ཧོང་ཀོང་དུ་མི་མང་བརྒྱ་ཕྲག་མང་པོས་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཆེད་ཞི་བའི་གོམ་བགྲོད་ཅིག་བྱས་ཡོད་འདུག
ཕྱི་ཚེས་ ༣༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་མང་གཙོ་ཕྱོགས་སྒྲིལ་ཚོགས་པའི་གོ་སྒྲིག་འོག་གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག ཧོང་ཀོང་མི་མང་ཚོས་ཡུལ་དེའི་ཝེག་ཊོ་རི་ཡ་སྐྱེད་ཚལ་ Victoria park ནས་དབུས་སྲིད་གཞུང་བར་ཞི་བའི་གོམ་མགྲོད་ཅིག་བྱས་ཏེ་དྲུག་བཞིའི་རྗེས་དྲན་ཐེངས་ ༢༡ པ་དེ་སྲུང་གཙི་ཞུས་ཡོད་འདུག་ལ། འདིས་ཐད་ལས་འགུལ་གོ་སྒྲིག་ཚོགས་པས། ཉིན་དེར་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་མི་ ༢༥༠༠ ལྷག་འདུ་འཛོམས་བྱུང་ཡོད་སྐོར་བརྗོད་ཡོད་ཀྱང་། ཉེན་རྟོག་པས་མི་ ༡༠༠༠ ཙམ་ལས་སླེབས་མེད་ཚུལ་འགྲེལ་བརྗོད་བྱས་འདུག ཞི་བའི་གོམ་བགྲོད་སྐབས་ངོ་རྒོལ་བ་མང་ཆེ་བས་ལྭ་བ་ནག་པོ་གྱོན་ཏེ་རང་ཉིད་ཀྱི་སེམས་ཚོར་ཕྱིར་བསྟན་ཡོད་ལ། ཡང་ངོ་རྒོལ་བ་འགའ་ཤས་ཀྱིས་ཆབ་སྲིད་བཙོན་པ་ལིའུ་ཞའོ་པའོ་ཡི་འདྲ་པར་དང་དྲུག་བཞི་དཀར་འདོན་དགོས་ཞེས་པའི་འབོད་ཚིག་ཀྱི་འཕྲེད་དར་སོགས་འཁྱེར་ཡོད་འདུག ཚོགས་པ་དེའི་མགོ་གཙོ་གཞོན་པ་ལི་ཀྲའོ་རིན་གྱིས་ཐེངས་འདིའི་ལས་འགུལ་སྐོར་ལ་བརྗོད་དོན། ལོ་འདིའི་གོམ་བགྲོད་ནང་འཛུལ་ཞུགས་བྱ་མཁན་ན་ནིང་ལས་ཉུང་དུ་སོང་ཡོད་ཀྱང་། ཟླ་ ༦ པའི་ཚེས་ ༤ ཉིན་གྱི་ཡཱང་ལཱ་སྦར་རྒྱུའི་མྱ་ངན་དགུང་ཚོགས་ཐོག་ལོ་སྔོན་མ་བཞིན་མི་གང་མང་ཞིག་འཛོམས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཡོད། ཕྱི་ལོ་ ༡༩༨༩ ལོར་པེ་ཅིན་དུ་དམར་གསོད་ཀྱི་དོན་རྐྱེན་དེ་བྱུང་རྗེས། ཚོགས་པ་དེས་ལོ་རེའི་ཕྱི་ཟླ་ ༥ པའི་ཟླ་མཇུག་གི་བདུན་ཕྲག་མཐའ་མ་དེར་ཞི་བའི་གོམ་བགྲོད་ཀྱི་རྗེས་དྲན་ལས་འགུལ་ཞིག་གོ་སྒྲིག་ཞུ་བཞིན་པར་མ་ཟད། ཚེས་ ༤ ཉིན་གྱི་དགོང་མོར་ཡང་མི་མང་འདུ་འཛོམས་ཐོག་ཡཱང་ལཱ་སྦར་ནས་མྱ་ངན་ཞུ་རྒྱུའི་ལས་རིམ་ཞིག་གོ་སྒྲིག་ཞུ་གིན་ཡོད་འདུག
གསར་འགོད་པ། དཔལ་ལྡན་རྒྱ་མཚོ།
དྲུག་བཞི་དྲན་གསོ་ས་གནས་གང་མང་སར་ལས་འགུལ་སྤེལ་ཐུབ་པའི་རེ་བ་ཞུ།
ཧོང་ཀོང་ནས་དེ་འདྲའི་ལས་འགུལ་མང་ཙམ་སྤེལ་ན་ལེགས།