༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ལ་ཕྱག་རྟགས་བསྩལ་ཡོད་འདུག
བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཚོགས་ཁང་དུ་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཡོད་ལ། མཛད་སྒོའི་སྟེང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གསུངས་དོན། ད་ལོའི་ཕྱི་ཟླ་ ༢ པའི་ནང་༧གོང་ས་མཆོག་ཨ་རིར་ཕེབས་སྐབས་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ལ་ཕྱག་རྟགས་ཤིག་སྩལ་རྒྱུ་ཡིན་སྐོར་གསུངས་པ་བཞིན། དེ་རིང་གི་ཉིན་འདིར་༧གོང་ས་མཆོག་གིས་གྲོས་ཚོགས་ཀྱི་དཔེ་མཛོད་ལ་དུས་རབས་ ༡༨ ནང་བཞེངས་པའི་རྟོགས་བརྗོད་མཛད་བརྒྱ་དཔག་བསམ་ཁྲི་ཤིང་གི་ཞལ་ཐང་གཅིག་དང་། མཎྜལ་གཅིག དེ་བཞིན་གསེར་གྱི་མཆོད་ཀོང་གསུམ་བཅས་ཕྱག་རྟགས་སུ་བསྩལ་པ་རེད་ཅེས་གསུངས་ཡོད་འདུག་ལ། སྐབས་དེར་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་༧གོང་ས་མཆོག་གིས་བསྩལ་པའི་ཕྱག་རྟགས་རྣམས་རེ་རེ་བཞིན་དཔེ་མཛོད་དོ་དམ་པ་སྐུ་ཞབས་ཇེམ་སི་བྷི་ལིང་ཊོན་ལགས་སུ་ཕུལ་ཡོད་འདུག
འདིའི་ཐད་དཔེ་མཛོད་དོ་དམ་པས་བརྗོད་དོན། ༧ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༣ པ་མཆོག་གིས་ཕྱི་ལོ་ ༡༩༠༨ ལོར་ཨ་རིའི་སྐུ་ཞབས་ཝིལ་ཡུམ་རོག་ཧིལ་ལ་བསྩལ་བའི་ཕྱག་རྟགས་རྣམས་ཟླ་ ༢ པའི་ནང་༧གོང་ས་མཆོག་དཔེ་མཛོད་འདིར་ཆིབས་སྒྱུར་སྐབས་སྤྱན་བསྟར་ཞུ་ཐུབ་པ་བྱུང་ཡོད་ལ། ད་ཐེངས་སླར་ཡང་ཕྱག་རྟགས་ཤིག་བསྩལ་བ་དེ་ནི་ཨ་རི་དང་ཏཱ་ལའི་བླ་མའི་བར་གྱི་བཟང་པོའི་འབྲེལ་ལམ་གྱི་མཚོན་དོན་ཞིག་ཡིན། དམིགས་བསལ་སྐུ་ཚབ་བརྒྱུད་ངས་༧ཏཱ་ལའི་བླ་མ་མཆོག་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁྱེད་ཉིད་སླར་ཡང་དཔེ་མཛོད་འདིར་ཕེབས་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ཅེས་གསུངས་འདུག
གསར་འགོད་པ། དཔལ་ལྡན་རྒྱ་མཚོ།