བོད་གཞུང་ཁྲིམས་ཞིབ་ཁང་གི་ལས་བྱེད་ཟུར་པ་ཨ་རིར་གནས་བཞུགས་སྐུ་ཞབས་ཕུར་བུ་རྡོ་རྗེ་ལགས་ཀྱིས་ཁོང་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞིར་རང་འགུལ་ཐོག་བཞེངས་འདོད་ཡོད་སྐོར་འདི་གའི་གསར་ཁང་ལ་འབྲེལ་བ་བྱུང་དོན་ལྟར། ཕྱི་ཚེས་ ༡༣ ཉིན་འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ཁ་པར་བརྒྱུད་ཁོང་ལ་བཀའ་བློན་ཁྲི་པའི་ལས་རིགས་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཁག་ཅིག་ཞུས་ཡོད།
དྲི་བ། སྐུ་ཉིད་རང་འགུལ་ཐོག་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
ལན། མི་མང་གིས་ཐད་ཀར་འོས་འདེམ་བྱས་པའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་དང་། བཀའ་ཤག་སྐབས་བཅུ་བཞི་བའི་མགོ་ཁྲིད་མཁན་དེ་བསྐྱར་འདེམ་གྱི་དུས་སུ་སླེབས་ཡོད་པ་རེད། མི་མང་པོ་ཞིག་གིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་རེ་བ་རྒྱག་གི་ཡོད་ཀྱང་། བཅའ་ཁྲིམས་ཀྱི་དགོངས་དོན་དང་འོས་བསྡུའི་སྒྲིག་གཞིའི་ནང་ལམ་ཁ་དེ་རག་གི་ཡོད་པ་མ་རེད། བཀའ་ཤག་སྐབས་བཅུ་བཞི་བའི་ལས་ཡུན་དེ་༧གོང་ས་མཆོག་དགུང་གྲངས་ ༨༠ ལ་ཕེབས་པ་དང་། བོད་པའི་རྩ་དོན་དང་སྤྱི་ཚོགས་གང་ཐད་ནས་ཧ་ཅང་གི་གནད་འགག་གི་དུས་ཚོད་ཅིག་ལ་འཁེལ་ཡོད། གཉན་འཕྲང་གི་དུས་ཚོད་འདི་འདྲ་ཞིག་ལ་བོད་པ་སུ་ཞིག་ཡིན་རུང་འགན་འཁུར་རྒྱུའི་སེམས་ཤུགས་དང་། ལྷག་བསམ་གཙང་མ་ཞིག་ཡོད་ན་མདུན་དུ་འཐོན་དགོས་པའི་དུས་སུ་སླེབས་ཡོད་པ་རེད། བཀའ་བློན་ཁྲི་པ་ཟེར་བ་དེ་བོད་རྒྱལ་ཁབ་དང་མི་རིགས་ལ་ཞབས་ཞུ་སྒྲུབ་སའི་རྐུབ་སྟེགས་ཚད་མཐོ་ཤོས་ཤིག་དེ་རེད། ལྷག་བསམ་རྣམ་དག་གིས་དཀའ་ལས་བརྒྱབ་ཀྱང་གོ་ཆོད་སའི་སྡིངས་ཆ་ཞིག་ཡིན་སྟབས། ང་རང་དང་བླངས་ཐོག་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན། ངས་སྔོན་མ་རྒྱ་གར་ནང་ལོ་ལྔའི་རིང་ཁྲིམས་ཀྱི་ཐོག་ལ་སློབ་སྦྱོང་བྱས་ཤིང་། དེའི་རྗེས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ནས་རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་གྱི་ཕྱག་འཁྱེར་རག་སོང་། བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལོ་ ༡༠ ལྷག་རིང་ལས་ཀ་བྱས་པ་ཡིན། སོ་སོས་དཔག་ཚོད་ཀྱིས་ལས་ཀ་གང་འཚམ་བྱས་ཡོད་ཀྱང་འོས་བསྡུ་དངོས་གཞི་སླེབས་སྐབས། མི་སྒེར་བ་ཞིག་གིས་ང་བཀའ་བློན་ཁྲི་པར་འདུག་རྒྱུ་ཡིན་ཟེར་དབང་ཡོད་པ་མ་རེད་ལ། ཚོགས་པ་སྒྲིག་འཛུགས་ཤིག་གིས་ཁོ་བཀའ་བློན་ཁྲི་པར་བསྐོ་རྒྱུ་ཡིན་ཟེར་དབང་ཡང་ཡོད་པ་མ་རེད། སུ་འདེམ་དང་མི་འདེམ་གྱི་དབང་ཚད་དེ། དང་བླངས་དཔྱ་དངུལ་འབུལ་བཞིན་པའི་བཙན་བྱོལ་མི་དམངས་ཀྱི་ལག་ཏུ་ཡོད།
དྲི་བ། སྐུ་ཉིད་ལ་བཀའ་བློན་ཁྲི་པའི་ལས་འགན་འཁུར་ཐུབ་པའི་གདེང་ཚོད་དང་ཁྱད་ཡོན་གང་དག་ཚང་བའི་ཡིད་ཆེས་གནང་གི་ཡོད་དམ།
ལན། གདེང་ཚོད་དང་སྤོགས་པ་གང་ཡོད་ཟེར་ན། སྔར་གྱི་སྲིད་བློན་ཀླུ་ཁང་པ་དང་ཟམ་གདོང་རིན་པོ་ཆེ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལྟ་བུ་ཁྱད་ཡོན་འདྲ་ཡོད་པ་མ་རེད་དེ། འདྲ་འདྲའི་ནང་ནས་མར་ཟགས་དགོས་པའི་གནས་སྟངས་མཐོང་གི་མེད། གལ་སྲིད་ང་ལ་བཀའ་བློན་ཁྲི་པ་མ་ཐོབ་ཀྱང་། དམངས་གཙོའི་འཕེལ་རིམ་གྱི་ཐོག་ལ་ཏན་ཏན་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་རེད། ཉེ་ཆར་ང་རང་བཀའ་བློན་ཁྲི་པར་ལངས་རྒྱུ་ཡིན་པ་གསལ་བསྒྲགས་བྱས་རྗེས་རྒྱ་རི་སྒྲོལ་མ་མཆོག་གིས་ཀྱང་གསལ་བསྒྲགས་གནང་སོང་། དེ་ང་ལ་བརྟེན་ནས་བྱུང་བ་རེད་ཟེར་གྱི་མེད་མོད། སྤྱི་ཚོགས་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད་པའི་རྣམ་པ་རེད། སོ་སོར་མཚོན་ན་ལོ་ཆེ་མ་དྲགས་ཆུང་མ་དྲགས། ཉམས་མྱོང་གི་ཐད་ནས་ཀྱང་ཕྱུག་པོ་མིན་ལ་དབུལ་བོ་ཡང་མིན། སྔོན་མ་དབྱིན་ཡུལ་གྱི་ Oxford University གཙུག་ལག་སློབ་གྲྭའི་ནང་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་དཔོན་སྐད་གྲགས་ཅན་རེ་ཟུང་གི་ས་ནས་སློབ་སྦྱོང་བླངས་མྱོང་ལ། འབར་མའི་འཐབ་རྩོད་སྣེ་ཁྲིད་པ་སོགས་ལ་ཡང་འབྲེལ་བ་ཡག་པོ་ཡོད། ཉམས་མྱོང་དང་སློབ་སྦྱོང་། ལྷག་བསམ་སོགས་མང་པོ་ཞིག་གི་ཐད་ནས་ང་བཀའ་བློན་ཁྲི་པའི་རྐུབ་སྟེགས་སྟེང་འདུག་མ་ཆོག་པ་དང་མ་རུང་བའི་གནས་སྟངས་མཐོང་གི་མེད། ལྷག་པར་དུ་ཉེ་ཆར་བློ་བཟང་སེང་གེ་དང་བསྟན་འཛིན་རྣམ་རྒྱལ་ང་ཚོ་གསུམ་གྱིས་མི་དམངས་ལ་སྐད་ཆ་བཤད་སྐབས། མང་ཚོགས་མང་པོ་ཞིག་གིས་ང་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་སོང་ལ། དེའི་རྗེས་ནས་ཀྱང་བརྒྱུད་ལམ་སྣ་ཚོགས་ནས་རེ་བ་བྱེད་ཀྱི་འདུག
དྲི་བ། སྤྱི་ཚོགས་ནང་གླེང་སློང་བྱེད་ཀྱིན་པའི་བཀའ་བློན་ཁྲི་པའི་འོས་གཞི་རྒྱ་རི་སྒྲོལ་མ་མཆོག་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བློ་བཟང་སེང་གེ རྟའུ་བློ་བཟང་དཔལ་ལྡན་སོགས་ཀྱི་སྟེང་གཟིགས་ཚུལ་གང་འདྲ་ཡོད་དམ།
ལན། ཁོང་རྣམ་པར་མཚོན་ན་ཡང་སོ་སོའི་གཞུང་དང་མི་རིགས་ལ་སེམས་ཤུགས་དང་། ཤ་ཚའི་ཐོག་ནས་བཀའ་ཁྲིའི་འོས་ཁོངས་སུ་འཛུལ་བ་ཡིན་རྒྱུ་རེད་དྲན་ཡོད། འོན་ཀྱང་སྤྱི་ཚོགས་ནང་ཁོང་ཅག་ཁོ་ནར་བསམ་བློ་འཁོར་བསྡད་པ་ཞིག་མ་རེད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་མཚོན་ན། སྔོན་མ་ཡང་ཚར་གཅིག་བཀའ་བློན་ཁྲི་པ་གནང་གྲུབ་པ་རེད། ཕྱག་ལས་གནང་སྟངས་དང་དགོངས་པ་བཞེས་ཕྱོགས་ཚང་མས་མཁྱེན་གི་རེད། བློ་བཟང་སེང་གེ་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཁྲིམས་ལུགས་ཐོག་འབུམ་རམས་པ་ཐོན་པ་རེད། བཙན་བྱོལ་སྤྱི་ཚོགས་ནང་འབུམ་རམས་པ་ཐོན་པ་མང་པོ་ཡོད། ནའེ་ཡོག་གི་བསྟན་འཛིན་ཆོས་གྲགས་དང་བུ་མོ་བྷེ་ཚེ་རིང་སོགས་ཀྱང་འབུམ་རམས་པ་ཐོན་པ་རེད། བློ་བཟང་སེང་གེ་ལ་དེང་རབས་ཀྱི་སློབ་སྦྱོང་གང་འཚམ་ཐོབ་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ནང་ཕྱག་ལས་གནང་མྱོང་མེད་སྟབས་དཀའ་ངལ་འཕྲད་མི་སྲིད་པ་མ་རེད། རྟའུ་བློ་བཟང་དཔལ་ལྡན་ཁོང་ཁ་བདེ་བོ་བཤད་སྡོད་མཁན་ཞིག་མ་རེད། ད་བར་འཇར་མན་ནང་ཕྱག་ལས་གལ་ཆེན་མང་པོ་གནང་ཡོད་པ་རེད། བོད་ནང་ལ་ཡང་དོན་ཕན་ལྡན་པའི་ལས་ཀ་མང་པོ་བྱེད་བཞིན་ཡོད་རབས་གོ་སོང་། ང་རང་ལ་མཚོན་ན། སྔ་ཕྱིར་ཁྲིམས་ལུགས་ཐོག་ལོ་བཅུ་ཙམ་ལ་སློབ་སྦྱོང་བྱས་པ་དང་། བཙན་བྱོལ་གཞུང་རང་ནས་ལོ་བཅུ་ལྷག་ལ་ཞབས་ཞུ་བསྒྲུབས་ཏེ་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ན། ངས་ཁོང་ཅག་ལས་ལྷག་ཅིག་བྱ་མ་ཐུབ་ཀྱང་། ཁོང་ཅག་ལས་ཞན་པ་ཞིག་མིན་པའི་གདེང་ཚོད་ཡོད། ངའི་མི་ཚེ་ཕྱེད་རྫོགས་པའི་རིང་གཞུང་ལ་ཞབས་ཞུ་སྒྲུབ་སྐབས་དང་། ཚོགས་པ་སྒྲིག་འཛུགས་ནང་ལས་ཀ་བྱས་པ་སོགས་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན་གསལ་བོ་ཧ་གོ་བ་རེད། ང་རྒྱ་གར་ལྷོ་ཕྱོགས་སུ་ས་གནས་ཁྲིམས་ཞིབ་པའི་ལས་ཀ་བྱས་པའི་རིང་ལ། མི་དམངས་ལ་ཕན་པའི་ལས་ཀ་ག་རེ་བྱས་ཐུབ་ཡོད་པ་དང་། མི་དམངས་ཚོ་ང་ལ་དགའ་ཞེན་ཅི་ཙམ་ཡོད་པ་སོགས་ཐེངས་འདིར་ང་བཀའ་བློན་ཁྲི་པར་ལངས་འདོད་ཀྱི་སྤོབས་པའི་འབྱུང་ཁུངས་ཤིག་ཆགས་ཀྱི་འདུག
དྲི་བ། བཀའ་ཤག་སྐབས་སྔ་མའི་སྲིད་བྱུས་ཁག་ལས་ནོར་འཁྲུལ་དང་འཐུས་ཤོར། ལམ་ལྷུང་མ་བྱུང་བ་གང་དག་ལ་ངོས་འཛིན་གནང་གི་ཡོད་པ་དང་། མ་འོངས་པར་འགྱུར་བ་གཏོང་དགོས་ས་གང་དག་གཟིགས་ཀྱི་ཡོད་དམ།
ལན། རྒྱལ་ཁབ་འགའ་རེ་ནང་གཞུང་གི་དབུ་ཁྲིད་སྔ་ཕྱིའི་མཚམས་སུ་གཞུང་སྔ་མའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཏེ། གསར་བརྗེ་དང་བཅོས་སྒྱུར་ཀྱི་འཆར་གཞི་འདོན་མཁན་ཡོད་ཀྱང་། ང་ཚོའི་སྤྱི་ཚོགས་ནང་དེ་ནི་ཕན་ཐོགས་མེད་པ་ཞིག་རེད། འོན་ཀྱང་ལེགས་བཅོས་གཏོང་དགོས་ས་དང་ཁ་སྣོན་བྱ་དགོས་ས་ཡོང་གི་རེད། སྲོལ་རྒྱུན་སོ་ནམ་འདེབས་ལས་ལ་མཚོན་ན། ཀུན་སྤྱོད་ཡག་པོ་ཞིག་དང་ཕུགས་རེ་བཟང་པོ་ཞིག་རེད་དེ། ང་རང་ཡོང་སའི་དོན་ལྡན་གླིང་གཞིས་ཆགས་ལྟ་བུར་མཚོན་ན། སྔོན་མ་ནས་རྫས་ལུད་བེད་སྤྱོད་བྱེད་ཀྱི་ཡོད་སྟབས། གློ་བུར་དུ་སྲོལ་རྒྱུན་སོ་ནམ་འདེབས་ལས་ལ་བསྒྱུར་ན། སྟོན་ཐོག་མ་བྱུང་བ་དང་། སྟོན་ཐོག་མ་བྱུང་བའི་རྐྱེན་གྱིས་ཞིང་ལས་ལ་དགའ་མོས་མེད་པ་ཆགས་ཀྱི་འདུག ཞིང་ཁ་རེ་ཟུང་ཚོད་ལྟའི་ངོ་བོར་འཇོག་དགོས་ཀྱང་མང་ཆེ་བ་སྔར་རྒྱུན་བཞིན་སོང་ན་ཡག་གི་རེད། གཞིས་ཆགས་སྲ་བརྟན་དང་གཞིས་ཆགས་ནང་མི་འདུག་དགོས་ན། གཞུང་གི་ངོས་ནས་འགྲོ་སོང་བཏང་སྟེ་ཞིང་ལས་ཡོང་སྒོ་ཡོད་པ་ཞིག་དང་། ཕྱིར་གཏོང་གི་བཅའ་དངོས་བཟོ་གྲྭ་སོགས་བཙུགས་ཏེ་དངུལ་བཟོ་ས་ཞིག་ཐབས་ཤེས་འཐེན་དགོས་པ་རེད། གཞན། ཤེས་ཡོན་སྲིད་བྱུས་གསར་པ་དེ་ཡག་པོར་མཐོང་གི་ཡོད། བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་བའི་སྐད་ཡིག་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ལ་སྒྱུར་བཅོས་གཏོང་མ་ཐུབ་ཀྱང་། ད་ལྟའི་དཔེ་སྟོན་སློབ་གྲྭ་ལྟ་བུ་མང་པོ་བཙུགས་ཏེ། འཛིན་གྲྭ་དང་པོ་ནས་མཐོ་སློབ་བར་ལག་བསྟར་བྱ་དགོས་པ་རེད། ལས་གཞི་འདི་བོད་པ་གཅིག་པུའི་ཁེ་ཕན་ཞིག་མ་རེད། ལ་དྭགས་དང་ཧི་མ་ལ་ཡའི་རི་རྒྱུད་ཡོངས་ལ་ཁེ་ཕན་ཡོད་པ་ཞིག་རེད། རྒྱ་གར་གཞུང་དང་མཉམ་འབྲེལ་བྱ་ཐུབ་ན་ལམ་ཁ་རྒྱ་ཆེན་པོ་ཡོད་པ་ཞིག་རེད། མི་ཁ་ཤས་ཀྱིས་རྗེས་མ་ལས་ཀ་རག་མིན་ལ་སེམས་ཁྲལ་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་བཙན་བྱོལ་གཞུང་གི་ལས་བྱེད་དག་ལ་བོད་ཡིག་གི་གནས་ཚུལ་སྐྱོ་བའི་དཀའ་ངལ་ཡོད་དམ་མེད། སློབ་གྲྭ་ཁག་ཏུ་བོད་ཡིག་དགེ་རྒན་ཚད་ལྡན་མ་རག་པའི་དཀའ་ངལ་ཡོད་དམ་མེད། སློབ་ཚན་གཞན་དག་ཀྱང་བོད་ཡིག་ཏུ་བསྒྱུར་ཏེ་མདུན་སྐྱོད་ཆེན་པོ་ཞིག་བྱ་དགོས་པ་རེད་དྲན་ཡོད།
དྲི་བ། ཁྱེད་ཀྱིས་གོང་དུ་བཙན་བྱོལ་བོད་གཞུང་གི་ད་ཡོད་སྲིད་བྱུས་ནང་ལེགས་བཅོས་དང་ཁ་སྣོན་དགོས་སྐོར་གསུངས་པ་དེ་གང་དག་ཡིན་ནམ།
ལན། ནང་ཆོས་ཀྱིས་མཚོན་པའི་བོད་པའི་སྐད་ཡིག་རིག་གཞུང་གི་ཐོག་ལ། དེང་རབས་ཀྱི་ཤེས་བྱ་དང་གསར་གཏོད་ཀྱི་ལས་རིགས་ཐད་ཤུགས་རྒྱག་དགོས་པ་རེད། མི་རྒན་པ་ཚོའི་ཨ་ཅོག་ནང་སོང་ཡང་རུང་ལ་མ་སོང་ཡང་ཆོག སྤྱི་ཚོགས་འགྱུར་འགྲོས་ཀྱིས་ང་ཚོ་དེད་ཡོང་གི་ཡོད། རྒྱ་གར་ནང་སློབ་ཡོན་དེ་ཙམ་མཐོན་པོ་མ་རེད། རྒྱ་གར་མཐོ་སློབ་ཁག་ནས་ ཉུང་མཐར་ལོ་རེར་དེང་རབས་ཀྱི་ཤེས་ཡོན་ཐོག་འབུམ་རམས་པ་བརྒྱ་ཕྲག་འཐོན་དགོས་ཀྱི་འདུག སྔོན་མ་ཉུང་ཤས་ཤིག་ལ་གཞུང་གིས་སློབ་ཡོན་གནང་གི་ཡོད་ཀྱང་། མཐར་བསྐྱལ་ཏེ་འབུམ་རམས་པ་དང་རིགས་གཅིག་རྐང་འཛིན་ཐོན་པའི་བར་གསོ་སྐྱོང་གནང་ཐུབ་ཀྱི་ཡོད་པ་མ་རེད། འདི་དག་ལ་སློབ་སྦྱོང་ཐོན་སྐབས་བཙན་བྱོལ་གཞུང་དུ་ལས་ཀའི་ས་མིག་མེད་ཀྱང་། ཕྱི་རྒྱལ་གྱི་གཙུག་ལག་སློབ་གྲྭ་ཁག་གི་སློབ་དཔོན་དང་། ལས་ཁུངས་ཆེ་ཁག་གི་ལས་བྱེད་བཅས་ཀྱི་ལས་ཀ་འཚོལ་རོགས་བྱ་དགོས་པ་རེད། གཞན་གནད་འགག་ཆེ་ཤོས་ཤིག་ལ། བོད་ནང་དང་མཐུན་འབྲེལ་དམ་ཟབ་ཏུ་གཏོང་དགོས། ཤེས་ཡོན་ཐོག་ང་ཚོས་རོགས་འདེགས་གང་འཚམ་ཐུབ་གི་རེད། བོད་ནས་ཚུར་ཕེབས་མཁན་བྱིས་པ་ཚོ་སྐྱེད་སྲིང་ཡག་ཐག་ཆོད་བྱས་ཏེ་ཕྱིར་བོད་ནང་ལ་གཏོང་རྒྱུ་དང་། བོད་ནང་གི་ས་ཁུགས་ལུང་ཁུགས་ཤེས་ཡོན་གྱི་གོ་སྐབས་མེད་ས་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་སློབ་གྲྭ་རྒྱག་ཐབས་བྱ་རྒྱུ། ཕྱི་རྒྱལ་གྱི་རོགས་ཚོགས་བཙལ་ཏེ་བོད་ནང་ལ་གཏོང་རྒྱུ་སོགས་ཤིན་ཏུ་གལ་ཆེན་པོ་རེད། གཞིས་ཆགས་ཁག་ནང་བྱིས་པ་ཚོར་རང་སྦྱོང་བྱ་ས་རེ་ཡོད་ཀྱང་། གཞིས་གྲོང་མང་པོ་ཞིག་དུ་ཚགས་ཚུད་ཡོང་གི་མི་འདུག སློབ་ཕྲུག་གི་ཕ་མའི་ནང་ཡི་གེ་མི་ཤེས་མཁན་དང་། ཕ་མ་ཚོང་ལས་ལ་འགྲོ་དགོས་པ་སོགས་ཡོང་གི་ཡོད་སྟབས། བྱིས་པ་ཚོའི་སློབ་སྦྱོང་འཐུས་ཤོར་མི་འགྲོ་བའི་ཐབས་ལམ་ཞིག་ངེས་པར་དུ་བསྐྲུན་དགོས་ཀྱི་འདུག
དྲི་བ། གལ་སྲིད་སྐུ་ཉིད་བཀའ་བློན་ཁྲི་པར་བཞུགས་པ་ཡིན་ན། བོད་རྒྱ་ཞི་འགྲིག་ཐད་ཕྱག་ལས་ག་རེ་གནང་རྩིས་ཡོད་དམ།
ལན། ད་ལྟའི་གནས་སྐབས་སུ་བཀའ་བློན་ཁྲི་པའི་ལས་འགན་གཙོ་བོ་བོད་རྒྱ་ཞི་འགྲིག་རེད། བོད་མི་སུ་ཞིག་ཡིན་རུང་གནད་དོན་འདི་སོ་སོའི་ཡ་ཁོག་གི་སྙིང་བཞིན་གལ་ཆེན་དུ་འཛིན་དགོས། གལ་སྲིད་ང་བཀའ་བློན་ཁྲི་པར་བདམས་པ་ཡིན་ན། ༧གོང་ས་མཆོག་གི་དགོངས་པ་གཞིར་བཞག་གི་ཐོག་ནས་བསྐྱོད་རྒྱུའི་དམ་བཅའ་གཙང་མ་ཡོད། ཁེ་ཕན་ཡོད་ན་བོད་རྒྱ་གཉིས་ཀར་འདྲ་མཉམ་དང་། གྱོང་གུད་ཡོད་ཀྱང་འདྲ་མཉམ་གྱིས་བགོ་བཤའ་རྒྱག་རྒྱུ་ཞིག་ལ་འབད་བརྩོན་བྱ་དགོས་པ་རེད། ལམ་ཁ་འདི་ ༡༩༧༤ ལོ་ཙམ་ནས་༧གོང་ས་མཆོག་གི་དགོངས་པར་འཁོར་ཡོད་པ་ཞིག་རེད། ལ་ལ་ཞིག་གིས་སྲིད་བྱུས་འདི་ལ་གྲུབ་འབྲས་མི་འདུག་ཟེར་གྱི་ཡོད་ཀྱང་། སྲིད་བྱུས་འདི་བརྒྱུད་དེ་ ༢༠༠༢ ལོར་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་བྱུང་བ་རེད། ང་ཚོས་ལོ་ངོ་སུམ་ཅུ་ལྷག་རིང་རྒྱུན་འཁྱོངས་བྱས་པའི་སྲིད་བྱུས་ཀྱི་དགོས་འདུན་མཐར་ཐུག་དེ་ཡང་ཡིག་ཐོག་ནས་རྒྱ་གཞུང་ལ་ར་སྤྲད་པ་རེད། དེ་ལ་རྒྱ་གཞུང་གིས་ངོས་ལེན་ཡག་པོ་བྱས་མེད་ཀྱང་། འདི་ལས་ལྷག་ཅིག་བོད་པ་སུ་གཅིག་གིས་ཀྱང་གནང་ཐབས་མེད་པ་གསལ་བོ་རེད། གཞན། བོད་ནང་དང་རྒྱ་ནག་གི་སྲིད་བྱུས་ལ་རྒྱུས་མངའ་ཆེན་པོ་ཡོད་རྒྱལ་ཁབ་འདྲ་མིན་དང་མི་རིགས་འདྲ་མིན། སྐད་ཡིག་སྣ་ཚོགས་གི་ཆེད་མཁས་པ་གདན་ཞུ་གནང་སྟེ། ཆབ་སྲིད་ཉམས་ཞིབ་ཀྱི་ཚོགས་པ་ཆེན་པོ་ཞིག་འཛུགས་དགོས་ཀྱི་འདུག་དྲན་ཡོད། ཕྱི་འབྲེལ་གྱི་སྲིད་བྱུས་རྒྱ་ཆེ་རུ་བཏང་སྟེ། ལོ་ངོ་བཞི་བཅུ་ལྔ་བཅུའི་གོང་གི་མཉམ་འབྲེལ་རྒྱལ་ཚོགས་ནང་གི་བོད་པའི་གནད་དོན་བསྐྱར་སྔོག་བྱས་ཏེ་གང་དགོས་ཅི་དྲག་གི་ཐབས་ལམ་གསར་པ་འཚོལ་དགོས་ཀྱི་འདུག
ཡག་པོ་འདུག་ལངས་ཤོག
ད་ལོ་ཡིན་ན་བོད་རང་བཙན་རག་ཡེ་རང་རེད་མི་མང་ཚོ་བཀའ་བློན་ཁྲིའི་འོས་གཞིར་ལ་ལངས་ཤོག་ཧཧཧཧཧ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཀུ་རེ་ཡིན།
དུས་བབ་ཚང་ལགས། ངའི་མིང་ལ་བསོད་ནམས་ཡིན། ངས་མིང་རྫུན་མ་མ་བཟོས་པར་མིང་ངོ་མ་བྲིས་ནས་མཆན་བུ་བཏབ་པ་བཀག་འགོག་བྱེད་དོན་གང་ཡིན་ནམ། ཁྱེད་དུས་བབ་ཚང་གིས་མིང་རྫུན་གྱི་མཆན་བུ་མ་གཏོགས་ཁས་ལེན་མེད་པ་ཡིན་ནམ། རྒྱུ་མཚན་ཞིག་གསུང་རོགས།
བཀའ་ཁྲི་འདེམས་མཁན་ཚོས་འདི་ཤེས་དགོས་པར་སེམས།དྲ་གྲོགས་ཚོས་ངེས་པར་དུ་ཉིས་སྟོང་བཅུ་གཅིག་གི་བཀའ་ཁྲི་དེ་མི་ཚུལ་རིང་ལུགས་ཀྱི་ལྟ་ཚུལ་ཡོད་མཁན་ཞིག་གདམ་དགོས་པར་གལ་ཆེན་དུ་མཐོང་། རྒྱུ་མཚན་ནི་འུ་ཚོའི་ཆེ་ས་ནས་འཇིག་རྟེན་ལྟ་ཚུལ། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ཕལ་མོ་ཆེ་ཞིག་ལོག་ལྟ་ཉིད་དུ་སོང་ཡོད་པས་རྒྱུ་མཚན་གྱིས་འུ་ཚོས་མི་ཆོས་ཀྱི་ལས་དོན་ཅི་ཞིག་སྒྲུབ་ཀྱང་། གཏིང་མི་ཟབ་པ་དང་། གནད་མི་ཁེལ་པ། མཐའ་མི་འཁྱོངས་པའི་སྒྱིད་ལུག་སྐྱག་ཤོར་གྱི་གནས་བབ་འདིའི་འབྱུང་རྩ་དང་འགོ་ཁུངས་ཡིན་པར་ངས་འདོད། ཡིན་ནའང་། ལྟ་ལོག་པས་ལྟ་མ་ལོག་པ་ལྟ་ལོག་བལྟས་ན་འུ་ཚོའི་གོ་རྟོགས་སད་དགོས་པ་སྒུག་རྒྱུ་ལས་བྱ་ཐབས་གཞན་ཡོད་དམ?
ང་ཡང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་ཀྱི་ཡིན། ཧ་ཧ་ཧ་ཧ་ ཀུ་རེ་ཡིནད།
ད་དུང་མང་ཙམ་ལངས་རོགས།
ངའི་འོས་ཤོག་སྟེང་མི་གསུམ་སླེབ་སོང་ད་ཅིི་བྱེད་དགོས་མི་ཚོར་གི་་་་་་སུ་ཡིན་ཟེར་ན་རྒྱ་རི་སྒྲོལ་མ་དང་།བློ་བཟང་སེངྒེ་དང་།ཕུར་བུ་རྡོ་རྗེ་གསུམ་དེ་རེད་
སྐུ་ཞབས་ལགས་ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་རང་ཉིད་ཀྱིས་ལོ་རྒྱས་དང་རྒྱུ་མཚན་རྒྱབ་ལྗོངས་དམིགས་འདུན་དང་བསམ་ཚུལ་སོགས་མི་དམངས་ལ་གསལ་བསྒྲགས་བྱས་པ་བཀའ་དྲིན་ཆེ་མི་བུ་རིང་ཉིད་ལ་རས་རྐང་དང་མི་རིང་ཉིད་ལ་འགན་ཁྲི་ཡོད་པ་ངོ་ཤེས་ནས་ཡིད་བཞིན་ནོར་བུའི་ཐུགས་འདུན་དང་མི་དམངས་ལ་ཞབས་ཞུ་མ་འོང་མི་རིགས་འདིའི་གནས་སྟང་སོགས་ལ་སེམས་འཚུབ་དང་ཐུགས་ཕམ་གྱི་མདུན་དུ་ཐོན་པ་བཀའ་དྲིན་ཆེ་
དགོང་དག་མིང་ནོར་ཤ་ཕུར་བུ་རྡོ་རྗེ།
བཀྲིས་བདེ་ལེགས་ཕུར་པ་རྡོ་རྗེ་ལགས་བཀའ་ཁྲི་ཐོབ་མིན་གང་ལྟར་ཁྱེད་ཀྱི་ལྷག་བསམ་དང་སྤོབས་པ་རྗེས་སུ་ཡིད་རང་ཡོད། གོང་དུ་ཁྱེད་ཀྱིས་བཀའ་ཁྲི་འོས་མི་རྣམས་ལ་དགོང་ཚུལ་རེ་གསུངས་འདུག་ཀྱང་རྒྱ་སྒྲོལ་བཟང་ངན་གང་ཡང་གསུངས་མི་འདུག་དེ་ག་འདྲ་ཡིན་ན། གཞན་རྣམས་ལ་ཚིག་ན་ཐག་ཆོད་རེ་རྒྱབ་འདུག་དེ་ཁེ་མཚར་མི་འདུག་གམ།
གང་་ཏ་ང་ཁོང་ལ་ཡིས་ཆེས་མེད།
ཕུར་བུ་རྡོ་རྗེ་ལགས་བཀྼ
་ཤིས་བདེ་ལེགས་ཡོད།
མ་འོང་བཀའ་ཁྲིའི་འོས་མིར་ལངས་
་པ་ནི་ཟིལ་རྗེ་རེད་ལ་ཁྱེད་ལྟ་བུའི་གཞོན་སྐྱེས་ཤེས་ཡོན་ཅན་གང་མང་ཞིག་ལ་དེ་ལྟ་བུའི་སེམས་ཤུགས་དང་སྤོབས་པ་གདེང་ཚོད་ཡོད་པ་ནི་གོང་ས་མཆོག་གིས་དབུ་ཁྲིད་གནངས་བའི་བཙན་བྱོལ་གཞུང་གིས་རྒྱ་གར་དུ་སློབ་གྲྭ་བཙུགས་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སློབ་ཕྲུག་བཏང་བ་སོགས་ཀྱི་ཕྱག་ལས་བྱུང་བའི་གྲུབ་འབྲས་སྨིན་པ་ཞིག་ལ་ངོས་འཛིན་བྱས་ཆོག་ལ།
རྒྱ་ནགས་གཞུང་དང་བོད་ནང་གི་བོད་མི་རེ་ཟུང་གིས་བཙན་བྱོལ་ལ་བོད་ཀྱི་འཐབ་རྩོད་ལ་ཕན་པའི་ཤེས་ཡོན་ཅན་དང་འཇོན་ཐང་སྤོབས་པ་ལྡན་པའི་གཞོན་སྐྱེས་གཏན་ནས་མེད་པར་ངོས་འཛིན་བྱེད་བཞིན་ཡོད་པར་བརྟེན་ཁྱེད་རང་ལྟ་བུའི་གཞོན་སྐྱེས་རྣམས་མདུན་དུ་ཐོན་དགོས་པ་ནི་བོད་ཀྱི་རྩ་དོན་ཡིན། འོན་ཀྱང་ཁྱེད་རང་གིས་བཀྲས་མཐོང་དང་བློ་བཟང་སེང་གེ་རྟའུ་དཔལ་ལྡན་གསུམ་གྱི་སྐོར་སྐད་ཆ་ཁ་ཤས་ཕྲག་དོག་ཕྱོགས་ལྷུང་གི་དབང་དུ་སོང་འདུག་ན་ཕྱིས་སུ་དེ་འདྲ་བའི་ཚིག་ལ་གཟབ་ན་དགའ་སྙམ།
གཡང་གཅིག་སླེབས་འདུག་གསར་འབྱོར་ཚོ་འབུར་འཇོམ་བྱེད་མཁན་ཞིག་ཡིན་དང་ཡང་ན་མཁས་དབང་བློ་བཟང་སེང་གེ་ལ་བར་ཆད་དམ་རོགས་འདེགས་བྱེད་མཁན་ཞིག་ཡིན་གང་ཤེས།
ཁོང་གིས་རྒྱ་ནག་གི་སྲིད་ཇུས་དང་དམིགས་འདུན་ཤེས་རྒྱུ་ཕར་ཞོག ཐ་ན་བོད་ནང་གི་དཀའ་ངལ་དང་དངོས་ཡོད་གནས་སྟངས་ཡང་མཁྱེན་གྱི་མི་འདུག ཁོང་བཀའ་ཁྲིར་ཐོབ་པའི་དབང་དུ་བཏང་ནའང་བོད་རྒྱ་ཞི་མོལ་ཕར་ཞོག བཙན་བྱོལ་བོད་གཞུང་ཡང་སྲིུ་ང་ཐུབ་ཀྱི་མ་རེད། གསར་འབྱོར་ཕྱིར་སློག་བྱེད་ཀྱི་ཡིན་ཟེར་ཚུལ་ལ་ལྟོས་དང་།
བོད་ཀྱི་བཀའ་བློན་ཁྲི་བ་ཞེས་པ་དེ། བོད་མི་གང་ཞིག་ཨ་རི་སོགས་ཕྱི་རྒྱལ་གྱི་མི་སེར་ཆགས་ཟིན་ཞིག་འཇོག་ཆོག་གི་ཡོད་དམ།
དེ་རྒྱལ་ཕྱིའི་ཁྲིམས་དང་འགལ་བ་མ་ཡིན་ནམ།
བཀའ་བློན་གྱི་འོས་གཞི་ལ་ལང་བ་ཐུགས་རྗེ་ཆེ། འོན་ཀྱང་ལས་འཆར་ཡག་པོ་ཞིག་པང་བསྒྲིགས་ནས་ང་ཚོའི་མདུན་ལ་ཅིག་བསྟན་དང་། ཁྱོད་ཀྱི་ལས་འཆར་ནི་གསར་འབྱོར་ཚོ་སྤྱང་ཀི་ཁ་ལ་བཞག་ནས་ཁོས་ཨ་རི་ནས་ཁ་རྒྱག་པ་བཤད་ནས་སྤྱང་ཀི་ཁ་ནང་ནས་ཕྱིར་ལེན་ཨེ་ཐུབ་ངས་འདྲི་རུ་ཡོད། ལེན་ཐུབ་ན་ངས་ཁྱོད་ལ་འོས་བླུག་དགོས་ལོ་ དེ་མིན་ན་བླུགས་མི་ཐུབ་ད་ རང་ས་ནས་ས་འཛིན་དགོས་པ་བདེན་ན་འང་རྒྱ་གར་ནས་སྐྱེས་པ་ཚོ་བོད་ནས་ས་འཛིན་པར་འགྲོ་མི་དགོས་པ་རྒྱུ་མཚན་གང་ཡིན།
༄། །ང་ཚོར་འབད་མེད་ཀྱི་དམངས་གཙོ་ཞིག་༄གོང་ས་མཆོག་གིས་བས྄ྩལ་གནང་
མཛད་པ་དེ་གང་བྱུང་དུ་བེད་ས྄ྤྱོད་གནང་ན་ས྄ྒྲིག་གི་ཡོད་དམ། དེ་མཚུངས་བོད་གཞི་བྱེས་གཉིས་ཀྱི་བློ་གཏད་བཅོལ་ས་བཀའ་བློན་ཁྲི་པའི་ཞབས་ས྄ྟེགས་དེར་བོད་མི་གང་བྱུང་མང་བྱུང་ཞིག་གི་འོས་མིར་ཞུགས་ན་གཅིག་ནས་སེམས་ཤུག་ཡིན་སྲིད་ཀྱང་གཅིག་ཁྱད་སོད་མཐོང་ཆུང་བཏང་བར་མངོན་སྲིད། ཤེས་ར྄ྨོངས་པའི་བསམ་ཚུལ་ལ་དགོང་མཚུམས་མེད་པ་ཞུ།༎
ཡག་པོ་གསུང་འདུག ཡིན་ནའང་གསར་འབྱོར་བའི་དཀའ་སྔལ་ལ་ཉམ་མྱོང་མི་འདུག གསར་འབྱོར་བ་ལ་རྒྱ་རི་སྒྲོལ་མ་ཡག་ས་རེད།
ད་སྔ་ངའི་འོས་ཤོག་གཅིག་གི་འོག་ལ་འོས་མི་གཉིས་སླེབས་སོང༌། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང༌། ཕུར་བུ་རྡོ་རྗེ་གཉིས་ཡིན། ཁོང་གཉིས་ཀྱི་བཀའ་བློན་ལས་རོགས་སུ་དང་སུ་ཡིན་ཤེས་རྟོགས་བྱུང་རྗེས་གཞི་ནས་འོག་ཤོག་གཅིག་ལ་བླུགས་ཀྱི་ཡིན།
ཕུར་བུ་རྡོ་རྗེས་ལབ་ནས་གསར་བྱོར་སློབ་ཕྲུག་ལྷར་བོད་དུ་ལོག་གཏོང་རྒྱུ་ཡིན་ཟེར་
དེ་ནི་ངས་ངོས་ལེན་བྱ་ཐབས་མེད
གསར་འབྱོར་ཚོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བ་རེད་ད་
གནས་ལུགས་དང་མཐུན་མ་སོང་། ངས་བཙན་བྱོལ་བོད་གཞུང་དང་ལྷག་པར་དུ་ཟམ་གདོང་རིན་པོ་ཆེའི་དགོངས་གཞི་སྟེ། དེ་རིང་གི་ཕུར་བུ་རྡོ་རྗེའི་གསར་འབྱོར་བསྐྱར་དུ་བོད་ལ་ལོག་རྒྱུའི་སྲིད་ཇུས་འདི་ཡང་དག་ཅིག་ཏུ་གཏན་ནས་མཐོང་མ་བྱུང་། སྔོན་མ་ཞིག་ལའང་འདིའི་སྐོར་ལ་ཆེད་དུ་རྩོམ་ཡིག་ཅིག་བྲིས་མྱོང་།
དེ་ནི་བོད་ནང་གི་གནས་སྟངས་དངོས་མ་མཐོང་བའི་རྟགས་གསལ་བོ་ཞིག་རེད། རྒྱུ་མཚན་ནི་བཙན་བྱོལ་ནས་སློབ་སྦྱོང་བྱས་པའམ་ཡང་ན་བཙན་བྱོལ་དུ་ཕེབས་ནས་ཕྱིར་ལོག་མཁན་ཞིག་ཡིན་ཚེ། དགྱ་ནག་གི་ལྟ་རྟོག་ནན་མོ་བྱེད་ལ། ཐ་ན་རང་ཁ་གསོ་བྱེད་ཀྱི་ལས་ཀའང་རག་ཁག་པོ་ཡིན། ནམ་རྒྱུན་འཛིན་བཟུང་བཀག་ཉར་གྱི་གནོན་བཙིར་འོག་འདུག་དགོས་སྟབས་དོན་ཕན་གྱི་ལས་ཀ་ཞིག་ཇི་ལྟར་བྱེད་ནུས།
དགོངས་གཞི་འདི་འཁུར་མཁན་གྱི་མིས་དགྱ་ནག་གི་སྲིད་ཇུས་ནི་རྒྱ་གར་གྱི་མང་བོའི་ཁྲིམས་དང་སྒྲིག་གཞི་ལྟ་བུ་ཞིག་ལ་ངོས་འཛིན་བྱས་པས་རེད། དེ་ལ་གནས་ལུགས་དང་རྒྱུ་མཚན་འགྲོ་ས་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་པས་རེད། དེ་ནི་དགྱ་ནག་གི་གདུག་རྩུབ་ལྡན་པའི་སྲིད་ཇུས་ཐོས་ནའང་སྣང་འཇོག་མ་བྱས་པར་གང་དྲན་དྲན་གྱི་དགོངས་གཞིར་ངོས་འཛིན་བྱེད་ཆོག
མ་འོངས་པའི་བཙན་བྱོལ་གཞུང་འདིའི་དར་རྒུད་ནི་གསར་འབྱོར་ལ་རག་ལས་པ་གསལ་བོ་ཡིན། ན་ནིང་ནས་བསྟུད་མར་ལོ་གསུམ་ལ་གསར་འབྱོར་ཡོང་བའི་ལམ་ཁ་འགག་པར། བཙན་བྱོལ་ནང་གི་སློབ་གྲྭ་ཁག་ཅིག་སྟོང་བར་འགྱུར་གྲབས་དང། ཡང་ན་བོད་ཁྱིམ་སློབ་གྲྭ་ཁག་ཅིག་གི་འཛིན་ཁང་ཁག་ཅིག་གི་སྒོ་རྒྱག་རྒྱུར་འཁེལ་བ་དངོས་ཡོད་གནས་ཚུལ་ཡིན། འདི་ལྟར་ལོ་ངོ་དུ་མ་་འདས་ན་ཅི་ཡོང་བཤད་མ་དགོས་པ་ཞིག་ཡིན།
བཙན་བྱོལ་གྱི་ཤུལ་འཛིན་པ་ནི་གསར་འབྱོར་ཡིན། ད་ལྟའི་དུས་ཚོད་ལ་བལྟས་ནའང་གཞུང་གིས་འགྲོ་གྲོན་ཕོན་ཆེར་བཏང་ནས་གསར་རྒྱག་བྱས་པའི་གཞིས་ཆགས་ཁག་སྟོངས་ལ་ཉེ་ཡོད། དེ་ནི་ལོ་ངོ་སུམ་བཅུ་ནས་བཞི་བཅུའི་གནས་སྟངས་ཤིག་རེད། ད་འདི་ནས་ལོ་ངོ་དེ་ག་ཙམ་ན་རྦད་དེ་སྟོངས་པར་འགྱུར་ངེས། གལ་སྲིད་གསར་འབྱོར་མ་སླེབས་པའམ། སླེབས་ནས་ཀྱང་འདུག་རྒྱུའི་ཐབས་ཤེས་མ་བཙལ་ཚེ། ནམ་ཞིག་ན་བཙན་བྱོལ་གཞུང་འདི་ར་མིན་ལུག་མིན་གྱི་ངང་ནས་འཐོར་འགྲོ་ངེས།
གང་ལྟར་མ་འོངས་པའི་བཀའ་ཁྲི་དེ་རྒྱ་རི་སྒྲོལ་མས་གསུང་བཞིན་གསར་འབྱོར་ལ་བྱམས་མཁན་ཞིག་མིན་ཚེ། དོན་དང་ལྡན་པ་ཞིག་མིན་པ་གསལ་བོ་ཆགས་པ་རེད། དེའི་སྟབས་ཀྱིས་གོང་གི་བཀའ་ཁྲིའི་འོས་གཞིར་ལངས་མཁན་འདིའི་དགོངས་གཞི་ལ་རྙིང་དྲི་ཏོག་ཙམ་ཁ་བའི་སྣང་བ་ཤར་བྱུང་།
དེ་འདྲའི་སེམས་པ་སྐྱོ་བ་ལའང།གལ་སྲིད་ཁྱོད་བཀའ་ཁྲི་ལངས་པ་ཡིན་ཚེ་གསར་འབྱོར་བ་ཚོ་བོད་ནང་ནས་རྒྱའི་དཀའ་སྡུག་གི་འོག་ནས་རང་གི་རྒྱལ་ཁབ་དང་མི་རིགས།དམིགས་བསལ་རང་གི་རྩ་བའི་བླ་མ་དྲན་གདུང་གིས་་མནར་ཏེ་གཞི་ནས་བྲོས་བྱོལ་སྐྱབས་བཅོལ་དུ་ཡོང་ཐབས་བྱས་པ་རེད།འོན་ཀྱང་བཙན་བྱོལ་སླེབས་རུང་རྒྱ་གར་ནང་སྐྱབས་བཅོལ་ལག་ཁྱེར་མ་རག་པའི་དཀའ་ངལ་མང་པོ་ཞིག་གི་ཁྲོད་ནས་གདོང་ལེན་གང་མང་བྱས་ཏེ་སྡོད་ཡོད་པ་ཁྱོད་ཀྱིས་ཚོར་རམ།ལྷག་དོན་ཁྱོད་ཀྱིས་གསར་འབྱོར་བ་ཞེས་བའི་མིང་ཐོག་ནས་བོད་ནང་ཕྱིར་ལོག་གནང་དགོས་དོན་གང་ཡིན་ནམ།དེ་འདྲའི་ཞེད་སྣང་ཚ་བོ།
དྲ་གྲོགས་ཅི་རིས་བཤད་པ་དེ་ལ་ཡང་རྒྱུ་མཚན་ཆེན་པོ་འདུག ངོ་མ་ཉམས་མྱོང་ཡོད་པའི་སྐད་ཆ་རེད། གང་ལྟར། འགྲོ་ས་མི་འདུག་བསམ་ནས་བསྡད་ན་ཡང་འགྲིག་གི་མ་རེད། བོད་ལ་ལོག་ནས་རང་ས་འཛིན་རྒྱུ་དང་། ཡོང་སྒོ་ཡོད་སའི་ས་ཆ་འཛིན་དགོས་ལུགས་སོགས་བཤད་པ་དག་ལ་གནས་ལུགས་དང་རྒྱུ་མཚན་ངོ་མ་ཆེན་པོ་འདུག དེའི་ཐོག་ནས་ཁྱེད་རང་གི་སྐད་ཆ་འདི་དག་ངས་ཡིད་ཆེས་བྱས་པ་ཡིན། གྲོགས་པོར་དཀའ་ངལ་འཕྲད་པ་དེར་ངོ་མ་བློ་ཕམ་པོ་བྱུང་། ཡིན་ན་ཡང་། ང་ཚོས་ད་དུང་ཐབས་ལམ་གཞན་འཚོལ་ནས་། བརྒྱུད་ལམ་གཞན་བརྒྱུད་དེ། བོད་ལ་ལོག་པའམ། བོད་ནང་ལ་རོགས་རམ་བྱེད་པ། ཞིང་ཕྱུགས་ལས་དང་། ཁེ་ལས་སྣ་ཚོགས། སློབ་སྦྱོང་དང་འཕྲོད་བསྟེན་སོགས་ལ་རོགས་རམ་བྱེད་ཐབས་འཚོལ་དགོས་པ་རེད། དེ་འདྲ་མ་བྱས་ནས་བསྡད་ན་ཕྱོགས་གཅིག་ནས་དགྱ་ནག་གི་བསམ་དོན་གྲུབ་སོང་བ་རེད་ལ། ཕྱོགས་གཞན་ཞིག་ནས་བཙན་བྱོལ་སྤྱི་ཚོགས་ཀྱིས་བོད་ནང་ལ་གནོད་བསྐྱལ་བ་ལས་ཕན་མ་ཐོག་པར་གྱུར་བ་རེད། གྲོགས་པོ་ལགས་བློ་མ་ཕམ། ང་ཚོ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་། རིག་པ་སྒྲིམ་ནས་ལམ་རུབ་བྱས་ན། ཉི་མ་སྤྲིན་པའི་འོག་ནས་ཤར་བའི་དུས་ཤིག་ཤར་ཡོང་གྲོགས་ཅོ་རི་ལགས།
ངའི་འོས་ཤོག་གཅིག་གི་འོག་ལ་་་ ད་ལྟའི་ཆར་བཀའ་ཁྲི་གསུམ་སླེབས་སོང་། རྒྱ་རི་སྒྲོལ་མ། བློ་བཟང་སེངྒེ། ཕུར་བུ་རྡོ་རྗེ་གསུམ་ཡིན།
དང་བླང་གིས་འདི་ལྟར་བཀའ་ཁྲིར་ལངས་པ་ངོ་མ་གཟི་བརྗིད་རེད། ད་འོས་ཤོག་གཅིག་ཏེ་སུར་བླུག་དགོས་ད་དུང་ཐག་ཆོད་ཀྱིན་མི་འདུག རྟ་བོ་བློ་བཟང་དཔལ་ལྡན་གྱིས་་་་ “མི་མང་པོས་ཨུ་ཚུགས་མཐར་སྐྱེལ་བྱེད་པ་ལས། ཁོ་རང་སྒེར་ལ་བཀའ་ཁྲིར་ལངས་འདོད་རྩ་བ་ནས་སྐྱེས་མ་མྱོང་”ཟེར། གཞན་གྱིས་ཨུ་ཚུགས་བྱས་པའི་རྒྱུ་མཚན་གྱི་བཀའ་ཁྲིར་ལངས་མཁན་ཚོར་འོས་འཕེན་རྒྱུ་མིན།
ད་ཁོང་ཚོ་གསུམ་ལས་་་་ བཀའ་བློན་ཕྱག་རོགས་འདི་དང་གན་འདེམས་རྒྱུ་ཡིན་ལུགས་ངོ་སྤྲོད་བྱས་སོང་ན། དེ་ལ་བལྟས་ནས་འོས་ཤོག་གཅིག་དེ་འཕེན་རྒྱུ་ཡིན།
ད་རང་དོན་རང་གཅེས་ཀྱི་བཀའ་ཁྲི་ལངས་མཁན་ཡོད་ན་ལངས་ཤོག།མུ་མཐུན་ནས་ལངས་ཤོག།ངས་འཇོན་ང་ཡིན་ཟེར་མཁན་ཚང་མ་ཕེབས་ཤོག།ད་རུང་མུ་མཐུན་ནས་མང་པོ་ཞིག་སྒུག་བསྡད་ཡོད།ཕེབས་ཤོག།ལོངས་ཤོག།ཨ་མའི་བུ་ལ་འཇོན་ཐང་དང་ཡོན་ཏན་ལྷག་བསམ་སོགས་ཡོད་ན།བཀའ་ཁྲི་ལ་བདག་པོ་མེད།ཕེབས་ཤོག།གཅིག་མཇུག་གཉིས་མཐུད་ངང་ཕེབས་ཤོག།
མཁས་དབང་ཕུར་བུ་རྡོ་རྗེ་ལགས་ཀྱིས་གནད་ལུགས་ལྡན་པའི་གཏམ་བཤད་གནང་བའི་ནང་དུ།
《བོད་ནས་ཚུར་ཕེབས་མཁན་བྱིས་པ་ཚོ་སྐྱེད་སྲིང་ཡག་ཐག་ཆོད་བྱས་ཏེ་ཕྱིར་བོད་ནང་ལ་གཏོང་རྒྱུ་དང་།》ཞེས་གསུངས་འདུག་པས་དེའི་སྐོར་དུ་ཉམས་མྱོང་གི་ཐོག་ནས་འགྲེལ་བཤད་ཤིག་རྒྱག་འདོད་བྱུང་སོང།
གསར་འབྱོར་ཚོ་བོད་ལ་ཕྱིར་ལོག་དགོས་པའི་ལམ་ལུགས་འདི་བཙན་བྱོལ་སྤྱི་ཚོགས་ནང་དུ་སླེབས་ནས་དུས་ཡུན་གང་མཚམས་ཕྱིན་པ་རེད། མ་ཟད་ང་རང་རང་ངོས་ནས་ལག་ལེན་བསྟར་མྱོང་ཡོད།
༢༠༠༦་ལོར་ནུས་ཕྱོགས་སུད་སུ་རྒྱལ་ཁབ་ནང་དུ་བསྡད་ཆོག་པའི་ཐོབ་ཐང་ཆ་ཚང་བློའི་གཏོང་བྱས་ནས་རང་གི་བུ་ཕྲུག་གཉིས་ཁྲིད་ནས་བོད་དུ་ལོག་ཕྱིན་པ་ཡིན། སུད་སི་རྒྱལ་ཁབ་ནང་དུ་བསྡད་ཆོག་པའི་ཐོབ་ཐང་བློའི་གཏོང་གིས་རང་གི་ཕ་ཡུལ་དུ་ཕྱིར་ལོག་བྱས་མཁན་ང་ཅོ་རི་མ་གཏོགས་ཉིན་མོ་ཡི་སྐར་མ་ལྟར་མཐོང་རྒྱུ་དཀོན་པོ་རེད།
ང་བོད་ནང་དུ་ཕྱིར་ལོག་བྱས་པའི་དམིགས་ཡུལ་དང་རྒྱུ་མཚན་ནི་གཅིག་ནས་རང་ཡུལ་རྒྱ་མི་ཡི་གང་འགྲོ་གི་ཡོད་པ་ཡིན་དུས་རང་ཡུལ་རང་མིའི་བཟུང་ཐུབ་ན་བསམ་པ་དང་ང་མི་གཅིག་གིས་རྒྱ་མི་གཅིག་སྡོད་སའི་ས་ཆ་བཀག་ཐུབ་ཀྱི་རེད་དྲན་སོང་།
སུད་སི་རྒྱལ་ཁབ་ནང་དུ་ལས་ཀ་བྱས་ནས་དངུལ་ཡང་གང་ལ་གང་མཚམས་ཤིག་བསགས་པ་ཡིན། གཞན་དངུལ་མེད་ན་བོད་ལ་ཕྱི་ལོག་ཀྱང་ས་བཟུང་ཐུབ་ཀྱི་མེད། དཔེར་ན། དངུལ་མེད་པའི་བོད་མི་ཞིག་ལྷ་ས་བསྡད་ཀྱང་ཐ་ན་ཚོང་ཁང་ཙམ་་ཡང་བཟུང་མི་ཐུབ་པར་རྒྱ་མིའི་ལག་གཡོག་ཆགས་ཀྱི་ཡོད། འདི་གཅིག་རེད།
ང་རང་ཚོས་བོད་ལ་ཕྱི་ལོག་ནས་ས་ཆ་གནད་འགའ་ཡོད་པ་བཟུང་ཐུབ་དགོས་པ་ནི་གལ་ཆེ་ནང་གི་དོན་ཆེན་ཡིན་པར་བསམ། གཞན་རི་འགོ་དང་འབྲོག་པའི་རྩ་ཐང་སྟེང་དུ་སྡོད་མཁན་ཕྱི་ལོག་ཀྱང་ཕན་ཐོག་མེད།
བོད་ཡུལ་དུ་རྒྱ་མི་ཡི་གང་འགྲོ་གི་ཡོད་པ་འདི་ཡང་རྒྱུ་མཚན་ཡོང་སྒོ་ཡོད་སའི་ས་ཆ་ཚང་མ་རྒྱ་མིས་བེད་སྤྱོད་བཏང་ཐུབ་ཀྱི་ཡོད་པས་ཡིན། ང་རང་ཚང་བོད་མི་ལ་དགོས་པ་ནི་ས་ཆ་འོང་འབབ་ཡོད་ས་རྣམས་ཡིན། ཡོང་སྒོ་ཡོད་སའི་ས་ཆ་རྒྱ་མི་ལ་ཤོར་ན་ཡོང་སྒོ་མེད་སའི་ས་ཆ་སྟོང་པ་ཞིག་བཟུང་ཐུབ་ཀྱང་ཕན་ཐོག་དེ་ཙམ་མེད།
ངས་བོད་ལ་ཕྱི་ལོག་བྱས་པའི་དམིགས་ཡུལ་ནི་གྲོང་ཁྱེར་ནང་དུ་ཚོང་ལས་བྱེད་ཐུབ་ཆེད་དང་གྲོང་གསེབ་ཁག་ཏུ་ཞིང་ལས་ཡར་རྒྱས་གཏོང་ཐུབ་པའི་ཆེད་དུ་ཡིན།
ང་རང་སྐྱེས་ས་ཞིང་པ་མི་ཚང་གི་ཞིག་ནང་དུ་ཡིན། ངས་སུད་སི་ནང་དུ་ཞིང་ལས་པ་མཁས་པ་དང་མཉམ་དུ་འབྲེལ་བ་བྱས་ནས་ལོ་རེའི་ནང་དུ་སི་སུད་ཞིང་ལས་པ་ཞིང་ལས་ཡར་རྒྱས་གཏོང་ཆེད་དུ་བོད་ནང་དུ་རྒན་དགེ་ཕེབས་རྒྱུ་བྱས་པ་ཡིན།
ང་གསར་འབྱོར་བ་ཞིག་གིས་ངོས་ནས་རང་ས་བཟུང་འདོད་ཡོད་ལ་རང་ཡུལ་སྐྱོབ་འདོད་ཡོད་ཀྱང་དགྲ་བོ་དམར་གཞུང་གི་འོག་ཏུ་སྲོག་འགོ་མ་ཐོན་ན་རང་ས་བཟུང་རྒྱུ་ནི་རྨི་ལམ་ལྟ་བུ་རེད་འདུག་ལགས།
ངས་རྨི་ལམ་གཏོང་མྱོང་བ་དང་ལག་ལེན་བསྟར་མྱོང་བ་རྣམས་ལ་ཆ་རྐྱེན་དང་པོ་རང་ཉིད་སྲོག་འགོ་ཐོན་པ་ཞིག་དགོས་ཀྱི་འདུག རྒྱ་དམར་པོའི་འོག་ཏུ་མི་ཉེས་མེད་ལ་མ་ཉེས་ཁ་གཡོག་བྱས་ནས་བཙོན་དུ་བཅུག་གི་འདུག་པས་སྲོག་འགོ་ཐོན་པ་ཁག་པོ་འདུག
དེ་བརྟེན་ང་ཅོ་རི་བོད་ལ་བསྡད་མ་ཐུབ་པ་ཡང་བསྐྱར་ཕྱི་བཙན་བྱོལ་ནང་དུ་ཡོང་དགོས་བྱུང། ཕྱི་སླེབས་པའི་རྒྱུ་མཚན་གྱིས་སྲོག་འགོ་ཐོན་ཙམ་བྱུང་། དཔེར་ན། རྟའི་ཉི་མ་གྲགས་པ་ལྟ་བུ་ནི་རྒྱ་མིས་བསད་ཚར་བ་རེད།
གལ་སྲིད་ཁྱེད་རང་བཀའ་ཁྲི་ལ་ཕེབས་ཨེ་ཐུབ་མི་ཤེས། ཁྱེད་རང་གིས་བཀའ་ཁྲིའི་དབང་ཆའི་ཐོག་ནས་གསར་འབྱོར་བ་ཕྱི་བོད་དུ་ལོག་གཏོང་གི་ཡིན་ན་མཐའ་གཅིག་ཏུ་ངོ་རྒོལ་བྱ་ངེས་ཡིན།
འདི་ནི་ལག་ལེན་ཐོག་ཏུ་ཡོང་ཐབས་མེད་པའི་སྟོང་བསམ་ཞིག་རེད་འདུག་ཞུ་རྒྱུ་ཡིན། སྟོང་བསམ་འདི་ལ་ཕྱི་དྲན་ཞིག་བྱས་དུས་རང་དབང་མེད་པ་མིག་ནས་མཆི་མ་ཞིག་ཀྱང་ཤོར་སོང། མིག་ནང་གི་མཆི་མའི་བྲིས་པའི་ཉམས་མྱོང་རྒད་པོ་བསླབ་བྱ་ཡིན། མཁྱེན་སོང་ངམ།
༼ སྐུ་ཞབས་ཕུར་བུ་རྡོ་རྗེ་ལགས་ཀྱིས་གསར་འགོད་པར་མཁོ་སྤྲོད་བྱས་པའི་ཁོ་རང་སྒེར་གྱི་ལོ་རྒྱུས་སྙིང་བསྡུས། ༽
༄༅། །གུས་པ་ཕུར་བུ་རྡོ་རྗེ་ནི། ཕྱི་ལོ་༡༩༦༥ ལོར་སྐྱེས། ཀོ་ལི་གལ་དང་། བྷེ་ཀོབ། དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་བཅས་ནས་གཞི་རིམ་གྱི་ཤེས་ཡོན་ཐོབ་ཅིང་། བྷེ་ཀོབ་སློབ་གྲྭའི་རྒན་བདག་ཀྱང་བྱེད་མྱོང་། དེ་རྗེས་རྒྱ་གར་ལྷོ་ཕྱོགས་མན་གྷ་ལོར་གཙུག་ལག་སློབ་གཉེར་ཁང་(Mangalore University)དུ་ལོ་ལྔའི་རིང་ཁྲིམས་ལུགས་རིག་པའི་(BAL;LL.B)ཐོག་སློབ་སྦྱོང་ མཐར་ཕྱིན།
ཕྱི་ལོ་ ༡༩༩༣ ལོ་ནས་བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལས་ཁུར་ཞུས་རྗེས། ཕྱི་ལོ་༡༩༩༧ ལོ་ནས་དེའི་བཤེར་དཔང་དུ་བསྐོ་བཞག་གནང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཤེར་དཔང་ནི་དྲུང་ཆེ་དང་གནས་རིམ་མཉམ་པ་ཞིག་ཡིན།
ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལོ་ངོ་བདུན་རིང་ཞབས་ཞུ་ཞུས་པའི་རིང་བཅའ་ཁྲིམས་དོན་ཚན་༦༧ པའི་དགོངས་དོན་ལྟར། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ནང་ཁུལ་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ དང་། བཙན་བྱོལ་བོད་མིའི་ས་གནས་ཁྲིམས་ཞིབ་པ་དང་། ཁྲིམས་དྲུང་། ཁྲིམས་རྩོད་པ་བཅས་ལ་གོང་གསལ་ཁྲིམས་ལུགས་ཁག་སློབ་ཁྲིད་དང་ཟབ་སྦྱོང་སྤྲོད་རྒྱུ་བཅས་ཀྱི་ལས་ཁུར་ཞུས།
ཕྱི་ལོ་ ༢༠༠༠ ལོར་དབྱིན་ཇི་ཨོཀ་སི་ཧྥོཌ་གཙུག་ལག་སློབ་གཉེར་ཁང་(Oxford University)དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་ཡུན་ཐུང་ཟབ་སྦྱོང་དང་། དེ་ནས་བཙན་བྱོལ་བོད་གཞུང་གི་བཀོད་སྒྲིག་འོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཨ་མི་ རི་ཀ་གཙུག་ལག་སློབ་གཉེར་ཁང་(American University)དུ་རྒྱལ་ སྤྱི་ཁྲིམས་ལུགས་རིག་པའི་ཐོག་སློབ་དཔོན་གྱི་ལག་འཁྱེར་(Masters of Law)ཐོབ། སློབ་སྦྱོང་མཐར་ཕྱིན་མ་ཐག་རྒྱ་གར་དུ་ཕྱིར་ལོག་སྟེ་བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལས་བཅར་ཞུས་པ་བཞིན། མེ་སོར་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་བསྐོ་བཞག་གནང་། ཁྲིམས་ཞིབ་པའི་ལས་རྒྱུན་རིང་ཁྲིམས་ཁང་གསར་རྒྱག་དང་ཁྲིམས་ལུགས་ཟབ་སྦྱོང་སོགས་ཀྱི་ལས་ཁུར་ཞུས།
ཕྱི་ལོ་ ༢༠༠༨ ལོ་ནས་༢༠༡༠ བར་ལོ་ངོ་གཉིས་རིང་ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཞོན་པའི་ལས་ཁུར་ཞུས་ཏེ། དྭངས་བླངས་དཔྱ་དངུལ་བསྡུ་བཞེས་སོགས་སྤྱི་དོན་ཧུར་ཐག་ཞུས།
མན་གྷ་ལོར་མཐོ་སློབ་འགྲིམས་སྐབས་ནས་བོད་དོན་འཐབ་རྩོད་ཐོག་དོ་སྣང་མཉམ་ཞུགས་བྱས་ཏེ། རྒྱ་གར་དུས་བབ་ཚགས་ཤོག་(The Times of India)ཐོག་རྩ་དོན་འཐབ་རྩོད་པ་(Tibetan Crusader)ཞེས་པའི་མགོ་བརྗོད་འོག་གནས་ཚུལ་སྤེལ་བ་དང་། ཚགས་ཤོག་གཞན་ཁག་ཏུའང་གནས་ཚུལ་སྤེལ་ཐུབ་པ་བྱུང་ཡོད། དེ་མཚུངས་ཨ་རི་ནས་ཀྱང་ཝ་ཤིན་ཊོན་ཕོ་ས་ཊ་(Washington Post)དང་། བརྙན་ཕྲིན་ཁག་ཏུའང་བོད་དོན་ངོ་སྤྲོད་དང་ཁྱབ་བསྒྲགས་བྱེད་ཐུབ་པ་བྱུང་ཡོད།
བོད་མིའི་ཁྲིམས་ཀྱི་གོ་རྟོགས་གོང་སྤེལ་སླད་ ༢༠༠༤-༢༠༠༥་ནང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གིས་གོ་བསྒྲིགས་གནང་དོན་ལྟར་བཙན་བྱོལ་ བོད་མིའི་བཅའ་ཁྲིམས་དང་། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་དོན་བཅས་ཀྱི་དོན་ཚན་རེ་ རེ་བཞིན་རླུང་འཕྲིན་ཐོག་འགྲེལ་བརྗོད་ཞུས།
ད་ལྟ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ལུགས་འོག་ད་ལྟའི་བོད་ཀྱི་གནས་སྟངས་ཞེས་པའི་དཔེ་དེབ་ཅིག་རྩོམ་སྒྲིག་བྱེད་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་བཅས། མདོར་ན། སྤོབས་པ་གཟེངས་སུ་མཐོན་པོས་ཞུ་ཐུབ་པ་ཞིག་ནི། ཕྲན་གྱི་མི་ཚེའི་ནང་གི་ན་ཚོད་བཟང་ཤོས་ཀྱི་ལོ་ངོ་ བཅུ་ཙམ་རིང་རང་རེའི་ཁྲིམས་ཞིབ་ཁང་དུ་ཞབས་འདེགས་ཞུ་ཐུབ་པ་བྱུང་བ་ནི་གཟི་ བརྗིད་དུ་བགྲང་འོས་པ་ཞིག་ཏུ་སྒོམ་བཞིན་ཡོད།
དེས་ན་ད་རེས་རྒྱ་ཆེའི་མི་མང་གི་ངོས་ནས་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པར་ཕྲན་བདམ་པ་ཡིན་ན། གུས་ཞབས་དང་བཅས་དང་ལེན་ཞུ་རྒྱུ་ཡིན་ལ། ལས་འགན་འདི་ནི་༧གོང་ས་མཆོག་གི་བཀའ་དགོངས་ལྟར། ལྷག་བསམ་རྣམ་དག་གི་ཐོག་ནས་བསྒྲུབ་རྒྱུའི་དམ་བཅའ་དང་། དེ་ལྟར་བསྒྲུབ་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་ཀྱང་ཡོད།། ཐུགས་རྗེ་ཆེ། ༢༠༡༠ ཕྱི་ཟླ་ ༧ ཚེས་ ༦ ལ།