མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲན་བསྐུལ་ཞིག ཧོར་གཙང་འཇིགས་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྔོན་ཆད་རྒྱ་གར་དུ་སྡོད་པའི་སྐྱབས་བཅོལ་བ་རྣམས་ཕྱི་རྒྱལ་ཁག་ཏུ་འགྲོ་དགོས་ན། ངེས་པར་དུ་འགྲོ་ཡུལ་ཕྱི་རྒྱལ་བ་ཞིག་གིས་ལམ་གྲོན་དང་སྡོད་གནས་སོགས་ཁག་ཐེག་བྱས་པའི་ཁྲིམས་མཐུན་གྱི་ཡིག་ཆ་ཚད་ལྡན་མེད་ན་ལག་དེབ་སེར་བོ་ (I.C) བཟོ་མི་ཐུབ། ལོ་ཚིགས་གསལ་བོར་མི་དྲན་ཡང་སྤྱི་ལོ་ ༢༠༠༠ ལོ་ཡས་མས་ཤིག་ལ་རྒྱ་གར་གཞུང་གིས་དེ་ལ་འགྱུར་བ་ཆེན་པོ་ཞིག་བཏང་སྟེ། རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་ཨར་སི་ (R.C) ཡོད་མཁན་སུས་ཀྱང་ལག་དེབ་སེར་བོ་བཟོ་ཆོག་པ་བྱུང༌།

གསལ་བརྡ་དེ་སྤྱི་ཚོགས་ཁྲོད་ཁྱབ་མ་ཐག བོད་མི་འདུས་སྡོད་བྱེད་པའི་ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྒོ་མདུན་དུ་མཚན་མོའི་ཆུ་ཚོད་ ༡༡ ཡས་མས་ནས་མི་དམངས་བསྟར་ཕྲེང་དུ་བསྒྲིགས་ནས་ཡོད་ཅིང༌། ཀམ་པ་ལི། ཉལ་ཆས་སོགས་ཁྱེར་ཡོང་སྟེ་མཚན་གང་ལ་སྒུག་གིན་ཡོད་ལ། ལོ་དེ་ནི་བོད་མིའི་སྐྱབས་བཅོལ་ལོ་རྒྱུས་ནང་དང་བླང་དཔྱ་དངུལ་འབུལ་རྒྱུར་འཚངས་ཀ་ཆེ་ཤོས་དེ་བྱུང་ཡོད། སྐབས་དེར་སྐྱབས་བཅོལ་དུ་འབྱོར་བ་ནས་དང་བླང་དཔྱ་དངུལ་སྤྲོད་མྱོང་མེད་མཁན་མང་བོས་ཀྱང་ལག་དེབ་གསར་བཟོ་བྱས་ཏེ་དཔྱ་དངུལ་སྤྲད་ཡོད་ལ། ལོ་ངོ་དུ་མའི་རིང་འབུལ་ཆད་བྱུང་བ་ཁག་གིས་ཀྱང་ཕངས་སེམས་མེད་པར་ཆད་དངུལ་འཇལ་བ་སྟེ། ཆུང་མདང་སྐྱེས་བྱིས་པ་ཡན་ཆོད་ནས་ཆེ་ལོ་རྒན་བརྒྱད་ཅུར་སོན་པ་དག་ལའང་ལག་དེབ་བཟོས་ཏེ་དཔྱ་དངུལ་ཕུལ་ཡོད། དེར་བརྟེན་ལོ་དེར་དང་བླང་དཔྱ་དངུལ་ལ་འཕར་སྣོན་ཆེན་པོ་བྱུང༌། རྒྱུ་མཚན་ཅི་ཞིག་གི་ཆེད་དུ་བོད་མི་རྣམས་ཧོབ་སྟེ་གཉིད་སད་ནས་དང་བླང་དཔྱ་དངུལ་གཙང་འཇལ་བྱ་རྒྱུ་དྲན་པ་ཡིན་ནམ།

དེ་ནས་ལྡི་ལི་དོན་གཅོད་ཁང་གི་ཕྱི་ནང་ཀུན་ཏུ་བོད་མི་འཚངས་ཀ་ཤིན་ཏུ་ཆེ། ངྷ་རམ་ས་ལ་དང༌། གཞིས་ཆགས་ཁག རྒྱ་བལ་དུ་གནས་སྡོད་ཁ་འཐོར་བོད་མི། དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ། བླ་མ་སྤྲུལ་སྐུ་སོགས་མདོར་ན་བོད་མི་སྐྱ་སེར་གཉི་ག་ལྡི་ལི་དོན་གཅོད་ཁང་གི་སྒོ་ཁར་འདུས། ཁྱིམ་ཚང་རེ་རེ་བཞིན་ནང་མི་ཡོད་ཚད་ལ་ལག་དེབ་སེར་བོ་བཟོས། ལག་དེབ་བཟོ་ཆེད་འགེང་ཤོག་ཉོ་ལེན་བྱེད་མཁན་ཡང་དེ་མཚུངས་ཀྱིས་མང༌། ལ་ལས་རང་གི་ནང་མི་དང༌། ཁྱིམ་མཚེས་གྲོང་བ། དགའ་བོ་ཉེ་འབྲེལ་སོགས་ཀྱི་འགེང་ཤོག་བསྐངས་ཟིན་པ་ཉི་ཤུ་སུམ་ཅུ་མཉམ་ཁྱེར་ཀྱིས་ལྡི་ལི་དོན་གཅོད་ཁང་དུ་སླེབས་ཀྱིན་ཡོད་ལ། དོན་གཅོད་ཁང་དུ་ལག་དེབ་ཐོ་འགོད་ཀྱི་སྔ་གཞུག་བརྩད་དེ་ཁ་རྩོད་ཙག་ཙིག་ཀྱང་རྒྱུན་ཆད་མེད་པར་འབྱུང་གིན་ཡོད། དེ་ལྟར་ལོ་ངོ་གཅིག་གཉིས་རིང་ལ་བོད་མི་ཕལ་མོ་ཆེའི་ལས་ཀའི་གཙོ་གནད་དེ་ལག་དེབ་སེར་བོ་བཟོ་རྒྱུ་རང་གི་ཐོག་ལ་བཞག་སོང༌།

ཡང་ངྷ་རམ་ས་དང༌། ལྷོ་གཞིས་ཁག ལྡེ་ར་ལྡུན་སོགས་ཀྱི་ས་གནས་ཉེན་རྟོག་ལས་ཁུངས་སུ་སྐྱབས་བཅོལ་ལག་དེབ་བཟོ་མཁན་ཤིན་ཏུ་མང་ཞིང༌། དང་ཐོག་ཨར་སི་ཁྲིམས་མཐུན་གྱིས་བཟོ་ཐུབ་ན་ཧིན་སྒོར་༡༤ ཙམ་ཡིན་ཀྱང༌། བོད་མི་མང་བོས་རྔམ་ཧེབ་ཀྱིས་ལྟག་སྒོ་བརྒྱུད་དེ་ཨར་སིའི་བཟོས་གླ་ཧིན་སྒོར་ཆིག་སྟོང་ཉིས་སྟོང་ལ་སྤར། བོད་མི་རྣམས་ཨར་སི་བཟོ་རྒྱུར་ཅི་ཙམ་རྔམ་པ་དེ་ཙམ་གྱིས་ཨར་སིའི་རིན་གོང་ཉིན་འཕར་ཟླ་འཕར་བྱུང༌། སྐྱབས་བཅོལ་བོད་མི་དང་ས་གནས་ཉེན་རྟོག་པ་སྐོར་ཞིག་མཉམ་འབྲེལ་གྱིས་ཁྲིམས་མཐུན་མ་ཡིན་པའི་ཨར་སི་བཟོ་བཞིན་པ་རྒྱ་གར་གཞུངགིས་ཚོར་ཏེ་ས་གནས་མང་བོ་ཞིག་ཏུ་ཨར་སི་བཟོ་མི་ཐུབ་པར་གྱུར། དེའི་རྐྱེན་གྱིས་བོད་མི་སྐྱབས་བཅོལ་ལག་དེབ་བཟོ་མཁན་མང་བོ་ལྡེ་ར་ལྡུན་དང༌། དགོན་པ་ཁག་ཏུ་རྒྱུག དེ་ནས་ཀྱང་རིན་གོང་ཉིན་བཞིན་འཕར་སྟེ་མཐའ་མཇུག་ཧིན་སྒོར་ཆིག་ཁྲི་ནས་ཉིས་ཁྲིའི་བར་སྤར། གནས་ཚུལ་དེ་སྐབས་སྔ་ཕྱིར་གྲོས་ཚོགས་ནང་གི་གླེང་གཞི་གལ་ཆེན་ཞིག་ཡིན་ལ། གླེང་ནས་རྫོགས་རྒྱུ་མེད་པའི་གླེང་གཞི་ཞིག་ཀྱང་ཡིན།

ལག་དེབ་སེར་བོ་བཟོ་རྒྱུར་འཚངས་ཀ་བྱེད་བཞིན་པའི་ཁྲོད་དུ། སྤྱི་ཚོགས་ཐོག་གི་མི་སྐྱ་ཕོ་མོ་དང༌། གདན་ས་ནས་ཕེབས་པའི་དགེ་བཤེས། བླ་མ་སྤྲུལ་སྐུ་ཡང་ཡོད་པའི་ཚོང་བ་མང་བོས་ལག་ཁྱེར་སེར་བོ་ཚུར་ལེན་སྐབས་ལྡི་ལི་དོན་གཅོད་ཁང་མ་བརྒྱུད་པར་ལྟག་སྒོ་བརྒྱུད་པའི་མགྱོགས་ལམ་བཏོད། མགྱོགས་ལམ་དེ་བརྒྱུད་ནས་དོན་དག་འགྲུབ་མཁན་གང་འཚམ་ཡོང་གིན་ཡོད་ཀྱང༌། མི་དམངས་བྱིངས་ཀྱི་ལག་དེབ་དུས་ཐོག་ལ་རག་མི་ཐུབ་པའི་དཀའ་ངལ་འཕར་མ་བྱུང༌། དཀའ་ངལ་དེ་ད་ལྟའང་གཙང་སེལ་བྱུང་ཡོད་མེད་མི་ཤེས།

ལྷག་པར་དུ་སུད་སི་གཙོས་པའི་ནུབ་ཕྱོགས་བོད་མི་དག་གིས་མནའ་མ་དང་མག་པ་འཚོལ་རྒྱུ་ཇེ་མང་ལ་སོང༌། དངུལ་ལོར་ཛ་སྒྱུར་གྱི་དབང་གིས་ཧིན་སྒོར་ཆིག་ཁྲི་དང་ཉིས་ཁྲི་ལྟ་བུ་ཁོང་ཚོར་དངུལ་འབོར་ཆེན་པོ་མིན་སྟབས། དེབ་སེར་པོ་བདུན་ཕྲག་གཅིག་གམ་ཉིན་གྲངས་དུ་མའི་ནང་རག་ཆེད་ལྐོག་དངུལ་འབོར་ཆེན་བརྫངས། དེས་མི་དམངས་བྱིངས་ཀྱི་ལག་དེབ་རག་ཡུན་དེ་བས་ཀྱང་ཇེ་རིང་དུ་ཕྱིན། ལོ་ངོ་སྔ་ཕྱི་དེ་དག་ལ་ལག་དེབ་སྐོར་གྱི་སྒྲུང་གཏམ་དགོདབྲོ་ལ་ངུ་ཡང་བྲོ་བ་མང་བོ་བྱུང༌།

ཡང་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལ་མཐོང་མཆན་ཝེ་ཟ་རག་སྟབས་བདེ་བ་བྱུང་ནས། ཁྱིམ་པ་ཕོ་མོ་མང་བོས་མགོ་རིལ་བྱས། གྲྭ་ཆས་གྱོན་ཏེ་ཕྱི་རྒྱལ་ལ་འགྲོ་ཐབས་བྱས། གང་ལྟར་ཝེ་ཟ་ནག་འཚོང་གི་ལས་ཀ་བྱས་ཏེ་དེང་སང་ཨ་སྒོར་ས་ཡ་དུ་མའི་བདག་པོ་ཆགས་པའང་ཡོད་པར་གྲགས་ཤིང༌། ནག་ཚོང་ལ་ལམ་འགྲོ་མ་རྒྱུག་ནས་རང་རང་ཡིབས་ས་མ་རྙེད་པའི་དཀའ་ངལ་མྱོང་བཞིན་པའང་ཡོད་པར་བཤད། དེ་འདྲ་ཞིག་གི་ངང་ལ་ཨ་རིའི་ཝེ་ཟ་རག་ན་ཧིན་སྒོར་འབུམ་ཕྲག་བཅུ་གྲངས་དང༌། ཡུ་རོབ་ཀྱི་ཝེ་ཟ་རག་ན་ཧིན་སྒོར་དྲུག་འབུམ་བདུན་འབུམ་སྤྲོད་པ་ཡོངས་གྲགས་ཆགས།

དེའི་བར་རོལ་ཞིག་ལ་ཨ་རིའི་གཞུང་ངོས་ནས། སྔར་གྱི་བལ་ཡུལ་གློ་ཚེ་རོག་གི་དམག་ཁོངས་གཙོ་བྱས་པའི་བོད་མི་ཆིག་ཁྲི་ཨ་རིར་ལེན་རྒྱུ་ཡིན་པའི་སྦིར་གྲགས་ཆེན་པོ་བྱུང༌། བལ་གཞུང་གིས་ངོས་ལེན་མ་བྱས་ནས་ཨ་བལ་གཉིས་ཀྱིས་དཀའ་རྙོག་དེ་སེལ་མ་ཐུབ་པ་འདྲ། དེ་དང་འབྲེལ་ནས་རང་རེའི་སྤྱི་ཚོགས་ནང་གི་ཚོགས་སྡེ་དུ་མས་ཀྱང་བོད་མི་མང་བོ་ཨ་རིར་གཏོང་གིན་ཡོད་ལུགས་བསྒྲགས་ཏེ་ས་གནས་མང་བོར་ཐོ་འགོད་བྱས། ཐོ་འགོད་དེ་བོད་གཞུང་དང་འབྲེལ་བ་ཡོད་མེད་དང༌། ཨ་རིས་བལ་ཡུལ་ནས་མི་གྲངས་ཆིག་ཁྲི་ལེན་འཆར་དང་འབྲེལ་བ་ཡོད་མེད་སོགས་གླེང་གཞི་ཆེན་པོ་ཆགས། དེའི་སྐོར་སྐབས་དེའི་གྲོས་ཚོགས་སུའང་གླེང་སློང་གང་འཚམ་བྱུང༌།

དེ་ནས་བཙན་བྱོལ་བོད་གཞུང་གིས་ཐབས་ཤེས་གནང་སྟེ་ཆབ་སྲིད་བཙོན་ཟུར་བ་བརྒྱ་སྐོར་རེར་ཨོ་སི་ཀྲེ་ལིས་ཡར་གཏོང་མགོ་བརྩམས། དེས་རྐྱེན་བྱས་ཏེ་ཆབ་སྲིད་བཙོན་པའི་གྲངས་འབོར་ལྡབ་འགྱུར་གྱིས་ཇེ་མང་ལ་སོང༌། བཙོན་ཟུར་གྱི་འོས་ཆོས་བཤེར་སྐབས། བཙོན་ཟུར་ནང་ཕན་ཚུན་ལ་ཆབ་སྲིད་བཙོན་པ་དངོས་གནས་ཡིན་མིན་གྱི་རྫུན་རྐུབ་བརྡོལ་རེས་མང་བོ་བྱུང༌། དོན་དག་དེ་ཡང་སྤྱི་འཐུས་གྲོས་ཚོགས་སུ་སླེབས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསུང་རྒྱུར། བདེ་སྲུང་ལས་ཁུངས་ཆུང་ཆུང་འདི་འདྲ་ཞིག་གིས་བོད་ནང་གི་ས་གནས་མི་འདྲ་བ་མང་བོ་ནས་ཡོང་བའི་ཆབ་སྲིད་བཙོན་ཟུར་ཡིན་གསུང་མཁན་རྣམས་ལས་དངོས་གནས་པ་སུ་ཡིན་དཔྱད་ཐབས་མི་འདུག ངའི་ཕ་ཡུལ་གྱི་མི་ཞིག་གིས་དེང་སང་ཁྱིམ་མཚེས་མར་བརྐུས་ནས་རྒྱ་གར་ལ་བྲོས་པ་དང༌། ཨ་མའི་མགོ་ལ་སྟ་རེས་གཞུས་ནས་རྒྱ་གར་ལ་བྲོས་པ་དག་ཀྱང་ཆབ་སྲིད་བཙོན་པ་ཆགས་འདུག་ཟེར་གྱིན་འདུག་མོད། རང་གཞུང་གི་ངོས་ནས་དེ་དག་ལ་དབྱེ་བ་དགར་ཐབས་མ་བྱུང༌། ཡང་རིགས་ཤིག་གིས་ང་ཚོ་བཙོན་ཁང་དུ་མ་སོང་ཡང་དུས་ཡུན་ཐུང་ངུའི་རིང་བཙོན་ཁང་དུ་འགྲོ་མཁན་ཚོ་ལས་བྱས་རྗེས་ང་ཚོར་ཆེ་བ་ཡོད་ཟེར་ནས་རྙོག་དྲ་བཤད་ཀྱིན་འདུག དེ་ལ་བརྟེན་ནས་བཀའ་ཤག་གིས་ཆབ་སྲིད་བཙོན་པ་དངོས་དང༌། དེ་དང་འབྲེལ་ཆགས་སོགས་སྡེ་ཚན་དྲུག་ཏུ་དབྱེ་སྟེ་དེ་དག་ཡོད་ཚད་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ཕྱི་སྐྱོད་རྒྱན་ཤོག་གི་ཐོབ་ཐང་ཡོད་པ་བྱས་ཡོད་ཅེས་གྲོས་ཚོགས་ལ་གསལ་བཤད་གནང་སོང༌།

མདོར་བསྡུས་ནས་བཤད་ན་གོང་གི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་དངོས་བྱུང་གཏམ་རྒྱུད་དེ་དག་གིས་ཅི་ཞིག་མཚོན་གྱིན་ཡོད་དམ། རྣམ་དཔྱོད་ཅན་ཚང་མས་དངོས་བྱུང་གནས་ཚུལ་དེ་དག་བརྗེད་མེད་པའི་རེ་བ་ཡོད། ད་དུང་ང་ཚོའི་སྤྱི་ཚོགས་ཀྱི་ཕྱི་སྒྲོམ་རགས་པ་སོར་གནས་ལྟ་བུར་ཡོད་ཀྱང༌། དེས་མི་དམངས་ཀྱི་བསམ་བློའི་སྒྲོམ་གཞི་བརྟན་གནས་ཡིན་པ་མཚོན་མི་ཐུབ། སྤྱི་ལོ་ ༡༩༩༡ དང་ ༩༢ ཙམ་ནས་མགོ་བཙུགས་ཏེ། གཞིས་ཆགས་ཁག་གི་མི་དམངས་དང༌། སློབ་གྲྭའི་སློབ་མ། དགོན་སྡེའི་གྲྭ་བཙུན་སོགས་ཀྱི་བསམ་བློའི་སྒྲིག་འཛུགས་ལ་གཡོ་འགུལ་ཐེབས་མགོ་བརྩམས་ཡོད། གཞུང་འབྲེལ་གྱིས་ཨ་རིར་བོད་མི་ཆིག་སྟོང་མ་བཏང་བའི་ཡར་སྔོན། གཞིས་ཆགས་ཁག་གི་ཁྱིམ་ཚང་རྣམས་ལ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་མེད་ཅིང༌། དཔལ་འབྱོར་ཐད་འགྲན་བསྡུར་ཀྱང་དེ་ཙམ་མེད་མོད། ཨ་རིའི་ཆིག་སྟོང་སོང་ནས་ལོ་ངོ་གཉིས་གསུམ་གྱི་རྗེས་ནས། ནང་མི་གང་རུང་ཨ་རིར་ཡོད་པ་དག་གིས་གཞིས་གྲོང་དུ་ཁང་བ་གསར་རྒྱག་དང༌། ཕོ་གསར་མོ་གསར་ཚོས་ཨ་རི་དང་ཡུ་རོབ་ཀྱི་གྲགས་ཅན་ལྷམ་རིགས་གྱོན། རྒྱ་གར་གྱི་ཐོན་གསར་སྦག་སྦག་བཏང༌། གཞིས་ཆགས་ཀྱི་ས་ཞིང་ཐེམ་སྐལ་རྣམས་ཁྱིམ་ཚང་གཞན་པ་དང༌། རྒྱ་གར་ཡུལ་མི་སོགས་ལ་བག་མར་བཏང༌། གསེར་གྱི་རྒྱན་ཆ་དང༌། གློག་ཀླད་དཔེ་གསར་གྱི་རིགས། རྒྱ་གར་དུ་མི་རག་པའི་པར་ཆས་ཐོན་གསར་ཅན་ཁྱེར་བ་སོགས་དབྱར་དགུན་མཚན་གཅིག་ལ་བརྗེས་པ་ལྟ་བུའི་གློ་བུར་གྱི་འགྱུར་ལྡོག་དེས། ཡར་རྒྱས་མེད་པའི་མི་ཁྱིམ་ཁག་གི་སེམས་པ་ལ་རྡུང་རྡེག་ཕོག་ཡོད་ཅིང༌། ཕྱུག་པོ་འབྱོར་ལྡན་ཆགས་དགོས་ན་གཞིས་ཆགས་ཀྱི་ས་ཞིང་འདེབས་ལས་དང༌། ཚོང་ལས་ཙག་ཙིག་གིས་མི་ཡོང་ཞིང༌། ངེས་པར་ཨ་རི་དང་ཡུ་རོབ་ཏུ་འགྲོ་དགོས་པའི་འདུ་ཤེས་སྐྱེས་སུ་བཅུག

དེ་ནས་བཟུང་བོད་མི་རྣམས་ཀྱི་མངོན་འདོད་ཉག་ཅིག་ནི། ནུབ་བསྐྱོད་ཕྱུག་འགྱུར་བྱེད་རྒྱུ་དེ་རང་ཡིན་ལ། དེ་འགྲུབ་ཐབས་སུ་བུ་བུ་མོ་མང་བོ་སུད་སི་དང་ཨ་རི་སོགས་སུ་མནའ་མ་དང་མག་པར་སྟེར་ཅི་ཐུབ་དང༌། ཆེད་དུ་མངག་ནས་ཕྱི་རྒྱལ་བ་དག་ལ་ཆང་ས་རྒྱག་པ། གྲྭ་བཙུན་རྫུན་མ་འཁྲབ་པ། ཚོགས་འདུ་རྫུན་མར་འགྲོ་བ། བླ་སྤྲུལ་དང་སྐུ་ངོ་ཁག་ཅིག་གི་ཞབས་ཞུ་བ་དང་སྐད་སྒྱུར་བ་རྫུན་མ་འཁྲབ་པ་སོགས་མདོར་བསྡུས་ན། འཇིག་རྟེན་ཐོག་གི་གལ་ཆེན་དུ་རྩི་བའི་ལུས་ངག་ཡིད་གསུམ་པོ་བློས་བཏང་གིས་ཕྱི་རྒྱལ་དུ་འགྲོ་རྒྱུ་ཁོ་ན་དོན་གཉེར་བྱས། དེ་ནི་ལོ་རྒྱུས་ཀྱི་འཁོར་སྐྱོད་ཅིག་ཏུ་གྱུར། སུས་ཀྱང་འགོག་ཐབས་དང་ལྡོག་ཐབས་མེད་པའི་ཐག་གཅོད་རང་བཞིན་གྱི་བསམ་བློའིདཔུང་བསྐྱོད་ཅིག་ཏུ་གྱུར།

ནུབ་ཕྱོགས་སུ་འགྲོ་རྒྱུ་ལམ་ལྷོངས་མ་བྱུང་བ་ཁག་ཅིག་གིས། རང་སེམས་ཀྱི་སྡིགས་འཚིག་ཟོས་པ་བོད་གཞུང་དང་། ལྷག་པར་དུ་ལས་ཀྱི་སྣེ་མོ་བ་དག་ལ་འགེལ་བཞིན་པ་དང་བསྡོངས་ནས། ལག་དེབ་དང་མཐོང་མཚན་ཝེ་ཟ་ནག་ཚོང་རྒྱག་མཁན་དག་གིས་དཀྲོགས་གཏམ་བཟོས་ཏེ། བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་བཀའ་བཏང་སྟེ་བོད་མི་ཕྱི་རྒྱལ་དུ་འགྲོ་རྒྱུར་བཀག་འགོག་བྱེད་ཀྱིན་ཚུལ་སོགས་འུད་སྒྲོག་བྱས། ཁོ་བ་ཚོས་དཀྲོགས་གཏམ་ཅི་ཙམ་སྤེལ་བ་དེ་ཙམ་གྱིས་མི་རྣམས་སེམས་འཚབ་ལངས་ཏེ་ལག་དེབ་དང་ཝེ་ཟ་ཉོ་འཚོང་ཇེ་བཟང་དུ་སོང༌།

ཕྱོགས་གཞན་ཞིག་ནས་བཤད་ན། སྐབས་དེ་དག་ཏུ་ཨ་རི་དང་ནུབ་ཡུ་རོབ་ཏུ་གསར་སླེབས་བོད་མི་རྣམས་ལ་བོད་ནས་གསར་དུ་འབྱོར་བ་དང༌། རྒྱ་གར་དུ་གཏན་སྡོད་བྱེད་མཁན་རིགས་གཉིས་ཡོད་ཅིང༌། ཁོང་ཚོ་སུ་ཡིན་ཀྱང་དང་ཐོག་ཁོང་ཚོའི་སེམས་ངོ་ན་ཡོད་པ་ནི་ཤར་ཕྱོགས་ཀྱི་རིག་གཞུང་སྟེ། རང་ཉིད་ལས་ནང་མི་སྤུན་མཆེད་གཙོ་བའི་འདུ་ཤེས་འཛིན་སྟངས་ཀྱིས་བསྐུལ་ཏེ། རང་ཉིད་ཀྱི་བདེ་བ་ཁྱད་དུ་བསད་དེ་མི་གྲངས་ལྔ་དྲུག་གམ་དེ་ལས་མང་བ་ཁང་མིག་གཅིག་ཏུ་མཉམ་སྡོད་བྱས། ལས་ཀ་ལ་བཟང་ངན་ཡག་བཙོག་གི་དབྱེ་གསེས་མེད་པར་སྒྲུབ་རྐྱང་བྱས། ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དཀའ་ལས་ཆེན་པོ་བརྒྱབ་པའི་ཡོང་འབབ་ཕལ་མོ་ཆེ་རང་གི་ནང་མི་སྤུན་མཆེད་ཚོར་བཏང༌། ནང་མི་དག་གིས་དེ་ཉིད་གཞན་ལ་ངོམ་སྒྲོག་བྱས་པའི་རྐྱེན་གྱིས། བོད་མི་རྒན་གཞོན་ཚང་མ་སྔར་གྱི་རང་ཉིད་སྡོད་གནས་སུ་མུ་མཐུད་སྡོད་མི་ཤེས་པ་ལྟ་བུར་གྱུར།

དེའི་རླབས་རྒྱུན་རྒྱ་གར་དང་བལ་ཡུལ་ཙམ་མ་ཡིན་པར་བོད་ནང་ལའང་ཁྱབ་སྟེ། སྤྱི་ལོ་ ༢༠༠༠ ཡས་མས་ཀྱི་གསར་འབྱོར་བ་རྣམས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་སྐབས་རྒྱ་གར་དུ་ཡོང་དོན་ཅི་ཡིན་དྲིས་ཚེ། ཨ་རིར་འགྲོ་རྒྱུ་ཡིན་ཟེར་མཁན་མང་ཤོས་ལྟ་བུར་གྱུར། གང་ལྟར་དེ་འདྲའི་ངང་བཙན་བྱོལ་བོད་མིའི་བསམ་བློའི་སྒྲིག་འཛུགས་ལ་དོན་གྱིས་གཡོ་འགུལ་ཆེན་པོ་ཐེབས་ཡོད། གནས་སྟངས་དངོས་གནས་པ་འདི་འདྲ་ཁས་ལེན་བྱེད་འདོད་མེད་མཁན་དག་ལ་གྲོས་མོལ་ཅི་ཡང་ཞུ་བཞིན་མེད། འདི་བརྒྱུད་ནས་བོད་མི་ཆིག་འབུམ་བཞི་ཁྲིའི་ནང་དྲང་ཕྱོགས་ཀྱི་བསམ་བློ་གཏོང་མཁན་བརྒྱ་ཙམ་བྱུང་བ་ཡིན་ན་བདག་གིས་དཀའ་བརྒྱབ་པ་ལ་གྲུབ་འབྲས་ཐོན་པ་ཡིན།

མཐའ་མཇུག་རྒྱ་གར་རང་བཙན་ཐོབ་པ་ནས་སྟོང་ལོ་གསར་བའི་ལོ་མགོ་བར། ཚན་རིག་པ་དང༌། སྨན་པ། ལག་རྩལ་བ། རྩོམ་པ་བོ། ཚོང་བ་སོགས་ཚུད་པའི་ཡུལ་མི་ཕྱི་རྒྱལ་དུ་འགྲོ་མཁན་རྣམས་རང་གི་རྒྱལ་ཁབ་ལ་ཤ་ཞེན་མེད་མཁན་དང༌། མི་རིགས་ལ་དུང་ཞེན་མེད་མཁན། རིག་གཞུང་ལ་ཤ་ཚ་མེད་མཁན་དུ་རྩིས་ཁར། ཁོང་རྣམས་རྒྱལ་ཁབ་གཞན་དུ་སྤོས་ཉིན་ནས་རྒྱ་གར་ཡུལ་མིའི་(Citizenship) རང་བཞིན་འདོར་དགོས་བྱུང་བ་དང༌། རང་གི་སྐྱེས་ཡུལ་ལ་མ་དངུལ་ (Invest) བཏང་སྟེ་ཚོང་ལས་རྒྱ་བསྐྱེད་ཀྱི་ལམ་ཁ་བཀག་པའི་དབང་གིས། སྤྱི་ལོ་ ༢༠༠༢ ལོར་ཕྱི་སྡོད་རྒྱ་གར་ཕྱུག་བདག་གསུམ་ལ་ཡུལ་མིའི་ཐོབ་ཐང་བསྐྱར་དུ་སྤྲད་ནས། ཁོང་གསུམ་གྱིས་ལོའུ་རྡི་ཡ་ན་དང༌། ཧ་རིས་ཡ་ན་སོགས་སུ་ཞིང་ལས་ཡར་རྒྱས་དང༌། སྨན་ཁང་གསར་རྒྱག་བྱས་པ་ལྟ་བུ་ལས་རང་མིས་རང་ཡུལ་དུ་འཛུགས་སྐྲུན་མ་དངུལ་གཏོང་ཐབས་མ་བྱུང་བའི་གྱོང་གུད་དང༌། རྒྱ་ནག་གཞུང་གིས་སྤྱི་ལོ་ ༡༩༧༩ ལོ་ནས་ཕྱི་སྡོད་རྒྱ་མི་ཡིན་ནོ་ཅོག་ལ་འབོད་བསྐུལ་གྱིས། ལོ་ངོ་བཅུ་གྲངས་ལ་ཕྱི་རྒྱལ་ནས་རྒྱ་ནག་ལ་མ་དངུལ་བཏང་བའི་བརྒྱ་ཆ་བརྒྱད་ཅུ་ལྷག་ཕྱི་སྡོད་རྒྱ་རིགས་ཡིན་ཅིང༌། དེས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་ཤིན་ཏུ་ཕན་པ་བྱུང་བའི་གནས་ཚུལ་གཉིས་གཤིབ་བསྡུར་སོགས་མདོ་དོན་བཙན་བྱོལ་བོད་གཞུང་གི་ངོས་ནས། ཆབ་འབངས་རྣམས་ཀྱིས་གཞིས་ཆགས་ཀྱི་ས་ཞིང་འདེབས་ལས་བསྐྱུར་ཏེ་ནུབ་ཕྱོགས་སུ་ལས་གླ་འཚོལ་རྒྱུ་བདམས་ཟིན་པའི་སེམས་ཁམས་ལ་རྒྱུས་ལོན་མ་གནང་བར། མུ་མཐུད་ནས་སྐྱེ་ལྡན་སོ་ནམ་ (Organic Product) ཐོན་ལས་ལ་གཅིག་ཏུ་འབད་དགོས་པའི་སྲིད་ཇུས་འཛིན་བཞིན་པ་དེ་གཅིག་བྱས་ན་ས་སྟོང་ལ་མདའ་འཕེན་པ་ལྟ་བུར་མི་འགྱུར་བའི་ངེས་པ་མེད།

གལ་སྲིད་མི་དམངས་མང་ཤོས་ཀྱི་བསམ་བློ་ནུབ་ཕྱོགས་སུ་འཁོར་ཡོད་ན། བཙན་བྱོལ་བོད་གཞུང་གིས་སྤྱན་ཟུང་བཙུམ་སྟེ་མུ་མཐུད་ཨུ་ཚུགས་གནང་རྒྱུ་དེ་ཐབས་ལམ་ཡག་ཤོས་དེ་མ་ཡིན་པར། དེ་ལུགས་ཀྱི་སྲིད་ཇུས་གསར་བ་ཞིག་གྲ་སྒྲིག་དགོས་པ་དེ་དུས་རབས་ཀྱིས་ཚུར་བཀལ་ཡོང་བའི་འགན་འཁྲི་ཞིག་ཡིན་ནམ་སྙམ།

༢༠༡༠།༥།༨ ཉིན་བྱང་ཨ་རིའི་གྲོང་ཁྱེར་ནོའུ་ཡོཀ་ནས།།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 114

  1. གཡང་ལགས། says:
    ལོ་ 15 སྔོན།

    ནུབ་ཕྱོགས་སུ་བོད་པ་མང་ཙམ་ཡོང་ཐུབ་པར་རེ་བ་བྱེད་ཀྱི་ཡོད་ལ། ནུབ་ཕྱོགས་སུ་བོད་པ་མང་ཙམ་བྱུང་ན་བོད་དོན་ལ་ཕན་པར་ཡིད་ཆེས་ཡོད། འོན་ཀྱང་ས་ཐོག་ན་ལངས་ནས་མནོ་བསམ་མེད་པའི་ལྟ་བ་འདི་འདྲ་མ་ཡིན། བྱིས་པའི་རྨི་ལམ་ལྟ་བུའི་རེ་བ་འདི་འདྲ་མ་ཡིན། སྔོན་མ་ཧོར་གཙང་ཅེས་མཐོ་སར་འཇོག་སའི་མཁས་པ་དེ་དེ་རིང་ནས་བཟུང་ངས་བླུན་པོ་ཞིག་ལ་ལྟ་བ་ཡིན། རྒྱུ་མཚན་ངས་མི་འབྲི། དཔྱོད་ཤེས་ཡོད་མཁན་ཞིག་གི་སེམས་སུ་གསལ་པོ་རེད་ལ། ང་དང་འདྲ་བར་ཨ་ཁ་ཁ། ཧོར་གཙང་ཟེར་བའི་མི་འདིའི་བློ་གྲོས་ཡང་འདི་འདྲ་ཞིག་ལས་མེད་པ་འདྲ་བསམ་པ་ཡོང་སྲིད། དཔྱོད་ཤེས་མེད་མཁན་ཞིག་ལ་ངས་རྒྱུ་མཚན་བྲིས་ཀྱང་ང་རྒྱལ་སློང་རོགས་རེད། བརྗོད་འདོད་པ་ཞིག་ནི་ཧོར་གཙང་སྙན་ངག་པ་ཞིག་ཡིན་པའི་དབང་གིས་དཔྱད་རྩོམ་ནང་དུ་ཡང་སྙན་ངག་ལྟར་འུད་སྒྲོག་ཆེན་པོ་བྱེད་པ་དང་། སྤྱི་ཚོགས་ནང་ཡོད་པའི་ནག་ཐིགས་ཀྱི་ཆ་འགས་ལུང་པ་ནག་པོར་གཏོང་བའི་སྐྱོན་འདུག དེ་ནི་ཁ་ཙམ་གྱི་དཔྱོད་ཤེས་ཡོད་ཀྱང་གཏིང་གི་དཔྱོད་ཤེས་མེད་པ་དང་། མིག་མདུན་གྱི་ཁ་ཕོར་མཐོང་བ་ལས་འཇིག་རྟེན་གྱི་འཁོར་ལུགས་དང་། འབྲེལ་བ། གནས་སྟངས་ཆ་རྫོགས་པར་རིག་པའི་བློ་མིག་ལྡོང་བའི་རྟགས་རེད། ཕྲུ་གུ་ཞིག་གིས་དངོས་ཡོད་དང་མི་མཐུན་པའི་རེ་བ་བྱེད་པ་ནི་རྟོགས་སླ་བ་ཡིན་མོད། མི་རྒན་ཞིག་དང་མཁས་པ་ཡིན་ཟེར་བ་ཞིག་གིས་ཕྱི་ནང་བསམ་མནོ་མེད་པ་དང་། སྐད་ཆ་བཤད་ས་མི་ལྟ་བར་འདི་ལྟར་གླེན་བཤད་དང་ཟིང་སྐུལ་བྱེད་པ་ནི་བློ་ཡུལ་ལས་འདས་པ་རེད། འདིའི་གོང་གི་ཧོར་གཙང་གི་རྩོམ་ཡིག་ཅིག་ལ་ངས་རྒྱབ་སྐྱོར་བྱས་ཡོད། རྒྱུ་མཚན་ནི་ལྟ་བ་ཚོད་རན་པ་དང་འབྲི་སྟངས་ཡང་དེ་རིང་འདི་འདྲ་མ་རེད། དེ་རིང་གཞི་ནས་མཁས་བླུན་ངོ་ཆོད་སོང་། ཐུགས་རྗེས་གཟིགས། ཧོར་གཙང་ལགས། རྩོམ་ལུད་འདི་འདྲ་འབྲི་བ་ལས་གཉིད་ཐེངས་གཅིག་ཁུག་པ་འམ་ཉུའུ་ཡོག་གྲོང་ཁྱེར་གྱི་རྣམ་པ་འགའ་སྙན་ངག་བྲིས་ན་ཕན་ཆེ། རྩོམ་སྒྲིག་པ་ལུང་རིགས་རྒྱལ་གྱིས་ཀྱང་རྩོམ་འདི་འདྲ་དུས་བབས་ཐོག་འགོད་རུང་མིན་གདོང་ལ་ཆུ་གཅིག་བརྒྱབ་ནས་ཡང་བསྐྱར་ཐུགས་བསམ་ཞིག་བཞེས་ཁོམ་མ་བྱུང་བར་ང་ལ་བློ་ཕམ་བྱུང་།

    Reply
  2. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་དྲངས་པོ་བཤོད་ན་བོད་ཡུལ་ཡར་རྒྱས་བཏོང་དགོས་པ་ཚང་མས་ཤེས་གསལ་རེད། ཡིན་ཡང་ངས་ད་ལྟར་བར་ལངས་ཕྱོགས་གསལ་པ་དང་ལྟར་བ་གསར་པ་ཡོད་མཁན་གྱི་མཁས་དབང་ངམ་བློ་གསར་ཞིག་མཐོང་མ་སོང་། ཁ་སུ་མཁེས་དང་མགོ་སུ་བདེ་རང་གི་འཚོ་གུས་ཆེད་དུ་སྐྱགས་རྫུན་བཤོད་བརྐུ་མ་བརྒྱབ་རྒྱུ་མ་གཏོགས་བཞེན་གང་ཡང་མི་འཇོན་བ་མཁྱེན་གསལ་རེད།

    Reply
  3. ཤ་འཇམ་སྐྱིད། says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེ་ལྷ་རེད།།
    ཇོ་རི་ཉི་མ་འདྲེ་རེད།།
    ལྷེ་འདྲེ་གཉིས་ཀ་རུབ་ནས།།
    གླེན་བཤད་རླུང་ལ་བསྐུར་སོང་།།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    གྲྭ་རྐྱང་གློག་ཀླད་སྐོལ་བར།
    ཅོ་རི་ཕྲ་དོགས་མ་གནང༌།
    རྒྱལ་བལ་འབྲུག་གི་ཡུལ་དུ།
    འདི་འདྲ་གྲངས་ཀྱི་མི་ལངས།

    ལས་མེད་གླ་རྔན་གཏེར་མཁན།
    ཅོ་རིའི་གང་དུ་མཐོང་བྱུང༌།
    ལས་མེད་གླ་རྔན་བསླངས་ནས།
    ཅོ་རི་མ་སྡད་གང་ཡིན།

    སྐྱབས་རྟེན་སྒོར་ཅག་རེ་གཉིས།
    ཅོ་རིའི་མིག་ལ་མ་ཤོམ།
    ཉམས་ཆུང་གྲྭ་རྐྱང་ཞིག་ལ།
    ཀུར་བ་འདེབས་ནས་ཅི་ཕན།

    རང་གིས་དཀའ་དཔྱད་ནུས་ན།
    སྒོར་མོ་འདི་ནའང་འདུག་སྟེ།
    ཤོག་སྒོར་འགའ་ཡི་དོན་དུ།
    རང་སྲོག་གཏོང་འདོད་མི་འདུག

    འདའ་མོ་བྱ་སྒྲོ་རྩེར་སྣོན།
    དྲྭ་རྒྱའི་རྭ་བར་ཕངས་པས།
    གནོང་ཡོད་ཅོ་རིའི་སྙིང་ལ།
    ཕོགས་ཡོང་བསམ་པ་མ་བྱུང༌།

    སྐུ་རྩེ་རང་ཡིན་ཏ། ཅོ་རིའི་འཁྲིས་ལ་ཡོད་ན་གྲི་གཤམས་ནས་ཀི་ཧིའི་ཞེས་ཀི་སྒྲ་སྒྲོགས་ནས་ང་གཉོར་ཀ་ཡོངས་ཐག་གཅོད་རང་རེད། དྲྭ་གྲོགས་ཅོ་རི་ཐུགས་ལ་ཕོགས་ན་དགོངས་དག རྩེ་མོ་རང་ཡིན།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཅོ་རི་ང་ལ་ཅི་སྨད།
    ཁྱད་པ་སྤུ་ཙམ་མི་འདུག
    སྤུན་གྲོགས་བཟོད་པ་ལྷ་རྩེ།
    ཐུགས་སེམས་བདེ་མོར་བཞུགས་རོགས།ཞེས་བཅོས་པ་ཡིན

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྙན་ངག་བྲིས་པར་སྙན་བྱུང་།
    ཤུགས་གླུ་ལེན་པ་དགའ་བྱུང་།
    ཁས་ལེན་མེད་པའི་དགག་ལེན།
    རྩོད་དང་མ་རྩོད་མི་འདུག

    དེ་རིང་དེ་ཙམ་ཞིག་གིས།
    གོ་བ་ཡོད་ན་དགའ་བ།
    ཉམ་ཐག་བོད་མིའི་ཆེད་དུ།
    ཐུགས་བཞེས་རོགས་གནང་དང།

    ཅོ་རི་ང་ལ་ཅི་སྨད།
    ཁྱད་པ་སྤུ་ཙམ་འདུག
    སྤུན་གྲོགས་བཟོད་པ་ལྷ་རྩེ།
    ཐུགས་སེམས་བདེ་མོར་བཞུགས་རོགས།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རང་ཡུལ་གངས་ཅན་ལྗོངས་སུ།
    མུ་གེ་ཐེབས་པ་མིན་ཏེ།
    རྒྱ་དམར་དབང་འཛིན་འོག་ཏུ།
    སྡོད་འདོད་མེད་པ་ཡོང་ཡིན།

    རྒྱལ་བལ་རང་དབང་ལུང་པར།
    ལྟོ་གོས་འཕོང་པ་མི་འདུག
    སྐྱབས་བཅོལ་གཉིས་པ་འཐད་དུས།
    སེམས་པ་འཁྱག་ལ་ཐེབས་སོང༌།

    བཟའ་རྒྱུ་ཁོ་ན་དྲན་ན།
    གངས་ཅན་ལྗོངས་སུ་སྐྱིད་པ།
    དེ་ལས་བཙན་བྱོལ་ཕེབས་པའི།
    དགོས་པ་ཧ་ཅང་ཆུང་འདུག

    བསམ་རྒྱུ་དངུལ་ལས་མེད་པས།
    བོད་དོན་གླིང་བ་འཆར་བྱུང༌།
    བོད་ལ་དངུལ་ལོར་མེད་པར།
    བཙན་བྱོལ་ཡོང་བ་ཡིན་ནམ།

    རྒྱ་མིའི་ཤོད་པའི་སྐད་ཆ།
    ཅོ་རའི་ཉི་མས་ཤོད་ཀྱིད།
    དྲྭ་རྒྱ་འདི་ཡི་བདག་དབང༌།
    ཁོ་རའི་ཡིན་འདོགས་བྱེད་ཀྱི།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལས་འདོད་མེད་པའི་ཟ་འདོད།
    གྲྭ་རྐྱང་བཟོད་པ་ལྷ་རྩེ།
    དངུལ་ལ་མི་དགའ་མདོག་མདོག
    བྱེད་དང་མ་བྱེད་ཨེ་ཡོད།

    ཀུན་དགའ་དོན་འགྲུབ་མེད་ན།
    ཀློག་ཀླད་སྤྱོད་ཐབས་ཨེ་ཡོད།
    རྒྱུ་བདག་དྲིན་ཅན་མེད་ན།
    དགེ་བཤེས་གཏོང་ཐབས་ཨེ་ཡོད།

    ལས་ཀ་མེད་པའི་ཟས་དེར།
    དཀོར་ཟས་མིན་ན་གང་རེད།
    འདོད་ཆུང་ཆོག་ཤེས་ཡོད་ན།
    དྲ་ཐོག་ཕེབས་དོན་གང་ཡིན།

    ཉམ་ཐག་བོད་མིའི་དགྲ་བོ།
    ཅོ་རི་ང་ཡི་དགྲ་བོ།
    ཉམ་ཐག་བོད་མི་དགྲ་བོ།
    བཙན་བྱོལ་གཞུང་གི་དགྲ་བོ།

    བཙན་བྱོལ་གཞུང་གི་ཆེད་དུ།
    དཀའ་ལས་རྒྱག་ནས་སྡོད་ཡོད།
    ཉམ་ཐག་བོད་མིའི་ཆེད་དུ།
    རང་སྲོག་འབེན་ལ་བཙུགས་ཆོག

    དགྲ་གཉེན་དབྱེ་བ་ཕྱེ་པའི།
    ས་མཐའི་བུ་སྡུག་ཅོ་རི།
    རང་མི་དགྲ་ལ་མི་བལྟ།
    བརྩེ་བ་སེམས་ལ་བརྟན་ཡོད།

    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་་་་ཡཡཡཡ་གྲྭ་རྐྱང་ཁ་བདེ་པོ་ཁྱེད་ཨ།
    གོ

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཉིས་སྟོང་བརྒྱད་ཀྱི་ལོ་ལ།
    བོད་དོན་འབོད་སྒྲ་སྒྲོགས་དུས།
    རང་ཡུལ་གངས་ཅན་ལྗོངས་ནས།
    འབོད་སྒྲ་དང་པོ་སྒྲོགས་སོང་།
    བལ་ཡུལ་གནས་སྡོད་བོད་མིའི།
    འབོད་སྒྲ་གཉིས་པ་སྒྲོགས་སོང༌།
    བཙན་བྱོལ་ལྟེ་གནས་ཡུལ་ནས།
    འབོད་སྒྲ་གསུམ་པ་སྒྲོགས་པ།
    རྒྱ་སྤྱིའི་གསར་ལམ་ཁག་ནས།
    གསལ་གསལ་ཐིང་ཐིང་བསྟན་ཡང་།
    ཅོ་རི་བྲན་གཡོག་ཞིག་གི
    དེ་ཚོ་གང་ལ་རིགས་པ།
    ཨ་མའི་བུ་ཞིག་ཡིན་ན།
    རང་འདོད་ཞེན་པ་མ་ཆེ།
    ཉམས་ཆུང་གྲྭ་རྐྱང་ཞིག་ལ།
    སྐུ་དྲག་གསུངས་བ་མ་གནང༌།
    ཅོ་རི་ཐུགས་རྒྱལ་མ་བཞེས།
    ངར་ན་དགྲ་ལ་ངར་དང༌།
    རང་གཞུང་དགྲ་ལ་མ་བལྟ།
    རང་རིགས་དགྲ་རུ་མ་ཞེན།
    དེ་ལས་སྦྱིན་བདག་དེའི
    བཀའ་བཞིན་ཚུལ་བཞིན་སྒྲུབ་ཤིག
    ཅོ་རིའི་བསམ་པའི་དངུལ་ལ།
    བར་ཆད་བཟོས་ན་གྱོང་རེད།
    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གྲྭ་པ་བྱས་ཡང་བྱས་མྱོང།
    གྲྭ་པ་ལོག་ཡང་ལོག་མྱོང།
    གྲྭ་རྐྱང་མི་ཡི་འཚོ་བར།
    གྲྭ་ལོག་ང་ཡི་མྱོང་ཡོད།

    རང་བྱས་ལས་ལ་མི་འགྱོད།
    རང་ཐག་རང་གིས་བཅད་ཡོད།
    རང་གི་བྱིས་ཕྲུ་རྣམས་ཀྱིས།
    རང་སྐད་རྒྱག་ནས་སྡོད་ཡོད།

    རྒྱ་བལ་འབྲུག་གསུམ་ནང་གི
    ཉམ་ཐག་བོད་མི་རྣམས་ལ།
    གྲྭ་པ་གྲྭ་རྐྱང་འདྲ་བའི་།
    འཚོ་བ་སྤྲོད་ཀྱིན་ཡིན་ནམ།

    བསམ་གཞི་དེ་ལས་མེད་ན།
    སྤྱི་དོན་བཤད་ཁུལ་མ་གནང།
    ཕུངས་བསམ་དེ་ལས་མེད་ན།
    དུས་བབ་དྲ་ཐོག་མ་ཕེབས།

    དྲང་པོ་ཡིན་ད།

    Reply
  11. རོ་བདག says:
    ལོ་ 15 སྔོན།

    རེད་རེད་བསམ་ཚུལ་ཡག་པོ་བྲིས་འདུག འདི་འདྲའི་རིགས་ངེས་པར་དུ་དགོས། མུ་འཐུད་ནས་འབྲི་རོགས་ཞུ།

    Reply
  12. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རྒྱ་བལ་འབྲུག་གི་ཡུལ་དུ།
    ལྟོལ་ཤི་ཐེབས་པ་མ་མཐོང༌།
    སེམས་པ་ལྟོལ་ཤི་ཐེབས་ནས།
    ནུབ་ཕྱོགས་ཡུལ་དུ་ཤོར་སོང༌།

    བྲན་གཡོག་བློ་ལ་མེད་དེ།
    བྲན་གཡོག་ལས་ལ་བསྐོས་ཞག
    དངུལ་ལོར་ལྗང་མོ་དེ་ཡི།
    མི་འཚེ་བྲན་གཡོག་ཆགས་སོང༌།

    ལག་ཏུ་ཤོག་དངུལ་ཡོད་ན།
    འཛམ་གླིང་དབང་འདུ་མ་བསམ།
    མེས་པོས་གོམ་གཤིས་ཤོར་བའི།
    བྱིས་ཕྲུག་གསོ་དུས་བལྟ་མཆོག

    མགོ་སེར་ཐབས་གཡོག་རྒྱུགས་པར།
    ཕྱུག་བདག་ཡིན་པ་མ་རློམས།
    གྲྭ་རྐྱང་བདེ་སྐྱིད་འཚོ་བར།
    ཕྱིར་མིག་ཐེངས་ཞིག་གཟིགས་དང༌།

    ཅོ་རི་བྱིས་པ་ལོ་བརྒྱད།
    གཏམ་ལ་རྒྱབ་བདེན་མིན་འདུག
    རང་བྱས་ལས་ལ་མི་འགྱོད།
    ཅོ་རིའི་སེམས་ན་ཨ་ཡོད།

    ཧཧཧ་སྐུ་རྩེ་བཞུས།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཉམ་ཆུང་སྡུག་གི་འཚོ་བ་མིག་གིས་མ་མཐོང་བའི་སྐུ་དྲག་བཟོད་པ་ལྷ་རྩེ་ལགས།

    ཁྱེད་ཀྱི་དྲི་བ་དང་པོའི་ལན་དུ།
    བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་ཡིན་དགོས་ཀྱང། ་བཙན་བྱོལ་བོད་མི་རྣམས་ཀྱི་བརྒྱ་༨༠་ཐམ་པའི་ནུས་ཕྱོགས་བོད་རིགས་ཟླ་རྣམས་ཀྱིས་བྲན་གཡོག་ལྟ་བུའི་དཀའ་ལས་རྒྱག་ནས་བྱུང་བའི་དཔལ་འབྱོར་ལ་བརྟེན་ནས་སློབ་སྦྱོང་གི་གོ་སྐབས་དང་ལྟོ་གོས་རག་པར་མ་ཡིན་ནམ།
    ༧གོང་ས་མཆོག་གིས་བོད་མི་ཞིག་གོས་གཙང་མ་གྱོན་ཤེས་ན་ཡང་བོད་དོན་ཡིན་གསུངས་པར་མཁྱེན་མ་སོང་ངམ།
    ཁྱེད་ཀྱི་དྲི་བ་གཉིས་པའི་ལན་འདིའི་འགྲིག་སོང་་་་གསུམ་པའི་ལན་དུ།

    ་ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་རྒྱ་ནག་གཞུང་གི་་ས་ཐོག་ཏུ་ངོ་རྒོལ་བྱས་པར་ཁྱེད་ཀྱིས་མ་མཐོང་ངམ།
    བྱ་བ་རླབས་ཆེན་སྒྲུབ་ཐུབ་མཁན་དེ་ནུས་ཕྱོགས་སུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་རེད་མ་གཏོགས་རྒྱ་བལ་འབྲུག་གསུམ་ནང་དུ་ཡོད་པའི་སྐུ་དྲག་ཟ་ངོམས་ཅན་ཁྱེད་ལྟ་བུས་ཅི་ཞིག་བྱས་ཡོད་དམ།

    བོད་མི་ཉམ་ཆུང་ཚོའི་ཐོག་ཏུ་སྐུ་དྲག་ཁྲོམ་ནས་་མོ་ཊ་སྒོར་མོ་འབུམ་༢༠དང་༣༠་རིན་པ་གཏོང་ཁུལ་བྱས་་་མ་ཚད་ཁང་པ་ཐོག་རྩག་ལྔ་དྲུག་རྒྱག་ནས་བོད་ལ་ལོག་བརྩི་བྱེད་མཁན་ཁྱེད་ཚོ་ཡིན་ནམ།
    ཧཧཧཧཧཧཧཐུགས་རྗེ་གཟིགས་་བོད་མི་ཉམ་ཆུང་ཚོའི་འཚོ་བ་དཀའ་ངལ་སེལ་མ་ཐུབ་ན་བོད་རང་བཙན་ཡོད་ཀྱང་ཨ་དགོས་ཆུང་།
    བློ་རྒྱ་ཆེ་ཙམ་གནང་ནས་ཉམ་ཐག་ཚོ་ལྟོ་གོས་ལ་བསམ་བློ་གཏོང་རོགས་ཞུ།

    Reply
  14. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    དུས་བབ་དྲ་ཚུགས་ཀུན་ལ་གསལ་གི
    ཅོ་རིའི་ལྷག་བསམ་ཅོར་སེ་ཡོད་ཀི
    ཧོར་འཇིགས་ལགས་ཀྱིས་ཕྱོགས་སྡོམ་བཟང་གི
    ཟིན་འདེབས་རྣམ་པ་བྲེལ་བ་ཆེ་གི

    མི་ཉག་སྐལ་བས་དོགས་པ་སློང་གི
    གནམ་ལྕགས་སྔོན་མོའི་ཚིག་དེ་རྩུབ་ཀི
    ཁང་གསར་ལགས་ཀྱིས་དབྱེ་ཞིབ་བཙན་གི
    གཏད་སོ་མེད་པའི་མཆན་འདེབས་མང་གི

    Reply
  15. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དུས་བབ་དྲ་གྲོགས་རྣམ་པར།
    ཅོ་རིས་སྒུག་ནས་བསྡད་ཡོད།
    ཉམ་ཆུང་ལྟོ་གོས་ཆེད་དུ།
    རྩོམ་གཅིག་བྲིས་རོགས་གནང་དང་།

    རྒྱ་བལ་འབྲུག་གསུམ་ནང་གི།
    ཉམ་ཆུང་བོད་མི་རྣམས་ཀྱི།
    ལྟ་གོས་འགྲུབ་པར་མེད་ན།
    བོད་དོན་རྩོད་ཐུབ་མི་འདུག

    ཁ་ལ་ཟ་རྒྱུ་མེད་ན།
    སྐད་འབོད་རྒྱག་ཐབས་མི་འདུག
    ལུས་ལ་གོས་ཤིག་མེད་ན།
    འཚོགས་འདུས་འགྲོ་ཐབས་མི་འདུག

    ནུབ་ཕྱོགས་འབྱོར་ལྡན་ཡུལ་དུ།
    ལྟོ་གོས་དཀའ་ངལ་མི་འདུག
    བོད་དོན་བསམ་པར་ཡོད་ན།
    རྩོད་པའི་ཆ་རྐྱེན་ཚང་འདུག

    གཞན་གྱི་སྲོག་སྐྱོབ་འགྲོ་བར།
    རང་ཉིད་སྲོག་འགོ་ཐོན་དགོས།
    གཞི་ལུས་སྤུན་ཟླ་སྐྱོབ་ཆེད།
    རང་གི་ལྟོ་གོས་འགྲིག་དགོས།

    རང་ཉིད་ལྟོ་སྟོང་ལྷག་དུས།
    སྤུན་གྲོགས་སྐྱོབ་ཐབས་བྲལ་འགྲོ
    མི་ལ་དངུལ་ཞིག་མེད་ན།
    གོམ་གང་འགྲོ་ཐབས་མི་འདུག

    Reply
  16. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཧོར་འཇིགས་ལགས་ཀྱི་དགོངས་ཚུལ་དེར་མཚན་བུ་འདེབས་མཁན་མང་བས་ད་ལྟ་མཚན་བུ་བཞི་བཅུ་ཞེ་དྲུག་འདུག ངས་ཀྱང་མཆན་བུ་ཞིག་འདེབས་དོད་བསམ་པ་འགོག་མེད་ཞིག་སྐྱེས་སོང༌། ད་བར་འཁྲིམས་མཐུན་མིན་པའི་ཐོག་ནུབ་ཕྱོགས་སུ་བསྐྱེད་མཁན་རྣམས་ཀྱི་འཕྲོད་དུ་བོད་ཀྱི་ཆོས་དང་རིགས་གཞུང་མི་ཉམ་རྒྱུད་འཛིན་བསམ་ནས་ནུབ་ཕྱོགས་སུ་བསྐྱེད་པའི་མི་ག་ཚོད་ཡོད་དམ་དེ་ནི་འདྲི་བ་གཅིག་རེད།
    ཁོངས་རྣམས་ཀྱིས་རང་ཉིད་ལ་མ་དངུལ་མེད་ཀྱང་བུན་གཡར་གྱི་བློས་གཏོང་དེ་འདྲ་ཞིག་གནང་བ་དེ་རང་མི་རིགས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་གྱིས་ཆེད་དུ་བཏང་བ་ཡིན་ནམ་དེ་འདྲི་བ་གཉིས་པ་རེད།
    ཁོང་ཚོས་བསམ་པར་བོད་དང་བོད་མི་ཡོད་ཟེར་བ་བདེན་ན་བཙན་བྱོལ་སྲིད་གཞུང་དེ་རང་ཡུལ་གངས་ཅན་ལྗོངས་སུ་གདན་འདྲེན་བྱ་རྒྱུའི་བསམ་པ་དང་ཐབས་མི་འཚོལ་བར་བཙན་བྱོལ་གཞུང་དེ་ནུབ་ཕྱོགས་སུ་གདན་འདྲེན་བྱ་འདོད་ཀྱི་བསམ་པ་དེ་གང་ཡིན་ནམ་དེ་འདྲི་བ་གསུམ་པ་དེ་རེད།

    ད་ལྟ་ནུབ་ཕྱོགས་སུ་ཕེབས་ཟིན་པའི་མི་སྣ་དེ་དག་ལ་དཔལ་འབྱོར་ག་ལ་གང་མཚམས་གསོག་འཇོག་གནང་ཡོད་པས་དཔལ་འབྱོར་ཐོག་བསམ་བློ་གཏོང་དགོས་མེད་པ་ལྟ་བུ་ཆགས་ཡོད་ཀྱང་ནུབ་ཕྱོགས་སུ་བྲན་གཡོག་ལྟ་བུའི་འཚོ་བར་ཡིད་བསུན་ནས་རང་རིགས་དབུལ་པོ་དག་གི་བདུན་དུ་དཔོན་ཉམས་ཞིག་འཛིན་འདོད་ཀྱི་བསམ་པ་ངན་པ་ཞིག་རྟག་ཏུ་འཁོར་བཞིན་ཐ་ན་མཚན་གྱི་སྨིན་ལམ་ཡང་རྟག་ཏུ་འཁྲུལ་བཞིན་ཡོད་ཟེར་ན་ཁོང་རྣམས་ཀྱི་ཚང་ལ་ཏག་ཏག་ཕོགས་ཡོད། དེ་ལྟར་མ་ཡིན་ན་བཙན་བྱོལ་སྲིད་གཞུང་གི་རྩ་ཁྲིམས་ལ་སྒྱུར་བ་གཏོང་དགོས་ཞེས་སྡུག་སྐད་སྤྱི་ལ་འདོན་ནམ། དེ་དག་ལ་བསམ་བློ་གཏོང་རྒྱུ་མང་པོ་ཡོད།

    Reply
  17. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    བོད་མི་དག་ནུབ་ཕྱོགས་སུ་འགྲོ་ཐབས་ཀྱི་ཐབས་ལམ་ཞིག་རེག་པ་ཡིན་ན་ཡང་། བོད་མི་རིགས་ཀྱི་འཆི་གསོན་གཉིས་ལས་གང་ལ་ཐག་ཉེ་ཟེར་ན་འཆི་བར་ཐག་ཉེ་བ་ལས་གསོན་པར་གཏན་ནས་ཐག་མི་ཉེ་བ་ཡིན། འོན་ཀྱང་། འཕྲད་སེལ་གྱི་བོད་མི་དག་གི་དཔལ་འབྱོར་གྱི་དཀའ་ངལ་སེལ་འགྲོ་བ་དེ་ནི་མ་བཤད་ཀྱང་ད་ལྟའི་བར་དུ་མིག་མཐོང་ལག་ཟིན་རེད་ལ། ཕྱིས་ཀྱང་དེ་ལ་ཡི་རུངས་བྱེད་མཁན་མང་དུ་འགྲོ་ངེས་ཡིན་ལ། གཞུང་སྒེར་སུ་ལ་ཡང་མ་བརྟེན་པར་རང་འགོ་གང་ཐོན་བྱེད་པའི་བོད་མིའི་གྲངས་ཀ་ནི་སྔར་ལས་མང་དུ་འགྲོ་བ་ལས་ཉུང་དུ་འགྲོ་རེ་མེད།

    འདི་ནི་ང་རང་སྒེར་གྱི་བསམ་ཚུལ་ཡིན་པ་ལས། བཀུར་ཞིང་བསྔགས་པར་འོས་པའི་སྙན་གྲགས་ཅན་གྱི་རྩོམ་པ་པོ་ཧོར་གཙང་འཇིག་མེད་ལགས་ཀྱི་བསམ་ཚུལ་ལ་རྒྱབ་འགལ་བྱས་པ་དེ་འདྲ་རྩ་ནས་མིན་པ་བློ་རྩེ་ཁབ་མིག་ལས་དོགས་པའི་མི་དག་གི་བསམ་ཤེས་གནོང་རོགས་ཞུ།

    Reply
  18. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    བོད་གཞུང་གི་སྲིད་ཇུས་འདི་རིག་གཞུང་འཚོ་གནས་ཀྱི་ཆེད་དུ་རེད། བོད་མི་ཉུང་ངུ་འདི་ཡང་ཁ ་འཐོར་དུ་ཕྱིན་ཚེ་མི་རིགས་གཞན་ལ་འཐིམ་འགྲོ་བ་དངོས་ཡོད་གནས་ཚུལ་་རེད། འུ་ཚོའི་གནས་སྟངས་འདི་རྒྱ་དཀར་ནག་གཉིས་ལ་བསྡུར་ཐབས་གཏན་ནས་མེད། འུ་ཅག་མི་རིགས་དང་རིག་གཞུང་གི་བཙན་འཛུལ་འོག་ཏུ་གནས་ཡོད་ཅིང་། རང་གི་ཡོད་ཚད་སྲུང་ཐུབ་པའི་ཁཽར་ཡུག་ཅིག་ཧ་ཅང་དཀོན་པར་གྱུར་ཡོད། རྒྱ་དཀར་ནག་གཉིས་ལ་མཚོན་ན་མི་གྲངས་མང་བའི་ཁར་མི་རིགས་ཀྱི་རིག་གཞུང་ལ་གཞུང་ངོས་ནས་འགན་ལེན་ཡང་ཡོད་པ་རེད། དེ་བས་འུ་ཅག་ལ་མཚོན་ན་གནད་དོན་འདི་དཔལ་འབྱོར་དང་རིག་གཞུང་གི་གདམས་ཀ་ཞིག་རེད།

    Reply
  19. ཐོས་དགའ། says:
    ལོ་ 15 སྔོན།

    ངས་ད་གིན་ཆུ་ཚོད་གཅིག་ཙམ་སྔོན་དུ། ཧོར་འཇིགས་ཁོང་ཡང་མཐར་བོད་མི་རྣམས་འཚང་ཁ་ཤིག་ཤིག་བྱེད་ས་དེར་བསླེབས་འདུག ཁོང་རྒྱ་གར་ལ་ཡོད་སྐབས་ཕྱི་རྒྱལ་ལ་འགྲོ་མཁན་ཚོར་བཀའ་བཀྱོན་གནམ་རལ་ས་བརྡིབ་གནང་མཁན་ཞིག་ཡིན་ཡང་མིའི་བསམ་བློ་འགྱུར་བ་འགྲོ་སྐྱེན་པ་ལ་ནི་ད་ཆ་དེར་བརྒྱབ་སྐྱོར་གནང་འདུག ཅེས་པའི་མཆན་ཞིག་བཏབ་པ་ནག་བསུབ་བཏང་ཚར་འདུག

    བསུབ་དགོས་པའི་རྒྱུ་མཚན་འདྲ་ཡོད་དམ། དུས་བབ་ནང་དུ་སྨྲ་བརྗོད་རང་དབང་དེ་ཙམ་ཡང་མེད་ན་ངོ་མ་ཡིད་འཕངས་དགོས་པ་ཞིག་རེད། གོང་གི་སྐད་དུམ་དེའི་ནང་དམའ་འབེབས་དང་ཟུར་ཟ་གང་ཡང་མེད་ཁར་རང་བཞིན་བརྗོད་པའི་གཏམ་ཉིད་ཡིན་པར་སྨྲ་བ་སྤོབས་སོ།།

    Reply
  20. ཐོས་དགའ། says:
    ལོ་ 15 སྔོན།

    ཁོང་རྒྱ་གར་ལ་བཞུགས་སྐབས་ཕྱི་རྒྱལ་ལ་འགྲོ་མཁན་བོད་པ་ཚོ་ལ་ལྟ་ཚུལ་ཇི་་ཡིན་ཁོ་རང་ལདྲིས་དང་། ཁོང་གི་སྐུ་ཉེ་སྐུ་འཁོར་ལ་དྲིས་དང་། བཀའ་བཀྱོན་ག་ཚོད་གནང་གི་ཡོད་ཤེས་ངེས་རེད།

    Reply
  21. ཐོས་དགའ། says:
    ལོ་ 15 སྔོན།

    གནང་རལ་་་་་་་་་གནམ་རལ་

    Reply
  22. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    རྩོམ་པ་པོ་ཧོར་གཙང་པ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

    དེ་རིང་དྲ་གྲོགས་གང་མང་ཞིག་ཕེབས་ཏེ་འབྲེལ་བ་ཡོད་མེད་དང་སྐད་ཆ་བཤད་ཤེས་མིན་ལ་མ་ལྟོས་པར་རང་རང་ས་ནས་ས་བཤད་རྡོ་བཤད་མང་དག་ཅིག་བྱས་འདུག གང་ལྟར་རང་ཉིད་ཀྱི་བསམ་ཚུལ་དེ་ཉེ་རིང་མེད་པར་ཐད་ཀར་བཤད་པ་ལས་གདོང་འབབ་ཅིག་གི་འོག་ནས་བཤད་་པའམ་ཞེ་འཁོན་ཞིག་འཁུར་ཏེ་ཁ་རྡུང་གཏོང་བ་ནི་ནུས་པ་མེད་པའི་རྟགས་རེད། དྲ་ཐོག་འདི་འདིར་བསམ་ཚུལ་སོགས་ཇི་འདྲ་མང་ཡང་ཧོར་གཙང་པའི་རྩོམ་ཡིག་ལས་ལྷག་ཅིག་མེད་པ་དངོས་མཐོང་ཡིན་པས་ང་ཚོས་ཁོང་ལ་ཡང་དང་འོར་དུ་ང་ཚོའི་སྤྱི་ཚོགས་ཀྱི་དགེ་སྐྱོན་དག་དཔྱད་གླེང་གི་ཚུལ་དུ་སྤེལ་རོགས་ཞེས་རེ་སྐུལ་བསྟུད་མར་ཞུ་དགོས་པའི་དུས་ཤིག་ལ་སླེབས་ཡོད

    Reply
  23. karma dorje says:
    ལོ་ 15 སྔོན།

    བོད་མིས་ གར་འགྲོ་ གར་སྡོད་ རང་དབང་ དགོས་ཀྱང་། གར་སྡོད་ གར་སླེབས་ དེའི་ ནང་ལ་ བོད་ཀྱི་ སྐད་ཡིག་དང་ རིག་གཞུང་ ལ་རྒྱ་ མ་ཉམས་པར་ གནས་ཐབས་ལ་ བརྩོན་དགོས་ རེད།

    Reply
  24. ཐོས་དགའ། says:
    ལོ་ 15 སྔོན།

    ངས་ད་གིན་ཆུ་ཚོད་གཅིག་ཙམ་སྔོན་དུ། ཧོར་འཇིགས་ཁོང་ཡང་མཐར་བོད་མི་རྣམས་འཚང་ཁ་ཤིག་ཤིག་བྱེད་ས་དེར་བསླེབས་འདུག ཁོང་རྒྱ་གར་ལ་ཡོད་སྐབས་ཕྱི་རྒྱལ་ལ་འགྲོ་མཁན་ཚོར་བཀའ་བཀྱོན་གནང་རལ་ས་བརྡིབ་གནང་མཁན་ཞིག་ཡིན་ཡང་མིའི་བསམ་བློ་འགྱུར་བ་འགྲོ་སྐྱེན་པ་ལ་ནི་ད་ཆ་དེར་བརྒྱབ་སྐྱོར་གནང་འདུག ཅེས་པའི་མཆན་ཞིག་བཏབ་པ་ནག་བསུབ་བཏང་ཚར་འདུག

    བསུབ་དགོས་པའི་རྒྱུ་མཚན་འདྲ་ཡོད་དམ། དུས་བབ་ནང་དུ་སྨྲ་བརྗོད་རང་དབང་དེ་ཙམ་ཡང་མེད་ན་ངོ་མ་ཡིད་འཕངས་དགོས་པ་ཞིག་རེད། གོང་གི་སྐད་དུམ་དེའི་ནང་དམའ་འབེབས་དང་ཟུར་ཟ་གང་ཡང་མེད་ཁར་རང་བཞིན་བརྗོད་པའི་གཏམ་ཉིད་ཡིན་པར་སྨྲ་བ་སྤོབས་སོ།།

    Reply
  25. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ད་བྱེད་ན། སྲིད་བླུན་མཁས་དབང་ཟང་གདོང་ཆོགས་རང་ཉིད་ཀྱིས་འདོད་པར་ལྟར་འདིར་ཡོང་བ་ཡིན་ནམ། ཡང་ན་བོད་མི་རྒྱ་ཆ་༨༠ཐམ་པ་མ་གྲོས་བསམ་པ་གཅིག་མཐུན་ཐོག་ནས་ཁོང་འདིར་སླེབས་པ་ཡིན་ན་གཞུང་ཟེར་ན་འམ་སྲིད་བླུན་ཟེར་བ་ཅིག་ཚུངས་སྙམ།

    Reply
  26. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    རིགས་མཐུན་ཞིང་འཐབ་ཕྱོགས་གཅིག་པའི་དྲ་གྲོགས་བཀུར་འོས་ཅོ་རི་ཉི་མ་ལགས།

    ཉིད་ཀྱིས་ལྷག་བསམ་དང་ཐབས་བྱུས་ཡོད་རྒུ་བཏོན་ནས་གུ་ཡངས་ཀྱི་དགོངས་ཚུལ་གནད་ལ་འཁེལ་བ་གསུང་གིན་འདུག་པས་ན་ངོ་མ་དགའ་སོང་། དྲ་གྲོགས་ཉིད་ཀྱིས་རེ་སྐུལ་གནང་བ་ལྟར་ཕྲན་གྱིས་ཀྱང་བསམ་ཚུལ་ཞིག་འདོན་རྒྱུ་ཡིན།
    ༡ ༽ མི་མང་གི་ངོས་ནས་ནུབ་ཕྱོགས་སུ་འདོད་ཡོད་མེད་ཀྱི་བསམ་འཆར་བཏོན་ནས་སྤྱི་འཐུས་རྣམ་པ་བརྒྱུད་ནས་གྲོས་ཚོགས་ར་བའི་ནང་ནས་བགྲོ་གླེང་གནད་སྨིན་གནང་དགོས་པ་རེད།
    ༢ ༽ སྲིད་གཞུང་བཀའ་ཤག་ངོས་ནས་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་མིན་གྱི་རྒྱབ་ལྗོངས་ལ་རྒྱང་གཟིགས་ཀྱིས་ཐག་གཅོད་དང་ཐབས་ལམ་འདོན་དགོས་པ་རེད།
    ༣ ༽ གལ་སྲིད་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལ་འགྱུར་བ་བཏང་ནས་ནུབ་ཕྱོགས་སུ་འགྲོ་བསྐྱོད་ཆོག་པ་བྱེད་རྒྱུའི་དབང་དུ་བཏང་རུང་། སྐྱབས་ཡུལ་གཙོ་བོ་རྒྱ་གར་སྲིད་གཞུང་གི་ངོས་ནས་ག་འདྲ་བྱས་ཡོང་ངམ།
    ༤ ༽ བཀུར་འོས་སྐུ་ཞབས་ཁང་གསར་རྡོ་རྗེ་ལགས་ཀྱིས་ལམ་སྟོན་གནང་བ་ལྟར། བཙན་བྱོལ་བོད་མི་རྣམས་ཁ་ཐོར་དགུ་ཐོར་མ་ཡིན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཅིག་དང་དེའི་ནང་ནས་ཀྱང་མངའ་སྡེ་གཅིག་དང་ས་གནས་གཅིག་ཏུ་གནས་ཐུབ་པ་ཡོང་གི་རེད་དམ།
    ༥ ༽ གནད་དོན་འདིའི་སྐོར་ལ་འཕྲལ་ཕུགས་རྒྱང་གསུམ་གྱིས་སྒོ་ནས་བསམ་གཞིགས་དང་གྲོས་བསྡུར་ལྷུག་པོར་གནང་དགོས་པ་ལས་གང་བྱུང་གིས། མི་མང་ལ་དྲིལ་བསྒྲགས་བྱས་ན་ཕན་གནོད་གང་ཞིག་འབྱུང་མིན་ད་དུང་དཔོག་དཀའ་བ་ཞིག་ཡིན་པས་ན་གཟབ་ནན་བྱེད་རྒྱུ་གལ་འགངས་ཆེན་པོ་འདུག

    Reply
  27. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤུན་གྲོགས་ཁ་བའོ་མེ་ཏོག་ལགས་་་བཙན་བྱོལ་གཞུང་འདི་བོད་རྒྱ་ཆེན་མི་དམངས་ཀྱི་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། བཀའ་ཁྲི་ཁོང་རང་གཅིག་པོའི་ག་ལ་ཡིན།་་བཙན་བྱོལ་བོད་རྒྱ་ཆ་༨༠ཐམ་པ་མ་གྲོས་བསམ་པ་གཅིག་མཐུན་ཡོད་པའི་ལས་དོན་ཞིག་ལ་ཟམ་གདོང་བླ་མས་ངོས་ལེན་མེད་པ་དེ་གཞུང་གིས་ངོས་ལེན་གནང་མ་སོང་ཟེར་ན་མི་འགྲིག་བསམ་པས་ཡིན།
    གཞན་དགོས་པ་དང་རྒྱུ་མཚན་ཅི་ཡང་མེད།་་་ནོར་བ་ཡོད་དགོངས་དག་ཞུ།

    Reply
  28. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དགོངས་དག་ཡིག་ནོར་་་་ཤོར་སོང་་་་སྐུ་ཉིད་ཀྱི་ལག་པ་ཡག་པོ་དྲག་འདུག་གམ་་ཞེས་བྲིས་ཁུལ་ཡིན།

    Reply
  29. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁང་གསར་ལགས་ཕེབས་པ་དགའ་པོ་བྱུང་་་སྐུ་ཉིད་ལག་པ་ཡག་དྲག་འདུག་གམ།
    ༢༽ ནུབ་ཕྱོགས་རྒྱལ་ཁབ་ཏུ་འདི་ལྟར་སོང་ན། བོད་སྤྱི་པ་ལ་ཕན་ནམ་གནོད་དེ་བཤད་མི་ཤེས་པ་ཞིག་རེད། ཕུགས་ལ་བསམ་བློ་བཏང་ན་གནོད་ཉེན་ཆེ་བ་ཡོད།ཞེས་གསུངས་འདུག་ཀྱང་ཕུགས་ལ་གནོད་སྟངས་དེར་ངོ་སྤྲོད་ཞིག་གནང་རོགས་ཞུ།
    ང་ཅོ་རི་རིག་པ་སྐྱོ་བའི་ཤེས་མ་སོང།

    Reply
  30. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༦༽བཙན་བྱོལ་བོད་མི་ཉམ་ཆུང་ལས་མེད་རྣམས་ཕྱི་རྒྱལ་ལ་ལེན་ཐབས་གཙོ་བོ་གཞུང་གིས་ངོས་ནས་ཨ་རི་ལྟ་བུ་ལ་འབྲེལ་བ་བྱེད་ནས་གཞུང་འབྲེལ་གྱི་ཐོག་ནས་ལེན་ཐུབ་པ་ཡིན་ན་སྤུན་གྲོགས་ཚོ་སླེབས་ཚར་སྐབས་སུ་སྡོད་ཆོག་པའི་ལག་ཁྱེར་ཡག་པོ་ཐོབ་པ་དང། འགྲོ་སོང་ཉུང་བ་བཅས་ཀྱི་བོད་མི་རྣམས་ལ་ཁེ་ཕན་ཆེ་བ་ཡོད།

    ༧༽གལ་སྲིད་དེ་ལས་ལྷག་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་ཨ་རིའི་ལྟ་བུ་ལ་བོད་མིའི་གཞི་ཆགས་གསར་རྒྱག་བྱ་ཐུབ་ན་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་རྒྱ་གར་ལས་ལྷག་ཡོང་ངེས་རེད། བོད་དོན་འཐབ་རྩོད་ཐོག་ཏུ་ཡང་ནུས་པ་ཡག་པོ་ཐོན་གྱི་རེད།

    ༩༽གཞུང་གིས་ངོས་ནས་བོད་མི་ཕྱི་རྒྱལ་གཏོང་ཡ་དང་ནུབ་ཕྱོགས་ཡུལ་དུ་གཞི་ཆགས་གསར་རྒྱག་བྱེད་ཐུབ་དགོས་ན་དང་པོ་བཀའ་སྤྱི་གཉིས་ཀྱི་ངོས་ལེན་གནང་དགོས། བཀའ་སྤྱིོ་གཉིས་ཀྱི་ངོས་ལེན་ཡོང་བའི་ཆེད་དུ་ང་རང་ཚོའི་སྤུན་གྲོགས་ཚང་མས་ཅི་ཞིག་བྱ་དགོས་སམ་་་་ལྷ་མོ་སྐྱབས་གསུངས་དང།

    ང་རང་ཚོའི་དང་པོ་འགོ་འཛུགས་ས་བཀའ་སྤྱི་གཉིས་ཀྱི་རྒྱབ་སྐྱོར་ཐུབ་པ་བྱ་དགོས་དུས་་་ག་འདྲ་བྱེད་ན་ཡག་གི་རེད་དམ། ངས་བསམ་ཚུལ་ལ་བཀའ་སྤྱི་བསམ་མེད་འདི་ཚོ་བརྗེ་པོ་རྒྱག་ཚར་དུས་མ་གཏོགས་ཟམ་གདོང་བླ་མས་ཉན་མདོག་ཁག་པོ་མ་རེད་དྲན་གྱི་འདུག

    སྤུན་གྲོགས་ཚོ་མས་ཐབས་ལམ་ཡོད་པ་རྣམས་གསུང་རོགས་གནང་་་་ང་ཅོ་རི་མི་ནག་ཆགས་སོང་ཡང་མདུན་དུ་འགྲོ་ཆོག
    འདི་ནི་བོད་མི་རིགས་ཀྱི་བདེ་སྡུག་ལ་ཐུག་ཡོད་་་་་་་གསུང་རོགས་གནང་ལམ་སྟོན་ཡག་པོ་ཞིག་་་ལྷ་མོ་སྐྱབས་ལགས་ཅི་འདྲ་དགའ་ས་རེད།

    སྤུན་གྲོགས་རྨེའུ་དཀོན་རྒྱམ་ལགས་ཁྱེད་ཉིད་ནི་སྐྱེས་ཕོ་རབ་ཡི་མཚན་ཉིད་ཚང་བའི་མི་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། རྡ་ས་སྡོད་ཡོད་ན་བཀའ་སྤྱི་གཉིས་རྒྱུས་མངའ་ཆེ་བའི་ཅི་དགའ་གང་མཐུན་གྱི་ལམ་སྟོན་རེ་གནང་རོགས་ཞུ།

    Reply
  31. གནམ་ལྕགས། says:
    ལོ་ 15 སྔོན།

    ཁང་གསར་བ་ལགས་ཕེབས་པར་སྤྲོ། བོད་མི་དག་གཅིག་བསྡུས་ཀྱི་བསམ་བློ་དེ་དགོས་ངེས་ཤིག་ཡིན་ཡང་། སྔོན་ནས་ད་ལྟའི་བར་ལ་འདང་བརྒྱབ་ན་དེ་ཡོང་ཐབས་མེད་པ་ཞིག་རེད་འདོད་བྱུང་། དཔེར་ན་བཙན་བྱོལ་ནང་གི་ང་ཆེ་ང་དྲག་ཚང་མ་བཞུར་འགྲོ་ཡི་འདུག་ན། མི་མང་བྱིངས་ལ་ཁག་ག་ལ་ཡོད། ལྷག་པར་དུ་༸གོང་ས་མཆོག་སྐུ་མ་བཞུགས་པའི་དུས་ཤིག་ལ་འདི་ལས་ཀྱང་ཉེན་ཚབ་ཆེ་རུ་འགྲོ་བར་ངེས།

    ངའི་སེམས་ཁྲལ་ཆེ་ཤོས་དེ། ད་སྐབས་ཕྱི་རྒྱལ་དུ་འགྲོ་རྒྱུའི་ལམ་ཁ་ཇེ་ཕྲར་འགྲོ་བཞིན་པ་དང་། རྗེས་མར་༸གོང་ས་མཆོག་མ་བཞུགས་པའི་དུས་ངན་དེར་ཕྱི་རྒྱལ་དུ་འགྲོ་མ་ཐུབ་དག་གིས་དགྱ་ནག་ལ་མགོ་འདོགས་པའི་ཉེན་ཁ་ཡོད་པ་དེ་རེད།

    ཕྱོགས་མང་བོ་ཞིག་ལ་བསམ་བློ་བཏང་ན། ད་ལྟ་ནས་རང་རེའི་གཞུང་ངོས་ནས་ཕུགས་རྒྱང་རིང་བོའི་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་འདོད།

    Reply
  32. གནམ་ལྕགས། says:
    ལོ་ 15 སྔོན།

    ཨ་ལེ།

    Reply
  33. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    མཆན་བྲིས་པ་དེ་ཚོའི་ནང་། སྐབས་དོན་གྱི་བརྗོད་བྱ་དང་འབྲེལ་བ་ཆེ་བ་ཅང་མཐོང་མ་སོང་།
    ༡༽ བོད་མི་མང་པོ་ནུབ་ཕྱོཌ་སུ་འགྲོ་འདོད་ཡོད་པ་དངོས་ཡོད་རེད།
    ༢༽ ནུབ་ཕྱོགས་རྒྱལ་ཁབ་ཏུ་འདི་ལྟར་སོང་ན། བོད་སྤྱི་པ་ལ་ཕན་ནམ་གནོད་དེ་བཤད་མི་ཤེས་པ་ཞིག་རེད། ཕུགས་ལ་བསམ་བློ་བཏང་ན་གནོད་ཉེན་ཆེ་བ་ཡོད།
    ༣༽ བོད་མི་རྣམས་ཀྱི་སེམས་པ་རྒྱ་གར་སོགས་སུ་མུ་མཐུད་གནས་ཐབས་མེད་ཚེ། ནུབ་ཕྱོགས་སུ་ཁ་འཐོར་མ་ཡིན་པར་གཅིག་བསྡུས་ཀྱིས་གནས་ཐུབ་པའི་ཐབས་ལམ་འཚོལ་དགོས།

    Reply
  34. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    གྲོགས་ཅོ་རི་ལགས། ཁོ་བོས་ཁྱོད་རང་སུ་ཡིན་མིན་ཤེས་ཀྱིན་མེད། ཡིན་ནའང་ངའི་ཤེས་པ་ནི་ཁྱེད་རང་གི་ལངས་ཕྱོགས་གསར་པ་དང་ཕུགས་འདུན་གསར་པ། མདུན་བསྐྱོད་ཀྱིས་གོམ་ཁ་གསར་པ་རེ་རེས་ངའི་ཡིད་དབང་འཕྲོགས་སོང་། ང་ཁྱོད་ལ་ཡིད་ཆེས་ཡོད། ང་རང་ནི་མི་ཚོགས་མང་ས་ན་ཡོད་བཞིན་དང་འཛམ་གླིང་ཡར་མཐོའི་རྒྱལ་ཁབ་ཁག་འགའ་ཤས་སུ་འགྲིམས་མྱོང་པས་ཉམས་མྱོང་དང་ང་རང་གི་རྣམ་དཔྱོད་དེ་ཡངས་ཤིང་རྒྱ་ཆེ་ལ། ང་རང་ནམ་ཡང་བསམ་བློ་ཆུང་ཆུང་དང་མིག་རྒྱང་ཐུང་ཐུང་ལ་དགའ་པོ་མེད། ངེད་གཉིས་ཀྱི་བསམ་བློའི་ཁ་ཕྱོགས་དང་ཕུགས་འདུན་གཅིག་རེད་འདུག ང་རང་ནམ་ཡང་བོད་མི་རིགས་ཀྱི་འཚོ་བ་ཡང་རྒྱས་དང་བོད་ཀྱི་ལས་དབང་ལ་ཐུགས་འཁུར་བྱེད་འདོད་པ་ཁོ་ན་ཡིན།

    Reply
  35. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། ཁྱོད་རང་ཉིད་མཁྱེན་བརྒྱ་ཡངས་པའི་རྩམ་པ་པོ་རང་རེད་འདུག་ལྟོས་དང་། བོད་ཀྱི་སྲིད་བླུན་མཁས་དབང་ཟང་གདོང་ཆོགས་དང་བོད་གཞུང་ཟེར་བ་ཁ་ཁ་བཀག་པ་ཡིན་ན་གོ་དོན་ཅི་ཞིག་ཡིན།

    Reply
  36. གནམ་ལྕགས། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། བདེན་དངོས་མ་དེ་ཁྱོད་རང་བདེན་མོད། འོན་ཀྱང་རང་རེའི་མི་ཁ་ཤས་ཀྱིས་ཆེད་དུ་སྤྱི་ཚོགས་ལ་ཟིང་ཆ་ཞིག་མ་བསླངས་ན་འདུག་མི་ཐུབ་པ་ལྟ་བུ་བྱེད་ཀྱི་ཡོད་སྟབས། ངས་ལྷག་བསམ་རྣམ་དག་གི་སློབ་གསོ་ཞིག་བཏང་བ་ཡིན།

    མཐར་ཅོ་རི་ལགས་ལ་ཞུ་རྒྱུར། ཁྱེད་ཀྱིས་ང་ཅོ་རི་ལ་ཡིག་རྩ་མེད་དང་ཉམ་ཆུང་ཡིན་ཟེར་དགོས་དོན་མེད། གཙོ་བོ་རང་གི་རྒྱལ་ཁབ་དང་མི་རིགས་ལ་གཅེས་པའི་བློ་དེ་ཡོད་ན། དེ་ལས་ལྷག་པས་ཅི་ཞིག་དགོས། ཁྱོད་ལ་གསལ་བ་ལྟར། སྐུ་ཉིད་ཀྱི་བཟང་ས་ཤ་ཁྲག་རུས་གསུམ་གྱིས་དུས་དང་རྣམ་པ་ཀུན་ཏུ་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་བྱས་ནས་རྩོམ་ཡིག་སྤེལ་བ་དང་བསམ་ཚུལ་འབྲི་བ་སོགས་བྱས་ནས་ད་སྐབས་ཅི་འདྲའི་ཡར་རྒྱས་ལ་ཕྱིན་འདུག་ཨ། ཁྱོད་ཀྱིས་ཀྱང་དེ་ལྟར་བརྩོན་འགྲུས་ལ་ཐང་ལྷོད་མེད་ན་དེ་ལྟར་ཡོང་བའི་རེ་བ་ཡོད།

    དེ་ཡང་ཇི་སྐད་དུ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བས།
    བརྩོན་འགྲུས་ཐང་ལྷོད་མེད་ན།།
    ཁ་ལ་ཡུག་གི་འདམ་ར།།
    འདག་པ་མཆུ་ལ་བཟུང་ནས།།
    བརྩིགས་པའི་ཚུལ་ལ་ལྟོས་དང་།།ཞེས་གསུང་ཡོད།

    Reply
  37. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་སྣེ་ཁྲིད་དུ་གྱུར་དང་འགྱུར་བཞིན་པའི་བཀུར་འོས་ཤེས་ལྡན་པ་རྣམས་ལགས།
    གུ་ཡངས་སྒམ་དཀྱེལ་གྱི་བསམ་བློ་ཞིག་དང་། དོན་འབྲས་ཡོད་པའི་ལག་ལེན་ཞིག གཞན་གྱིས་གཏོར་བརླག་མི་ཐུབ་པའི་སེམས་དང་སེམས་པའི་ཆིག་སྒྲིལ་ཞིག་དང་། ང་ཆེ་ཁྱོད་བཙན་མི་བྱེད་པར་ཕན་ཚུན་ལ་ཚུལ་མཐུན་ལུགས་མཐུན་གྱི་སྒོ་ནས། མི་མཐུན་པའི་ཆ་སོགས་ལ་སྦྱང་བཤད་དང་གྲོས་བསྡུར་ལྷུག་པོར་གནང་སྟེ། སུ་གང་ཞིག་ལ་རྒྱུ་མཚན་གནས་ལུགས་ཡོད་མེད་ཀྱིས་སྒོ་ནས་ཐ་མའི་འཁྲུན་ཐག་ཞིབ་མོར་བཅད་ཐུབ་པ་ཡིན་ན། མི་མཐུན་མི་བདེ་བའི་ཆ་ཇེ་ཉུང་ཇེ་གཙང་དུ་སོང་ནས། སྤྱིའི་སྟོབས་ཤུགས་དང་ནུས་པའི་ཆ་སོགས་གོང་བུ་གཅིག་གྱུར་ཏུ་འགྲོ་བར་ཕན་ཐོགས་མི་འགྱུར་གྲང་། དེ་མིན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  38. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤུན་གྲོགས་གནམ་ལྕགས་ལགས་་་་དོན་མེད་རྩོད་པ་རྒྱག་་་་དེར་ལས་མཐུན་འགྱུར་གྱི་རོགས་རམ་ཕེབས་ཤོག་་་་ཅོ་རི་ལ་ཡིག་རྩ་མེད་པས་སེམས་ན་བསམ་ཀྱང་ལག་པའི་འབྲི་ཁག་པོ་འདུག་་་་ཉམ་ཆུང་ཚོའི་ཆེད་དུ་ཅི་བྲིས་རོགས་ཞུ།

    Reply
  39. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྙིང་ཉེར་བའི་སྤུན་གྲོགས་མི་ཉག་སྐལ་བཟང་ལགས་གནས་ཚུལ་ཆུང་ཆུང་དེ་ཚོ་བཞག་ནས་བོད་མི་རིགས་ཀྱི་འཚོ་བ་ཡར་རྒྱས་ཡོང་བའི་ཆེད་དུ་བསམ་རེ་དང་རྒྱབ་སྐྱོར་རེའི་རྩོམ་ཡིག་བྲིས་དང།

    ང་རང་ཚོ་ཚང་མས་དཔང་མཉམ་གཤིབ་ཀྱི་ཐོག་ནས་བྱ་བ་གྲུབ་འདེབས་གནང་རོགས་

    Reply
  40. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མཇལ་མ་མྱོང་ཀྱང་གོ་མྱོང་ཡོད་པའི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱི་བསམ་ཚུལ་ལ་གུས་བརྩི་ཞུ་རྒྱུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    སྐུ་ཉིད་ཀྱིས་གསུངས་པ་རྣམས་དངོས་ཡོད་གནས་ཚུལ་ཞིག་དང་བོད་མི་རིགས་ཀྱི་བདེ་སྡུག་གི་རྩ་བ་ལ་ཐུག་ཡོད།
    ༡༽ཟམ་གདོང་བླ་མས་ཕྱི་རྒྱལ་འགྲོ་བ་ལ་བཀག་འགོག་བྱས་ཡོད་མེད་དང་བཙན་བྱོལ་གཞུང་གིས་ངོས་ནས་བཀག་འགོག་བྱས་ཡོད་མེད་ཀྱི་སྐད་ཆ་འདིར་༢༠༠༢་ཡན་མན་ནས་སྤྱི་ཚོགས་ནང་དུ་ཁྱབ། ཡིན་ནའང་ང་ཉམ་ཆུང་ཅོ་རིས་ངོས་ནས་མཁས་དབང་ཟམ་གདོང་བླ་མས་བཙན་བྱོལ་བོད་མི་ཉམ་ཐག་རྣམས་ཀྱི་ལྟོ་གོས་ལ་བསམ་གཞི་མེད་པའི་ཕྱག་ལས་གནང་གི་རེད་བསམ་པའི་སྣང་བའི་ཡུལ་ལ་ཡང་དྲན་མྱོང་མེད་ཁོང་ལ་ཡིད་ཆེས་ཡོད།
    ༢༽ཡིན་ནའང་བློ་ཕམ་དགོས་པ་ཞིག་ལ་༢༠༠༩ལོར་བཀའ་བློན་ཁྲི་པ་སུད་སིར་ཕེབས་སྐབས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ར་སྒང་ཚེ་རིང་ཕུན་ཚོགས་ཀྱིས་གནས་ཚུལ་སྦེལ་སྐབས་སུ་བཀའ་ཁྲི་མཆོག་གིས་གསུངས་དོན་དུ་ཁྱེད་རང་ཚོ་ནུབ་ཕྱོགས་སུ་པའི་བོད་མི་རྣམས་ཀྱིས་རང་གི་གཉེན་ཉེར་ངོ་ཤེས་རྣམས་ཚུར་ལེན་གྱི་བཞག་ནས་དེའི་ཚབ་ཏུ་ཚུར་མ་ཡོང་ཟེར་ནས་སློབ་བྱ་རྒྱག་རོགས་ཞེས་རེ་སྐུལ་གནང་སོང།
    ༣༽སྐད་ཆ་འདིར་ཡིད་ཆེས་མེད་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲ་མཛོད་ནང་དུ་ཚར་གཅིག་གཟིགས་རོགས་གནང་དང་དེ་ནས་ཧ་གོ་ཡོང་གི་རེད།

    ༤༽བཀའ་ཁྲིའི་གསུངས་བཤད་དེར་གོ་བ་ནས་བཟུང་ང་ཅོ་རི་སེམས་ལ་སྡུག་གི་མུན་པ་ཆགས་པ་དང་ཡར་ཁུང་མཆི་མའི་གང་བའི་བློ་ཕམ་སླེབས་སོང། རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཉམ་ཐག་ལས་མེད་ཚོའི་ནི་རང་གིས་རང་ཉིད་ཀྱི་ལྟོ་གོས་ཡག་པོ་ཞིག་འགྲུབ་ཐབས་མེད་པའི་གནས་ཚུལ་འདི་ཚོ་མིག་གི་མདུན་དུ་བཞག་ནས་དེར་མཐུན་འགྱུར་གྱི་རོགས་རམ་མེད་པར་བཀག་འགོག་བྱས་པ་འདིར་མཐའ་གཅིག་ངོ་རྒོལ་ཡོད།
    ༥༽དེ་རིང་ཁྱེད་ཀྱིས་བསམ་ཚུལ་འདི་འདྲ་ཞིག་སྤེལ་པ་དེར་ང་ཉམ་ཆུང་ཅོ་རི་ངོས་ནས་ཨ་སྒོར་སྟོང་གཅིག་ཐོབ་པ་ལས་ཀྱང་དགའ་སྤྲོ་ཆེན་པོ་བྱུང། བཙན་བྱོལ་གཞུང་གིས་ངོས་ནས་འགྱུར་བ་གཏོང་དགོས་ངེས་རེད།་་རྒྱ་བལ་འབྲུག་གསུམ་ནང་དུ་ཡོད་པའི་བོད་མི་ལོ་ཆུང་ལས་མེད་ཚོ་མི་ཚེ་སྟོང་ཟད་གཏོང་ནས་བཞག་པ་ལས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཡོང་ཐུབ་པར་འབད་བརྩོན་བྱེད་རྒྱུར་མཐའ་གཅིག་ཏུ་སེམས་ཐག་བཅད་ནས་སྡོད་ཡོད།

    མུ་མཐུད་ནས་ཡོད།

    Reply
  41. གནམ་ལྕགས། says:
    ལོ་ 15 སྔོན།

    རྣམ་རྟོག་སྣང་བའི་མགོ་བོ་བྲག་ལ་བརྡབས།།
    བྲག་ཅའི་ང་རོ་མི་འཇིགས་དབྱིངས་ལ་མཆེད།།
    རྐང་གཉིས་པ་དག་ཤར་གྱིས་བསྐྱོད་པའི་ལམ།།
    དུས་མཐའི་རླུང་གི་བུ་ག་འདི་གོ་ཉིད།།

    རྔམ་གནག་རྔུལ་ཆུ་གཙང་བོའི་རྦབ་ཏུ་སྒྲིལ།།
    ཉམ་ཐག་ལུས་པོ་ཐལ་བའི་ཉལ་སར་སྔས།།
    འཇིག་རྟེན་ཟླུམ་པོར་འདོད་པའི་སྲོག་ལྡན་དག།
    འདི་ལྟར་གཅིག་ལ་གཅིག་ཟའི་འཚོ་བར་འཆའ།།

    Reply
  42. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    བསམ་ཚུལ་འདིར་ངོས་ལེན་ཡོད་ལ་རྒྱབ་སྐྱོར་ཡོད། འབྲས་དང་ལྡ་ལི་ཟས་ནི་སྲོག་ལ་ཉེན་ཁ་ཙམ་མེད་པའི་ཡུལ་ཞིག་ན་མུན་ནག་མདའ་འཕེན་བྱེད་བཞིན་པ་ནི་མཐོང་ཆོས་རེད། འདི་དག་མི་རེ་གཉིས་ཀྱིས་འཆར་གཞི་དང་མི་རེ་གཉིས་ཀྱི་ནོར་འཁྲུལ་ཞིག་ཀྱང་མ་རེད། འདི་ནི་གཞུང་གི་འཆར་གཞི་ཞིག་ཡིན་པ་རེད། ང་ཚོར་འཛམ་གླིང་ཞེ་བདེའི་དེད་དཔོན་༧གོང་ས་མཆོག་འཚོལ་བཞིན་བཞུགས་ཡོད་པའི་སྐབས་ནས་རྒྱ་གར་དང་བལ་ཡུལ་སོགས་སུ་གནས་བཞིན་པའི་བོད་རིགས་ཡོད་དོ་ཅོག་ནུབ་ཕྱོགས་ཨ་རི་དང་ཡང་ན་ཡོ་རོབ་ས་ཁུལ་སོ་སོར་གནས་སྤོ་གཏོང་བའི་ཐབས་ལ་འབད་དགོས་པ་མཐོང་། དཔལ་འབྱོར་གྱིས་རིག་གཞུང་ལ་ཁ་ལོ་བསྒྱུར་བའི་དུས་རབས་འདིར་ང་ཚོ་ད་ལྟ་ད་དུང་ཡང་འབྲས་དང་ལྡ་ལི་ཙམ་གྱི་ཆེད་དུའམ་ཡང་ན་མ་ཧེ་དང་གླང་གོག་ཁྱུ་ཅིག་ལ་ཤི་འཐམ་རོ་འཐམ་བྱ་བའི་སྲོལ་འདི་གཏོར་དགོས་པ་འདྲ། མདོར་ན་ང་ཚོས་སྒོ་གང་སར་ནས་ཤུགས་སྣོན་རྒྱག་སྟེ་བོད་རིགས་སྤྱིའི་ཁ་ཚ་དགོས་གཏུགས་ཀྱི་བདེ་སྡུག་དང་འབྱུང་འགྱུར་གྱི་རིག་གཞུང་དང་དཔལ་འབྱོར་རྒྱབ་རྟེན་ལ་བསམ་བློ་གཏོང་བའི་དུས་རན་འདུག།

    Reply
  43. འཁྲུངས་སྐར། says:
    ལོ་ 15 སྔོན།

    རོགས་པ་ཚོ། མཁྱེན་ལྡན་རྣམས་ཐེངས་རེ་གཉིས་གླེང་ལྟེགས་ཐོག་ཕེབས་ཚེ་དཀྲོག་མ་བཞག་རོགས། སྤྱི་དང་སྒེར་དབྱེ་དགོས།

    Reply
  44. བྲ་རྡོར says:
    ལོ་ 15 སྔོན།

    འོ་ཡ་ཧོར་འཇིག་ལགས་ཀྱི་བཤད་པ་འདྲ་པོ་འདུག
    འོན་ཀྱང་བོད་མི་ཚོའི་འཚོ་བ་གང་འདྲ་ཞིག་བྱས་ནས་ཡར་རྒྱས་འགྲོ་བཞིན་པའི་མི་རིགས་འདི་དང་ཉམས་ཏུ་ཇི་ལྟར་འགྲོ?བཙན་བྱོལ་བོད་གཞུང་གོ་འགོ་ཁྲིད་འོག་འཛམ་གླིང་གི་མི་རིགས་འདི་དང་དུས་རབས་འདིའི་མི་དང་ཉམས་ཏུ་འཚོལ་བ་གང་འདྲ་བྱེད་དགོས་སམ།འདི་དག་ལ་ཡང་བསམ་ཤེས་རེ་བྱེད་དགོས་བསམ།

    Reply
  45. འཁྲུངས་སྐར། says:
    ལོ་ 15 སྔོན།

    བདེན་པ་རེད། ཡིན་ན་ཡང་བོད་གཞུང་ནི་ཉལ་སད་པའི་དུས་ཞིག་ཤར་བཀའ།

    Reply
  46. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཨོ་རེད། ངའི་གྲོགས་པོ་ཚོར། ཁོ་བོས་དོན་མེད་རྙོག་གླེང་ཅི་ཡང་བཤད་འདོད་མེད། སྤྱིར་ང་རང་རྩོམ་ཡིག་འབྲི་རྒྱུར་དགའ་བ་མ་ཟད་རྩོམ་པ་པོ་ཚོར་ཧ་ཅང་དུང་། འོན་ཀྱང་ངའི་རྣ་བར་རྩོམ་པ་ཐུན་ཚོགས་ཀྱིས་བཟང་ངན་གྱི་གནས་ཚུལ་མང་པོ་ཞིག་ཐོས་ཡོང་གིན་ཡོད། འདི་ནི་རྩེད་མོ་རྩེད་ས་ལྟ་བུའི་རྩོམ་པ་པོ་མཐུན་ཚོགས་ཤིག་ཡིན་ན་ང་རང་ངོས་ལེན་མེད་ལ་ངོ་རྒོལ་ཡོད། གལ་ཏེ་ཚོགས་པ་འདིས་བོད་ཀྱི་རྩོམ་པོ་ཚོ་ས་ལ་འདྲུད་བཞིན་སྤྱང་ཀིའི་གདོང་ལྤགས་སྟོན་བཞིན་པར་ཡག་པོ་མ་རེད། གྲོགས་འཇམ་མགོ་ལགས། བཀྲིས་བདེ་ལེགས་གྲངས་མེད་ཡོད། དུས་རྟག་ཏུ་དྲ་ཐོག་ན་རང་གིས་བསམ་ཚུལ་རེ་འཁྱེར་བཞིན་ཡོང་གིན་ཡོད་པར་དགའ་བསུ་ཡོད། ངོ་ལྐོག་རྒྱབ་མདུན་དང་སྦ་གསང་མེད་པའི་བསམ་ཚུལ་རེ་བཤད་རྒྱུ་ནི་ང་ཡི་རེ་འདུན་དང་ཕུགས་བསམ་ཡིན།

    Reply
  47. འཇམ་མགོན། says:
    ལོ་ 15 སྔོན།

    གནད་དོན་འདི་དག་འདི་ལྟར་གླེང་དགོས་མོད། གནད་དོན་འདི་དག་འདི་ལྟར་བསུབ་ཐུབ་པ་ཞིག་ཀྱང་མ་རེད། དོན་ཐོག་ནུབ་ཕྱོགས་དག་ཞིང་གི་གནས་དེ་མ་ཡིན་ལ་དམྱལ་གྱི་འཕྲེང་དེ་ཡང་མ་རེད། འོན་ཀྱང་མི་ཁོམ་པའི་འཇིག་རྟེན་གྱི་གནས་དེ་ཡིན་པ་ངོ་མ་རེད།
    མི་ཉག་སྐལ་བཟང་ལགས། བདེ་མོ། སྐུ་མཁྱེན་དོན་མེད་རྙོག་གླེང་མ་བྱེད་རོགས། ཚིག་འདི་ཙམ་ལས་ཅང་མེད།

    Reply
  48. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    དྲ་གྲོགས་མི་ཉག་སྐལ་བཟང་ལགས།
    སྤྱིའི་གནས་སྟངས་ཀྱི་གནད་དོན་གསེད་བཀྲོལ་བྱེད་བཞིན་ཡོད་དུས། དམིགས་སུ་བགར་ནས་བྱེ་བྲག་ཏུ་འབབས་དགོས་དོན་གང་ཡིན་ནམ། སྤྱིར་བཏང་བྱེ་བྲག་གི་རྒྱུ་རྐྱེན་མང་པོ་ཞིག་ལ་མ་བརྟེན་པར་སྤྱི་ཚོགས་ཤིག་གྲུབ་སྟངས་མེད་པ་བདེན་དུ་ཆེ་ཡང་། སྤྱིའི་གནས་ཚུལ་ཞིག་གྲུབ་ཚར་བའི་རྗེས་སུ་སྤྱི་དོན་དེ་བཟང་ངན་གྱི་དབྱེ་ཞིབ་བྱེད་དགོས་པ་གལ་གནད་ཆེན་པོར་མཐོང་མོད། འོན་ཀྱང་། དྲ་གྲོགས་ཉིད་ཀྱིས་སྤྱིའི་ཤིན་ཏུ་ནས་ཀྱང་ཆ་ཤས་སུ་གྱུར་བའི་བྱེ་བྲག་གི་གནས་སྟངས་དམིགས་སུ་བགར་དོན་གང་ཡིན་ནམ།

    Reply
  49. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    བཀུར་འོས་བོད་མི་མང་སྤྱི་ཟུར་དང་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས།
    བཀའ་དྲིན་ཆེ་ཞུ།
    སྐུ་ཉིད་ཀྱིས་ཞིབ་ཅིང་དཔྱད་པའི་སྒོ་ནས་བཙན་བྱོལ་བོད་མི་མང་གི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་རིམ་པར་བྱུང་བའི་རྒྱུ་རྐྱེན་དག་འཚོལ་ཞིབ་དང་ངོས་འཛིན་བྱས་ཡོད་པ་དེ་ཆེས་དོན་དང་ལྡན་པར་གྱུར།
    གང་ལྟར། མི་མང་གི་འདོད་འདུན་ལ་བསམ་ཤེས་དང་ལག་ལེན་གྱི་ཐོག་ནས་རྒྱབ་སྐྱོར་བྱེད་དགོས་པ་མི་མང་གི་ནུས་སྟོབས་གཅིག་ཏུ་སྤུངས་བྱེད་ཀྱི་ཐབས་ལམ་ཡག་ཤོག་ལྟ་བུར་མཐོང་། དེ་བས་ན། བོད་མི་རིགས་ཀྱི་ལས་སྣེར་གཏོགས་པ་ཀུན་གྱིས་ཐུགས་ཡངས་ཟབ་མོའི་སྒོ་ནས་དུས་ཀྱི་འགྱུར་བ་དང་བསམ་བློའི་འདུ་ཤེས་ཀྱི་འགྱུར་འགྲོས་ལ་བསྟུན་དགོས་པ་ལོ་རྒྱུས་ཀྱིས་སྤྲད་པའི་བླང་བྱར་གལ་ཆེ་ཞིག་ཏུ་འཁུམས། གང་ཞིག་གི་འགྱུར་ལྡོག་དང་བསྟུན་ཐུབ་པ་ཡིན་ན། སྔོན་བསྐྱོད་ཀྱི་ལམ་བུ་ཞིག་བཏོན་ཐུབ་པ་མ་ཟད། མང་མང་གི་རེ་འདུན་མངོན་གྱུར་བྱུང་སྟེ། གཅིག་གྱུར་གྱི་བསམ་བློ་ཞིག་དང་ཁ་ཕྱོགས་ཤིག་རྙེད་ངེས་ཡིན། དེ་འདྲ་ཡིན་དུས། སྤྱི་མང་གི་སྟོབས་ཤུགས་དང་མཐུན་ཆ་ཇེ་ལེགས་ཇེ་ཟབ་ཏུ་སོང་ནས། མ་འོངས་པའི་མདུན་བསྐྱོད་དེ་ཡང་ཚད་འཛིན་ཡོད་པ་ཞིག་ཏུ་ཕྱོགས་ཐུབ་སྙམ།

    Reply
  50. ཡུས་ཞུན། says:
    ལོ་ 15 སྔོན།

    འུ་ཚང་གི་ངོ་གདོང་ངོ་མ་བོ་དི་མོ་ཟིག་ཡིན་ནི་རེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese