མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མདོ་བས་བ་ལ་ཝར་འབོད་པ་ལ་གནོད་བྱེད་ཆེན་པོ་གཉིས། སྒོམ་སྡེ་ལྷ་རམས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

༼ཨ་མདོ་བས་བ་ལ་ཝར་འབོད་པ་ལ་གནོད་བྱེད་ཆེན་པོ་གཉིས༽
སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ།

སྤྱིར་བཏང་༼བ་ཡིག་༽ལ་ཝར་འབོད་པའི་གནས་སྐབས་ཡོད་དེ། ངག་སྒྲོན་རྩ་བ་ལས། བདེ་འོ་ལ་སོགས་རྫོགས་ཚིག་ལ། །འོ་ཉིད་སྤྱི་བོ་ལ་སོགས་པའི། །མིང་ལ་བ་ཕྱེད་ཝ་ཉིད་དོ། །ཞེས་གསུངས་པ་ལྟར། སྤྱི་བོ་དང་དགའ་བོ་ལ་སོགས་པའི་མིང་གི་ཆ་ལ་བ་ཕྱེད་མའི་ཝ་ཉིད་ཐོབ་པ་ནི་ཁོ་བོ་ཅག་གིས་ཀྱང་འདོད་ལ། མ་ཟད་ཝ་ཡིག་ལ་“༼མེད་ཀྱང་རུང་བའི་ཡི་གེ་གཅིག༽”ཅེས་བརྗོད་པས་ཀྱང་གོ་ནུས་སོ། །འོན་ཀྱང་ཨ་མདོ་བས་ནི་“༼བ༽”ལ་རྣམ་པ་ཐམས་ཅད་དུ་“༼ཝར༽”འབོད་དགོས་པར་འདོད་པ་ནི་ཤིན་ཏུ་ནོར་ཞིང་གནོད་བྱེད་ཀྱང་ཆེན་པོ་གཉིས་ཡོད་དེ།

གནོད་བྱེད་དང་པོ་ནི། དེ་ནི་ཡི་གེའི་སྐྱེ་གནས་དང་ཡོངས་སུ་འགལ་བ་ཡིན་ཏེ། པ་སྡེ་ཡོངས་རྫོགས་སྐྱེ་གནས་“༼མཆུ༽”དང་། “༼བྱེད་པ༽”མཆུ་སྦྱར་ཞིང་བཙུམ་པ་ལས་འབྱུང་བར་བཤད་ཅིང་འདོད་དགོས་པས། མཆུ་སྦྱར་ཞིང་བཙུམ་ནས་“༼ཝ༽”སྒྲ་ཐོན་ཐུབ་ན་ཕོ་ཁྱོ་ག་ཡིན། པ་ནས་མའི་བར་གྱི་ཡི་གེ་ཐམས་ཅད་སྒྲ་དམ་ལྷོད་ཀྱི་ཁྱད་པར་ཙམ་ལས་ཐམས་ཅད་སྐྱེ་གནས་དང་བྱེད་པ་མཚུངས་པས། གལ་ཏེ་བ་ཡིག་ལ་ཝར་འབོད་ན། པ་ཡིག་སོགས་གཞན་ལའང་ཝར་འབོད་དགོས་པར་འགྱུར་ཏེ། རྒྱུ་ཚོགས་ཚང་བའི་ཕྱིར་རོ། །དེས་ན་དོན་དངོས་ལ་“༼ཝ༽”ནི་བ་ཡིག་དང་མི་འདྲ་བར་མཆུ་ཅུང་ཟད་རུབ་ཙམ་བྱས་ཏེ་མགྲིན་པའི་ཁོང་ནས་སྐྱེས་པའི་ཕྱིར་རོ། །ཨ་མདོ་བས་བསྒྲིགས་པའི་གསེར་ཏོག་སུམ་རྟགས་ཀྱི་ཡི་གེའི་སྐྱེ་གནས་སོགས་ཀྱི་དཔེ་རིས་དང་། དེའི་རྗེས་འབྲང་གི་དག་ཡིག་གསར་བསྒྲིགས་སོགས་སུའང་ཡི་གེ་སྐྱེ་གནས་བཤད་པ་ན་གོང་དང་འདྲ་བར་བཤད་ཅིང་། འཐད་ལྡན་དུ་བྱེད་དགོས་པས་སོ། །

གནོད་བྱེད་གཉིས་པ་ནི། གཞན་ཡང་སློབ་དཔོན་ཐོན་མིས་རྒྱ་གར་གྱི་ཡི་གེའི་པ་སྡེ་ प फ ब भ म (པ་ཕ་བ་བྷ་མ།) རྣམས་ལས་མཐུག་པོའི་ཡི་གེ་བྷ་ཡིག་“༼भ༽”དོར་ནས་གཞན་རྣམས་སོར་བཞག་བྱས་པ་ཡོངས་གྲགས་ཡིན་ཞིང་། དེ་ལྟར་དུ་ཁས་ཀྱང་བླངས་དགོས་ལ། དེ་ལྟར་ན་རྒྱ་གར་གྱི་ཡི་གེ་“༼ब༽”ཡིག་གི་དོད་ནི་བོད་ཡིག་གི་“༼བ༽”ཡིན་ལ། གལ་ཏེ་དེ་ལ་“༼བ”“ba༽”ཞེས་མི་འབོད་པར་“༼ཝ””va༽”ཞེས་འབོད་པ་ཡིན་ན། ནོར་བ་ཤིན་ཏུ་གསལ་ལ། མ་ཟད་རྒྱ་གར་གྱི་བ་ཡིག་སོར་བཞག་ཏུ་ཁས་བླངས་པ་དང་ཡང་ཡོངས་སུ་འགལ་ལོ། །དེ་ལྟར་ན་ངེད་ཅག་བོད་པར་རྒྱ་གར་གྱི་ཡི་གེ་“༼ब༽”་ཡིག་གི་དོད་མེད་པར་ཁས་བླང་དགོས་པར་ཡང་འགྱུར་རོ། །
མ་ཟད་དབྱིན་སྐད་ཀྱི་
boy ལ་“ཝོཡེ”དང་།
ball ལ་“ ཝོལ”དང་། 
baby ལ་“ཝེབྷི”
bollywood ལ་“ཝོ་ལི་འུཊི”སོགས་ཤིན་ཏུ་མཚར་བ་དག་སྨྲ་དགོས་པར་འགྱུར་རོ། །

ཨ་མདོ་བའི་མཁས་པ་མང་པོ་ཞིག་གིས་བ་ལ་ཝར་འབོད་པ་ནི་བརྗོད་པ་ཡང་དག་པ་ཡིན་ཚུལ་ཨུ་ཚུགས་མཐར་སྐྱེལ་གནང་ཞིང་། དེའི་རྒྱུ་མཚན་ལ། རྟགས་འཇུག་རྩ་བར། ཝ་ནི་བ་དང་སྦྱར་བར་བྱ། །ཞེས་པའི་ཚིག་འདི་ལ་ཁུངས་བཅོལ་བར་མཛད་མོད། རྩ་ཚིག་དེས་ནི་བ་ལ་ཝར་འབོད་དགོས་པའི་རྒྱུ་མཚན་ཅི་ཡང་བསྟན་མེད་དོ། །དེས་ནི། ཝ་ཡིག་འདི་ཕོ་མོ་མ་ནིང་སོགས་གང་གི་ཁོངས་སུ་གཏོགས་ཤེ་ན། དེ་ནི་གོང་དུ་བཤད་པའི་བ་ཡིག་དང་མཚུངས་པར་མོ་ཡིག་གི་ཁོངས་སུ་བསྡུ་བར་བྱའོ་ཞེས་པའི་དོན་ཙམ་བསྟན་པ་ཡིན་ཏེ། སི་ཏུ་འགྲེལ་ཆེན་ལས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་སོགས་ནས། དེའང་སྡེ་པ་བཞི་པོ་རྣམས་ཀྱི་དང་པོ་ཀ་ཅ་ཏ་པ་རྣམས་ཕོ་དང་། གཉིས་པ་ཁ་ཆ་ཐ་ཕ་རྣམས་མ་ནིང་དང་། གསུམ་པ་ག་ཇ་ད་བ་རྣམས་མོ་དང་། བཞི་པ་ང་ཉ་ན་མ་རྣམས་ཤིན་ཏུ་མོར་དབྱེ་བར་བྱའོ། །དེར་མ་ཕྱེ་བའི་ལྷག་མ་ཙ་སྡེ་ཕྱེ་ན་ཡི་གེ་བཅུ་བཞིར་གནས་པ་ལ། ཙ་ལ་སོགས་པ་སྟེ་ཙ་ཚ་ཛ་གསུམ་ནི་རིམ་བཞིན་སྔར་བསྟན་པའི་ཅ་ལ་སོགས་པ་གསུམ་དང་སྦྱར་བར་བྱ་སྟེ། ཙ་ཕོ་ཚ་མ་ནིང་ཛ་མོར་ཤེས་པར་བྱའོ། །དེ་བཞིན་དུ་ཝ་ནི་བ་དང་སྦྱར་བས་མོ་དང་། ལྷག་མ་ཞ་ཟ་འ་ཡ་ཤ་ས་དྲུག་ཀྱང་མོའི་ཡི་གེར་སྦྱར་བར་བྱའོ། །ཞེས་གསུངས་སོ། །

མདོར་བསྡུས་ན། ཨ་མདོ་བས་བ་ཡིག་ཡོད་ཚད་ལ་ཝར་འབོད་པའི་ཁུངས་གང་ཡིན་དང་། འབོད་དགོས་པའི་རིགས་པའི་སྒྲུབ་བྱེད་རྣོ་ཞིང་ངར་བ་ཞིག་ཅིས་ཀྱང་གནང་སྐྱོང་ཡོང་བར་ཞུ་ཞེས་རེ་སྐུལ་ཞུའོ།། །།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༢༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 85

  1. བེ་རི་དཔལ་ལྡན་རྣམ་རྒྱལ། says:
    ལོ་ 15 སྔོན།

    མཆོག་ཏུ་བཀུར་འོས་སྒོམ་སྡེ་ལྷ་རམས་པ་ལགས།

    སྐུ་ཉིད་ཀྱིས་གསུངས་པ་བཞིན་ཆོལ་ཁ་གསུམ་གྱི་སྐད་ཀུན་གྱི་ནང་དུ་སྒྲ་གདངས་ཀློག་ཚུལ་མི་འགྲིགས་པ་ནི་ཁྱབ་མཉམ་དུ་ཡོད་ཅིང་། ཨ་མདོའི་བ་ལ་ཝར་ཀློག་པ་ཡང་དཔེ་མཚོན་ཞིག་རེད། དེ་བཞིན། ཨ་མདོ་བས་གི་གུ་གཏན་ནས་མི་ཀློག་པ་ཡང་སྐྱོན་ཆེ་ཤོས་ཤིག་ཅིས་ཀྱང་ཡིན། དེས་ན། ཆོས་རའི་ནང་ཨ་མདོ་བའི་ཆོས་གྲོགས་དང་ལྷན་དུ་རྩོད་པ་རྩོད་སྐབས། ཤིང་ལ་་་་་ཤང་ཞེས་འབོད་པས་ཐོག་མར་ཤིང་ལ་ཟེར་གྱི་ཡོད་དམ། སྣ་ཡི་ཞེ་ས་ཡི་ཤངས་ཟེར་གྱི་ཡོད་མེད་མི་ཤེས་པར་ལྷག་མྱོང་།

    གཅིག་བྱས་ན། ཨ་མདོའི་ལུང་པར་གནམ་གཤིས་གྲང་དྲགས་པའི་རྐྱེན་གྱིས་བ་ལ་བ་ཞེས་ཁ་བཙུམ་ནས་ཀློག་མི་ཐུབ་པས་ཝ་ཞེས་བརྗོད་པ་མིན་འགྲོ་སྙམ།

    Reply
  2. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    དངོས་ཉིདདོན་དམ་པའི་ལྷ་རམས་པ་ཞིག་ཡིན་པ་སེམས། གཞན་བ་ཕྱུག་དང་མ་བྱན་སོགས་ལོ་གྲངས་དུ་མ་གནང་ནས་དགེ་བཤེས་ཀྱི་ལགས་འཁྱེར་གནང་མཁན་ཚོར་ཡར་མཚན་གང་ཡང་མེད། དགེ་བཤེས་རྡོ་རམས་པ་དང་ཚོགས་རམས་པ་ལྟ་བུ་དགེ་བཤེས་ཀྱི་མིང་་དངོས་ཉིད་མིང་
    སྐམ་པོ་རང་རེད། དེ་ཕན་ཐོག་མི་འདུག་

    Reply
  3. འཇམ་མགོན། says:
    ལོ་ 15 སྔོན།

    སྒོམ་སྡེ་ལགས། ཁྱོད་ཡང་འཕྱུག་ཐལ། ཨ་མདོ་བའི་སྤྱིར་བ་ལ་ཝར་ཞེས་འབོད་སྲོལ་མེད་ལ། བ་དང་ཝ་གཉིས་ཀྱི་རྩོད་བ་དང་སྒྲ་གདངས་གང་ལ་བལྟས་ཀྱང་འདྲ་ས་ཞིག་གཏན་ནས་མེད། ཁྱེད་ལྟར་ན་ཟླ་བ་ལ་ཡང་ཟླ་ཝར་ཟེར་གྱིན་ཡོད་པའི་སྣང་བ་ཞིག་འཁྲུལ་འདུག ཇེ་ན་ལྷ་ས་བས་ཟླ་བ་འབོད་དུས་ཉིད་ཀྱི་སྙན་མཆོག་ཝར་ལ་འགྱུར་མེད་དམ། སྐུ་མཁྱེན་ཞིབ་དཔྱོད་ཡག་པོ་ཞིག་ལས་དོན་མེད་མིན་ལ་ལེགས།

    Reply
  4. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    སྒོམ་སྡེ་ལགས། ཨ་མདོ་བས་(བ)ལ་(ཝ)ཞེས་ཀློག་གི་ཞེས་སྨོས་པ་དེས་ཨ་མདོ་བ་ཚོར་ཕོགས་དོན་ཡོད་ནི་མ་རེད། ཁྱོད་ཨ་མདོ་བ་ལ་དགའ་མི་དགའ་སོགས་ཀྱི་གསལ་བཤད་འདིར་དགོས་དོན་མེད་ཀི། རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་མ་བྱེད། ཁྱེད་ཀྱིས་ཨ་མདོ་བས་ (བ་)ལ་(ཁྱི)ཞེས་ཀློག་གི་འདུག་ཅེས་སྨྲས་ནའང་ཨ་མདོ་བ་ཚོ་ཁོང་ཁྲོ་ལངས་དོན་མེད་ཀི། དཔེར་ན། ཨ་མདོ་བས་སྐབས་རེར་(སྲ)ལ(ཧྲ)ཞེས་ཀློག་གི་རེད། དེ་ཁོ་ཚོས་ཁས་ལེན་ནི་རེད།

    ཁྱེད་ལ་དངོས་གནས་དོགས་པ་སེལ་འདོད་ཡོད་ན། ངས་སྔོན་དུ་བཤད་པ་བཞིན། ཁྱེད་ཀྱི་དོགས་པ་དེ་ཨ་མདོ་བས་(བ)ལ(ཝ)རུ་བཀླགས་ནས་འོངས་པ་མ་ཡིན་པར། སྐུ་ཉིད་ཀྱིས་(ཝ)ལ(བ)རུ་བཀླགས་ནས་སླེབས་པ་རེད།

    ངས་ཁྱོད་ལ་གསལ་བོ་བཤད། ཨ་མདོ་བས་(བ)ལ(wa)ཟེར་གི་རེད། (ཝ)ལ་ཨ་མདོའི་ཀློག་སྟངས་ལྟར་གྱི་སྒྲ་གདངས་དབྱིན་སྐད་ནང་མི་འདུག (ཝ)ཨ་མདོ་བ་ཚོར་ཀློག་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རེད། དེ་ཁྱོད་ལ་དབྱིན་སྐད་དང་ལྷ་སའི་སྐད་ཀྱི་ནང་ནས་བརྡ་སྤྲོད་ཐུབ་ཁེགས་པོ་རེད།

    ཨ་མདོ་བས་བལྟས་ན་ལྷ་སའི་སྐད་ནང་དུ་(ཝ)འདི་ལ་སྐབས་རེར་(ཨ)དང་སྐབས་རེར་(བ)ཟེར་བ་ལྟ་བུ ཞིག་རེད་མོད། དོན་ལ་དེ་ལྟར་ཀློག་གི་ཡོད་རྒྱུ་མ་རེད་སྙམ། མདོར་ན། ནོར་ས་དེ་ནི་ཨ མདོ་བ་དང་ལྷ་ས་བའི་(ཝ)ཀློག་སྟངས་མ་འདྲ་བ་ལས་དོགས་པ་དེ་ཁྱོད་ལ་འོངས་པ་རེད།

    Reply
  5. གཡང་ལགས། says:
    ལོ་ 15 སྔོན།

    བོད་རིགས་ཤེས་ལྡན་པའི་ཁྲོད་དུ་མདོ་དབུས་ཁམས་གསུམ་གྱི་སྐད་ཐག་ཇེ་ཉེར་འགྲོ་བཞིན་པའི་རྣམ་པ་ཞིག་འཆར་བཞིན་ཡོད་པ་འདི་ནི་དགའ་འོས་པའི་ལྟས་ཡིན། སྤྱིར་ཨ་མདོ་བས་བ་ལ་ཝ་སྒྲ་འདྲ་བ་ཞིག་ཀློག་པ་ནི་ཨ་མདོ་མ་ཡིན་པའི་བོད་པ་ཀུན་གྱི་རྣ་ལ་གཅིག་པ་གོ་བ་རེད། འོན་ཀྱང་ཨ་མདོ་བས་བ་ཀློག་སྐབས་ཨ་མདོ་བ་གཞན་ཞིག་གིས་སྒྲ་གང་འདྲ་ཞིག་ཏུ་གོ་བ་ནི་ཨ་མདོ་བ་མ་ཡིན་པ་ཞིག་གི་རྗེས་དཔག་གི་ཡུལ་ལས་འདས་པར་བསམས། དེར་བརྟེན་མདོ་ཁམས་ཀྱི་སྐད་འདི་དག་དབུས་སྐད་དང་ཐག་ཇེ་ཉེར་གཏོང་གང་ཐུབ་གནང་ཐུབ་ན་དེ་ཡི་དགེ་མཚན་ནི་རི་མོའི་ལམ་གྱིས་མཚོན་དཀའ་བ་རེད། དེ་མིན་ང་ཚོས་རླུང་འཕྲིན་དང་བརྙན་འཕྲིན་སོགས་ནས་དབུས་སྐད་ཉན་སྐབས་ཆུ་བཞུར་བ་བཞིན་དུ་འཇམ་པ་དང་། རླུང་རྒྱུགས་པ་བཞིན་དུ་མྱུར་བ། ནམ་ལངས་པ་བཞིན་དུ་གསལ་བའི་ཁྱད་ཆོས་ཡོད་པ་ནི་གླེང་མེད་རེད། དེ་བས་མདོ་སྟོད་སྨད་ཀྱི་སྐད་ཉན་སྐབས་ཚིག་རེ་རེ་བཞིན་ཁོག་པའི་ནང་དུ་ཨ་སློག་རེ་བརྒྱབ་རྗེས་ཁ་ནས་འབུད་ཡོང་བ་ལྟར་སྒྲ་ཡི་སྐྱེ་གནས་ཁོག་ནས་བཀོལ་ཤུགས་ཆེ་བ་དེ། གཅན་གཟན་དང་སེམས་ཅན་གང་གི་ང་རོ་བཞིན་རྣ་ལ་གཟན་པ་དང་དུས་ཚོད་གཏོང་ཡུན་རིང་བ་ཡིན་པས་དབུས་སྐད་ཀྱི་རྗེས་སུ་ལུས་ཡོད་པ་ནི་གསལ་པོ་རེད། རིག་པས་ཆོལ་ཀ་གསུམ་གྱི་ཡུལ་སྐད་ལ་ལེགས་ཉེས་དཔྱད་པ་ཕུད། དེ་ལྟར་ང་རང་ཡང་དབུས་པ་མ་ཡིན་ཀྱང་། དབུས་སྐད་ལ་དང་ཞེན་ཆེ་བའི་གཤིས་ཀ་ཡོད་ལ། དེ་ནི་རང་གི་ཕ་སྐད་ལ་དུང་བ་མེད་པ་མིན་ཏེ། སྲོང་བཙན་གྱི་འཁྲུངས་ཡུལ་དབུས་གཙང་ཡིན་པས་དབུས་སྐད་ཡང་རང་གི་ཕ་སྐད་ལ་བརྩི་བཞིན་པའི་རྒྱུ་མཚན་ཡང་ཡོད།

    Reply
  6. ཐོས་དགའ། says:
    ལོ་ 15 སྔོན།

    མ་གཞི་རྒན་ལྷ་རམས་པས་དཔྱད་གཏམ་སྤེལ་ས་ནོར་མིན་འདུག འདིར་ཨ་མདོ་ངའོ་ཟེར་བ་རྣམས་འཛོམས་ས་རེད་ལ་ཟིན་བྲིས་པ་མང་ཆེ་བ་ཡང་ཁོ་ཚོ་རེད།

    Reply
  7. ཐོས་དགའ། says:
    ལོ་ 15 སྔོན།

    ཨ་མདོ་བ་ཚོ་ལ་དགོངས་དག་ཞུ་རྒྱུ་ཡིན། ངས་ཀྱང་ཁྱེད་ཚོས་བ་དང་ཝ་ག་རེ་གསུངས་ཀྱི་ཡོད་མེད་གསལ་པོ་ཞིག་གོ་གི་མིན་འདུག ད་དུང་གི་གུ་དང་ཞབས་ཀྱུ་ག་རེ་གསུངས་ཀྱི་ཡོད་མེད་ཀྱང་གསལ་པོ་མིན་འདུག་ལ་ཁ་ནས་ཐོན་པ་བཞིན་ལག་ནས་ཀྱང་འབྲི་མཁན་མང་པོ་འདུག དཔེར་ན་དཀྲུགས་ཤིང་ལ་དཀྲིགས་ཤིང་དང་། ཤྲི་ལ་ཤུ་རུ་འབྲི་བ་ལྟ་བུ་རེད།

    ཕྲན་ལ་ཨ་མདོ་བ་གྲོགས་པོ་མང་པོ་ཡོད། ཁོ་ཚོས་ཁྱོད་ཉོན་ཨཱ། ཝ་ལས་འོ་མ་དང་ཝ་ལས་འོ་མ་གཉིས་ལ་ཁྱད་པར་ཨེ་འདུག ངས་་་་་གཅིག་འདྲ་རེད། འོ་ན་ཝ་མོ་དང་ཝ་མོ་ལ་༼བ་མོ་དང་ཝ་མོའི་དབར་ཁྱད་པར་བཏོན་པ་༽ཁྱད་པར་ཨེ་འདུག མིན་འདུག དངོས་གནས་ཁྱོད་ཀྱིས་བོད་སྐད་མི་ཤེས་ཁོ་ཐག་རེད་ཅེས་གཤེ་བར་བྱེད། ད་དུང་ཁོ་ཅག་དང་ངོས་ཀྱི་དབར་ཤའི་སྒྲ་གདངས་ལ་ཡང་རྙོག་ཁྲ་ཡོད། ཁོ་ཚོས་ཀྵ་འདྲ་བ་ཞིག་ལབ་ཀྱི་འདུག

    ངའི་ཨ་མདོ་གྲོགས་པོ་ཚོས་ང་ལ་བཀའ་ཀྱོན་གནང་། སྒྲ་འབྱིན་ཚུལ་ཡང་ཤི་ལ་ཁད་ཀྱི་མིའི་རྣ་ལམ་ལ་མ་ཎི་འདོན་པ་བཞིན་སྐད་ཤུགས་ཆེན་པོས་བསྒྲགས་ཀྱང་ཁྱད་པར་ཡེ་མི་སྣང་བ་ནི་ང་དབུས་གཙང་ཁོངས་སུ་སྐྱེས་པ་རང་ལ་ལན་པ་ལས་གཞན་ཁག་དཀྲི་བྱེད་ས་ཞིག་མི་རྙེད་དོ།།

    Reply
  8. མདོ་ལའི་འཁྱམས་པོ། says:
    ལོ་ 15 སྔོན།

    ད་ཡང་རྩོད་མི་དགོས་པ་ཞིག་རྩོད་གི་ཡོད་པ་འདྲ། སྐུ་ཚེགས་དང་འོ་བརྒྱལ་རེད།

    Reply
  9. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    གསལ་བཤད་ཅིག་ཞུ་འདོད་བྱུང་། བརྒལ་བརྟག་རིགས་ལམ་གྱི་སྒོ་ནས་བགྲོ་གླེང་བྱེད་དུས། ཆོལ་ཁ་དང་ཆོས་ལུགས་ཀྱི་སྐད་ཆ་དེ་ཚོ་ཟུར་དུ་བསྐྱུར་རོགས། ང་ནི་མཁྱེན་གསལ་ལྟར་ཨ་མདོ་བ་ལ་སེམས་ཀྱི་གཏིང་ནས་དགའ་མོས་བྱེད་མཁན་གྱི་མི་ཞིག་ཡིན། གང་ལགས་ཤེ་ན། བོད་ཕྱི་ནང་གཉིས་སུ་ཁོང་ཅག་གི་བཀྲིན་ལ་བརྟེན་ནས་སྲོག་དབུག་ཆད་ལ་ཉེ་བའི་རིག་གནས་འདི་ཁོང་ཅག་གིས་བསྐྱར་གསོ་བྱས་སོང་། ཨ་མདོ་བ་འདི་ཚོ་ཐུགས་རྗེ་ཆེ། བཀའ་དྲིན་སྙམ་དུ་ཡང་ཡང་བསམ་གྱིན་ཡོད། མ་ཟད་ངོས་ཀྱི་རིག་གནས་དགེ་རྒན་ཡང་མདོ་སྨད་པ་མཁས་དབང་དགེ་འདུན་སྦྱིན་པ་ལགས་ཡིན། ཁོང་སྙན་གྲགས་དང་མཛད་བྱས་ཡོད་མཁན་གྱི་མཁས་པ་ཞིག་རེད། ཁོང་ནི་རིག་གནས་ཙམ་མ་ཡིན་པར་ཕྱག་དཔེ་ཡང་ཧ་ཅང་ཡག་པོ་རེད།
འོན་ཀྱང་བརྒལ་བརྟག་བྱེད་དུས་ངོ་ཤེས་གཏོང་རེས་དང་འཛོམ་ཟོན་བྱས་ཚེ། བློ་སྐྱེད་ཀྱི་སྒོ་ཁེགས་འགྲོ་གི་རེད། དེ་ཡག་པོ་མ་རེད། དེ་ང་ལས་རྒྱུས་ཡོད་ཆེ་བ་དྲ་ཐོག་ཏུ་འདི་རུ་མེད་ཅེས་བརྗོད་ཀྱང་མི་འགྲིག་པ་མེད།

    Reply
  10. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    བློ་གཟུ་བོར་གནས་པའི་སྒོ་ནས་ཁྱེད་ཅག་གིས་བ་སྒྲ་དབྱུང་ཚུལ་འདི་ལ་མནོ་བསམ་ལེགས་པོ་ཐོང་དང་། ཁྱེད་ཅིག་གིས་”བོད”ཅེས་བརྗོད་ཚེ། མཆུ་སྦྱར་ཞིང་བཙུམས་ནས་བརྗོད་ཀྱི་འདུག་གམ། རྟོག་དཔྱོད་ཞིབ་མོ་མཛོད་དང་། ཁྱེད་ཅག་གིས་བོད་ཅེས་བརྗོད་ཚེ། མཆུ་སྦྱར་ཞིང་བཙུམས་ནས་བརྗོད་ཀྱི་མ་རེད། དེ་མ་ཟད་ལྕེ་བེད་སྤྱོད་བྱེད་ཀྱི་རེད། དེ་ནོར་བ་རེད། བ་སྒྲ་འདོན་དུས་ལྕེ་ལ་བེད་སྤྱོད་ཧ་ལམ་ཡོད་མ་རེད། བ་ཡིག་གི་སྐྱེ་གནས་དང་། བྱེད་པ་ལ་ལྕེ་རྩ་བ་ནས་ཡོད་མ་རེད།

    Reply
  11. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    སྤྱིར་བཏང་ཀློག་སྟངས་འདི་ཨ་མདོ་བ་གཅིག་པུའི་ཀློག་ཚུལ་མ་རེད། མདོ་སྟོད་ཀྱི་ལུང་པ་འགའ་ཞིག་ལའང་ཤུགས་ཆེན་པོ་ཡོད་རེད། ང་ལ་སེ་རར་དགེ་ཕྲུག་འགའ་ཤས་ཡོད། ཁོང་ཅག་གིས་འབོད་སྟངས་དེ་རང་བྱེད་ཀྱི་འདུག

    Reply
  12. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    ཨམ་སྐད་ལ་གོམས་པ་ཆུང་པས་མིན་འགྲོ། ངས་ཀྱང་ཨམ་མདོ་བ་དང་མཉམ་དུ་ཁ་བརྡ་བྱེད་སྐབས། བ་དང་ཝ་གཉིས་ལ་སྐད་གདངས་ཁྱད་པར་ཐོས་ཀྱི་མེད།
    ཁྱེད་རྣམས་ཀྱིས་བ་ཀློག་སྐབས་མཆུ་སྦྱར་ཞིང་བཙུམ་གྱི་ཡོད་དམ་མེད།

    གང་ལྟར་བ་ལ་ཝའི་སྒྲ་གདངས་ཐོན་པའི་སྒོ་ནས་ཀློག་ཀྱང་བོད་ཁམས་ཡོངས་རྫོགས་ཀྱིས་ནོར་མེད་དུ་གོ་ཐུབ་པས་བླང་བྱར་ཆོག
    འོན་ཀྱང་། ལོག་སྐད་ཆོལ་ཁ་གཞན་གྱི་གོ་མི་ཐུབ་པའི་རིགས་རྣམས་ཀླད་རྙིང་འཁྲེགས་འཛིན་མི་བྱེད་ནས་སུ་ལ་འདུག་ན་དོར་བྱ་རེད་ཤག ད་ལྟར་མདོ་སྟོད་སྨད་དང་། དབུས་གཙང་མངའ་རིས་ཀྱི་བོད་རིགས་སྤུན་ཟླ་ཕན་ཚུན་འཕྲད་ནས་སྐད་བརྡ་བྱེད་སྐབས། རྒྱལ་ཁབ་དང་མི་རིགས་གཞན་གྱི་སྐད་བེད་སྤྱད་བྱེད་དགོས་ཀྱི་ཡོད་པ་འདི་ནི་ཐབས་ཤིན་ཏུ་སྐྱོ། བོད་ཅེས་པ་གཅིག་དང་། བོད་སྐད་གཅིག བོད་ཆོས་གཅིག་བཟོ་ཐུབ་པའི་ཐབས་ཤེས་ཀྱི་སྐོར་བགྲོ་གླེང་བྱས་ན་ག་འདྲ་འདུག

    Reply
  13. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    དྲང་པོ་ཞུས་ན་ཁྱེད་ཅག་གིས་བ་སྒྲ་དེ་ལེགས་པོ་འདོན་ཐུབ་ཀྱི་མི་འདུག གལ་ཏེ་འདོན་ཐུབ་ན།
    ཐོག་མར་སྐྱེ་གནས་“མཆུ”དང་། “བྱེད་པ”མཆུ་སྦྱར་ཞིང་བཙུམ་ནས་ཡོངས་གྲགས་ལྟར་”པ”ཞེས་ཀློག་པར་བྱོས་ལ། དེ་ནས་མཆུ་དང་བྱེད་པ་དེ་ག་རང་འཇགས་བཞག་ནས། “བ”ཞེས་ཀློག་དང་དེ་ནས་ཤེས་པར་འགྱུར་རོ། །
    གོང་དུ་བཤད་པ་ལྟར། “པ”དང་”བ”ལ་ཕོ་མོའི་ཁྱད་པར་གྱིས་སྒྲ་གདངས་དམ་ལྷོད་ཀྱི་ཁྱད་པར་ཙམ་ལས། སྒྲ་དབྱུང་ཚུལ་ལ་ཁྱད་པར་གཞན་ཅི་ཡང་མེད་དོ། །

    Reply
  14. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    འོ་ན་བ་ལ་ཝ་འབོད་ཀྱི་མེད་ན། བོད་ལ་ཝོད། བ་ཕྱུགས་ལ་ཝ་ཕྱུགས་སོགས་ཀློག་པར་མི་བྱེད་དམ།

    Reply
  15. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    ལྷ་རམ་པའི་མིང་དེ་དབྱུག་བཞག་ན་མི་དགའ་ཨང་།སྐྱོན་རྒྱག་མ་ཤེས་ཡ་སོ་སོའི་རང་མཚང་ཕྱི་བཏོན་མ་ཡོང་།ཨ་མདོའི་མཁས་བ་སུ་ཞིག་གི་བ་དང་ཝའི་སྒྲ་གདངས་འབྱེད་ཤེས་གི་མི་འདུག་གནོད་བྱེད་གང་དུ་འདུག་གུས་ཆེ་བདག་ལ་མགྱོགས་པོ་སྟོན་རོགས།ཁྱབ་མ་ཁྱབ་ཤེས་བ་ཙམ་གྱི་མགོ་འཕངས་མ་མཐོ་ན་བཟང་ངམ།ཨམ་སྐད་མ་གོ་ཡ་ཁྱེད་རང་གནོད་བྱེད་མཐོང་གི་འདུག་ན་ཟིན་བྲིས་དེ་རང་ཉིད་ཀྱི་སྐྱོན་རང་་ཉིད་ཀྱི་ངོས་ཟིན་པར་བྱོསནས་ཟིན་བྲིས་བཀོད་པ་ཡིན་ནམ།ཨ་ཁ་ཁ་ཁ།ཁྱབ་བ་རང་ཉིད་ཀྱི་ཁས་ལོངས།དེ་མིན་ན་ཨ་མདོའི་མཁས་བ་ཞིག་གི་མདུན་དུ་སྒྲ་རིག་པའི་བསྟན་བཅོས་ཐེངས་ཁ་ཤེས་ཞིག་སྦྱོང་དང་ག་ལེར་དོགས་པ་སེལ་ཡོང་གི་རེད།

    Reply
  16. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    རྒན་ལགས་ཀྱི་གསུང་པ་ལ་བདེན་པ་འདུག། ཁྱོད་རྣམས་པས་ཚིག་ངན་མ་བརྗོད་བ་ཁུང་ལྡན་གྱི་གླེང་སློང་བྱེད་ན་ལེགས། ལྷ་རམ་ཆོགས་ལ་བཀྲེས་ཆེ་ཞུ།

    Reply
  17. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    ངའི་མཆན་བུ་དེ་དག་ཐོན་རྒྱུ་མི་འདུག་ག་རེ་ཡིན་ནམ་སྙམ་བྱུང་ཡང་། ངས་ཁྱེད་ཅག་གི་སྒྲིག་གཞི་གསར་པ་༼མཆན་ལ་ཞིབ་བཤེར་བྱས་རྗེས་བརྗོད་གཞི་དང་འཚམ་པའི་རིགས་དྲ་ངོས་ལ་འདོན་འཇུག་རྒྱུ་ཡིན།༽ཞེས་པ་དེ་མཐོང་མ་བྱུང་། དགོངས་དག འདི་དཔེ་མ་སྲིད་པའི་ཡག་པོ་གནང་འདུག དངོས་གནས་རྗེས་སུ་ཡི་རངས་ཡོད། མུ་མཐུད་དེ་མཇུག་འཁྱོངས་གནང་རོགས།

    Reply
  18. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    ཨ་ཡ་མཚན། ནམ་རྒྱུན་ནི་བ་ལ་ཝ་འབོད་དགོས་རེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱི་འདུག དེ་རིང་ངས་དེ་ལ་གནོད་བྱེད་གཏོང་དུས། ང་ཚོ་དེ་འདྲ་ལབ་ཀྱི་མེད་ཅེས་ཕྱིར་ཤིག་རྒྱག་ཡོང་གི་འདུག ད་དེ་ཅི་རེད།

    Reply
  19. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཞེན་ཁོག་སྐམ་པོ་ཙམ་མ་གཏོགས་བདེན་པའི་ཆ་ཤས་ཙམ་ཞིག་ཡོད་པའི་བསམ་ཚུལ་ཤོད་མཁན་ནི་ནམ་མཁའི་མེ་ཏོག་དང་རི་བོང་རྭ་ཡི་གྲོགས་པོ་ཤ་སྟག་རེད་འདུག སྒོམ་སྡེ་པས་ཨ་མདོ་བ་ཚོས་ཝ་དང་བ་གཉིས་ཀྱིས་སྒྲ་གདངས་མི་གསལ་ཞིང་ངོ་བོར་དབྱེར་མེད་དུ་ངག་ནས་སྒྲོག་བཞིན་འདུག་ཅེས་པ་མ་གཏོགས་བ་དང་ཝ་གཉིས་ཀྱི་སྦྱོར་ཚུལ་ཐོབ་ཐང་གཅིག་པ་ཡིན་པའི་སྐྱོན་བརྗོད་བྱས་མེད་པ་གསལ་པོ་རེད། ཁ་བྱང་ཙམ་ལ་བལྟས་ནི་ཀུ་ཅོ་སྒྲོག་པ་ནི་ན་ཚ་ཞིིག་རེད། བ་དང་ཝ་གཉིས་ཀྱི་ཐོབ་ཐང་དང་སྦྱོར་ཚུལ། སྒྲ་གདངས་དང་བྱེད་རྩོལ་མི་འདྲ་བ་སོ་སོ་རེད། ཡིན་ནའི་དེང་སང་ཨ་མདོ་བ་ཚོར་དེ་གཉིས་ཀྱི་སྒྲ་གདངས་ལ་ཁྱད་པར་མེད། བ་ལ་ཝ་དང་། ཝ་ལ་བ་ཞེས་འབོད་བཞིན་པ་ནི་བདེན་པ་རེད།

    Reply
  20. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པ་ཁྱོད་ཀྱིས་འདིར་ཨ་མདོ་བའི་ཡི་གེ་ཀློག་ཚུལ་ཙམ་ཡང་མ་གོ་བཞིན་དུ་སྐྱོན་བརྗོད་བྱེད་སྣང་འཆར་བ་འདི་ནི།
    མཁས་བ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང་། །
    ཁྱི་རྒན་ཀུ་ཅོ་འདོན་པ་ན། རྒྱུ་མཚན་མེད་པར་གཞན་དག་རྒྱུག །
    ཅེས་གསུངས་ལྟར་རེད། ཨ་མདོའི་ས་ཁུལ་གང་ནའང་༼བ་ཡིག་༽ལ་ཝར་འབོད་པ་ཐོས་མ་མྱོང་ལ་ཝར་བརྗོད་ཀྱིན་མེད། འདི་ནི་ཁྱོད་ཀྱི་རྣའི་བ་སྒྲ་ཅི་བཞིན་ཉན་མི་ཐུབ་སྐྱོན་ཞིག་གམ། ཡང་ན་སེམས་ཁམས་མ་དངས་བའི་བསམ་བློ་ཞིག་རེད། དེས་ན་ཁྱོད་ཀྱིས་དགོས་པ་དང་བརྗོད་གཞི་མེད་པའི་རྟོག་བཏག་གི་སྒོ་ནས་སྐྱོན་བརྗོད་བྱས་ཚད་ངལ་བ་འབྲས་མེད་རེད་དོ། གལ་སྲིད་ཝར་འབོད་ཀྱིན་ཡོད་ནའང་སྐྱོན་བརྗོད་བྱེད་སྟང་འདི་ལྟར་མིན།

    Reply
  21. འོད། says:
    ལོ་ 15 སྔོན།

    སྒོམ་སྡེ་ལགས།
    1 སུམ་རྟགས་དག་གསུམ་ལྟར་གྱི་སྒྲ་གདངས་དང་སྐྱེ་གནས་སོགས་རེ་རེ་བཞིན་བརྒྱ་ཆ་བརྒྱ་ཏག་ཏག་ཡུལ་སྐད་ཀྱི་སྒྲ་གདངས་དང་སྐྱེ་གནས་ལ་གཅིག་ཏུ་མཐུན་པ་ཞིག་བོད་མདོ་དབུས་ཁམས་གསུམ་གང་དུ་ཡང་རྙེད་རྒྱུ་དཀའ་བས། སྤྱིར་འདི་ཙམ་ལ་དཔྱད་རིན་ཞིག་མ་མཐོང་། ལར་ནས་བོད་ཀྱི་ཡི་གེའི་ཁུངས་རྒྱ་གར་ཡི་གེ་ལ་གཏུགས་དགོས་པ་དེ་གནའ་རབས་པའི་དགོས་མཁོ་ཞིག་གམ་ལྟ་ཚུལ་ཞིག་རེད། དེང་དུས་བོད་རང་གི་རང་སྐྱ་འཕེར་བའི་སྐད་ཡིག་ཞིག་བེད་སྤྱོད་བྱེད་བསམ་ན་ངེས་པར་དུ་བོད་རང་གི་ཡུལ་སྐད་ཀྱི་སྐད་གདངས་ཞིག་ཡོད་པ་དེ་ལས་ལྷག་ཅིག་ཡོད་མི་སྲིད་པར་འདོད། ལེགས་སྦྱར་གྱིས་ད་ལྟ་ང་ཚོའི་རིགས་གཞུང་འཚོལ་བཞིན་ཡོད་པ་ལས་ང་ཚོས་སྔོན་མ་་ནང་བཞིན་ལེགས་སྦྱར་ལས་ཅི་ཡང་རེག་རྒྱུ་མིན་པ་ཤེས་ན་རེད། སྐད་ཡིག་ཟེར་ཀྱང་དོན་དམ་པ་སྤྱི་ཚོགས་ཤིག་གི་དགོས་མཁོ་རེད།
    2 དབུས་པའི་ཡིག་ཀློག་ཐད་ལ་ཞིབ་ཆ་ངེས་ཅན་ཡོད་པ་བདེན་པ་རེད། འོན་ཀྱང་ང་ཚོར་དགོས་པའི་སྤྱི་སྐད་ལ་དབུས་པའི་སྐད་ཁོ་ནས་ཡོངས་ཐུབ་མེད་པ་དངོས་ཡོད་རེད། དཔེར་ན། དུས་གསུམ་ཐད་ཨ་མདོའི་སྐད་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་སྐོར་ང་ཚོས་འདིར་གླེང་རན་ཡོད་པའི་གནད་འགག་ཅིག་རེད། དེ་ལྟར་བསམ་བློ་ཞིག་བཏང་ན་མི་ལེགས་སམ།

    Reply
  22. ཨ་བཀྲ་ཤིས། says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པ་ལགས། ཉིད་ཀྱིས་ཨམ་སྐད་བཤད་ཤེས་སམ། ཨམ་སྐད་མི་ཤེས་ན་བ་དང་ཝ་ནོར་ན་ཁག་མེད། ཨ་མདོ་བའི་ཁ་སྐད་གསལ་མདངས་ཆེ་བའི་རྐྱེན་གྱིས་བ་དང་ཝ་ནོར་བའི་ལོ་རྒྱུས་བྱུང་མྱོང་མེད། ཨ་མདོ་བས་བརྡ་དག་དབྱེ་བ་དང་སྒྲ་མདངས་གང་ཅིའི་ཐད་ནས་ཞབས་འདྲེན་ཞུས་མྱོང་མེད། མ་འོངས་བར་ཡང་ཞབས་འདྲེན་དེ་འདྲའི་རིགས་གསུངས་མི་ཡོང་།

    Reply
  23. རོ་བདག says:
    ལོ་ 15 སྔོན།

    དགེ་བཤེས་ལྷ་རམས་པ་ནོར་སོང་ནི་མིན་ན། བདག་ལོ་བཅུ་གསུམ་སྟེང་ནས་བཟུང་ཨ་མདོ་མཁས་པ་མང་པོ་ཞིག་གི་མདུན་ནས་སུམ་རྟགས་དག་གསུམ་གྱི་དཔེ་ཁྲིད་ལ་ཐེངས་མི་ཉུང་བ་ཞིག་སོང་བ་ཡིན། འོན་ཀྱང་བ་ལ་ཝར་ཟེར་བའི་རྒན་ཞིག་དང་ཕྲད་མ་སོང་།

    Reply
  24. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    རིག་གནས་ཀྱི་བགྲོ་གླེང་བ་ཚང་མར་རྟེན་འབྲེལ་ཞུ།
    བསྒོམ་སྡེ་བའི་ཞེ་འདོད་དངོས་ལའང་གཟིགས་ཞིབ་ཐུབ་པའི་རེ་བ་ཡོད།

    བགྲོ་གླེང་གི་ཟུར་ཉན་པ་ཞིག་གིས།

    Reply
  25. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་འདི་གཉིས་ dead language ལ་མི་འགྱུར་བར་བརྩོན་གལ་ཆེ།

    Reply
  26. གཡུ་སྒྲ། says:
    ལོ་ 15 སྔོན།

    ལྷ་རམས་པ་ཁྱེད་ལ་ཐུགས་ཁག་མེད། ཁྱེད་ཀྱིས་ཚིག་འདི་གཉིས་ཀྱི་སྒྲ་གདངས་ལ་ཁྱད་པར་གཏན་ནས་འབྱེད་མི་ཐུབ། དགའ་བ། དགའ་ཝ། ཨ་མདོ་བས་སྒྲ་འདི་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་འབྱེད་ཐུབ་པས། ཝ་དང་སྔོན་འཇུག་གི་སྒྲ་ལེགས་པར་འདོན་ཐུབ་མཁན་ཨ་མདོ་བ་ལས་ལྷག་པ་བོད་ཡུལ་ན་མེད་པ་མཁྱེན་དགོས། ད་བར་ཨ་མདོ་བ་སུས་ཀྱང་བ་མོ་དང་ཝ་མོ་གཉིས་ཀྱི་སྒྲ་ནོར་ནས་གོ་བརྡ་མི་སྤྲོད་པ་གཏན་ནས་བྱུང་མ་མྱོང་། སོ་སོ་རང་གིས་སྒྲ་དག་པོ་མི་ཤེས་པའི་སྐྱོན་གཞན་མགོ་ལ་གཡུག་ན་མཁས་པའི་ཉམས་སྟོན་སྟངས་ཤིག་མ་རེད།

    Reply
  27. སྟག་སྨྱོན། says:
    ལོ་ 15 སྔོན།

    སྒོམ་སྡེ་ཁྱེད་ཀྱིས་རྩ་ཆེར་བརྩི་བཞིན་པའི་ལེགས་སྦྱར་གྱི་སྐད་ཡིག་སྐད་ཡིག་ཤི་བོའི་ནང་འཛམ་གླིང་སྤྱི་ཡོངས་ངོས་འཛིན་བྱས་ཡོད་པ་རེད། གཤམ་གསལ་འདི་ཁྱེད་ཀྱི་སྤྱོད་བཞིན་པའི་ལེགས་སྦྱར་གྱི་སྐད་ཡིག་ཤི་ཟིན་པའི་བར་དོའི་ངོ་སྤྲོད་ཡིན། འདི་ཚད་ལྡན་གྱི་དྲ་རྒྱ་ནས་བཤུ་་བ་ལས་ངས་བྲིས་པ་ཡིན། A dead language is a language which is no longer learned as a native language. Some well known examples of dead languages include Coptic, Ancient Greek, Latin, and Sanskirt, although there are numerous other dead languages from regions around the world, including huge numbers of Native American languages which died out with European colonialism. Some dead languages are topics of study because of their cultural, linguistic, or social importance, and some dead languages actually have numbers of speakers which exceed those of modern or living languages, languages which are learned as native tongues.

    གཞན་ཡང་ཐུགས་ཡིད་མ་ཆེས་ན་ (What is a Dead Language?) ཁ་བྱང་འདི་བརྒྱབ་ནས་དྲ་རྒྱ་ནང་འཛུལ་དང་ལེགས་སྦྱར་གྱི་སྐད་ཡིག་གནའ་ནས་ཤི་ཟིན་པའི་བར་དོའི་ངོ་སྤྲོད་མཇལ་ཡོང།

    Reply
  28. སྟག་སྨྱོན། says:
    ལོ་ 15 སྔོན།

    སྒོམ་སྡེ་ཟེར་གཡོ་ཅན་འདིས་ཝ་མོ་ཞིག་གི་ཚབ་ལ་བ་མོ་ཞིག་ལེན་ན་འདོད་ཀྱི་ཡོད་པ་འདྲ། ཧམ་སེམས་ཅན་འདི་ཝ་ཞྭ་ཚབ་ལ་བ་ཞྭ་ཞིག་སྐོན་ནས་ཁྲོམ་ལ་བཏང་ཤོག
    མི་འདིས་ལེགས་སྦྱར་སྐད་ཡིག་སྤྱད་ནས་ཁུངས་དག་ཁུལ་གྱིས་བོད་ཡིག་ལ་འགྲེལ་བྱེད་མང་པོ་བྱེད་ཀྱི་འདུག་མོད། ལེགས་སྦྱར་གྱི་སྐད་ནི་སྔ་མོ་ནས་བེད་སྤྱོད་ཟད་ཚར་བའི་སྐད་ཡིག་ཤི་བོ་ཞིག་རེད། སྐད་ཡིག་ཤི་བོ་ཞིག་གིས་སྐད་ཡིག་གསོན་པོ་ཞིག་ལ་འགྲེལ་བཤད་དང་བཟོ་བཅོས་བརྒྱག་འདོད་པ་མཁས་རྟགས་མ་ཡིན་པར་ལྐུགས་རྟགས་རེད། སྐད་ཡིག་ཤི་བོ་ཞིག་ལ་ཤི་འཐམ་བྱས་ནས་བོད་ཡིག་གི་ཚེ་སྲོག་མ་འཕྲོག་རོགས་ཞུ་གི་ཡོད།

    Reply
  29. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ཨ་རོ་སྒོམ་སྡེ། གླེན་བཤད་དང་ཅོལ་རྒྱུག་ཉུང་ཉུང་བྱས་ན་མི་ལེགས་སམ། ཨ་མདོ་བས་(བ)ལ(ཝ)རུ་བཀླགས་པ་མ་ཡིན་པར། ཁྱེད་ཉིད་ཀྱིས་(ཝ)ལ(བ)རུ་བཀླགས་པ་ཡིན་པས། སྐྱོན་ཆེན་པོ་གཉིས་དེ་ཁྱོད་ཀྱི་མགོ་ལ་ཕྱིར་འཁོར་འདུག གཞུང་ལུགས་བཤད་ལ་དགའ་བ་ཁྱོད་གཞུང་ལུགས་སྟེང་ནས་བཤད་ན། ཁྱོད་ཀྱིས་བགྲངས་པའི་སྐྱོན་འདི་གཉིས་ནི་ལྟག་ཆོད་འབའ་ཞིག་པ་དང་། འཁོར་གསུམ་རང་འཁོར་རེད། སྤྱིར་བཏང་བའི་སྐད་ཆའི་སྟེང་ནས་བཤད་ན་ཁྱེད་ཉིད་ཀྱིས་མགོ་ལོག་བརྫིས་འདུག་ལོ།

    Reply
  30. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པ་ལགས། གཤམ་གྱི་ཚིག་འདི་དག་ནི་ལོ་འགའི་ཡར་སྔོན་ཞིག་ལ་བྲིས་པའི་བདག་གི་རྩོམ་ཡིག་ཅིག་ལས་པ་བ་གཉིས་ཀྱི་སྒྲ་གདངས་སྐོར་བཏོན་པའི་བསམ་ཚུལ་ཞིག་ཡིན། སྐད་ཆ་འདི་ནི་ཏག་ཏག་ཁྱེད་ཀྱི་ལྡོག་ཟླར་ལངས་འདུག་སྟབས་གཟིགས་མོར་ཕུལ་བ་ཡིན། རྩོམ་ཡིག་ཧྲིལ་བོར་གཟིགས་ན། འབྲེལ་ཐག http://www.tibetcm.com/html/list_03/201004171864.html འདིར་ནོན་དང་གཟིགས་ཐུབ།

    ༼གསལ་བོར་བཤད་དགོས་པ་ཞིག་ལ་པ་དང་བ་ཡི་སྒྲ་གདངས་ཐད། པ་ལ་ (pa དང༌།།བ་ལ་( wa་་་་va? )འདི་འདྲའི་ཁྱད་པར་ཞིག་མི་འབྱེད་ཐབས་མེད་ཡིན་ཏེ། གཅིག་ན་དབུས་གཙང་བས་ཀྱང༌། ཟླ་བ། གྲྭ་བ། རེ་བ། གསང་བ་སོགས་ཀྱི་བ་ཡིག་ལ (wa) འདི་འདོན་པ་དང༌། གཉིས་ན་པ་ཡིག་མིང་གཞིའི་ཕོ་དང་བ་ཡིག་མིང་གཞིའི་མོ་ཡིན་པས་ཀྱང་ཡི་གེ་འདི་གཉིས་ལ་སྒྲ་གདངས་དྲག་ཞན་གྱི་དབྱེ་བ་ཆེ་ཙམ་ཞིག་ཕྱེ་དགོས་པ་དང༌། གསུམ་ན་ (བང་)ཞེས་པའི་ཡིག་འབྲུ་འདི(pang)ཞེས་ཀློག་དགོས་ན། སྔོན་འཇུག་ད་བཞག་སྟེ་ (དབང་)ཞེས་པ་འདི་ལ (wang) སྒྲ་ཞིག་འོང་ཐབས་གཏན་ནས་མེད་དོ ། ། འདི་ནི་བོད་སྐད་ཀྱི་རྩ་བའི་གྲུབ་ཚུལ་ཞིག་དང་ཐོན་མི་སམ་བྷོ་ཊས་བོད་ཡིག་ལ་གསལ་བྱེད་སུམ་ཅུ་དང་དབྱངས་བཞིའི་རིས་བསྡུས་མཛད་པའི་གནད་དམ་པ་སྟེ། གཞན་དུ་ན་ (དཔང་) ལ་ཡང་(དབང་)སྒྲ་མི་འོང་པའི་རྒྱུ་མཚན་ཏིལ་ཙམ་མེད་པའི་ཕྱིར། ༽

    Reply
  31. མིག་གསུམ་པ། says:
    ལོ་ 15 སྔོན།

    ་་་་༼་བ་དང་ལྦ་༽་་་་་་་་་་་་་ཡི་ཁྱད་པར་འབྱེད་མཁས་པ་སྒོམ་སྡེ་ལྷ་རམས་པར། སྐུ་ཉིད་ཀྱིས་ཨ་མདོ་བས་་་་་་་བ་དང་ལྦ་་་་་་ཡི་ཁྱད་པར་འབྱེད་མ་ིཤེས་སོགས་ཀྱི་བགྲོ་གླེང་ལ་རོལ་བ་ལས་ཐ་སྙད་ཁ་ཤས་ཤིག་གི་འགྲེལ་བཤད་ལ་འཇུས་ན་འོས་སུ་མཐོང་། བོད་ཆོལ་ཁ་གསུམ་གྱི་ནང་ཁུལ་ལ་སྐད་གདངས་ཀྱི་ཁྱད་པར་མ་འདྲ་བ་རེ་ཡོད་མོད། དེ་ནི་གནད་འགག་ཆེན་པོ་ཞིག་ཏུ་ནམ་ཡང་མཐོང་གི་མི་འདུག སྐུ་ཉིད་ཀྱི་སྐད་ཆ་འདི་དྲ་ངོས་ཙོག་པ་བཟོ་བྱེད་ཞིག་ཏུ་ངེས་པས་ནམ་ཡང་མིག་ལ་མཛེས་པ་ཞིག་མ་རེད་ལོ

    Reply
  32. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཨ་མདོ་བས་ནི་༼བ༽ལ་རྣམ་པ་ཐམས་ཅད་དུ་༼ཝར༽འབོད་དགོས་པར་འདོད་པ་ནི་ཤིན་ཏུ་ནོར་ཞིང་གནོད་བྱེད་ཀྱང་ཆེན་པོ་གཉིས་ཡོད་དེ།ཞེས་དང་།ཨ་མདོ་བའི་མཁས་པ་མང་པོ་ཞིག་གིས་བ་ལ་ཝར་འབོད་པ་ནི་བརྗོད་པ་ཡང་དག་པ་ཡིན་ཚུལ་ཨུ་ཚུགས་མཐར་སྐྱེལ་གནང་ཞིང་།ཞེས་སོགས་ཀྱི་གསུངས་བབ་ལ་བལྟས་ཡོང་ན།རྒན་ལགས་ཀྱིས་ཨ་མདོ་བས་བ་ལ་ཝར་འབོད་འབོད་ཚུལ་གྱི་ཁུངས་ཡོངས་དག་ཅིག་རག་ཡོད་པའི་སྤོབས་པ་གནང་གི་འདུག་པ་མ་ཟད།དེ་ལྟར་འདོད་མཁན་ཁོ་བོ་ཙམ་མ་ཡིན་པར་ཨ་མདོ་བའི་མཁས་པ་མང་པོ་ཞིག་གིས་ཀྱང་དེ་ལྟར་འདོད་ཅིང་ཁས་ལེན་གྱིན་ཡོད་པའི་དགོངས་ཚུལ་བཏོན་འདུག
    འདི་ནི་ང་ཚོས་བ་ལ་ཝའི་སྒྲ་གདངས་ཐོན་མིན་གྱི་མྱོང་བ་ཞུ་རྒྱུ་དེ་མ་ཡིན་པར་བ་ལ་ཝའི་གདངས་དང་རྣམ་པ་ཀུན་ཏུ་མཚུངས་པར་འདོད་མཁན་ཀྱི་ཨ་མདོ་བའི་མཁས་པ་ཁོང་ཚོས་ཇི་ལྟར་གསུངས་ཡོད་མེད་ཀྱི་དྲི་བ་འདོན་དགོས་པ་དེ་ཡིན་འདུག་པས།ཕྲན་གྱིས་རྒན་ལགས་ལ་གུས་པ་ཆེན་པོས་དྲི་བ་གཉིས་འབུལ་ཆོག་པ་ཞུ་རྒྱུ་ཡིན།
    ༡༼བ༽་ལ་རྣམ་པ་ཐམས་ཅད་དུ་༼ཝའི༽གདངས་དང་ཡོངས་སུ་མཐུན་པར་འབོད་མཁན་ཨ་མདོ་བ་དེ་ཚོས་༼བ༽དང་༼ཝ༽གཉིས་སྐྱེ་གནས་གཅིག་ཏུ་འབོད་ཚུལ་ཚུལ་ཇི་ལྟར་དང་རྣམ་ཇི་འདྲ་ཡིན་ནམ། ༢དེ་ལྟར་འདོད་མཁན་ཨ་མདོ་བའི་མཁས་པ་མང་པོ་ཡོད་པར་དགོངས་པའི་སྔོན་བྱོན་མཁས་པ་དེ་ཚོ་སུ་སུ་ཡིན་པ་དང་།ཁོང་ཚོས་ཚུལ་ཇི་ལྟར་བ་ལ་ཝའི་གདངས་ཀྱིས་འབོད་དགོས་པར་ཨུ་ཚུགས་མཐར་སྐྱེལ་བྱས་འདུག་གམ།
    འདི་ལ་དགོངས་ཚུལ་ལྷུག་བརྗོད་གནང་བའི་རེ་བ་ཤིན་ཏུ་ཆེ།

    Reply
  33. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    སྔོན་ཆད་རིག་གནས་གསར་བརྗེ་ཡི་སྐབས་དེ་འདྲ་ཀློག་མཁན་བྱུང་མེད་ན་དེང་སང་དེ་འདྲ་གོ་ཡང་མ་མྱོང་། དེ་ན་རྒན་ལགས་འདིས་ཝ་མོ་དང་བ་མོ་གཉིས་གཅིག་མཚུངས་ལྟར་ཀློག་གིན་ཡོད་དམ།

    Reply
  34. ཟླ་བ་ཚེ་རིང་། says:
    ལོ་ 15 སྔོན།

    སྤྱིར་བཏང་ཨ་མདོ་བའི་སྐད་གདངས་ནང་བ་དང་ཝ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། སྒོམ་སྡེ་འཐོམས་ས་དེ་དབུས་པས་ཝ་ཡིག་བཀླགས་སྐབས་ཨ་མདོ་བའི་བ་ཡིག་གི་སྒྲ་གདངས་ལྟ་བུ་ཐོན་ཡོང་བ་དེ་མིན་འགྲོ།

    Reply
  35. བོད་ says:
    ལོ་ 15 སྔོན།

    སྒོམ་སྡེ་ལགས་ཁྱོད་ལ་ཁག་མེད། ཨ་མདོ་བའི་ངག་ནས་ཐོན་པའི་་་་བ་་་་དང་་་ཝ་་་་གཉིས་ལ་དབུས་པ་ཚོས་ཉན་ན་སྒྲ་འདྲ་བོ་ཐོན་གྱི་ཡོད་པ་རེད། དཔེར་ན་དབུས་པ་ཚོའི་ངག་ནས་ཐོན་པའི་་་ཏ་་་་དང་་་་ད་་་གཉིས་ཀྱི་ཁྱད་པར་ཨ་མདོ་བས་ཤེས་དཀའ་བ་ནང་བཞིན་རེད།
    འོན་ཀྱང་ཨ་མདོ་བའི་ནང་དེ་འདྲ་བཤད་ན་དགོད་སྤྲོ་བ་ཞིག་དང་དོགས་པ་མེད་པ་ཞིག་ཡིན་པ་འདྲ།

    Reply
  36. གནམ་ལྕགས། says:
    ལོ་ 15 སྔོན།

    བ་ནི་མཆུ་བཙིམ་ལ་ཁད་དུ་ཐོན་པའི་སྒྲ་གདངས་ཤིག་དང་། ཝ་ནི་མཆུའི་འཛིན་སྟངས་བ་དང་ཅུང་འདྲ་ཡང་མགྲིན་པ་ལས་ཐོན་པའི་སྒྲ་གདངས་ཤིག་ཡིན། གཅིག་བྱས་ན་རྒན་སྒོམ་སྡེ་བས་ཨམ་སྐད་མ་ཤེས་པའི་ལན་པ་སྟེ། དབྱིན་ཡིག་མི་ཤེས་པ་ཞིག་གིས་དེར་ཉན་དུས་ཚང་མ་ས་སི་ལྟ་བུའི་སྒྲ་ཞིག་གིས་བརྡ་སྤྲོད་པ་ལྟ་བུ་དང་། སོག་སྐད་མི་ཤེས་པ་ཞིག་གིས་དེར་ཉན་ན་ཧ་ཧིར་ལྟ་བུ་ཞིག་གོ་ཡི་རེད།

    ཨམ་སྐད་རྒྱག་མཁན་ཞིག་དང་དེ་གོ་མཁན་ཞིག་གིས་ཉན་ན། བ་དང་ཝ་གཉིས་ཀྱི་སྒྲ་གདངས་ལ་ཁྱད་པར་ཆེན་པོ་ཡོད་དེ། བའི་གདངས་ལ་མགྲིན་པའི་སྒྲ་ཟུར་ཙམ་ཡང་མི་འཐོན་པ་དང་། ཝའི་གདངས་ལ་མགྲིན་པའི་སྒྲ་ཤུགས་ཆེ་ཙམ་འཐོན་གྱི་ཡོད་པ་ཡིན། བསམ་པ་དང་སྒོམ་པ། སྙམ་པ་སོགས་ཀྱིས་བྲིས་པ་ཡིན་ཚེ་རྒན་ལགས་ནོར་འདུག་ཞུ་རྒྱུ་དང་། མྱངས་པ་དང་དཔྱད་པ། ཤེས་པས་བྲིས་པ་ཡིན་ཚེ་རྒན་ལགས་ཀྱིས་ཨམ་སྐད་ཀྱི་ཐད་ནས་ཆེད་དུ་གླེང་ཕྱོགས་ཤིག་བཟོ་འདོད་པ་མིན་ན། གོང་གི་རྩོམ་ཡིག་འདི་ནི་ནོར་བ་དང་ཤིན་ཏུ་ནོར་འདུག་ཞུ།

    Reply
  37. སྟག་སྨྱོན། says:
    ལོ་ 15 སྔོན།

    སྒོམ་སྡེ་ཟེར་བ་འདི་ངོ་ནས་མི་ཁྱད་མཚར་ཞིག་རེད། བ་ལ་ཝ་འབོད་སྲོལ་བོད་ས་གང་དུའང་མེད། གླེན་པ་ཨུ་ཚུགས་ཅན་རེད། ངོ་ནས་གྲགས་པ་རྒྱལ་མཚན་ཟེར་མཁན་དེ་ལ་ཡང་ཁག་མེད་འདུག གནས་ལུགས་ལ་མི་ལྟ་བའི་མི་འདི་རིགས་གྲགས་པ་རྒྱལ་མཚན་གྱི་བྱེད་སྟངས་དེ་ལས་ལྷག་མེད་འདུག རྩོམ་སྒྲིག་པས་བདེན་མེད་ཀྱི་དཀྲུགས་རྐྱེན་རིན་ཐང་མེད་པ་འདི་འདྲ་བཀོད་པར་བློ་ཕམ་བྱུང་། འདི་ལ་གསལ་བཤད་བྱས་ན་གླེན་པ་རེད།

    Reply
  38. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    འདི་ཕལ་ཆེར་རྒན་ལགས་ཨམ་སྐད་ལ་རྒྱུས་མེད་པའི་རང་མཚང་སྟོན་པ་ཙམ་ལས་རྒན་ལགས་ཀྱི་རེ་འདུན་ལྟར་སྒྲུབ་བྱེད་རྣོ་ངར་བ་ཞིག་ཡོང་ཐབས་མེད་པ་དེ་ཡིན། ཨ་མདོ་བས་མཆུ་ལས་ཐོན་པའི་བ་དང་རྐན་ལས་ཐོན་པའི་ཝ་གཉིས་ལ་སྒྲ་གདངས་ཐ་དད་ཡིན་པ་སེའུ་བཅུ་བས་ཀྱང་ངག་ལས་ཀྱང་གསལ་རྟོགས་ངེས་སོ།

    Reply
  39. ཨ ༚ བཙན་པོ། says:
    ལོ་ 15 སྔོན།

    ངེད་ཅག་ཨ་མདོས་བ་ལ་ཝར་འབོད་པའི།།
    ཁུངས་ཞིག་མེད་ལ་རིགས་སྒྲུབ་དེ་ལས་མེད།།
    དེ་ཡི་ཕྱིར་ན་ཉིད་ཀྱི་དྲི་བ་དག།
    རང་བཞིན་གྱིས་ནས་ནུས་མེད་གྱུར་ཟིན་ཏོ།།
    ཞེས་ཀྱང་ཞུའོ།།

    Reply
  40. ཨ ༚ བཙན་པོ། says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ་ལགས་ལ་འཚམས་འདྲི་དང་བཅས་ཞུ་རྒྱུར།
    ཨ་མདོས”བ”་ལ་”ཝ”་རུ་འདོད་པ་ནོར།།
    གནོད་བྱེད་ཆེན་པོ་གཉིས་ཀྱང་ནུས་མེད་གྱུར།།
    ལེགས་སྦྱར་འགའ་ཞིག་བཅུག་པའང་དོན་མེད་རེད།།
    དེ་ལས་ཨ་སྐད་རང་ལ་དཔྱད་པར་འཚལ།།

    Reply
  41. བཀྲ་ཤིས་རྒྱ་མཚོ says:
    ལོ་ 15 སྔོན།

    སྒོམ་སྡེ་ལགས་
    འདྲི་རྒྱུ ཞིག་ལ་ ཁྱོད་ཀྱིས་བདག་སྒྲའི་ཕྲད་ཅི་ལྟར་ཀློག་བཞིན་ཡོད།

    Reply
  42. རྭ་ལོ། says:
    ལོ་ 15 སྔོན།

    དབུས་ནས་ཀློག་པའི་༼ཝ་༽ཡིག་སྐོར་ཞིག

    ལོང་བ། སྒོམ་སྡེ་བ། དྲི་བ། ཨ་མདོ་བ། རེ་བ། ཟླ་བ། ཁ་བ། གླ་བ། དགོ་བ། ཤ་བ། རྣ་བ། དང་བ། ཁུ་བ། ཤོར་བ། མཆེ་བ། ཀ་བ། བུང་བ། ཆུང་བ། ཆེ་བ། འདྲ་བ། ལ་བ། འཆོར་བ། ཤི་བ། དེ་བས་སོགས་མང་པོ་འདུག འདི་དག་ལ་ཡང་དཔྱད་པ་རེ་གནང་རོགས།

    Reply
  43. ཡོན་བྷེ། says:
    ལོ་ 15 སྔོན།

    ཞིབ་མོར་གླེང་ཞིང་ཞིབ་ལ་དགའ་བའི་རྒན་རབས་སྒོམ་སྡེ་ལྷ་རམས་པ། །
    ཞིབ་འཇུག་བྱེད་པར་ཞིབ་མོའི་བློ་ཡིས་ནན་ཏུར་བརྟག་པ་མི་བྱེད་པར། །
    ཞིབ་རྒྱུ་ཡིན་ཞེས་ཞིབ་ཁུལ་བྱས་ཚེ་མཁས་པ་མ་ཟད་བླུན་པོའི་སར། །
    བརྡ་ནོར་གོ་ནོར་བརྟུན་མར་བྱུང་ན་ངོ་ཚའི་ཚིག་མཚོན་ཉོ་ན་ཐང་། །

    Reply
  44. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    རྒན་སྒོམ་སྡེ་ལྷ་རམས་པ་མཆོག་ལ་ཞུ་འདོད་པ་ནི། ཐོག་མར་སྐུ་ཉིད་ཀྱི་ཕྱག་རྩོམ་འདིའི་མགོ་ཁ་བྱང་ནས་ནོར་འདུག་སྟབས་ལན་གྱིས་བསྙད་དགོས་པ་ཅི་ཡང་མ་མཐོང་མོད། མིང་གྲགས་ཆེ་བའི་རྒན་རབས་མཁས་པ་ཞིག་འདི་ལྟར་རྨོངས་པར་ལུས་ན་ཕངས་སེམས་ཀྱིས་བསམ་འཆར་ཅུང་ཞིག་ཐད་ཀར་འབྲི་འདོད་བྱུང་།

    ༡༼ཨ་མདོ་བས་བ་ལ་ཝར་འབོད་པ་ལ་གནོད་བྱེད་ཆེན་པོ་གཉིས ༽ ཞེས་པ་ནི་རྦད་དེ་ནོར་སོང་སྟེ། ཨ་མདོ་བས་བ་ལ་ཝར་དུས་ནམ་ཡང་འབོད་མ་མྱོང་ལ་ཕྱིན་ཆད་ཀྱང་འབོད་སྲིད་ཀྱི་མ་རེད་སྙམ། ཉིད་ཀྱི་སྙན་ཅོག་གིས་གསན་ནོར་བྱུང་བ་ཡིན་ཤག་ལས་ང་རང་ཨ་མདོ་ནས་སྐྱེས་ཤིང་ཨ་མདོའི་སྐད་སྨྲ་སྒོ་ནས་རྒྱང་ལ་གཡུགས་ཐབས་བྱས་ཀྱང་ཚུར་འབྱར་ཏེ་ཡོང་མཁན་ཞིག་ཡིན་ཀྱང་། བ་ལ་ཝར་ནམ་ཡང་འབོད་མ་མྱོང་།
    ༢ ཉིད་ཀྱིས་གསུངས་པ་ལྟར་གསེར་ཏོག་རྗེས་འབྲངས་དང་བཅས་པས་གཏན་འབེབས་གནང་བའི་པ་སྡེའི་སྐྱེ་གནས་མཆུ་ལས་བྱུང་བ་མཐུན་སྣང་དུ་ཁས་ལེན་པ་མ་ཟད། དེ་ལྟར་ཀློག་བཞིན་པའང་ཡིན། མཆུ་བཙུམ་ཙམ་ལས་ཝ་སྒྲ་འབྱུང་དཀའ་ཡང་ཨ་མདོ་བས་བརྗོད་པའི་བ་སྒྲ་ནི་ངལ་བ་ཅི་ཡང་མེད་པར་འབྱུང་སྟེ། དེའི་སྒྲ་འབྱིན་ཚུལ་ནི། དབྱིན་ཡིག་གི་ V དང་ཤིན་ཏུ་ཉེ་བ་ཞིག་ཡིན་ལ། ཨ་མདོ་བ་ཚོས་ཝ་དང་བ་ནི་རྣ་བར་ཐོས་ཙམ་དང་ལྕེ་སྣེར་བླངས་ཙམ་ནས་དབྱེ་ཐུབ་པོ།
    ༣ གཞན་ལེགས་སྦྱར་གྱི་ཡིག་གཟུགས་བླངས་ཚུལ་དང་དེར་ཁུངས་བཅོལ་བ་ནི་སྐབས་འདིར་དགོས་པ་ཅི་ཡང་མ་མཐོང་།
    ༤ དྲི་བ་ཞིག་ལ། ཉིད་ཀྱིས་གསུངས་པ་ལྟར། སྤྱི་བོ་དང་དགའ་བོ་ལྟ་བུའི་བོ་ཞེས་པའི་མིང་གཞི་དེ་གསལ་བྱེད་རྐྱང་བའི་ནང་ཀློག་སྐབས་ ba་དང་མིང་མཐའ་འགའ་ཞིག་ནས་VO་རུ་ཇི་ལྟར་སོང་བ་དང་། བ་ཡིག་གི་རྩ་བའི་སྒྲ་གདངས་ba ཡིན་ན་སྤྱི་བོ་ཞེས་པའི་མིང་མཐའི་བ་ཡིག་གི་སྒྲ་གདངས་གསལ་བྱེད་སུམ་ཅུའི་ནང་ཆད་སྐྱོན་བྱུང་བ་མ་ལགས་སམ།
    ༥ ཝ་ཡིག་ལ་མེད་ཀྱང་ཆོག་པའི་ཡི་གེ་གཅིག་ཅེས་པའང་ཕལ་ཆེར་ཉིད་ཀྱི་དགོངས་ཚུལ་དེ་ལས་རིང་དུ་འདས་པ་ཞིག་ཡིན་པ་འདྲ་མོད། གནས་སྐབས་བཞག
    གུས་པ་དང་བཅས།

    Reply
  45. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཨ་མདོའི་སྐད་ལ་ཆ་རྒྱུས་གཏན་ནས་མེད་པ་འདྲ།

    Reply
  46. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    སྒོམས་སྡེ་བས་དཔྱད་ཐུང་འདི་བཀླགས་པ་ཡིན། ཁོང་ལ་དགོས་པ་དེ་ཨ་མདོ་བས་བ་ཡིག་ཡོད་ཚད་ལ་ཝར་འབོད་པའི་ཁུངས་གང་ཡིན་དང་། འབོད་དགོས་པའི་རིགས་པའི་སྒྲུབ་བྱེད་རྣོ་ཞིང་ངར་བ་ཞིག་ཅིས་ཀྱང་དགོས་པ་དེ་རེད་འདུག

    འོན་ཀྱང་ཨ་མདོ་བས་ནི་“༼བ༽”ལ་རྣམ་པ་ཐམས་ཅད་དུ་“༼ཝར༽”འབོད་དགོས་པར་འདོད་པ་ནི་ཤིན་ཏུ་ནོར་་་་ཞེས་ཐག་གཅོད་ཆེན་པོ་གནང་བ་འདི་གླེང་གཞི་ཞིག་བཟོ་འདོད་མིན་ན་མ་བརྟག་མ་དཔྱད་པའི་ཐག་གཅོད་ཅིག་རེད།

    གཞུང་ལུགས་ཀྱི་ཆ་ནས་ཨ་མདོ་བས་བ་དང་ཝའི་སྒྲ་གདངས་ཀྱི་རྣམ་གཞག་ལ་བཤད་པ་འགའ་རེ་ཡོད་ཀྱང་། བཤད་པ་དེ་ཨ་མདོ་བ་གཅིག་པུ་ག་ལ་ཡིན་ཏེ། ཞྭ་ལུ་ལོ་ཆེན་དང་དཀར་ལེབ་དྲུང་ཡིག་སོགས་ཀྱིས་ཀྱང་འདིའི་བཤད་པ་མང་དུ་གནང་ཡོད།
    ད་ནི་ལག་ལེན་གྱི་སྟེང་ནས་ཨ་མདོ་བས་བ་དང་གཉིས་ཐ་དད་དུ་ཀློག་ཅིང་སྤྱོད་པའི་ཚུལ་རྣམས་དཔེའི་ལམ་ནས་ཅུང་ཟད་ཅིག་ར་སྤྲོད་པར་བྱའོ།

    བུ་མོ་་མགོ་ལ་ཝ་ཞ་གྱོན་ན་ཡང།
    བ་མོ་འཇོ་བ་ཙམ་ལས་མ་ཤེས་ན།
    ཝ་མོའི་པགས་པ་རྒྱན་དུ་མི་འགྱུར་བས།
    བོད་པའི་བུ་མོའི་ཁྱད་ཆོས་དེ་འདྲ་མིན།

    འདི་དང་འདི་འདྲའི་བརྗོད་ཚིག་མང་པོའི་ནང།
    ཝ་དང་བ་ཡིན་བརྗོད་པ་ཐ་དད་པ།
    ཨ་མདོ་བ་ལ་ཧ་ཅང་གསལ་བས་ན།
    ལྷ་རམས་མཁས་པས་ཐུགས་ཉམས་གང་དུ་བཞག

    ཡི་གེ་འབྲི་ཀློག་གང་ཡང་མི་ཤེས་པའི།
    གྲོང་གི་རྒན་རྒོན་གནག་རྫི་བྱིས་པས་ཀྱང་།
    ཝ་མོ་བ་མོའི་ཁྱད་པར་བརྗོད་ཚིག་གིས།
    ཧ་ཅང་གསལ་བར་འབྱེད་པ་ཨ་མདོའི་ལུགས།

    ཐོལ་བྱུང་འདི་འདྲ་ཐོལ་གྱིས་བྲིས་པ་ཡང་།
    ང་ལ་ཨམ་ཞེན་ཆེ་བ་མ་ལགས་མོད།
    བདག་གི་བརྗོད་པ་ལྕེ་རྐན་གཡོ་བར་ན།
    ཝ་དང་བ་ཡི་ཁྱད་པར་གསལ་ཕྱིར་རོ།

    Reply
  47. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཨམ་སྐད་ལ་ཆ་རྒྱུས་གཏན་ནས་མེད་པ་འདྲ།

    Reply
  48. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    སྒོམ་སྡེ་ལགས། ཨ་མདོ་བས་ཝ་ཀློག་སྟངས་དང་དབུས་གཙང་དང་ཁམས་པས་ཝ་ཀློགས་སྟངས་ལ་ཁྱད་པར་ཆེན་པོ་ཡོད། ཨ་མདོ་བས་བ་ཀློག་སྐབས་སྐྱེ་གནས་མཆུ་་བེད་སྤྱོད་བྱེད་ཅིང་ཝ་ཀློག་སྐབས་མགྲིན་པ་བེད་སྤྱོད་བྱེད་པ་ཡིན། ཨ་མདོ་བའི་ཝ་ཀློག་སྟངས་འདི་དབུས་གཙང་པ་དང་ཁམས་པའི་ཡོངས་དཀའ། ཧྤ་རིན་སི་དང་སོག་པོའི་སྐད་ཀྱི་ནང་དུ་ཀློག་སྟངས་འདི་མང་པོ་ཡོང་གི་འདུག རབ་བྱུང་ན་སྐུ་ཉིད་ཀྱིས་ཨ་མདོ་བ་ཞིག་ལ་ཀློག་བཅུག་སྟེ་ལེགས་པར་གསན་རོགས་གནང་།

    Reply
  49. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    དངོས་ཉིད་བགྲོ་གླེང་འདི་ལྟ་གནང་བ་དེ་མཁས་པས་བྱེད་སྟངས་འདི་ལྟ་ཡིན་པ་འདྲ་བྱས་ན་འདིའི་ཐད་ཕྱོགས་སུ་མ་ལྷུང་བའི་ཐོག་ནས་བགྲོ་གླེང་གང་མང་ཡོང་བའི་རེ་སྒུག་ངང་
    གནས་བཞིན་མཆིས།

    Reply
  50. གནམ་ལྕགས། says:
    ལོ་ 15 སྔོན།

    རྒན་སྒོམ་སྡེ་བ་ལགས་བྱོན་པ་ལེགས། སྐུ་བདེའམ།

    བདག་ནི་ཨ་མདོ་བ་ཞིག་ཡིན་ལ། ཨམ་སྐད་ཀྱི་ཐད་ནས་སྒྲ་གདངས་དག་ཤོས་ཀྱི་ཡུལ་ཞིག་ནས་སྐྱེས་ཤིང་འཚར་བ་ཞིག་ཡིན་མོད། དེ་རིང་བར་དུ་ཝ་དང་བ་གཉིས་གཅིག་ཏུ་ཀློག་མཁན་ཞིག་མཐོང་མ་མྱོང་ལ། བཀླགས་ཀྱང་མ་མྱོང་། གཅིག་བྱས་ན་དེ་ནི་དོ་སྣང་མ་བྱུང་འདྲ་ཡིན་སྲིད། བདག་གིས་གསལ་བཤད་ཀློག་སྐབས་བ་དང་ཝ་གཉིས་ཀྱི་སྐྱེས་གནས་ལ་ཁྱད་པར་ཤིན་ཏུ་ཆེ་བ་ཡོང་གི་འདུག དེ་ལྟ་ན་སྐུ་ཉིད་ཀྱིས་བ་དང་ཝ་གཉིས་གཅིག་ཏུ་ཀློག་མཁན་གྱི་ཨ་མདོ་བ་སུའི་མདུན་ནས་བརྗོད་གཞི་རྙེད་སོང་ངམ་ཞེས་དྲི་བ་ཞིག་མི་འདྲ་ཐབས་མེད་བྱུང་།

    ཡང་བཤད་རྒྱུ་ཞིག་ལ། སྔོན་མའི་སུམ་རྟགས་སོགས་སུ་བསྟན་པའི་སྐྱེས་གནས་ཀྱི་དཔེ་རིས་ལ་ཁུངས་གཏུགས་ཀྱི་ཡོད་ཚེ། རང་རེའི་བོད་གངས་ཅན་གྱི་སྐད་ཐམས་ཅད་དུ་དེ་འདྲའི་སྣང་ཚུལ་མང་བོ་ཡོང་གི་འདུག་ཞུ་རྒྱུ་དང་། དེ་མ་ཡིན་པའི་ཡུལ་སྐད་བྱེ་བྲག་པ་ཞིག་ལ་གཞི་བཅོལ་གྱི་ཡོད་ན་ནི་དེར་ཟད།

    རྒན་ལགས་ཀྱིས་འདི་འདྲའི་ཆུང་ཚེགས་ཀྱི་རིགས་ལའང་ཕུ་འདེད་གཏོང་གིན་པ་ནི་ཅི་འདྲའི་དགའ་བ་དང་སྤྲོ་བ་ཕན་ཚུན་འགྲན་པ་ལྟ་བུ་ཞིག་ལོས་ཡིན། གལ་སྲིད་བདག་གི་བློ་རིག་གིས་མ་རྙེད་པའི་གནད་འགག་ཅན་གྱི་གཞི་ཞིག་ཡིན་ཚེ། རྒན་སྒོམ་སྡེ་བ་མཆོག་གིས་དེ་ལུགས་འགྲེལ་བརྗོད་ཡོད་པ་ཞུ་ཞུ། ཞེས་གནམ་ལྕགས་ཀྱིས་གུས་ཕུལ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese