མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེར་རྐྱང་གིས་བོད་ཀྱི་ཆེད་དུ་འཛམ་གླིང་སྐོར་བཞིན་པ། སྤོབས་པ་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

༼སྐུ་ཞབས་ལྷག་པ་ཚེ་རིང་ལགས་དང་འཕྲད་པའི་ཕྱིར་དྲན༽

བོད་དོན་འཛམ་གླིང་སྐོར་སྐྱོད་པ་ལྷག་པ་ལགས་འདིར་འབྱོར་སོང་། ངས་ཁོང་གི་བོད་དོན་སྐོར་སྐྱོད་དེའི་སྐོར་སྔ་མོ་ནས་ཐོས་བཞིན་ཡོད་མོད་འདིར་ཕེབས་རྒྱུ་ཡིན་པ་སེམས་ལ་ཡང་འཁོར་མ་མྱོང་། ང་སྡོད་སའི་གྲོང་བརྡལ་གཉིད་དུབ་བེ་བ་དེར་ཞག་གཉིས་བཞུགས་སོང་། ནམ་མཁའ་དྭངས་ཤིང་ཉི་འོད་གསལ་བའི་ཉིན་གུང་ཞིག་ལ་ངས་ཉ་ཤ་དང་ཞོགས་ཁོག་སྣུམ་བརྔོས་མ་ཞིག་མཚོ་རགས་ཀྱི་སྟེང་དུ་ཟོས་ནས་གྲུ་ཁའི་ཁྲོམ་སྲང་ཆུང་ངུ་དེ་ནས་ཡོང་སྐབས་BMWསྦག་སྦག་འཁོར་ལོ་འོད་ལམ་ལམ་ཞོན་མཁན་ཞིག་གིས་ལྟག་རྒྱབ་ཏུ་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་འཕྱར། ཕྱི་ཤེད་དུ་གཟར་བའི་གཡས་གཡོན་གྱི་སྒམ་གཉིས་ཀྱི་སྟེང་དུ་ཡང་བོད་ཀྱི་རྒྱལ་དར་རེ་རེ་སྦྱར། སྟོད་གོས་ཀྱི་ཕུ་དུང་སྟེང་དུ་ཡང་བོད་ཀྱི་རྒྱལ་དར་རེ་སྦྱར་འདུག དབུའི་རྨོག་གི་སྟེང་དུ་ཡང་བོད་ཀྱི་རྒྱལ་དར་སྦྱར་འདུག ཁོང་གི་བཟོ་ལྟ་དེ་ནི་བོད་ཀྱི་གཞི་བདག་རི་སྒང་གི་ལབ་ཙེ་ལྟ་བུ་ཞིག་རེད། དོན་དུ་ཡང་བོད་ཀྱི་དུས་རབས་གསར་བའི་དགྲ་བླ་གཞི་བདག་ངོ་མ་ནི་ཁོང་དང་ཁོང་ལྟ་བུ་ཚོ་ཡིན་སྟབས་གཞི་བདག་ཅིག་གི་ཚོད་དུ་བརྩི་ཆོག་པར་སེམས། ངས་ཐོག་མ་ཁོང་བོད་མི་ཞིག་ཡིན་པ་སེམས་ལ་ཡང་མ་འཁོར། ཕྱི་གླིང་པ་བོད་དང་བོད་མིར་དགའ་མོས་ཡོད་མཁན་ཞིག་ཡིན་པ་གཞིར་བཞག་གིས་ཕར་འགྲམ་དུ་བརྒྱུགས་ནས་སྨྱོན་པ་བཞིན་དུ་རྒྱལ་དར་ལ་མཛུབ་མོ་ཀེར་ནས་འདི་ན་ངའི་རྒྱལ་དར་འདུག་ཅེས་སྐད་ཆེན་པོས་བརྗོད་པ་ཡིན། དེར་ཁོང་གིས་སྦག་སྦག་བཀག་ནས་རྨོག་གི་འོག་ནས་སྐད་ཆ་ལྡབ་ལྡིབ་ཅིག་ལབ་ཀྱིན་འདུག་མོད་འདིར་མཚོའི་རླབས་སྒྲ་དང་རླུང་གི་ཤུར་སྒྲ་ཆེ་སྟབས་ཚིག་འབྲུ་གསལ་པོ་ཞིག་གོ་ཐུབ་ཀྱིན་མི་འདུག དེར་ཁོང་གིས་ཀྱང་ངས་གསལ་པོར་མ་ཐོས་པ་ཤེས་ནས་རྨོག་དེ་མར་ཕུད་ནས་ངའི་མིང་ལ་ལྷག་པ་ཟེར་བ་ཡིན་གསུངས་བྱུང། ངོ་མཚར་དང་དགའ་སྤྲོ་ཆེ་བ་ལ་ཚོད་ཅིག་མ་བྱུང་།

དེ་མ་ཐག་ཏུ་ངས་ཀྱང་མི་དེ་ནི་བོད་དོན་སྐོར་བསྐྱོད་པ་ལྷག་པ་ལགས་ཡིན་པ་དྲན་པས་ཟིན། ཁོང་ནི་གཟུགས་རིང་ཐུང་འབྲིང་ཙམ་སྟེ་བོད་ཀྱི་སྐྱེས་པའི་ཆ་སྙོམ་གྱི་ལུས་ཚད་ཡིན་པ་ལ་ལུས་རྩལ་པའི་ཉམས་སྟོབས་ཀྱང་ཅུང་མངོན་ཡོད་པ་ཞིག་རེད། དེའི་སྟེང་ལ་དབུ་སྐྲ་ཅུང་རིང་པོ་ཞིག་ལྟག་རྒྱབ་ཏུ་ཆུན་པོར་བཅིངས་ནས་གཟར་འདུག བཞིན་རས་གཞི་ནས་དཀར་ན་ཡང་ཡུན་རིང་པོའི་ཉི་འོད་དང་རླུང་ཁྲོད་ཀྱི་འགྲུལ་བཞུད་དེའི་རྐྱེན་གྱིས་འཁུར་ཚོས་དང་སྣ་གདོང་སོགས་དམར་ནག་དུ་གྱུར་འདུག མགོ་སྤུ་ཁ་སྤུ་གདོང་སྤུ་གསུམ༎སྐྱེས་ཕོ་རབ་ཅིག་གི་རྒྱན་ཆ་ཡིན༎ཟེར་བ་བཞིན་ཁོང་གི་དབུ་སྐྲ་དང་། གདོང་མཐའ་ཡོངས་སུ་འཁོར་བའི་རྒྱ། མ་མཐའ་ཡང་བདུན་ཕྲག་ཁ་ཤས་རིང་མ་བཞར་བའི་ཁ་སྤུ་དེས་དེ་ལས་ཀྱང་སྐྱེས་ཕོ་རབ་ཅིག་གི་གཟི་བརྗིད་བསྣན་འདུག རང་རེ་བོད་ཀྱི་སྐྱེས་པ་མང་པོ་ཞིག་གི་གདོང་དབྱིབས་ཉི་ཧོན་པ་དང་མཚུངས་ཆེ་བ་བཞིན་ལྷག་པ་ལགས་ཀྱང་ཉི་ཧོན་དུ་ཕེབས་སྐབས་ཉི་ཧོན་པ་ཚོས་ཉི་ཧོན་གྱི་མི་ཞིག་ཡིན་པར་འཁྲུལ་ནས་ཟས་ཁང་ནང་དུ་ཡང་ཉི་ཡིག་གི་ཟས་ཐོ་སྟེར་གྱིན་འདུག་གསུངས། སྤྱིར་ཁོང་གི་སྐོར་སྐྱོད་ལས་འགུལ་དེ་ངོ་མཚར་ཆེ་ཐོག་དེ་རིང་ངེད་ཚོ་འདིར་ཐུག་སྟངས་དེ་དེ་ལས་ཀྱང་ངོ་མཚར་དང་སྟེས་དབང་ཁྱད་མཚར་ཞིག་རེད། དེར་ཁོང་གིས་ཇ་ཁང་ཞིག་ཏུ་སོང་ནས་འདུག་པའི་དགོངས་འཆར་བཏོན་པ་བཞིན་ངེད་ཚོས་ཉེ་འགྲམ་གྱི་ཇ་ཁང་ཞིག་ལས་ཇ་ཕོར་གང་རེ་བླངས་ནས་ཉི་འོག་འོག་ཏུ་གླེང་མོལ་ཞིག་གིས་མགོ་བཙུགས། ཕྱི་ཉིན་ངེད་ཀྱི་ནང་དུ་གསོལ་ཚིགས་ཤིག་ལ་ཕེབས་པའི་ཞལ་བཞེས་གནང་བྱུང་། ཕྱི་ཉིན་སྔ་དྲོ་ཁོང་མཚོ་རླབས་ཞོན་པའི་སྐྱལ་རྩེད་ལ་ཕེབས་སོང་། དགོང་དྲོ་ངའི་ནང་དུ་ཕེབས་ནས་ལྷོད་བཞུགས་གནང་།

ཕ་ཡུལ་བོད་ནུབ་ཕྱོགས་ཕག་རི་ནས་ཡིན་པའི་སྐུ་ཞབས་ལྷག་པ་ལགས་ཀྱི་ཟླ་བ་བརྒྱད་ཀྱི་རིང་ལ་ཡུལ་གྲུ་ཉི་ཤུ་རྩ་གཉིས་ཙམ་ལ་སྐོར་སྐྱོད་བྱ་རྒྱུའི་བོད་རང་དབང་གི་ཆེད་དུ་འཛམ་གླིང་གི་སྐོར་སྐྱོད་དེ་ཉུའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་རྒྱལ་ཚོགས་མཉམ་འབྲེལ་གྱི་ལས་ཁུངས་མདུན་དུ་གསུམ་བཅུ་དུས་དྲན་ཉིན་ནས་མགོ་བཙུགས་ཤིང་ད་ལོའི་ལོ་མཇུག་ཏུ་བཞུགས་སྒར་རྡ་རམ་ཤ་ལར་མཇུག་དྲིལ་རྒྱུ་རེད། དེ་ཡང་རྒྱ་གར་དུ་ཆར་དུས་མཇུག་རྫོགས་ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་ཅེན་ནེ་ནས་མགོ་བཙུགས་ཏེ་རྒྱ་གར་ནང་ལ་སྐོར་སྐྱོད་བྱ་རྒྱུའི་འཆར་གཞི་འདུག

ལྷག་པ་ལགས་ཀྱིས་བཀའ་མོལ་གནང་སྐབས་ལྷོད་ཤ་ཡོད་པ་དང་སྐད་གདངས་དམའ་མོས་གསུངས་ཀྱིན་འདུག ཡིན་ན་ཡང་ཚིག་བེད་སྤྱོད་བྱེད་སྟངས་ཀྱི་ཆ་ནས་གནད་འདུས་དང་། ཁ་གསལ་བ། གནད་དོན་ཆེ་ཕྲ་མང་པོ་རྩད་ཞིབ་གནང་མཁན། ཁ་ཐུག་ཏུ་བཤད་མཁན། དེ་བཞིན་ཚིག་རྣོན་པོ་བེད་སྤྱོད་དང་གནད་དོན་གཏིང་ཟབ་དང་འབྲེལ་ནས་གསུངས་མཁན་ཞིག་རེད། འབྱུང་ལ་ཉེ་བའི་བཀའ་བློན་ཁྲི་པའི་སྐོར་ལ་ཁོང་གིས་བློ་བཟང་སེང་གེ་མཆོག་ལ་རེ་བ་དང་ཡིད་ཆེས་ཆེན་པོ་གནང་གིན་འདུག དེ་ཡང་མདོར་བསྡུས་ན་ན་གཞོན་དང་། དེང་རབས་ཤེས་ཡོན་ཅན། གྲྭ་བ་མིན་མཁན་ཞིག་སླེབས་པར་འདོད་མོས་ཡོད་གསུངས་གི་འདུག དེ་བཞིན་དུ་ད་ལྟའི་ཆར་བོད་མི་མང་པོས་བོད་རང་སྐྱོང་ལྗོངས་ཡོང་བའི་རེ་འདུན་ལ་ཡིད་ཆད་ནས་དེ་ལས་ལྡོག་སྟེ་རང་བཙན་རང་ལ་ཤུགས་རྒྱག་དགོས་པའི་བསམ་འཆར་ཡོང་བ་དེ་ལ་རྒྱུ་མཚན་ཡོད་པ་རེད་གསུངས། ཡིན་ན་ཡང་ཁོང་རང་ཉིད་ཀྱིས་རང་སྐྱོང་དང་རང་བཙན་གང་ཞིག་ལ་བསྐྱོད་དགོས་པའི་འདོད་མོས་ཡོད་སྐོར་ཁ་གསལ་ཞིག་གསུངས་མ་སོང་། གྲྭ་བཙུན་ཚོར་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཐོབ་ཐང་ཡོད་པ་དེར་ཡང་དགའ་མོས་གནང་གིན་མི་འདུག

བོད་ཁྱིམ་སློབ་གྲྭ་རུ་ལུས་སེམས་གཉིས་ཀ་འཚར་ལོངས་བྱུང་ཞིང་དགུང་ལོ་༤༡ལ་སོན་པ་སྐུ་ཞབས་ལྷག་པ་ཚེ་རིང་ལགས་ཀྱིས་ཁོང་གི་ད་ལྟའི་འགྲུལ་བཞུད་ཀྱི་སྐོར་ནས་གསུངས་སྐབས་ཁོང་ལོ་ན་གཞོན་དུས་ཤིག་ནས་འཛམ་གླིང་ཡོངས་རྫོགས་ལ་སྐོར་སྐྱོད་ཅིག་བྱ་འདོད་ཡོད་ཅིང་དེ་ཡང་སྤྲོ་མཚར་གཅིག་པོའི་ཆེད་དུ་མིན་པར་བོད་དོན་འཐབ་རྩོད་ཀྱི་ཆ་ཤས་ཤིག་ལ་བསྒྱུར་འདོད་ཡོད་འདུག། འགྲུལ་བཞུད་དེའི་ཆེད་དུ་ལོ་གཉིས་ཀྱི་རིང་ལ་དངུལ་བསགས་པ་ཚང་མས་འདངས་ལ་མི་འདངས་བར་གྱུར་ཡོད་མོད་འདི་ནི་དེ་ཙམ་བློས་བཏང་བྱེད་ཆོག་ས་ཞིག་ཡིན་སྟབས་ཡིད་ཚིམ་བཞིན་ཡོད་གསུངས། ཁོང་གི་སྐོར་སྐྱོད་དེ་ལ་བརྟེན་ནས་འཛམ་གླིང་གང་སའི་མི་ཧ་ཅང་མང་པོ་ཞིག་དང་ཐུག་འཕྲད་བྱུང་ཞིང་ཁོང་གིས་འཁུར་ཡོད་པའི་བོད་ཀྱི་རྒྱལ་དར་ཆེན་པོ་དེའི་ངོས་སུ་བོད་དོན་རྒྱབ་སྐྱོར་མཚོན་པའི་མིང་རྟགས་ཀྱི་ཁེངས་བཞིན་ཡོད་པ་འདི་ཤིན་དུ་དགའ་འོས་པ་ཞིག་རེད་གསུངས། ཁོང་གིས་སྐུ་ཟླ་དང་། ལོ་ངོ་བཞི་དང་ཕྱེད་ལ་སོན་པའི་བུ་མོ། མགྲོན་གཉེར་གྱི་ལས་ཀ་སོགས་རྒྱབ་དུ་བཞག་ནས་འདི་ལྟ་བུའི་འགྲུལ་བཞུད་རིང་པོ་ཞིག་བྱེད་དགོས་དོན་དེ་ནི་བོད་ནང་དུ་ཡོད་པའི་བོད་མི་ཚོའི་ཆེད་དུ་སྐད་སྒྲ་ཞིག་འདོན་དགོས་ཀྱིན་ཡོད་པ་རེད། ད་ལྟའི་འགྲུལ་སྐྱོད་འདི་ལ་བརྟེན་ནས་ངས་ཀྱང་བོད་ནང་གི་བོད་མི་ཚོའི་ཆེད་དུ་སྐད་སྒྲ་ཞིག་འདོན་ཐུབ་པའི་རེ་བ་ཡོད་གསུངས། དེ་བཞིན་བོད་ནང་གི་བོད་མི་ཚོར་ང་ཚོ་འཛམ་གླིང་ཕྱོགས་མཐའ་གང་སར་ཡོད་པའི་བོད་མི་ཚང་མ་ཡང་བོད་ནང་གི་སྤུན་ཟླ་བོད་མི་ཚོའི་ཕྱོགས་སུ་ལངས་ཡོད་པ་ཤེས་སུ་འཇུག་འདོད་ཡོད་གསུངས།

ངེད་ཚོའི་ས་གནས་འདིའི་གསར་ཤོག་འགོད་མཁན་ཡང་ངོ་མཚར་ཆེན་པོས་ཆེད་དུ་བཅར་ཞིང་ཕྱི་ཉིན་གྱི་ཚགས་ཤོག་གི་མདུན་ངོས་སུ་ཁོང་དང་ཁོང་གིས་བོད་ཀྱི་གནད་དོན་འགྲེལ་བཤད་རྩོམ་ཡིག་རིང་ཙམ་བཀོད་འདུག རྩོམ་ཡིག་དེའི་ཁ་བྱང་ལ། གཅེས་པའི་ཕ་ཡུལ་བོད་སྐྱོབ་པའི་ཆེད་དུ་འཛམ་གླིང་རིལ་བོར་ཁེར་རྐྱང་གི་འགྲུལ་སྐྱོད་པ། ཅེས་བྲིས་འདུག ང་ཚོའི་གྲོང་བརྡལ་དེ་ནི་གཉིད་དུབ་བེ་བ་དང་ཁུ་སིམ་མེ་བ་ཞིག་ཡིན་སྟབས་སྐུ་ཞབས་ལྷག་པ་ལགས་ཀྱི་སྐོར་དེ་ཧ་ཅང་ངོ་མཚར་དང་འཁྲུག་ཆ་ཡོད་པའི་རྩོམ་ཡིག་ཅིག་ཏུ་གྱུར་འདུག དེར་བརྟེན་ང་ཚོར་ཚུར་ཐུགས་རྗེ་ཆེ་མ་ཞུས་ན་ཡང་ཕར་ཞུ་དགོས་ཆེར་མ་མཆིས་མོད། ཁོང་གི་ལས་འགུལ་འདིར་རྒྱབ་སྐྱོར་ཡོད་པ་མཚོན་ཆེད་དུ་ང་དང་འབྲེལ་ཡོད་ཁ་ཤས་རེས་ཚགས་ཤོག་ཁང་དེ་ལ་ཐུགས་རྗེ་ཆེ་ཞུ་བའི་ཁ་པར་ཡང་གཏོང་ཁུལ་བྱས།

ཁོང་གི་ཁྱིམ་ཚང་གི་སྐོར་ནས་གསུངས་སྐབས་མཆེད་ཁུངས་ར་ཤི་ཡ་ནས་ཡིན་པའི་ཁོང་གི་སྐུ་ཟླ་དང་ཁོང་གཉིས་ལ་བུ་མོ་ལོ་བཞི་དང་ཕྱེད་ལ་སོན་པ་ཞིག་ཡོད་ཅིང་། ་མེ་རི་ཁའི་ཡུལ་དུ་འབྱོར་འབྲིང་གྲལ་རིམ་གྱི་ཁྱིམ་ཚང་ཚོར་ལྟ་སྐྱོང་རོགས་སྐྱོར་ཡག་པོ་མེད་སྟབས་བྱིས་པ་གཉོར་སྐྱོང་དེ་དཀའ་ངལ་ཆེན་པོ་ཡིན་གསུངས། ཁོང་གི་ཁྱིམ་ཚང་ལ་ཡང་བུ་མོ་ཆུང་ཆུང་དེ་སྐྱེས་པའི་སྔ་རྗེས་སུ་ལོ་གཉིས་དང་ཕྱེད་ཙམ་ལ་སྐུ་ཟླ་ལས་ཀར་འགྲོ་ཐུབ་མེད་ཅིང་ཁོང་གཅིག་པོའི་ཡོང་སྒོ་དེ་ཁྱིམ་ཚང་གང་གི་འཚོ་རྟེན་བྱེད་དགོས་བྱུང་སོང་གསུངས། ལྷག་པ་ལགས་ཀྱི་བོད་ཅེས་པ་འདི་གསོན་གནས་ཀྱི་ཐབས་ལམ་ངོ་མ་ནི་བོད་ཀྱི་སྐད་ཡིག་འདི་ལ་ངོས་འཛིན་ཞིང་དེ་ཡང་ཁྱིམ་ཚང་གི་ཁོར་ཡུག་ནས་རྩ་བ་ཚུགས་དགོས་པ་ཞིག་ལ་ངོས་འཛིན་གནང་། ཁོང་གི་བཟའ་ཟླས་བོད་སྐད་མི་ཤེས་ན་ཡང་ཁོང་གིས་རང་གི་བུ་མོ་ལ་བོད་སྐད་ཀྱི་སྟེང་ནས་གོ་བརྡ་ཅི་འཕྲོད་གང་འཕྲོད་བྱེད་ཀྱིན་ཡོད་གསུངས། ལྷག་པར་ད་ལྟའི་ཆར་ཁོང་ལ་བོད་མི་ཁྱིམ་མཚེས་ཤིག་ཡོད་པ་དེ་བཟའ་ཚང་གང་བོས་བོད་སྐད་རྒྱག་གིན་ཡོད་སྟབས་དེས་ཁོང་གི་བུ་མོའི་བོད་སྐད་ཀྱི་རྨང་གཞི་ཅུང་བརྟན་པོ་ཡོང་པར་ཕན་ཐོགས་ཆེན་པོ་འདུག་གསུངས་ནས་དགྱེས་ཚོར་ཆེན་པོ་གནང་གིན་འདུག

ཁོང་གིས་ཨ་མེ་རི་ཁའི་ཡུལ་གྱི་སྤྱི་ཚོགས་དང་འཚོ་བའི་སྐོར་ནས་གླེང་སྐབས་ཡུལ་དེར་འབྱོར་ལྡན་དང་། འཇོན་ཐང་ཅན། ཤེས་ཡོན་ཅན་སོགས་ལ་མདུན་ལམ་ཡོད་ས་ཞིག་དང་མི་སེར་བྱིངས་ལ་དཔལ་འབྱོར་གྱི་ཕྱོགས་ནས་ཁེ་ཕན་དེ་ཙམ་མི་ཆེ་ས་ཞིག་དང་། ལྷག་པར་ཡང་འབྱོར་འབྲིང་གྲལ་རིམ་གྱི་ཁྱིམ་ཚང་ཚོར་གཞུང་ངོས་ནས་ཡར་ཁྲལ་བསྡུ་བ་མ་གཏོགས་མར་ལྟ་རྟོག་དེ་ཙམ་མེད་སྟབས་དཀའ་ངལ་སེམས་ཁྲལ་ཆེ་ས་ཞིག་ཡིན་སྐོར་གསུངས་བྱུང་། དེ་ནི་ཁོང་གིས་ཡུ་རོབ་སོགས་ཀྱི་འབྱོར་ལྡན་ཡུལ་གྲུ་གཞན་དང་བསྡུར་ནས་གསུང་གིན་ཡོད་པ་རེད། སྲིད་འཛིན་སྔོན་མ་བྷུ་ཤིའི་དམག་འཁྲུགས་བསླངས་པ་དང་འཛིན་སྐྱོང་བྱེད་སྟངས་དེས་ཡུལ་དེར་གནོད་སྐྱོན་ཆེན་པོ་སོང་ཡོད་གསུངས་བྱུང་། དེང་དུས་སུ་སྲིད་འཛིན་བྷི་རག་་ཨོ་བྷ་མ་ལགས་ཀྱིས་འཕྲོད་རྟེན་ལྟ་སྐྱོང་སོགས་འཆར་གཞི་ཡག་པོ་ཡོད་ཀྱང་ལག་ལེན་དངོས་སུ་བསྟར་སྐབས་དེ་ཡང་སྲིད་འཛིན་རང་གིས་ཐུགས་མོས་གནང་བ་ལྟ་བུའི་ཕན་ཐོགས་ཡོད་པ་ཞིག་ཡོང་ཐུབ་ཀྱིན་མི་འདུག་ཚུལ་གསུངས་བྱུང་།

ངས་ཁོང་དང་འཕྲད་པའི་སྐོར་གྱི་ཕྱིར་དྲན་འདི་འདི་འབྲི་སྐབས་ངའི་སེམས་ངོས་སུ་སྐུ་ཞབས་ལྷག་པ་ལགས་ཀྱི་འགྲུལ་བཞུད་ཀྱི་རྣམ་པ་ཞིག་ཤར་ཡོང་གིན་འདུག བོད་མི་རེ་ངོ་རེའི་སེམས་ཁོངས་ན་གཟི་བྱིན་ལམ་ལམ་དུ་གཡོ་བཞིན་པའི་གངས་སེང་དར་ཆ་ཆེན་པོ་དེ་ཡང་ཁོང་གི་ལ་རྒྱ་བརྟན་པོ་དང་ཆོད་སེམས་ཆེན་པོ་དེ་དང་འགྲོགས་ནས་སྦག་སྦག་འཁོར་ལོའི་རྒྱབ་ཏུ་བསྐྱོད་བཞིན་རི་མཐོན་པོ་དང་། ལ་གཟར་བོ། ཐང་ཆེན་པོ་ཇི་སྙེད་ཅིག་བརྒྱུད་ནས་ལམ་ཆེ་འབྲིང་ཆུང་གསུམ་དང་རིང་ཐུང་བར་མ་སྣ་ཚོགས་ཤིག་རྡོག་འོག་ཏུ་མནན། མི་རིགས་ཀྱི་ལ་རྒྱ་དང་ཕ་ཡུལ་གྱི་ཞེན་པ་ལྕི་མོ་ཞིག་གིས་མདུན་ནས་མདུན་དུ་དྲངས་ཏེ་ཚ་གདུག་དང་། ཆར་ཞོད། རླུང་འཚུབ་གང་གིས་ཀྱང་མ་ཁོགས་པར་འཛམ་གླིང་རིལ་བོའི་ཆེ་ཆུང་གཞལ། ཕྱི་མི་དང་བོད་མི། དགྲ་ཕྱོགས་དང་རང་ཕྱོགས། སེམས་ཁུར་ཡོད་མེད་ཀྱི་མི་སྣ་ཆེས་མང་པོ་ཞིག་གིས་ཁོང་གི་སྣང་བརྙན་དེ་བརྒྱུད་ནས་འཛམ་གླིང་གི་ཡང་རྩེའི་བོད་ཀྱི་རྒྱལ་ཁབ་ཆེན་པོ་དེའི་ལས་དབང་ལ་བསམ་གཞིག་རེ་དབང་མེད་བྱུང་ཡོད་ངེས།

མཐའ་དོན། ཁོང་གིས་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་ལྷོངས་ཡོང་བར་སྨོན་པ་དང་ཆབ་ཅིག། ཁོང་གང་དུ་ཕེབས་པའི་སར་གནས་པའི་བོད་མི་ཚོས་གང་ནུས་ཀྱིས་མཐུན་འགྱུར་རོགས་རམ་ཞུ་བ་དང་། བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་སྐབས་སུ་སྤྱི་སྒེར་ཚོགས་པ་ཚོས་ཀྱང་ཐུགས་རྗེ་ལེགས་གསོལ་སྣེ་ལེན་ལེགས་པོ་ཞིག་བྱེད་པའི་རེ་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་དུ་མ་འོངས་པར་ཡང་བོད་མི་སུ་ཞིག་གིས་ཀྱང་འདི་ལྟར་འཛམ་སྐོར་སྐྱོད་སོགས་བྱ་ནུས་ན་དེ་ཡང་སྒེར་ངོས་ནས་ས་ཆོད་ཆེ་བའི་ལས་འགུལ་སྤེལ་སྟངས་ཤིག་རེད་འདུག་པས་འཛམ་གླིང་གི་ས་གནས་གང་སར་འཁོད་པའི་བོད་མི་ཚོས་གང་ནུས་ཀྱི་རོགས་ཕན་རེ་ཞུ་དགོས་པར་སེམས།

 ཁོང་ས་གནས་གང་སར་བསྐྱོད་པའི་སྒེར་གྱིས་ཟིན་ཐོ་སོགས་གཟིགས་འདོད་མཁན་ཚོར་ཁོང་གི་དྲ་བྱང་འདི་རེད། www.freetibetworldtour.com

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 5

  1. ཐོ་རེངས། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། ཁྱེད་ཀྱིས་ལྷག་པ་ཚེ་རིང་གིས༼གྲྭ་བཙུན་ཚོར་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཐོབ་ཐང་ཡོད་པ་དེར་ཡང་དགའ་མོས་གནང་གིན་མི་འདུག༽ཞེས་པའི་དོན་དེ་གསལ་པོ་ཞིག་འབྲི་ཐུབ་མི་འདུག
    དེའི་དོན་གསལ་བཤད་ཅིག་གནང་རོགས་ཞུ། བོད་ཀྱི་གྲྭ་བཙུན་ལ་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་པ་དེ་ལ་ལྷག་པ་ཚེ་རིང་དགའ་མོས་མེད་ཞེས་དོན་ཡིན་ནམ།
    ད་དུ་༼ཐོབ་ཐང་ཐོབ་ཐང༽ བསྐྱར་བཟློས་བྱས་པ་ལ་དོན་ཅི་ཞིག་ཡོད།

    Reply
  2. Rinchen Gonpo says:
    ལོ་ 15 སྔོན།

    ངས་ཁོང་ལ་བཀྲིས་བདེ་ལེགས་དང་བསམ་དོན་འགྲུབ་པའི་སྨོན་འདུན་ཞུ།

    Reply
  3. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཁོང་པ་རི་སིར་ཕེབས་དུས་ བཀའ་མོལ་སློད་པོ་བྱུང་། ཆུང་དུས་ནས་ད་བར་གྱི་ལོ་རྒྱུས་ཆ་ཚང་གསུངས་དུས་སེམས་སྐྱོ་ཡ་རེད་འདུག་། ང་ཚོ་གཞོན་སྐྱེས་ཚང་མ་ཁོང་དང་ བསྟན་འཛིན་བརྩོན་འགྲུས་ བཀྲས་མཐོང་ལྷ་སྒྲོན་འདྲ་པོ་རྐྱང་ཡིན་ན་ གཡོ་འགུལ་ཞིག་ཐེབས་ཚར་ཡོད་ཤག་།

    Reply
  4. རྐང་གསུམ། says:
    ལོ་ 15 སྔོན།

    འདི་ལྟར་ང་ཚོས་རང་ཉིད་མཐོང་ན་ཡག་པོ་རེད། བོད་རིགས་ལྷག་པ་ཚེ་རིང་ལ་བཀའ་དྲི་རྗེས་དྲན་ཞུ་དང་ཞུ།

    Reply
  5. རྒྱལ་བསྟན། says:
    ལོ་ 15 སྔོན།

    ལྷག་པ་ཚེ་རིང་ལགས་ཀྱི་བོད་དོན་ཆེད་དུ་སྐོར་བསྐྱོད་དེ་ལྟར་གནང་བར་ཐུགས་རྗེ་ཆེ། ཁྱེད་ཀྱི་གནང་གཏང་དེར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese