བོད་རིགས་བཀྲ་ཤིས་རྣམ་རྒྱལ་ལགས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཨ་རིའི་ལས་དོན་ཚོགས་མིར་བསྐོ་བཞག་བྱས་ཡོད་འདུག
ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་སྤྱི་ཁྱབ་ལྕམ་ཁི་རི་ཤི་ཊིན་མཆོག་གིས་ཟླ་འདིའི་ཚེས་ ༢༧ ཉིན། ཨ་རིའི་མི་སེར་ཡིན་པའི་བོད་རིགས་བཀྲ་ཤིས་རྣམ་རྒྱལ་ལགས་ཝ་ཤིན་ཊོན་མངའ་སྡེའི་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཨ་རིའི་ལས་དོན་ཚོགས་པའི་ཚོགས་མིར་བསྐོ་གཞག་གནང་ཡོད་འདུག་ལ། ཚོགས་པ་དེས་ཝ་ཤིན་ཊོན་དུ་ཡོད་པའི་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨ་རི་བའི་བདེ་དོན་ལ་ལྟ་རྟོག་དང་། གཞུང་གི་འཛིན་སྐྱོང་དང། ཚོང་དོན། ཤེས་ཡོན་ལས་དོན་བཅས་ཀྱི་ཐོག་མཐུན་འགྱུར་རོགས་རམ་བྱེད་ཀྱིན་ཡོད་པ་རེད། ཟླ་འདིའི་ཚེས་ ༡ ཉིན་ནས་བཟུང་ཁོང་གིས་ཚོགས་ཆུང་དེར་ལས་མགོ་བཙུགས་ཡོད་ལ། ཁོང་ནི་ ༢༠༡༣ ཟླ་ ༦ ཚེས་ ༣༠ བར་ཚོགས་པ་དེའི་ཚོགས་མིར་བསྐོ་བཞག་བྱས་ཡོད། རྣམ་རྒྱལ་ལགས་ཀྱིས་རྒྱ་གར་ནང་མི་ལོ་ ༢༦ རིང་བཙན་བྱོལ་བོད་གཞུང་གི་ལས་ཁུངས་འདྲ་མིན་ནང་སྲི་ཞུ་བསྒྲུབ་ཡོད་ལ། དེ་བཞིན་བལ་ཡུལ་བོད་གཞུང་དོན་གཅོད་ཁང་དུའང་གནང་མྱོང་ཡོད་འདུག
གསར་འགོད་པ། དཔལ་ལྡན།