བྱེས་ཀྱི་མཐོ་རིམ་སློབ་མ་ཚོས་མཐོ་རིམ་སློབ་གྲྭར་འགྲིམ་པའི་ཡིག་རྒྱུགས་བཏང་ཟིན་པ་དང་། ཡིག་རྒྱུགས་ཀྱི་གྲུབ་འབྲས་ཡོངས་བསྒྲགས་བྱས་རྗེས་མཐོ་རིམ་སློབ་གྲྭར་འགྲོ་བའི་སྟ་གོན་བྱེད་ཀྱིན་ཡོད་ལ། ད་ནི་གཞིས་ཀྱི་སློབ་མ་ཚོས་ཡིག་རྒྱུགས་གཏོང་བའི་དུས་ལ་སླེབས་ཉེར་ཡོད་པ་རེད།
འདི་ལོར་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་མའི་ཡིག་རྒྱུགས་དེ་ཕྱི་ཟླ་ ༦ པའི་ཚེས་ ༧ ཉིན་གཏོང་རྒྱུ་ཡིན་འདུག་ལ། ཡིག་རྒྱུགས་གཏོང་མཁན་སློབ་མ་ ༡༨༠༢༨ ཡོད་པའི་ནང་སྤྱིར་བཏང་སློབ་གྲྭའི་ཡིག་རྒྱུགས་གཏོང་མཁན་གྱི་སློབ་མ་ ༡༥༢༢༣ དང་། དམག་དཔུང་གི་ཡིག་རྒྱུགས་གཏོང་མཁན་སློབ་མ་ ༩༢༠། ཁ་གཏད་རོགས་སྐྱོར་གྱི་མཐོ་རིམ་ལས་རིགས་སློབ་གྲྭའི་ཡིག་རྒྱུགས་གཏོང་མཁན་སློབ་མ་ ༡༨༨༥བཅས་ཡོད་འདུག
ལོ་འདིར་བྱེས་སུ་སློབ་མ་ ༡༣༣༧ ཡོད་པ་ལས་དངོས་སུ་ཡིག་རྒྱུགས་ཁྲོད་ཞུགས་པའི་སློབ་མ་ ༡༢༨༠ བྱུང་བ་དང་། སློབ་མ་ ༡༡༠༧ ཙམ་གྱིས་ཡིག་རྒྱུགས་འཕྲོད་ཡོད། སློབ་ཚན་གཅིག་ཐོག་ཡིག་རྒྱུགས་མ་འཕྲོད་པར་བསྐྱར་རྒྱུགས་གཏོང་དགོས་པ་ ༡༡༣ དང་གཏན་ནས་མ་འཕྲོད་པ་ ༣༩ བྱུང་ཡོད། མཇུག་མཐའི་ཐོབ་སྐར་ནི་བརྒྱ་ཆ་ ༨༦།༤༨ ཡིན་ལ། ལོ་སྔོན་མའི་མཇུག་མཐའི་ཐོབ་སྐར་ནི་བརྒྱ་ཆ་ ༩༢།༩༩ ཡིན་སྟབས་འདི་ལོར་ཡིག་རྒྱུགས་ཀྱི་གྲུབ་འབྲས་མར་ཟགས་ཡོད།
གང་ལྟར་བྱེས་ཀྱི་སློབ་མའི་མཇུག་མཐའི་ཐོབ་སྐར་ལོ་སྔོན་མ་ལས་ད་ལོ་མར་ཟགས་ཡོད་ལ། ད་ནི་བོད་གཞིས་ཀྱི་མཐོ་རིམ་སློབ་མ་རྣམས་ཀྱིས་ཡིག་རྒྱུགས་ཇི་ལྟར་གཏོང་བ་དང་མཇུག་མཐའི་ཐོབ་སྐར་ཅི་ཞིག་ལེན་པར་སྒུག་རྒྱུ་དེ་རེད།
བོད་ལྗོངས་རླུང་འཕྲིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོར་ལྗོངས་ཡོངས་ཀྱི་ས་ཁུལ་དྲུག་དང་གྲོང་ཁྱེར་གཅིག བོད་ལྗོངས་མི་རིགས་སློབ་གླིང༌། ཁྲིན་འདུ་དང་གོར་མོར་བཅའ་སྡོད་བྱས་པའི་བོད་ལྗོངས་དོན་གཅོད་ཁང་བཅས་སུ་ཡིག་རྒྱུགས་གཏོང་ཁུལ་ ༡༠ དང་རྒྱུགས་རྭ་ ༧༥༠ བཙུགས་ཏེ། ཡིག་རྒྱུགས་གཏོང་སའི་སྒྲིག་ཁྲིམས་ནན་པོ་དང་ཡིག་རྒྱུགས་དྲང་གཞག་དང་འདྲ་མཉམ་འགན་སྲུང་བྱ་ཆེད། སློབ་གྲྭ་ཆེན་མོར་ཡིག་རྒྱུགས་གཏོང་རིང་ལྷ་ས་གྲོང་ཁྱེར་གྱིས་ཚད་ལྡན་ཅན་གྱི་ཡིག་རྒྱུགས་གཏོང་ས་བརྒྱད་ལ་སྐུད་མེད་གློག་འཕྲིན་གཏོང་ཆས་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀྱང་མི་མངགས་ནས་ཡིག་རྒྱུགས་གཏོང་སའི་ཉེ་འཁོར་དུ་སྐུད་མེད་གློག་འཕྲིན་གཏོང་ཆས་ཀྱི་ལྟ་སྐུལ་ཚོད་འཛིན་བྱེད་རྒྱུ་དང༌། ཡིག་རྒྱུགས་གཏོང་ས་ཁག་གིས་ད་དུང་སྣ་མང་བྱ་ཐབས་བཟུང་ནས་སློབ་མ་ཚོས་ཡིག་རྒྱུགས་ཀྱི་དྲི་བ་བཤུ་བའི་སྣང་ཚུལ་སྔོན་འགོག་བྱེད་རྒྱུ་རེད། ད་ལོ་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གིས་སློབ་མས་ཡིག་རྒྱུགས་གཏོང་རིང་གི་སྒྲིག་ཁྲིམས་དང་ཡིག་རྒྱུགས་གཏོང་སའི་ས་ཚིགས། ཡིག་རྒྱུགས་གཏོང་ས་བཅས་ཀྱི་དོ་དམ་ཐད་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་ཚན་རིག་ལག་རྩལ་ཐོག་ནས་ཡིག་རྒྱུགས་ཀྱི་དྲི་བ་བཤུ་རྒྱུར་རྡུང་རྡེག་གཏོང་རྒྱུ། ཡིག་རྒྱུག་གཏོང་མཁན་སློབ་མར་བདེ་འཇགས་དང་བརྟན་ལྷིང་བཅས་ཀྱི་ཡིག་རྒྱུགས་ཁོར་ཡུག་ཅིག་བསྐྲུན་རྒྱུ་རེད་ཅེས། མཐོ་རིམ་སློབ་གྲྭར་ཡིག་རྒྱུགས་གཏོང་རྒྱུར་ཡིག་རྒྱུགས་ར་བ་སོགས་གྲ་སྒྲིག་གང་ལེགས་བྱས་ཟིན་པ་བསྟན་ཡོད།
དེ་བཞིན། ད་ལོར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭ་ ༣༠༨ ཀྱིས་བོད་ལྗོངས་ནས་སློབ་མ་སློབ་མ་ ༡༠༤༡༩ བསྡུ་རྒྱུ་ཡིན་པ་དེ་ན་ནིང་དང་བསྡུར་ན་ ༢༢༢ ཇེ་མང་དུ་ཕྱིན་ཡོད། ན་ནིང་དང་བསྡུར་ན་ད་ལོར་ཧྥུའུ་ཏན་སློབ་ཆེན་དང་ཀྲེ་ཅང་སློབ་ཆེན། ཁྲུང་ཆིང་སློབ་ཆེན། པེ་ཅིན་སྐད་རིགས་སློབ་ཆེན། པེ་ཅིན་ཕྱི་རྒྱལ་སྐད་ཡིག་སློབ་ཆེན། ཤིའི་ཨན་འགྲིམ་འགྲུལ་སློབ་ཆེན། ཧྭ་ནན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཧྭ་ཀྲུང་ཞིང་ལས་སློབ་ཆེན། ཏ་ལན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཀྲུང་གོའི་གཏེར་ལས་སློབ་ཆེན། ཧྭ་ནན་དགེ་འོས་སློབ་ཆེན། ཧྲན་ཤིའི་ཞིང་ལས་སློབ་ཆེན་སོགས་ སློབ་གྲྭ་གསར་བ་ ༡༢ ཀྱིས་བོད་ནས་སློབ་མ་བསྡུ་རྒྱུ་ཡིན་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།