མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིས་སྟོང་བརྒྱད་ལོའི་མེ་ལྕེ་དེ་ཤི་རུ་མ་འཇུག

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ། ཐོག་མར་ཁྱེད་རང་ལོ་གཞོན་ནའང་མི་ཚེ་ནང་གི་དེབ་དང་པོ་བཏོན་པ་དང་། ཕྱི་རྒྱལ་བ་ཞིག་གིས་ཉིས་སྟོང་བརྒྱད་ལོར་བོད་ནང་བྱུང་བའི་གནས་ཚུལ་རྣམས་དངོས་སུ་འཚོལ་བསྡུ་བྱས་ནས་སྐད་ཡིག་གཞན་པའི་ནང་དེབ་བཏོན་པ་ཐེངས་དང་པོ་རེད་འདོད། བོད་ཀྱི་དུས་བབ་ཀྱི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

ཨེ་ལོ་ཌི། ཐུགས་རྗེ་ཆེ། ངའི་དེབ་བཏོན་པ་ནས་དུས་ཚོད་ཐུང་ཐུང་ཞིག་གི་ནང་བརྒྱུད་ལམ་མང་པོ་ཞིག་གིས་བཅར་འདྲི་བྱས་སོང་། དུས་བབ་ནང་བཞིན་བོད་ཀྱི་བརྒྱུད་ལམ་ཞིག་གིས་བཅར་འདྲི་གནང་བ་ཐེངས་དང་པོ་ཡིན། ང་རང་དཔེ་མི་སྲིད་པའི་དགའ་བོ་བྱུང་། ཡང་བསྐྱར་ཐུགས་རྗེ་ཆེ་ཞུ།

བོད་ཀྱི་དུས་བབ། ཉིས་སྟོང་བརྒྱད་ལོར་བོད་ནང་དོན་རྐྱེན་བྱུང་སྐབས་བརྒྱུད་ལམ་ཁག་ཏུ་ཉིན་བཞིན་གནས་ཚུལ་ཐོན་ཡོད། ཡིན་ནའང་དེང་སྐབས་མི་ཚང་མས་ལོ་གཉིས་སྔོན་གྱི་བོད་ནང་གི་བྱུང་བ་དག་དྲན་པ་བརྗེད་ཚར་བ་ལྟར་ཆགས་འདུག ཁྱེད་རང་ལོ་གཞོན་ཞིག་རེད། བོད་ནང་གི་གནས་སྟངས་དེའི་སྐོར་ལ་དེབ་ཅིག་འདོན་པའི་ཐོག་མའི་བསམ་བློ་ཟེར་ན་རེད། དམིགས་ཡུལ་དང་གནས་སྟངས་དེ་གང་འདྲ་བྱས་ནས་བྱུང་སོང་།

ཨེ་ལོ་ཌི། སྤྱིར་བཏང་སྔོན་མ་ནས་ང་རང་བོད་ཀྱི་སྐོར་ལ་དོ་སྣང་ཡོད་མཁན་ཞིག་ཡིན། ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པ་ཚེས་པ་ནས་བོད་ནང་ཡར་ལངས་དང་ངོ་རྒོལ་རྒྱུན་མཐུད་ནས་བྱུང་བ་རེད། དེའི་སྒང་ལ་པེ་ཅིན་ཨོ་ལིམ་པིག་དཔལ་འབར་ཕ་རི་སིར་བརྒྱུད་སྤྲོད་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་བཀག་འགོག་དང་ངོ་རྒོལ་ཤུགས་ཆེན་པོ་བྱས་པ་རེད། དེས་ང་ལ་ཚོར་བ་ཤུགས་ཆེན་པོ་ཞིག་སྐྱེས་བཅུག་སོང་། སྐབས་དེར་ངས་བོད་ནང་གི་དངོས་ཡོད་གནས་སྟངས་གང་འདྲ་ཡིན་མིན་དང་། དམིགས་བསལ་པེ་ཅིན་ཨོ་ལིམ་པིག་ཚུགས་སྐབས་བོད་ནང་གནས་ཚུལ་ག་རེ་བྱུང་མིན་ཤེས་འདོད་དང་ལྟ་འདོད་ཅིག་གིས་ལྷ་སར་འགྲོ་རྒྱུ་ཐག་བཅད་པ་ཡིན། ཐབས་ལམ་དང་དཀའ་ངལ་མང་པོ་ཞིག་བརྒྱུད་ནས་ལྷ་སར་འབྱོར་བ་རེད། རང་གིས་གང་མཐོང་ཞིང་ཐོས་པ་དང་། དམིགས་བསལ་བོད་མི་གང་མང་ཞིག་དང་འབྲེལ་བ་བྱས་ནས་ཕྱི་ལོགས་ནས་ཤེས་མི་ཐུབ་ཅིང་། ཁོ་ཚོའི་ལུས་སེམས་གཉིས་ལ་འཕྲད་བཞིན་པའི་དཀའ་སྡུག་རྣམས་ཁ་ཐུག་ཁ་ཐུག་ལ་གནས་ཚུལ་བཟོས་ནས་བརྒྱུད་ལམ་ཁག་ལ་བཏང་བ་ཡིན། ངས་བཏང་བ་རྣམས་བརྒྱུད་ལམ་ཁག་གི་དགོས་འདུན་དང་མ་འཚམ་པའམ། ཡང་ན་ཁོ་ཚོར་དགོས་པའི་གནས་ཚུལ་ངས་གཏོང་མ་ཐུབ་པ་གང་ཡིན་ངས་ཤེས་མ་སོང་། གང་ལྟར་ངས་དུས་ཐོག་ཏུ་བཏང་བའི་གནས་ཚུལ་རྣམས་བརྒྱུད་ལམ་གཅིག་གཉིས་ཤིག་གིས་མ་གཏོགས་བཏོན་མི་འདུག དེ་ཡང་གནས་ཚུལ་ཐུང་ཐུང་མ་གཏོགས་ཕལ་ཆེ་བ་བཏོན་མི་འདུག བོད་མི་ཚོ་དངངས་སྐྲག་དང་དོགས་ཟོན་འོག་ཡོད་ནའང་ངས་ཕར་འབྲེལ་བ་བྱེད་སྐབས་ཚང་མས་སོ་སོའི་བདེ་འཇགས་ལ་བསམ་བློ་མ་བཏང་བར་གནས་སྟངས་ངོ་མ་དག་ང་ལ་བཤད་ཡོང་གི་འདུག ཁོ་ཚོའི་རེ་བ་དེ་འཛམ་གླིང་མི་དམངས་ཀྱིས་ཤེས་ཆེད་རེད། ང་གཅིག་པུས་མཐོང་ཤིང་ཐོས་པས་འགྲིག་གི་མི་འདུག གང་ལྟར་བརྒྱུད་ལམ་ཁག་གིས་གནས་ཚུལ་འདོན་ཐུབ་མ་སོང་བས་ངས་དེའི་ཁ་གསབ་ཀྱི་ཚབ་ཏུ་དེབ་འདི་བཏོན་པ་ཡིན། བསམ་བློ་ཟེར་ན་རེད། དམིགས་ཡུལ་ཟེར་ན་རེད། དེབ་འདོན་འདོད་དེ་ལྟར་བྱུང་སོང་།

