་བཞིན་ཡོད་དམ། ༡༽ དགེ་བཤེས་སྨོན་ལམ་མཐར་ཕྱིན། ཟེར་བའི་བསམ་ཚུལ་འདི་གང་འདྲའི་གལ་ཆེན་པོ་མི་འདུག་གམ། ཡིན་ནའང་དུས་བབ་ཚང་གིས་བོད་ཀྱི་དུས་བབ་ཀྱི་མདུན་ངོས་བསམ་ཚུལ་སྡེ་ཚན་དུ་བཀོད་མི་འདུག རྒྱུ་མཚན་གང་ཡིན་ནམ། ནམ་རྒྱུན་དུས་བབ་ཟིན་བྲིས་ནས་ཟིན་བྲིས་གལ་ཆེ་ཁག་བསམ་ཚུལ་སྡེ་ཚན་དུ་འགོད་ཀྱི་འདུག ཡིན་ནའང་ད་ལན་མ་བཀོད་པ་དེ་ཡུལ་ཤུལ་མི་མང་ལ་བདག་སྤྲོད་བྱས་པ་དང་། ༸གོང་ས་མཆོག་གི་དགོངས་གཞི་གསལ་སྟོན། རྒྱ་ནག་གཞུང་གི་ངན་འཚང་ཐེར་འདོན་བྱས་པས་ཡིན་ནམ། ཡང་ན་རང་གི་དགའ་ཕྱོགས་ཆབ་བྲག་ལྷ་མོ་སྐྱབས་ལྟ་བུ་མ་ཡིན་པས་རེད།
ཧོར་གཙང་ལགས་ཀྱི་དགོངས་པ་མང་པོ་ཞིག་བོད་གཞུང་ནས་ཐུགས་ལ་བཞག་སྟེ་སྦྲང་རྩི་བསྡུས་ན་དགེ་མཚན་ཆེན་པོ་ཡོད་ས་རེད། གོང་དུ་ཁོང་གི་ལྟ་བ་མང་པོ་ཞིག་གི་ནང་ནས་གུས་པས་ལྷག་པར་དུ་རྒྱབ་སྐྱོར་བྱེད་འདོད་པ་ཁག་ཅིག་འདུག ༡ རྒྱ་གར་དང་བལ་ཡུལ་ཕུད་པའི་དོན་གཅོད་དེ་དག་གིས་ས་ཁུལ་བོད་རིགས་མི་དམངས་ཀྱི་ཆེད་དུ་ལས་ཀ་མང་ཙམ་བྱེད་དགོས་འདུག བོད་གཞུང་གི་དོན་གཅོད་ཁག་གིས་བོད་ཀྱི་གནས་སྟངས་དང་མཚམས་པའི་ལས་ཀ་ཞིག་བྱེད་དགོས་པ་ལས་རྒྱལ་ཁབ་གཞན་གྱི་དོན་གཅོད་ཁག་ལ་དཔེ་བལྟ་དགོས་པའི་ངེས་པ་གང་ཡང་ཡོ་མ་རེད། རྒྱུ་མཚན་ནི་ང་ཚོའི་དོན་གཅོད་ནི་བཙན་བྱོལ་སྤྱི་ཚོགས་ཞིག་གི་དོན་གཅོད་ཡིན་པས་ཕྱོགས་མང་པོ་ཞིག་གི་གནས་སྟངས་འདྲ་གི་མེད་པ་རེད། ༢ ཕྱི་རྒྱལ་ཁག་དང་ལྷག་པར་དུ་ཨ་རིའི་ནང་དུ་བོད་རིགས་ཀྱི་གཞིས་ཆགས་ཆེན་པོ་ཞིག་བཟོ་བ་ལ་ཤུགས་རྒྱག་དགོས་འདུག རྒྱ་བལ་ནས་བོད་པ་འཐེན་གང་ཐུབ་བྱེད་གོས་པ་གལ་ཆེ། ལྷག་པར་དུ་ཨ་རིའི་ལུང་པ་འདིར་བོད་པའི་གཞིས་ཆགས་ཆེན་པོ་ཞིག་ཡོད་ན་དེ་ནི་བོད་དོན་དྲིལ་བསྒྲག་གསོན་པོ་ཞིག་རེད་ལ་བོད་དོན་ལ་ཕྱོགས་མང་པོ་ཞིག་ནས་ཕན་ཐོགས་ཡོང་གི་རེད། ༣ བོད་གཞུང་གི་ལས་ཁུངས་དང་ལས་མི་དག་དུས་དང་མཚམས་པར་ཁུ་བསྡུ་བྱེད་ཐུབ་པ་དང་། སྙིགས་དོར་བཅུད་འཛིན་བྱེད་ཐུབ་པ། དགོས་པའི་དབང་གིས་ལས་ཁུངས་གསར་པ་འཛུགས་ཐུབ་པ་བཅས་གསོན་ཉམས་ལྡན་ལ་ནུས་ཤུགས་ལྡན་པའི་བོད་གཞུང་ཞིག་འཛུགས་སྐྲུན་བྱེད་དགོས་འདུག ༤ སྤྱི་འཐུས་བྱེད་པ་ལ་འདེམས་ཤོག་ཙམ་མ་ཡིན་པར་སློབ་གནས་དང་། ཤེས་ཚད་རྒྱུགས་ལེན་སོགས་བཟོས་ནས་འཇོན་ནུས་ཅན་གྱི་སྤྱི་འཐུས་ཐོན་པ་བྱེད་དགོས་འདུག ༥ དབུ་མ་དང་རང་བཙན་གྱི་ལམ་བུ་གང་ཞིག་ཡིན་ཀྱང་བོད་པ་རྣམས་ལ་རྩོད་དབང་ཡོད་པའི་དབང་གིས་དེ་གཉིས་འགལ་ཟླར་བཟོ་མི་རུང་ལ། ནམ་ཞིག་དབུ་མའི་ལམ་གྱིས་བོད་མི་སྤྱི་ལ་བདེ་བ་བྱུང་ན་རང་བཙན་པ་རྣམས་ཀྱང་དབུ་མའི་ལམ་དུ་འཇུག་སྲིད་པ་དང་། མ་བྱུང་ན་དབུ་མ་བ་དག་ཀྱང་རང་བཙན་དུ་བསྐྱོད་ཆོག་པ་ནི་མི་རིགས་ཤིག་གི་ལྷན་སྐྱེས་ཀྱི་རང་དབང་ཡིན་པ་རེད།
དྲ་གྲོགས་བྲ་རྡོར་ལགས་ལ་ཞུ་རྒྱུར།
རང་བཙན་ཟེར་ནས་རང་ཁ་གསོ་མཁན་དེ་སུ་རེད་མཛུབ་མོ་འཛུགས་དང་།
རང་བཙན་དགོས་ཟེར་མཁན་ཐམས་ཅད་རེད་དམ། ཡང་ན་གང་ཟག་བྱེ་བྱག་པ་ཞིག་རེད་དམ། ཡང་ན་ཚོགས་པ་བྱེ་བྲག་པ་ཞིག་རེད།
ཁྱེད་ཀྱིས་གསུང་པར་ལྟས་ན་དེ་ནི་ད་ལྟའི་བར་དུ་བོད་ཀྱི་བདེན་མཐའ་གསལ་མ་ཅུག་མཁན་ཞིག་ཡིན་འདུག་པས་ཅི་ནས་ཀྱང་ངས་ཤེས་འདོད་བྱུང་། ལན་གསལ་པོ་ཡོད་པར་ཞུ།། །།
ཨ་རིག་དགེ་མཐོང་ཟེར་བའི་གྲྭ རྒན་དང་འགའ་ཤེས་ཀྱི་ཧོར་གཙང་འཇིག་མེད་ལགས་ལ་ཁ་ཡག་དང་ངོ་སྟོད་རེ་བྱེད་ཁལ་བྱས་འདུག་འོན་ཀྱང་ཁྱེད་ཅག་ལ་ཐོབ་བྱ་དང་དམིགས་ཡུལ་གང་ཡོད་དམ།བོད་སྤྱིའི་དོན་ལ་བསམ་ཤེས་བྱེད་མི་ཞིག་ཡིན་ན་ངོ་སྟོད་ཙམ་ལ་རེ་བ་བྱེད་མཁན་མེད།དུས་རབ་འདིས་ནང་གི་མྱུག་ཐོག་པ་ཁོ་བོ་ལྟ་བུ་ཞིག་ལ་ངོ་སྟོད་ཞིག་གི་ཅི་བྱེད།དེ་ལས་རང་དབང་འཐབ་རྩོལ་ཇི་ལྟར་བྱེད་ཕྱོགས་ལ་བསམ་ཚུལ་རེ་འདོན་ཐུབ་ན་ལགས།
དྲ་གྲོགས་དབྱིང་ཡིག་ལས་བོད་ཡིག་འབྲི་མི་ཤེས་མཁན་ཁྱེད་ཀྱིས་
བོད་ཡིག་གི་དྲ་བརྒྱ་སྤུས་ལེགས་འདིར་སྐད་ཡིག་གཞན་གྱིས་བཙན་མཛུལ་མ་བྱེད་རོག་ཞུ་རྒྱུ་ཡིན། འདི་ང་ཚོ་ལ་དག་པའི་མི་རིགས་གཞན་གྱིས་བཙན་མཛུལ་མ་བྱས་པའི་དངོས་པོ་རྣམས་ཀྱི་ནང་གི་གཅིག་ཡིན།
ངས་ཁྱེད་ལ་ཞུ་བ་རྒྱབ་རྒྱུ་ཡིན།།
དངོས་ནས་བཤད་རྒྱུ་འདུག རྫ་ཙིག་གཏམ་རྒྱུད་ནང་གི་རྫ་ར་སེར་རྐྱ་དང་། བྱི་བ་དམུག་ཆུང་ལས་ཀྱང་ཁ་བདེ་བ་འདུག ཨ་ཅོའི་བཏང་གྲངས་མང་ལ་བྲོས་གྲངས་མང༌། བྲོས་པའི་རྗེས་སུ་གཅིན་རློན་བཏང་བ་མང་། ཟེར་བ་དང་ཅིའི་ཕྱིར་མི་མཚུངས། འཇིགས་མེད་ལགས། དེ་སྔོན་གྲོས་ཚོགས་སུ་བཞུགས་སྐབས་དགོངས་ཚུལ་དེ་དག་མ་གསུང་པ་གང་ཡིན་ནམ། ད་ནི་ཕྱིས་མ་དྲགས་སམ། གཞུང་གི་སྒྲིག་གཞིར་སྒྱུར་བ་བཏང་མི་མཆོག་ཞེས་བཤད་ཀྱི་མེད། ད་དུང་གྲོགས་ཚོགས་ལ་བཞེང་འདོད་ཡོད་ན་ང་ ཚོ་མདོ་སྨད་མི་མང་གི་ཁྱེད་ལ་རྒྱབ་བསྐྱོར་ཞུ་མཆོག སླར་རྒྱ་གར་ལ་འཕེབས་དང་།
1.”་་་ཁྲིམས་ལུགས་ཀྱི་ཆ་རྐྱེན་ཚང་བའི་མི་ཡོད་ཚད་བཀའ་བློན་ཁྲི་བ་དང་སྤྱི་འཐུས་ལ་ལངས་ཆོག་པ་རེད། འོས་འཕེན་མཁན་ལ་འདོད་པ་ཡོད་མེད་དེ་འོས་ཆོས་ཚང་མིན་ལ་བཤད་པ་དེ་ཁྲིམས་ལུགས་ཀྱི་གོ་དོན་མ་ཆགས་པའི་སྐྱོན་ཡིན།”
2. “་་་་ལོ་ངོ་ཅི་ཙམ་ལ་བོད་མི་རྣམས་ཕྱི་རྒྱལ་དུ་གནས་སྒོས་བྱུང་ཡང་རང་གི་སྐད་དང་ཡི་གེ། ཆོས་ལུགས། མི་རིགས་ཀྱི་ངོ་བོ་གསོན་ཉར་ཐུབ་པའི་འཆར་གཞི་གཟབ་ནན་ལག་བསྟར་བྱེད་དགོས་མིན་ལ་བསྐྱར་ཞིབ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་དོན་ཆེན་དུ་མཐོང༌།”
ཀློག་ཐེང་དང་པོར་དོན་ཚན་ཚང་མར་རྒྱབ་སྐྱོར་བྱེད་དགོས་པ་ལྟ་བུར་མཐོང་། ཟུར་བཀོད་དོན་ཚན་གཉིས་ལ་ནི། རྒྱབ་སྐྱོར་ཆེན་པོ་ཡོད།
ད་ཡིན་ན་བོད་ཀྱི་དུས་བབ་དྲ་ཚིགས་འདིར་ཡོང་ན་ལྟ་རྒྱུ་དང་ཉན་རྒྱུ་ཡོད་ཁུ། སྔོན་མའི་རྩོམ་པ་པོ་ལེགས་ཤོས་རིགས་གང་མང་ཕེབས་པ་དགའ་བསུ་ཞུ། དྲ་འབུ་ཚོས་ཁཽ་ཚོའི་ཐུགས་སུན་པོ་མ་བཟོ་རོགས། དོན་མེད་ཐུགས་སུན་པོ་བཟོ་བའི་རིགས་རྩ་མེད་གཏོང་རྒྱུ་དྲ་བདག་མཁྱེན། དྲ་འབུ་སྟོང་ལས་ཧོར་གཙང་ལྟ་བུ་གཅིག་དགོས་མཁོ་ཆེ་གི ཧོར་གཙང་ལགས་ཁྱེད་ཀྱིས་མུ་མཐུད་དུ་འདིར་རྩོམ་ཡིག་རེ་འབྲི་རོགས། ཕྲན་ལ་མཚོན་ན་ཁྱེད་ཅག་གི་རྩོམ་ཀློག་རྒྱུ་དགའ་ཞིག་ཡིན།
ཁྱེད་ཚོ་ཕྱི་རྒྱལ་བ་ཚོ་ཚུར་རྒྱ་གར་ལ་ཤོག། རྒྱ་གར་གྱི་བོད་མི་ཕོ་རྐྱང་མོ་རྐྱང་ཚང་མས་ལོ་རྗེས་མའི་གསུམ་བཅུའི་དུས་དྲན་དང་འབྲེ་ལ་ནས་ནམ་ཡང་འདོར་དཀའ་བའི་མནམ་སྐྱེལ་དམ་འཇོག་ཐུ་བོ་ཞིག་བཞག་སྟེ། ཇི་སྲིད་ཚེ་ཡི་འདུ་བྱེད་མ་སྟོང་བར་རང་དོན་བློས་གཏོང་གིས་བོད་ཀྱི་རྩ་དོན་ལ་ཚེ་སྲོག་འབུལ་བའི་གྲྭ་སྒྲིག་བྱེད། སྦྱོར་བ་རྩོམ། མཐུན་རྐྱེན་འཚོལ། ཁྱོད་ཧོར་མིང་བ་ཡོང་ཐུབ་བམ།
ཧོར་གཙང་འཇིགས་མེད་ལགས་ཀྱི་བཤད་པ་ལ་རྒྱབ་སྐྱོར་ཡོད།དོན་ངོ་མ་རེད་བསམ་སོང་།འགའ་ཞིག་གི་རང་གི་ལྟོ་གོས་ཀྱི་ཆེད་དུ་བོད་སྤྱིའི་ལས་དོན་འཐུས་ཤོར་གཏང་།འགའ་ཞིག་གི་མིང་དང་ཕྱོགས་ཞེན་ཞིག་གི་ཆེད་དུ་འཐུས་ཤོར་བཏང་།གང་ལྟར་བོད་དོན་འཐུས་ཤོར་སོང་།བོད་དུ་ལོག་ཐུབ་ལ་འབད་རྒྱུ་ནི་བོད་མི་ཡོངས་ཀྱི་གཅིག་གྱུར་གྱི་ཁ་ཕྱོགས་ལ་འགྲོ་ཐུབ་ལ་རེག་ལས་ཡོད།གང་ལྟར་རང་བཙན་ཟེར་ནས་རང་ཁ་གསོ་མཁན་དག་གི་བསམ་ཤེས་རེ་བྱས་ན་བོད་དོན་མྱུར་ཏུ་འགྲུབ་ཐུབ།
མགོ་ཆག་སྣ་རལ་གྱི་བོད་སྤྱི་ཚོགས་འདི་ད་དུང་གཉིད་སྐྱིད་པོར་རོལ་རྩིས་འདུག དེ་བས་ད་ཐེངས་ཀྱང་ཁྱེད་ལ་ཁ་རྡུང་ཡག་ཐག་ཆོད་པ་ཞིག་རེག་ས་རེད།
གྲོས་ཚོགས་ཀྱི་ཀ་ཁ་ག་བའི་གནད་དོན་དེ། གཙོ་བོ་གཉིད་ཧ་ཅང་སྟུག་པའི་སྤྱི་ཚོགས་འདིའི་གཉིད་དཀྲོགས་དགོས་པ་དེ་རེད། ཁོང་ཚོར་གོ་རྟོགས་སད་པའི་ཉིན་མོར་དཀའ་རྙོག་ཡོད་ཚད་ཀྱང་རང་བཞིན་གྱིས་སད་འགྲོ་གི་རེད།
བོད་གཞུང་དོན་གཅོད་ཁག་གི་འགྲོ་སོང་ནི་ཕོན་ཆེན་པོ་རེད། ཡིན་ཡང་། དོན་གཅོད་དེ་དག་གི་དགོས་མཁོའི་ཆ་ནས་གླེང་ན་མེད་ཐབས་མེད་པ་ཞིག་རེད།
བོད་འདི་ས་བབ་ཀྱི་ཆ་ནས་ཁེར་བཅད་དུ་ལུས་ཏེ་ངོ་ལོ་བརྒྱ་ཕྲག་འགའ་ཤས་ལུས་པའི་ཉེར་ལེན་ལ་བལྟས་ན་ད་ནི་ཕྱོགས་གང་ཐད་ནས་རྒྱལ་སྤྱིའི་སྲིད་གཞུང་དང་སྒྲིག་འཛུགས། སྤྱི་ཚོགས་གང་སར་ང་ཚོ་ཡང་ཐོན་དགོས་ཀྱི་འདུག གོ་སྐབས་མང་པོ་ཞིག་ཡོད་པ་རེད།
ལས་ཀ་མེད་པར་འདོད་པའི་བོད་གཞུང་དོན་གཅོད་ཁག་གིས་ལས་ཀ་སྒྲུབ་མི་ཤེས་པ་དང་། སྒྲུབ་རྒྱུ་མེད་པར་འདོད་ཡོད་ན། ཐོག་མར་རྒྱ་གཞུང་གི་དོན་གཅོད་ཁག་གིས་ལས་ཀ་ཅི་ཞིག་སྒྲུབ་ཀྱིན་པ་དེར་ཅིག་ལྟ་དགོས་ས་རེད། དེ་ནས་རང་ཉིད་ལ་ལས་ཀ་འདུག་མི་འདུག་དང་། གལ་སྲིད་འདུག་ན་ལས་ཀ་བྱེད་སྟངས་ཅི་ཞིག་ཡིན་མིན་དང་། ལྷག་པར་དུ་དུས་ནས་དུས་སུ་དོ་སྣང་གིས་ལས་དོན་སྒྲུབ་དགོས་པ་ཅི་ཞིག་ཡོད་མེད་ལ་ལྟ་དགོས་པར་འདུག
ཧོར་གཙང་འཇིགས་མེད la,
Tashi Delek! Actually your this opinion is very good.
I have a question for you which is when you introduce yourself to a Chinese person,do you say I am from Tibet or Tibet of China? Why?