བོད་ཀྱི་དུས་བབ། ཁྱེད་རང་ལྷ་སར་འབྱོར་སྐབས་ནི་རྒྱ་ནག་གིས་ཕྱི་མི་བོད་ནང་འགྲུལ་བསྐྱོད་བྱེད་རྒྱུར་བཀག་རྒྱ་བསྡམས་ཡོད་པའི་སྐབས་རེད། དཔེར་ན་སྐབས་དེར་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་འགའ་བོད་ནང་ཕེབས་རྩིས་གནང་ནའང་ཐོངས་ཆེན་སྤྲད་ཡོད་པ་མ་རེད། སོང་ཙང་བཀག་རྒྱ་དེ་འདྲ་ཞིག་གི་ནང་ནས་ཁྱེད་རང་ལྷ་སར་གང་འདྲ་བྱས་ནས་ཐར་སོང་།

ཨེ་ལོ་ཌི། དང་པོ་ངས་གསར་འགོད་པའི་ཐོངས་ཆེན་ཞུས་པ་ཡིན། དེ་སྤྲད་མ་སོང་། དེ་ནས་ཡུལ་སྐོར་བའི་མིང་ཐོག་ནས་ཞུས་སྐབས་པེ་ཅིན་ལ་འགྲོ་ཆོག་པའི་ཐོངས་ཆེན་སྤྲད་སོང་། དེ་དུས་ཕྱི་ཟླ་བདུན་པ་ཙམ་རེད། རྒྱ་ནག་གིས་བོད་ནང་འགྲོ་ཆོག་པའི་སྒོ་ཡང་བསྐྱར་ཕྱེ་ཚར་ཙམ་རེད། ཡིན་ནའང་། དེ་ལ་གཞུང་གི་སྟངས་འཛིན་འོག་དང་། དངུལ་ཀྱི་འགྲོ་སོང་ཕོན་ཆེན་པོ། སྣེ་ཤན་པ་སོགས་ཆ་རྐྱེན་མང་པོ་ཞིག་དགོས་ཀྱི་འདུག ང་རང་ཐད་ཀར་ལྷ་སར་འགྲོ་ཆོག་གི་མེད་པ་དང་ཆ་རྐྱེན་དེ་ཚོ་བསྒྲུབ་ཐུབ་ཀྱི་མི་འདུག ངས་སེམས་ཐག་བཅད་ནས་རང་ཉིད་ཁེར་རྐྱང་དུ་བོད་ནང་འཛུལ་རྒྱུ་བྱས་པ་ཡིན། དང་པོ་ཟི་ལིང་དུ་སོང་བ་ཡིན། མཚོ་སྔོན་དང་ལྷ་སའི་བར་གྱི་འགྲུལ་ལམ་མ་ཕྱེ་བར་དེ་གར་ཉིན་མང་པོ་ལྷགས་སོང་། དེ་དུས་ཟི་ལིང་ཁུལ་གྱི་བོད་མི་མང་པོ་ཞིག་དང་འབྲེལ་བ་བྱེད་ཐུབ་པ་བྱུང་། ཐབས་ཤེས་འདྲ་མིན་བཏང་མཐར་ཉིན་ཞིག་ལྷ་སར་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ཞིག་རག་སོང་། ལམ་བར་ནས་དུས་ཚོད་ལྔ་བཅུ་ང་ལྔ་ལྷག་འགོར་སོང་། ཁ་ལོ་བ་རྒྱ་མི་ཞིག་རེད། ཁོས་བཤད་པ་ལྟར་དམག་མིའི་སྔོག་བཤེར་ས་ཚུགས་ཁག་ལ་སླེབས་སྐབས་རླངས་འཁོར་རྒྱབ་ལོགས་ཀྱི་སྒམ་ཆུང་ནང་ཉལ་ཆས་འོག་བཀབ་བསྡད་པ་སོགས་འདྲ་མི་འདྲ་བྱས་པ་ཡིན། མཚམས་ལ་ལར་སྔོག་བཤེར་དམ་པོ་བྱེད་གི་འདུག དེ་དུས་དུས་ཚོད་གཉིས་གསུམ་རིང་ལ་བཀབ་ནས་སྡོད་དགོས་ཀྱི་འདུག ངོ་མས་དཀའ་ལས་ཁག་སོང་། མཐའ་མ་དེར་ཕྱི་ཟླ་བརྒྱད་པའི་ཚེས་གཉིས་ཉིན་ལྷ་སར་ཐར་ཐུབ་ཙམ་བྱུང་སོང་།

བོད་ཀྱི་དུས་བབ། བོད་ནང་ཁྱེད་ཀྱི་འབྲེལ་བ་གནང་སའི་བོད་མི་མང་ཤོས་ག་རེ་རེད། དམིགས་བསལ་ཛ་དྲག་གི་དུས་ཚོད་དེ་འདྲའི་སྒང་ལ་འབྲེལ་བ་གནང་སྟབས་བདེ་བོ་འདུག་གམ།

ཨེ་ལོ་ཌི། ང་རང་ཕྱི་ཟླ་བརྒྱད་པའི་ཚེས་གཉིས་ནས་ཟླ་མཇུག་བར་དུ་ལྷ་སར་བསྡད་པ་ཡིན། དེ་ནས་ཉེན་རྟོག་པས་ཆོག་མཆན་མེད་པ་ཤེས་སྟབས་ཕྱིར་པེ་ཅིན་དུ་ཕྱིན་པ་ཡིན། ཕྱི་ཟླ་དགུ་བའི་ཟླ་དཀྱིལ་དུ་ཡང་བསྐྱར་ལྷ་སར་འཛུལ་བ་ཡིན། ཅུང་མ་འགོར་བར་ཕྱིར་ཕུད་བཏང་སོང་། དེ་ནས་པེ་ཅིན་དུ་ཡོད་པའི་ «  le monde »  གསར་ཁང་དང་འབྲེལ་བ་བྱས་ནས་ཕྱི་ཟླ་བཅུ་གཅིག་པའི་ནང་ཡང་བསྐྱར་ཕྱིན་པ་ནས་ཉིས་སྟོང་དགུ་ལོའི་ཕྱི་ཟླ་གཉིས་པའི་བར་བསྡད་པ་ཡིན། ལོ་དེའི་གསུམ་བཅུའི་དུས་དྲན་སླེབས་གྲབས་ཡོད་སྐབས་ཡང་བསྐྱར་པེ་ཅིན་དུ་བསྐྱལ་སོང་། དུས་ཚོད་དེའི་ནང་ངས་བོད་མི་ལས་བྱེད་པ་དང་ལས་མེད། སྐྱ་བོ་དང་སེར་མོ། གྲོང་ཁྱེར་དུ་སྡོད་མཁན་དང་གྲོང་གསེབ་པ། ཤེས་ཡོན་པ་དང་ཡི་གེ་མི་ཤེས་མཁན། གཞོན་པ་དང་རྒན་པ་སོགས་གང་མང་མང་ཞིག་དང་འབྲེལ་བ་བྱས་པ་ཡིན། མང་ཤོས་གཞོན་སྐྱེས་མཐོ་རིམ་སློབ་གྲྭར་འགྲོ་མཁན་ཚོ་རེད། ངས་བོད་སྐད་ཚིག་ཁ་ཤས་ཤིག་མ་གཏོགས་རྒྱ་སྐད་ཤེས་གི་མེད། ཁ་ཐུག་དེར་འབྲེལ་བ་བྱེད་རྒྱུ་ཁག་པོ་འདུག བོད་མི་ཚོ་ཞེ་དྲག་གི་དངངས་སྐྲག་དང་འཛེམས་དོགས་ནང་ཚུད་ནས་འདུག ལྷ་སར་སྡོད་སྐབས་ངས་མགྲོན་ཁང་ལས་ཁྱིམ་ཚང་ནང་འདུག་ཐབས་བྱེད་རྒྱུར་འབད་བརྩོན་བྱས་པ་ཡིན། ནམ་རྒྱུན་ཇ་ཁང་དང་ཟ་ཁང་། འཛོམས་ས་ནས་བོད་མི་ཚོར་རང་གིས་གང་ཤེས་ཀྱི་བོད་སྐད་དག་བཤད་ནས་འབྲེལ་བ་བྱས་ཙང་ག་ལེ་ག་ལེར་ཁོ་ཚོ་དོགས་པ་སངས་ནས་ཚུར་འབྲེལ་བ་གནང་ཡོང་གི་འདུག་ལ། ཁ་ཤས་ཤིག་གིས་རང་ངོས་ནས་སྐད་བསྒྱུར་བཙལ་ནས་སྐད་ཆ་བཤད་ཡོང་གི་འདུག སྤྱིར་བཏང་གིས་ཁག་པོ་འདུག་ནའང་། ད་ལྟ་བསམ་སྐབས་གནས་སྟངས་ལ་དཔག་པའི་འབྲེལ་བ་སྟབས་བདེ་བྱས་ནས་ཡོང་འདུག

བོད་ཀྱི་དུས་བབ། ཁྱེད་རང་ཤེས་འདོད་ཅིག་དང་མཐོང་འདོད་ཅིག་གི་དབང་གིས་བོད་ནང་འཛུལ་བ་རེད། དངོས་སུ་ཕ་གིར་སླེབས་ནས་ག་རེ་མཐོང་སོང་།

ཨེ་ལོ་ཌི། དང་པོ་དེ་རྒྱ་ནག་གིས་དམ་དྲག་བྱས་ཡོང་དུས་བོད་མི་ཚོ་ཞེད་སྣང་དང་སྐྲག་སྣང། དོགས་པའི་ནང་ཚུད་ནས་བསྡད་འདུག ང་འབྱོར་དུས་ཡར་ལངས་ལ་དྲག་གནོན་བྱས་ནས་ཚར་མ་ཐག་དང་། ཨོ་ལིམ་པིག་དཔལ་འབར་བོད་ནང་བརྒྱུད་སྤྲོད་བྱེད་སྐབས་དང་འཁེལ་འདུག ད་དུང་ཉིན་ཤས་རྗེས་པེ་ཅིན་དུ་ཨོ་ལིམ་པིག་འཚོགས་གི་ཡོད་པ་རེད། དེ་ལ་ཕྱི་རྒྱལ་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་གི་ཡོད་ཙང་དམ་དྲག་ཧ་ལས་པའི་ཆེན་པོ་རེད། སོང་ཙང་བོད་མི་ཚོས་ཞེད་སྣང་དང་དངངས་སྐྲག་ནང་དུས་ཚོད་སྐྱེལ་གི་འདུག གཉིས་པ་དེ་བོད་མིའི་ཁོང་ཁྲོ་རེད། དེ་ཡང་གཞོན་སྐྱེས་ཚོར་ཤུགས་ཆེན་པོ་འདུག དམག་མིས་མེ་མདའ་བརྒྱབ་ནས་བསད་པ་དང་། མང་པོ་ཞིག་འཛིན་བཟུང་བྱས་པ། ཉེས་རྡུང་བཏང་བ། གཞུང་གི་བརྒྱུད་ལམ་ཁག་ནས་གནས་ཚུལ་རྫུན་མ་དང་། བོད་མི་ཚོར་མཐོང་ཆུང་བྱས་པའི་དེ་སྔའི་ཡར་ལངས་སྐབས་ཀྱི་གཟུགས་བརྙན་དེ་དག་ད་དུང་ཁོ་ཚོའི་ཀླད་པའི་ནང་འབྱར་ནས་བསྡད་འདུག བྱས་དུས་ཁོ་ཚོ་རྒྱ་ནག་གཞུང་གི་བྱེད་སྟངས་ལས་སྟངས་ལ་ཧ་ལས་ཤིང་གནོན་མི་ཐུབ་པའི་ཁོང་ཁྲོ་ཞིག་ལངས་ནས་བསྡད་འདུག གསུམ་པ་དེ་བོད་མི་ཚོའི་སྤོབས་པ་རེད། འདི་མངོན་གསལ་དོད་པོ་ཞེ་དྲག་རེད། ཕྲུ་གུ་ཞིག་ཡིན་ནའང་རང་ཉིད་བོད་པ་ཡིན་པའི་སྤོབས་པ་ཤུགས་ཆེན་པོ་འདུག གཙོ་བོ་འདི་དག་མཐོང་སོང་།

བོད་ཀྱི་དུས་བབ། ཉིས་སྟོང་བརྒྱད་ལོའི་བོད་ནང་གི་དོན་རྐྱེན་དེའི་བྱུང་རྐྱེན་ལ་ངོས་འཛིན་བྱེད་སྟངས་མ་འདྲ་བ་ཁ་ཤས་འདུག རྒྱ་ནག་གིས་ཕྱི་ལོགས་ནས་ངན་སྐུལ་བྱས་པ་རེད་ཟེར། རྒྱལ་སྤྱིའི་སྟེང་ནས་རྒྱ་ནག་གིས་བོད་ལ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་མ་འགྲིག་པ་རེད་ཟེར། བོད་པ་ནང་ཁུལ་ནས་ཁ་ཤས་ཀྱིས་རང་དབང་གི་ཆེད་དུ་རེད་ཟེར། ཡང་འགའ་ཤས་ཀྱིས་བོད་རང་བཙན་གྱི་ཆེད་དུ་རེད་ཟེར། ཁྱེད་རང་ཆེད་དུ་བོད་ནང་སོང་ནས་དངོས་སུ་བོད་མི་ཚོ་དང་འབྲེལ་བ་བྱས་པ་རེད། སོང་ཙང་ཁྱེད་རང་གིས་དེའི་བྱུང་རྐྱེན་ངོ་མ་དེ་ག་རེ་རེད་དགོངས་ཀྱི་འདུག

ཨེ་ལོ་ཌི། ངོ་རྒོལ་དེ་འདྲ་ཞིག་བྱུང་བར་ཕྱི་ལོགས་ནས་བརྒྱུད་སྐུལ་གྱི་དགོས་མཁོ་མི་འདུག གོ་སྐབས་མ་ཤར་བ་རེད་མ་གཏོགས་དེ་ནི་འབར་ཆོག་ཆོག་གི་འབོམ་རྫས་ཤིག་དང་འདྲ་བོ་འདུག དེ་གཅིག་རེད། ངས་འབྲེལ་བ་བྱེད་ས་མང་ཤོས་གཞོན་སྐྱེས་ཚོ་རེད། ཁོ་རང་ཚོ་ལ་མཚོན་ན་རང་ཉིད་ལ་མ་འོངས་པ་མེད་པ་དེ་བྱུང་རྐྱེན་གཅིག་རེད་འདུག ད་ལྟའི་གནས་སྟངས་ཀྱི་དབང་གིས་ལས་ཀ་དང་། སློབ་སྦྱོང་། ཡོང་འབབ་སོགས་གང་ཅིའི་ཐད་ནས་ས་ཆ་ཚང་མ་རྒྱ་རིགས་ཚོས་བཟུང་ཡོད་དུས་བོད་རིགས་གཞོན་སྐྱེས་ཚོའི་གོ་སྐབས་དང་མ་འོངས་པ་དེ་ནས་ཤོར་འགྲོ་གི་ཡོད་པ་རེད། ཡང་ཁ་ཤས་ཤིག་གིས་བོད་རང་བཙན་རག་རྒྱུར་དཀའ་ངལ་ཡོད་པ་གསལ་བོ་ཤེས་གི་འདུག བོད་རང་བཙན་རག་གི་མེད་པ་དང་། ད་ལྟའི་རྒྱ་ནག་གི་སྲིད་བྱུས་དེས་ཀྱང་འདོད་བློ་མ་ཁེངས་བའམ། དེའི་འོག་འདུག་འདོད་མེད་པའི་གནོན་ཤུགས་འོག་ཨུ་ཐུག་ནས་ངོ་རྒོལ་བྱས་པའང་མངོན་གསལ་རེད། དེ་སྔ་བོད་ནང་ངོ་རྒོལ་ཁ་ཤས་བྱུང་བ་རེད། དེའི་མང་ཤོས་ས་གནས་ལྷ་ས་དང་ངོ་རྒོལ་གནང་མཁན་དགེ་འདུན་པ་ཚོ་རེད་། ཉིས་སྟོང་བརྒྱད་ལོའི་ངོ་རྒོལ་དེ་བོད་ས་ཚང་མ་ནས་བྱུང་བ་རེད། དེའི་ནང་ཞུགས་མཁན་ཡང་གཞོན་སྐྱེས་དང་རྒན་པ། ཞིང་པ་དང་འབྲོག་པ།  དགེ་རྒན་དང་སློབ་མ། སྐྱ་བོ་དང་སེར་མོ་བ་སོགས་སྡེ་ཚན་ཚང་མ་རེད། ཡིན་ནའང་ཁོ་ཚོ་ཚང་མར་གཅིག་གྱུར་གྱི་མངོན་འདོད་འདི་ཟེར་བ་ཞིག་བཤད་རྒྱུ་མི་འདུག རང་དབང་དང་རང་བཙན་གཉིས་ལ་ཁྱད་པར་ག་རེ་ཡོད་མེད། དེ་གཉིས་གཅིག་ཡིན་མིན་མི་ཤེས་མཁན་མང་པོ་རེད། ཡིན་ནའང་ཁོ་ཚོ་ཚང་མར་དཀའ་ངལ་ཞིག་ཡོད་པ་ནི་རང་གི་སྡེ་ཚན་གང་ཡིན་ལ་ཁ་ཐུག་གི་དཀའ་ངལ་མང་པོ་ཞིག་ཡོད་པ་དེ་རེད། སེར་མོ་བ་ཚོས་ཆོས་ལུགས་རང་དབང་མེད་པ་དང་དགོན་པར་དམ་དྲག་བྱེད་ཀྱི་ཡོད་པའི་དཀའ་ངལ་བཤད་གི་འདུག དགེ་རྒན་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དཀའ་ངལ་ཡོད་པ་བཤད་ཡོང་གི་འདུག དེ་ནས་ཞིང་པ་དང་འབྲོག་པ། རྒན་པ་དང་གཞོན་པ། ལས་བྱེད་པ་དང་ལས་མེད་སོགས་ཀྱང་དེ་འདྲ་རེད། སོ་སོའི་དཀའ་ངལ་རེ་བཤད་རྒྱུ་འདུག

བོད་ཀྱི་དུས་བབ། ཉིས་སྟོང་བརྒྱད་ལོའི་དོན་རྐྱེན་དེས་བོད་རྒྱ་མི་རིགས་གཉིས་བར་འཐབ་རྩོད་དང་འགལ་བ་ཤུགས་ཆེན་པོ་ཞིག་བཟོས་ཡོད་པའི་རྣམ་པ་འདྲ་འདུག་གམ།

ཨེ་ལོ་ཌི། འགལ་བའི་སྣང་ཚུལ་ཤུགས་ཆེན་པོ་རེད། བོད་པ་ཡིན་ནའང་རེད། རྒྱ་མི་ཡིན་ནའང་རེད། སོ་སོ་ཡིན་བསམ་པའི་སྒང་ནས་འགྲོ་གི་འདུག བོད་པ་ཚོས་རྒྱ་རིགས་ཚོར་བརྟེན་དགོས་པའི་བསམ་བློ་འཛིན་གི་མི་འདུག་ལ། རྒྱ་རིགས་ཚོས་ཀྱང་བོད་པ་ཚོར་བརྟེན་དགོས་པའི་བསམ་བློ་འཛིན་གི་མི་འདུག འདི་གཅིག་རེད། གཉིས་པ་དེ་ལྷ་སར་ཡོད་པའི་རྒྱ་རིགས་ཚོར་མཚོན་ན་རང་གི་ས་ཐོག་ན་མེད་པའི་བསམ་བློ་ཤུགས་ཆེན་པོ་འདུག ལས་ཀ་དང་གནས་སྐབས་ཀྱི་ཁེ་ཕན་ཆེད་དུ་བོད་ནང་ཡོང་བ་ལས། བོད་ནང་མི་ཚེ་སྐྱིད་པོ་དང་ལྷོད་ལྷོད་བྱས་ནས་བསྐྱལ་རྒྱུའི་འཆར་གཞི་ཡོད་མཁན་དཀོན་པོ་རེད། བོད་རྒྱ་གཉིས་ཀྱི་འགལ་བའི་སྣང་ཚུལ་འདིའི་སྒང་ནས་ཁ་ཤས་ཤིག་ལ་དཀའ་ངལ་འཕྲད་ཡོང་གི་འདུག ངས་བོད་པའི་བུ་མོ་ཆུང་ཆུང་གཉིས་དང་ངོ་ཤེས་བཟོས་པ་ཡིན། ཁོ་གཉིས་ཀྱི་བྱེད་སྟངས་ལས་སྟངས་དེ་ཚོ་རྒྱ་རིགས་ཚོ་དང་གཅིག་པ་རེད་འདུག ངས་ཁོ་གཉིས་ལ་ཁྱེད་རང་གཉིས་བོད་པ་ཡིན་ནམ་ཞེས་འདྲི་སྐབས་མིན་ཞེས་ལན་བཏབས་སོང་། གླ་འཁོར་ནང་འགྲོ་སྐབས་རྒྱ་རིགས་ཁ་ལོ་བ་དང་གཞན་པ་ཚོས་ཁོ་གཉིས་བོད་པ་ཡིན་ཤག་གི་མཐོང་ཆུང་བྱེད་གི་འདུག གླ་འཁོར་ནས་མར་བབས་ནས་བོད་ཁྱིམ་ཞིག་ལ་འགྲོ་སྐབས་བོད་པ་ཚོས་ཁོ་གཉིས་རྒྱ་མི་ཡིན་ཤག་གིས་ཡང་མཐོང་ཆུང་བྱེད་གི་འདུག འདི་བུ་མོ་ཆུང་ཆུང་དེ་གཉིས་ཀྱི་དཀའ་ངལ་རེད། དཀའ་ངལ་འདིའི་སྒང་ནས་བོད་རྒྱ་མི་རིགས་གཉིས་བར་གྱི་འགལ་ཟླ་དེ་གསལ་བོ་མཐོང་ཐུབ་གི་འདུག

བོད་ཀྱི་དུས་བབ། བོད་ནང་གི་གནས་སྟངས་ཁྱེད་རང་གིས་མཐོང་ཚར་ཡོད་པ་རེད། ཁྱེད་རང་གི་དགོངས་ཚུལ་བྱས་ན་ད་ནས་ལོ་ཉི་ཤུའི་རྗེས་ལ་བོད་ཀྱི་གནས་སྟངས་ག་འདྲ་ཞིག་ཆགས་ས་རེད།

ཨེ་ལོ་ཌི། དཔེ་མི་སྲིད་པའི་ཁག་པོ་ཆགས་ས་རེད། འདིའི་ཐད་ལ་བསམ་བློ་གཏོང་སྐབས་སེམས་འཚབ་ཡོང་གི་འདུག སྤྱིར་བཏང་ལོ་ལྔ་བཅུ་ལྷག་གི་རིང་ལ་བོད་ཀྱི་གནས་སྟངས་མ་ཤི་བར་བསྡད་པ་རེད། ཡིན་ནའང་ད་ལྟའི་བོད་ནང་གི་དམ་དྲག་དང་། བོད་མིའི་ཆོས་དང་རིག་གཞུང་གི་གནས་སྟངས་ཐབས་སྐྱོ་བོ། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སུ་སོང་ནས་རྒྱལ་སྤྱིའི་ནང་ས་ཆ་གང་འཚམ་ཞིག་བཟུང་ཡོང་གི་ཡོད་དུས། ད་ནས་ལོ་ཉི་ཤུ་དང་ལྔ་བཅུའི་ནང་བོད་བརླག་འགྲོ་བའི་ཉེན་ཁ་ཚ་བོ་རེད། རེད་དེ། ངས་རེ་བ་ཞིག་མཐོང་སོང་། བོད་པ་གཞོན་སྐྱེས་ཚོར་རྒན་པ་ཚོ་ནང་བཞིན་རང་གི་རིག་གཞུང་དང་ཆོས་ལུགས་སྲུང་སྐྱོབ་ཀྱི་བསམ་བློ་ཤུགས་ཆེན་པོ་མ་རེད་དེ། ཁོ་ཚོར་བོད་མི་རིགས་ཟེར་བའི་ལྟ་བ་དེ་ཤུགས་ཆེན་པོ་ཞིག་འདུག དེའི་སྒང་ནས་ཁོ་ཚོས་ཐབས་ཤེས་འདྲ་མི་འདྲ་བཏང་ཡོང་གི་འདུག ཁོ་ཚོས་ཡང་བསྐྱར་ཉིས་སྟོང་བརྒྱད་ནང་བཞིན་གྱི་འགད་རྫས་ཤིག་མི་གཏོར་བའི་ངེས་པ་གང་ཡང་མི་འདུག འདི་འདྲའི་ཉིན་མོ་ཞིག་ཁོ་ཚོར་མཚོན་ན་ཡོང་ཆོག་ཆོག་ཏུ་བསྡད་འདུག

བོད་ཀྱི་དུས་བབ། དེ་སྔ་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་དུས་ཐོག་མ་སྤེལ་བའི་ཁ་གསབ་ཏུ་དེབ་འདི་བཏོན་པ་རེད། དུས་ཐུང་ཞིག་ནང་དཔར་ཐེངས་དང་པོ་རྫོགས་ནས་ད་ལྟ་གཉིས་པ་དཔར་བསྐྲུན་བྱེད་བཞིན་པའི་སྒང་རེད། དེ་བཞིན་བརྙན་འཕྲིན་དང་གསར་ཤོག་སོགས་བརྒྱུད་ལམ་ཆེ་ཁག་གང་མང་ཞིག་གིས་ཀྱང་ཁྱེད་རང་ལ་བཅར་འདྲི་ཞུས་འདུག དེབ་སྐོར་གྱི་ཕྱག་ལས་ཚང་མ་འགྲུབ་ཚར་བ་འདྲ་བོ་རེད། ད་ཁྱེད་རང་ལ་འཆར་གཞི་གསར་པ་ག་རེ་ཡོད་དམ།

ཨེ་ལོ་ཌི།  ལོ་གཅིག་གི་རིང་ལ་དཀའ་ལས་བརྒྱབ་པ་རེད། དེབ་ཡག་པོ་བྱུང་སོང་། ང་རང་ཡང་ལུས་སེམས་གཉིས་ཀ་ལྷོད་ལྷོད་འདྲ་བོ་ཆགས་སོང་། ཉིས་སྟོང་བརྒྱད་ཡར་སྔོན་དུ་བོད་ནང་དུ་ཤེས་ཡོན་པ་འཛིན་བཟུང་བྱས་པ་ཉུང་ཉུང་རེད། ཉིས་སྟོང་བརྒྱད་དང་དགུ། དམིགས་བསལ་ད་ལོ་བོད་ནང་གི་ཤེས་ཡོན་པ་འཛིན་བཟུང་དང་། བཙོན་འཇུག་བྱས་པའི་གནས་ཚུལ་མང་ནས་མང་དུ་འགྲོ་གི་འདུག བོད་ནང་འགྲོ་དུས་ཤེས་ཡིན་པ་ཉུང་ཉུང་ཞིག་ལས་ཐུག་མ་ཐུབ་པ་དེར་ད་ལྟ་འགྱོད་པ་སྐྱེས་གི་འདུག ངའི་འཆར་གཞི་གསར་པ་ད་ལྟ་བོད་ནང་གི་ཤེས་ཡོན་པ་ཚོ་འཛིན་བཟུང་བྱེད་བཞིན་པ་འདིའི་སྐོར་ལ་གློག་བརྙན་ཞིག་བཟོ་ཐུབ་ན་བསམ་བསྡད་ཡོད། དམིགས་གསལ་ཞོགས་དུང་ལྟ་བུ་རེད། དེའི་སྐོར་གྱི་འབྲེལ་ལམ་ཡང་འགྲོ་དང་འགྲོ་བཞིན་པ་ཡིན། ཡིན་ནའང་གནས་སྐབས་རིང་དཀའ་ངལ་ཞིག་འདུག ང་ད་ལྟ་རྒྱ་ནག་གི་མིག་ལྟ་ས་ཞིག་ཆགས་ཡོད་པ་རེད་དེ་བོད་ནང་ཡང་བསྐྱར་འཛུལ་བར་དཀའ་ངལ་གང་ཡང་མི་འདུག སྔོན་མ་ནང་བཞིན་རེད། འཛུལ་ནས་ཕུད། ཕུད་ནས་ཡང་བསྐྱར་འཛུལ་ཆོག་གི་རེད། འོན་ཀྱང་ངའི་འབྲེལ་བ་བྱེད་སའི་མིའི་བདེ་འཇགས་ལ་བསམ་བློ་ཞིག་མ་བཏང་རང་བཏང་ཆགས་འགྲོ་གི་འདུག སོང་ཙང་གནས་སྐབས་རིང་བཞག་ན་བསམ་ཡོད།

བོད་ཀྱི་དུས་བབ། མཇུག་མཐར་ཁྱེད་རང་ལ་བོད་ཀྱི་དུས་བབ་བརྒྱུད་ནས་དགོངས་ཚུལ་གཞན་པ་དང་། ཡང་ན་འབོད་སྐུལ་གནང་རྒྱུ་འདྲ་ཡོད་དམ།

ཨེ་ལོ་ཌི། ད་ལྟ་བཙན་བྱོལ་བོད་མི་ཚོས་རྒྱ་ནག་གཞུང་དང་འབྲེལ་མོལ་བྱས་ནས་བོད་ཀྱི་གནད་དོན་སེལ་ཐབས་གནང་གི་ཡོད་པ་རེད། བོད་རྒྱ་མཉམ་གནས་ཤིག་ལ་ཐུགས་བསམ་བཞེས་གི་ཡོད་པ་རེད། དེ་གནས་སྟངས་འཚོལ་སྟངས་ཤིག་རེད། བོད་ནང་གི་བོད་མི་ཚོས་གནས་སྟངས་ཤར་ན་རྒྱ་མི་མཉམ་དུ་གནས་ཐབས་ལ་རང་ངོས་ནས་ཐབས་ཤེས་འཚོལ་གི་རེད་བསམ་གི་འདུག དེའི་དཀའ་ངལ་སེལ་བར་ཁོ་ཚོར་དཀའ་ངལ་གང་ཡང་མི་འདུག གལ་ཆེ་ཤོས་དེ་བཙན་བྱོལ་བོད་མི་ཚོ་ཆིག་སྒྲིལ་གནང་ནས་བོད་ནང་གི་ཉིས་སྟོང་བརྒྱད་ལོའི་མེ་ལྕེ་དེ་ཤི་མི་འཇུག་རྒྱུ་གལ་ཆེན་པོ་རེད། ཉིས་སྟོང་བརྒྱད་ལོར་ངོ་མས་མེ་ཤུགས་ཆེན་པོ་ཞིག་འབར་བ་རེད། ད་དུང་དེ་ཚ་ཐོག་ན་འདུག བཙན་བྱོལ་བོད་མི་ཚོས་མེ་ཚ་བོའི་ཐོག་ལ་སྣུམ་བླུགས་མི་ཐུབ་ནའང་ཤིང་ཞིག་འཇོག་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད། བོད་ཀྱི་གནད་དོན་མ་སེལ་བར་དུ་མེ་ལྕེ་དེ་ཤི་འཇུག་རྒྱུ་ཡོད་པ་མ་རེད་བསམ། དེ་ཙམ་ཡིན།

བཅར་འདྲི་བྱེད་མཁན། བོད་ཀྱི་དུས་བབ་ཀྱི་ཡུ་རོབ་དམིགས་བསལ་གསར་འགོད་པ། ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

མཆན། 7

  1. འཇིག་རྟེན་ says:
    ལོ་ 15 སྔོན།

    གཉིས་སྟོང་བརྒྱད་གི་མེ་ལྕེ་ལ་ནམ་ཡང་ཤི་བ་མེད་འོན་ཀྱང་ཕྱི་གླིང་གི་བོད་མི་དག་གི་སེམས་ཤུགས་

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ༢༠༠༨ ལོར་བོད་ས་སྟོད་སྨད་བར་གསུམ་དུ་ས་བྱི་ཞི་བའི་གསར་བརྗེ་ཆེན་མོའི་ལས་འགུལ་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་གིས་སྔར་ལས་ལྷག་པར་བོད་མིའི་མི་རིགས་ཀྱི་འདུ་ཤེས་དང་། བོད་མི་རིགས་ཀྱི་ངོ་བོ་འཛིན་བྱེད་ཀྱི་སྐད་དང་ཡི་གེ་གཙོས་ཐུན་མོང་མ་ཡིན་པའི་རིག་གནས་ཡོད་ཚད་རྩ་མེད་དུ་གཏོང་བ་དང་། བོད་རིགས་ཁེ་གཙང་གི་སྤྱི་ཚོགས་རྩ་གཏོར་གཏོང་ཆེད། དཔལ་འབྱོར་ཕོན་ཆེན་པོ་བཏང་སྟེ་ཆུ་གློག་ལམ་གསུམ་གྱི་གཞི་རྩའི་མཐུན་རྐྱེན་གཙོས་དཔལ་འབྱོར་འདུ་འགོད་ཀྱི་ཚོང་ར་དང་། ཐོན་ཁུངས་སྔོག་འདོན་གྱི་བཟོ་གྲྭ་སོགས་འདྲ་མིན་བཙུགས་ཏེ་རྒྱའི་གྲོང་ཁྱེར་ཁག་གི་ལས་ཤོར་བ་དང་། རྒྱའི་མཐའ་འཁོབ་ཁུལ་གྱི་འབྱོར་མེད་བ་དག་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཐོག་ནས་བོད་ཡུལ་ཏུ་སྐོང་འགུགས་བྱེད་བཞིན་ཡོད། རྒྱ་གཞུང་གི་འཆར་གཞི་དང་ལས་གཞི་ཁག་ལ་འགོག་རྐྱེན་ཅི་ཡང་མ་ཐུབ་པར་འདི་ལྟར་མུ་མཐུད་ལོ་བཅུ་གྲངས་འགའ་འདས་པ་ཡིན་ན། བོད་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཁོར་རྒྱུགས་གཙོ་ཤུགས་ཕལ་ཆེ་བ་མི་གྲངས་ཀྱི་དབང་གིས་རྒྱ་མིས་བཟུང་སྟེ་བོད་མི་རིགས་ཀྱི་གཅིག་སྒྲིལ་འདུ་ཤེས་དང་སྒེར་ཚུགས་འཚོ་གནས་ལ་བརྡལ་བཤིག་ཚབས་ཆེན་ཕོགས་ནས་བོད་དུ་འབོད་པའི་འདུ་ཤེས་དང་བོད་དུ་ཞེན་པའི་ན་ཟུག་མཐའ་དག་ཉམ་ཉེས་སུ་འགྲོ་རྒྱུ་གདོན་མི་ཟ།
    འོ་ན། ང་ཚོར་རང་ཉིད་ཀྱི་འཇོན་ཚོད་དང་བསྟུན་པའི་རྒྱ་གཞུང་གི་ལས་གཞི་དང་འཆར་གཞི་དེ་དག་བཀག་འགོག་གི་ཐབས་དང་ནུས་པ་ཅི་ཞིག་འདུག་གམ། འདི་ནི་འུ་ཚོས་བསམ་གཞིགས་གཏོང་དགོས་པའི་གནད་གཅིག་པུ་རེད།
    ང་ལ་མཚོན་ན། རྒྱ་མི་གནས་སྤོར་བྱ་ཡུལ་གྱི་གྲོང་ཁྱེར་ཁག་ཏུ་བབས་དང་བསྟུན་ནས་འབམ་བཀལ་ཏེ་སྤྱི་ཚོགས་ཟིང་ཟིང་བཟོས་ཏེ་མི་རྒྱ་བོད་དུ་ཡོང་རྒྱུར་ཞེད་སྣང་སྐུལ་རྒྱུ་ལས་ཐབས་གཞན་ཅི་ཡང་མི་འདུག
    མཉམ་དུ་ལངས་ན་སྡེབས་ཀྱིས་གསོད་ཀྱིན་འདུག ཞི་བར་བརྩམས་ན་དྲག་པོར་སྒྱུར་གྱིན་འདུག དེ་ལས་མི་གཅིག་གིས་འབམ་གཅིག་བཀལ་རྗེས་བྱིངས་རྣམས་ཁུ་འཇགས་སེ་བསྡད་ན་མ་མཐར་ཡང་རྒྱ་མི་ཚོང་གཉེར་བ་བརྒྱ་ཕྲག་འགའ་ཕྱིར་རྒྱ་ཡུལ་དུ་ལོག་ངེས། ཐབས་རྡུག་གི་ལས་འདི་སྒྲུབ་རྒྱུར་སུ་ལའང་མོས་པ་མེད་མོད། ཉིན་ཞིག་འདི་ལྟར་མི་སྒྲུབ་ག་མེད་དུ་མི་འགྱུར་བའི་ངེས་བ་མི་འདུག

    Reply
  3. རྭ་ལོ། says:
    ལོ་ 15 སྔོན།

    དོན་ངོ་མར་ཕྱི་སྡོད་བོད་མི་ཚོས་ ༢༠༠༨ ལོའི་མེ་ཚ་བོ་དེའི་ཐོག་ལ་སྣུམ་བླུག་ཉན་གི་འདུག་གམ། ཤིང་འཇོག་རུང་གི་འདུག་གམ། འདིའི་ཐོག་ལ་གོ་བ་གསལ་བོ་དང་བསམ་བློ་ཡག་པོ་ཞིག་ཐོངས་དགོས་ཀྱི་འདུག

    ཡང་བསྐྱར་རྒྱ་གཞུང་ལ་ཞི་རྒོལ་ཆེན་པོ་ཞིག་བྱེད་དུ་འཇུག་རྒྱུ་དེ་རེད་དམ། ཡང་མིན་ན། བོད་རིགས་གཞོན་སྐྱེས་ཚོ་ཁོང་ཁྲོའི་ནང་ལྷག་བསྡད་པ་དེ་དག་ལ་བརྒྱུད་སྐུལ་བྱེད་དགོས་པ་རེད་དམ།

    བོད་མི་རིགས་ཞེས་པའི་ནི་རིགས་རིང་ལུགས་ཀྱི་ལྟ་བ་དེ་ད་སྐབས་གལ་ཆེན་པོ་ཆགས་ཡོད་པ་ཡིན་ནམ། རྒྱ་རྒྱ་དང་བོད་བོད་ཡིན་པའི་འདུ་ཤེས་དེ་ཤུགས་ཆེན་པོ་འཇོག་དགོས་པ་རེད་དམ།

    བཙན་བྱོལ་བོད་མི་ཚོས་དོན་ངོ་མར་ཅི་ཞིག་བྱེད་དགོས་པ་རེད། བོད་དོན་མ་སེལ་བར་དུ་གཞིས་བྱེས་གཉིས་ཀྱི་བར་ལ་ཕན་ཚུན་ཤུགས་རྐྱེན་སྤྲོད་རེས་གང་འདྲ་ཞིག་དགོས་པ་རེད། དྲ་གྲོགས་ཚོས་ང་ལ་ལན་ཞིག་གནང་རོགས།

    Reply
  4. རོ་བདག says:
    ལོ་ 15 སྔོན།

    ངོ་མ་ཐུགས་རྗེ་ཆེ་དཀའ་ལས་གང་མང་ཞིག་ལ་འབྲས་བུ་མི་དམན་པ་ཞིག་གྲུབ་འདུག མཇུག་མཐར་གྱི་རེ་བ། བཙན་བྱོལ་བོད་མི་ཚོས་མེ་ཚ་བོའི་ཐོག་ལ་སྣུམ་བླུགས་མི་ཐུབ་ནའང་ཤིང་ཞིག་འཇོག་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད། ཟེར་བའི་ངའི་སེམས་ནང་ལ་མེ་རོ་གསར་བ་ཞིག་འབར་སོང་།

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    བརྗོད་གཞི་འདི་དང་མི་མཐུན་ན་བཟོད་པ་གསོལ་ལོ།
    ངའི་འདི་ནས་དྲ་གྲོགས་རྣམས་ལ་ཞུ་རྒྱུར་ཕྲན་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་མདོ་སྨད་སྤྱི་མཐུས་འོས་འདེམས་ལ་འགན་ཡོད་པས་།་ངའི་ཡིན་རིང་དཔྱད་མཐར་སྤྱི་མཐུས་འོས་མི་དག་གཤམ་གསལ་ལྟར་ལགས་ན་དེས་ཐོགས་ལེགས་ཉེས་ཀྱི་བླང་དོར་བརྩལ་རོགས།
    ༡༽ ཚོགས་གཙོ་སྤན་པ་ཚེ་རིང།
    ༢༽ མཐུས་་་ཆབ་བྲག་ལྷ་མོ་སྐྱབས།
    ༣༽མཐུས་་་་རྒྱལ་རོང་ཟླ་བ་ཚེ་རིང་།
    ༤༽མཐུས་་་་ཀིརྟི་སྒྲོལ་དཀར་ལྷ་མོ།
    ༥༽མཐུས་་་་སྒྲོལ་མ་མཚོ་མོ།
    ༦༽དུས་བབས་ཚང་ལུང་རིག་རྒྱལ།
    ༧༽ནོར་གླིང་སྒྲོན་དཀར་སྐྱབས།
    ༨༽ས་རྭ་སློབ་དཔོན་ཆེན་མོ བསོད་ནམས་རྒྱལ་མཚན
    ༩༽ཇོ་ནང་ལྷན་ཚོགས་ཀྱི་ཚོགས་གཙོ་་ཚངས་དབྱངས།
    ༡༠༽རང་བདེན་ཚོགས་གཙོ་་་བློ་བཟང་དཔལ་ལྡན།
    བཅས་ཡིན།
    རེ་བསྐུར ལོ་རྒྱུས་དང་གནས་ལུགས་མེད་ན་ དེ་དེ་བཞིན་ནོ

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སྲས་མོ་ལགས་ཀྱི་གནས་ལུགས་བཤད་འདུག་པའི་ཐུགས་རྗེ་ཆེ་
    བདེ་དེ་གང་ནས་ཉོ་རྒྱུ་ཡོད་ན
    དབྱིན་ཡིག་ཞེ་དྲག་མི་ཤེས་རུང་དེབ་ཀློག་འདོད་ཤིན་ཏུ་ཆེ

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དེ་རིང་གི་ནེའུ་ཡོག་དུས་བབ་ལྟར་ན། ༢༠༠༩ ལོར་རྒྱ་ནག་དབུས་གཞུང་གིས་བོད་ནང་དུ་མ་དངུལ་ཨ་སྒོར་དུང་ཕྱུར་ ༣་ ($3billon) བཏང་འདུག འདི་ནི་ ༢༠༠༨ ལོ་དང་བསྡུར་ན་བརྒྱ་ཆ་ ༣༡ འཕར་ཡོད་འདུག
    བོད་ས་ཁུལ་གྱི་ལོ་རེའི་རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་ (GDP) ནི་བརྒྱ་ཆ་ ༡༢ ཡིན་པ་དང་། འཕར་ཚད་དེ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་ལས་ཀྱང་མགྱོགས་པ་འདུག་ཟེར།

    བོད་ནང་གི་གྲོང་གསེབ་ཁག་གི་མི་འབོར་ས་ཡ་ ༡་༢ ཏེ། བོད་ལྗོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༤༠ ཟིན་པ་དེ་ཚོར་ཁང་པ་གསར་པ་བརྒྱབ་ཡོད་ཟེར།

    རྒྱ་ནག་གཞུང་གིས་བོད་རིགས་ཚོས་བོད་ལྗོངས་ཀྱི་སྤྱིའི་མི་འབོར་ས་ཡ་ ༢་༩ ཡོད་པ་དེའི་བརྒྱ་ཆ་ ༩༥ ཟིན་ཡོད་ཟེར་ཡང་། བོད་ནང་ཡོང་བའི་རྒྱ་མི་ཡུལ་སྤོར་བའི་གྲངས་གནས་དེ་གསར་འགོད་པར་བཤད་གི་མི་འདུག་ཟེར།

    གང་ལྟར་ཀྱང་། རྒྱ་མི་དང་རྒྱ་སྒོར་བོད་ནང་བླུག་ཡོང་གི་འདུག་ཟེར།

    དེར་བརྟེན། མཐུ་དང་ནུས་པ་ཅི་ཡང་མེད་པའི་བོད་པ་ཚོས་རིག་གཞུང་སྲུང་སྐྱོབ། ཆོས་ལུགས་སྲུང་སྐྱོབ། སྐད་ཡིག་སྲུང་སྐྱོབ། གོམས་གཤིས་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ། རི་དྭགས་སྲུང་སྐྱོབ། རང་ས་སྲུང་སྐྱོབ། རང་ཁྱིམ་སྲུང་སྐྱོབ། རང་གི་ངོ་གདོང་སྲུང་སྐྱོབ། ཤ་ཁྲག་སྲུང་སྐྱོབ། ཕུ་ནུ་སྲུང་སྐྱོབ་སོགས་ཇི་ལྟར་བྱེད། ལྷག་པར་དུ་ཕྱི་ཕྱོགས་ནས་ཤུགས་ཆེན་པོ་ཞིག་རྒྱག་མ་ཐུབ་ཚེ། བོད་ནང་ནས་གླགས་འཁེལ་རྒྱུ་མིན་པ་གསལ་གསལ་ཐིང་ཐིང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese