མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཚང་དཀྱུས་མ་ནས་སྐྱེས་པའི་བཀའ་ཁྲི་ཞིག་དགོས།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་རྒྱ་ནག་གཞུང་གིས་བོད་གཞུང་ལ་སྐུ་དྲག་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན་ཚུལ་སོགས་ལུང་འདྲེན་བྱེད་ཀྱིན་པའི་རིགས་ལ་བརྡ་ལན་སྤྲོད་ཆེད་མི་ཚང་དཀྱུས་མ་ནས་འཚར་ལོངས་བྱུང་བའི་བཀའ་ཁྲི་ཞིག་གདམ་དགོས་པ་རེད་ཟེར།  

དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ས་རཱ་དང་ནོར་གླིང་། སྨན་རྩིས་ཁང་བཅས་ངྷ་སའི་ཉེ་འཁྲིས་ཀྱི་མཐོ་རིམ་སློབ་གཉེར་ཁང་གསུམ་གྱི་དང་བླངས་སློབ་མ་ཁག་ཅིག་མཉམ་རུབ་ཐོག བོད་གཞུང་ཟློས་གར་ཚོགས་ཁང་དུ་མི་རབས་གསར་བའི་བཀའ་ཁྲི་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་ལ། བགྲོ་གླེང་བ་ནི་ཉམས་ཞིབ་པ་ཀླུ་མཁར་བྱམས་དང་ཨ་འབྲུག་དཀོན་མཆོག རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་བཅས་རེད།  
དང་བླངས་སློབ་མའི་འཐུས་ཚབ་གྲྭ་བཀྲ་ཤིས་འགྱུར་མེད་ལགས་ཀྱིས། ཐེངས་འདིའི་བགྲོ་གླེང་དེ་མི་སྒེར་དང་ཚོགས་པ། མི་ཆེན་དང་སྐུ་དྲག་སོགས་སུ་གང་ལའང་འབྲེལ་བ་མེད་པར་མཐོ་སློབ་གསུམ་གྱི་དང་བླངས་སློབ་མ་ཚོས་སླེབས་ལ་ཉེ་བའི་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ཐད་མི་རབས་གསར་པ་དང་ཤེས་ཡོན་པ། རྩོམ་པ་པོ་དག་གིས་དོ་སྣང་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་ཆེད་དང་། ལྷག་པར་དུ་༸གོང་ས་མཆོག་དང་མི་རབས་རྒན་པ། དེ་བཞིིན་བོད་རྒྱ་ཆེ་མི་མང་གིས་ཚེ་སྲོག་གི་འགྲོ་གྲོན་བཏང་བའི་མི་རིགས་ཀྱི་འཐབ་རྩོད་དེར་མི་རབས་གསར་བས་འགན་ལེན་དགོས་པའི་དུས་ལ་སླེབས་ཡོད་པ། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་མི་རབས་རྒན་པ་རྫོགས་ཚེ་བོད་ཀྱི་གནད་དོན་མེད་བརླག་ཏུ་འགྲོ་རྒྱུ་ཡིན་ཚུལ་དང་བཙན་བྱོལ་བོད་གཞུང་ནི་སྐུ་དྲག་ལམ་ལུགས་དང་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཡིན་ཚུལ་སོགས་བོད་གཞིས་ལུས་མི་མང་དང་། འཛམ་གླིང་མི་མང་ལ་ལུང་འདྲེན་བྱེད་ཀྱིན་པའི་རིགས་ལ་བརྡ་ལན་གསལ་བོ་ཞིག་སྟོན་དགོས་པ་སོགས་ལ་དམིགས་ཏེ། ང་ཚོས་མི་རབས་གསར་བའི་ཁྲོད་ཀྱི་མི་ཚང་དཀྱུས་མ་ནས་སྐྱེས་པའི་ཤེས་འཇོན་གཉིས་ལྡན་གྱི་བཀའ་ཁྲི་ཞིག་འོས་འདེམས་བྱ་ཆེད་བགྲོ་གླེང་འདི་གོ་སྒྲིག་བྱས་པ་ཡིན་ཞེས་འགྲེལ་བརྗོད་བྱས།
ཉམས་ཞིབ་པ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་༸གོང་ས་མཆོག་གི་དགོངས་དོན་དང་མི་རབས་གསར་བའི་བཀའ་ཁྲི་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ༸གོང་ས་མཆོག་གི་དགོངས་གཞི་དང་ཐུགས་རེ། ལམ་སྟོན་བཅས་ཆ་ཚང་བསྒྲུབ་ཐུབ་མཁན་གྱི་མི་ཞིག་དགོས་ཚེ་ཧ་ལམ་འཛམ་གླིང་འདིའི་སྟེང་རྙེད་ཁག་པོ་རེད་བསམ་གྱི་ཡོད། ཡིན་ནའང་། གནད་དོན་གཙོ་བོ་ཁོང་གི་དགོངས་པ་དང་ལམ་སྟོན་ལག་བསྟར་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ཡོད་མཁན་ཞིག་ང་ཚོར་ངེས་པར་དུ་དགོས་པ་རེད། འདས་པའི་མི་ལོ་ལྔ་བཅུའི་རིང་ང་ཚོའི་སྤྱི་ཚོགས་དང་གཞུང་གི་ངོས་ནས་ཁོང་གི་དགོངས་པ་དང་ཐུགས་རེ་བཅས་ལག་བསྟར་བྱེད་ཐུབ་མེད་པའི་གནས་སྟངས་ཆགས་ཡོད་པ་རེད་ལ། ད་ལྟ་བཀའ་ཁྲིའི་འོས་འདེམས་སོགས་མང་གཙོ་འཕེལ་རྒྱས་ཀྱི་བརྒྱུད་རིམ་གང་འཚམ་ཞིག་ལ་སླེབས་ཡོད་པའི་སྐབས་འདིར་ཡང་།བོད་སྤྱི་ཚོགས་ཁྱོན་ཡོངས་ནས་བལྟས་ཚེ་མང་གཙོ་དང་ལེན་བྱེད་ཐུབ་མེད། དེ་ཡང་གཙོ་བོ་ཁོང་གི་མང་གཙོའི་ལམ་སྲོལ་འདི་མགོ་བཙུགས་དུས་ནས་མི་མང་དང་མགོ་ཁྲིད་ཀྱི་ངོས་ནས་དང་ལེན་བྱས་མེད་པར་མ་ཟད། འགོག་རྐྱེན་དང་འཕྱ་སྨོད་བྱས་པར་རྐྱེན་བྱས་ཏེ་ཁོང་གི་དགོངས་པ་བཞིན་ཚད་མཐོ་བོ་ཞིག་ལ་སླེབས་ཐུབ་ཀྱིན་མེད་པའི་གནས་སྟངས་ཆགས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་རྩ་ཁྲིམས་དང་ལེན་བྱེད་ཐུབ་མེད། ཁོང་གིས་བོད་མི་རིགས་ཀྱི་མདུན་ལམ་ཐག་གཅོད་ཀྱི་དབང་ཚད་དེ་ཁྲིམས་ཀྱི་ཐོག་ནས་མི་མང་ལ་སྤྲད་ཡོད་པ་རེད་ལ། ཐ་ན་ཁོང་སྐུ་སྒེར་གྱི་སྐུ་དབང་ཡང་མི་མང་གི་མངོན་འདོད་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་ཕྱིར་འཐེན་དགོས་པ་ཡིན་ན་འཐེན་དགོས་ཞེས་རྩ་ཁྲིམས་ནང་བཅུག་ཡོད་ཀྱང་། སྐབས་དེའི་མི་མང་དང་གཞུང་འཛིན་མི་སྣའི་བསམ་བློའི་ནང་མ་ཤོང་བར་དང་ལེན་བྱེད་ཐུབ་མེད་ཀྱང་། ཁོང་གིས་ཨུ་ཚུགས་མཐར་སྐྱེལ་བྱས་མཐར་རྩ་ཁྲིམས་ཀྱི་གནད་དོན་ཐོག་འཁོད་ཐུབ་ཡོད། སྐབས་དེའི་ཁོང་གི་དགོངས་པ་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོ་ནས་ཆོས་ལུགས་རིས་མེད་ཀྱི་ཐོག་ཕར་བསྒྱུར་རྒྱུའི་འཆར་གཞི་ཡོད་ནའང་ང་ཚོའི་སྤྱི་ཚོགས་ཀྱིས་ཁོང་གི་དགོངས་གཞི་ཏག་ཏག་ཅིག་ངོས་ལེན་མ་ཐུབ་པའི་དབང་གིས་རེད།
གཞན་ཞིག་ནི། ང་ཚོས་༸གོང་ས་མཆོག་གི་སྲིད་ཇུས་དང་ལེན་བྱེད་ཐུབ་ཀྱིན་མེད། ཁོང་གི་དབུ་མའི་ལམ་གྱི་སྲིད་ཇུས་དེ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅད་པ་དེ་འདྲ་རྩ་བ་ནས་མ་རེད། དེ་ཁོང་གིས་དངོས་ཡོད་གནས་ཚུལ་དང་བོད་པའི་གནས་སྟངས། འཛམ་གླིང་གི་འཕོ་འགྱུར་སོགས་ཕྱོགས་ཡོངས་ལ་ཐུགས་བསམ་བཞེས་ཏེ་ལམ་སྟོན་གནང་བའི་སྲིད་ཇུས་ཤིག་རེད་ལ། མི་མང་ལ་དེའི་ཐད་ཀྱི་གདམ་ཀ་སྤྲད་ཡོད་ཀྱང་། མི་མང་གི་ངོས་ནས་གདམ་ཀ་དེ་ཏག་ཏག་ཅིག་རྩ་བ་ནས་བྱེད་ཐུབ་མེད་པར་མ་ཟད། ཕྱོགས་གཅིག་ནས་ངོ་རྒོལ་བྱེད་མཁན་བྱུང་ཡོད་པ་རེད་ལ། ཕྱོགས་གཞན་ཞིག་ནས་དབུ་མའི་ལམ་གྱི་སྲིད་ཇུས་ངོ་མ་འཕྲོད་པ་སོགས་ཀྱིས་ཁོང་གི་དགོངས་གཞི་ཡིན་པར་བརྩི་བ་ལས། སྲིད་ཇུས་ལ་བརྩི་བཀུར་བྱས་མེད་པ་སོགས་གླེང་སློང་གསར་བ་ཞིག་མགོ་རྩོམ་དགོས་པ་ཆགས་ཡོད། དེ་བཞིན་༸གོང་ས་མཆོག་གིས་འདས་པའི་ལོ་བཅུའི་ཡར་སྔོན་ནས་ཁོང་བགྲེས་ཡོལ་བྱ་རྒྱུའི་བཀའ་སློབ་ཐེངས་མང་ཕེབས་ཀྱང་ང་ཚོའི་མི་མང་དང་མཐོ་རིམ་མི་སྣ་ཚོས་དེ་བས་ཀྱང་དང་ལེན་བྱེད་ཐུབ་ཀྱི་མེད་པར་མ་ཟད། དེ་ལ་འགོག་རྐྱེན་དང་ལྡོག་ཕྱོགས་ནས་རེ་སྐུལ་ཐེངས་མང་ཞུས་པ་རེད། ཡིན་ནའང། ཁོང་གི་ངོས་ནས་དེ་ལྟར་བྱེད་དགོས་དོན་དེ་བོད་མི་མང་ལ་སྦྱོང་བརྡར་སྤྲོད་རྒྱུའི་ཆེད་རེད་ལ། ང་ཚོ་བོད་པ་མི་རེ་ངོ་རེ་ནས་རང་ཉིད་ལ་འཁྲི་བའི་འགན་འཁྲིའི་འདུ་ཤེས་ཤིག་དགོས་པ་དེ་ཁོང་གི་མི་ལོ་ལྔ་བཅུའི་བཀའ་སློབ་ཀྱི་སྙིང་དོན་རེད།
དེ་བཞིན་༧གོང་ས་མཆོག་གིས་ཁོང་བགྲེས་ཡོལ་དང་ཕྱེད་བགྲེས་ཡོལ་བྱེད་ཀྱིན་པ་ད་ལྟའི་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་བོད་རྒྱ་གཉིས་ཀྱི་གནད་དོན། འཛམ་གླིང་རྒྱལ་ཁབ་ཁག་གི་མཛད་འཕྲིན་སོགས་ལ་དམིགས་ཏེ་གསུངས་པ་ཞིག་ཡིན་སྟབས། དེས་ང་ཚོའི་མི་རབས་གསར་བ་རྣམས་ལ་སྙིང་སྟོབས་དང་སྤོབས་པ་སྐྱེ་དགོས་པ་རེད་ལ། མ་འོངས་པའི་མི་རབས་གསར་བའི་བཀའ་ཁྲི་དེ་ཡང་༸གོང་ས་མཆོག་གི་དགོངས་གཞི་རྟོགས་པའི་ཐོག་ནས་བོད་རྒྱ་ཆེ་མི་མང་གི་རེ་འདོད་སྒྲུབ་མཁན་ཞིག་ཡིན་དགོས་པ་རེད་ཅེས་བརྗོད་བྱུང་།
ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས་ཀྱིས། དེ་རིང་གི་བགྲོ་གླེང་དེ་བློ་བཟང་སེངྒེ་བཀའ་ཁྲིའི་འོས་གཞིར་ཁྱབ་བསྒྲགས་བྱས་པའི་རྣམ་པ་ཞིག་མཐོང་གི་འདུག  ང་རང་སྒེར་ལ་མཚོན་ན་བློ་བཟང་སེངྒེ་ལ་བཟང་སྤྱོད་ཀྱི་ཐོག་ནས་རྒྱབ་སྐྱོར་ཡོད། ཡིན་ནའང་། ངེད་གཉིས་བར་ལ་སྒེར་གྱི་འབྲེལ་བ་གང་ཡང་མེད། བཀའ་ཁྲིའི་ཐད་ལ་ངས་ཐེངས་ཁ་ཤས་ཤིག་ལ་བཤད་རྒྱུ་བྱུང༌། དེང་སང་༧གོང་ས་མཆོག་དགའ་ལྡན་ཕོ་བྲང་གི་དབུ་ཁྲིད་ལ་བཞུགས་བསྡད་པའི་སྐབས་འདིར་བཙན་བྱོལ་བོད་གཞུང་དང་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ཐག་དེ་ཆད་ཐུབ་ཀྱི་མ་རེད་ལ། ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་ཀྱང་བོད་མི་མང་གི་དད་པ་དེ་ཡོད་བསྡད་པ་ཞིག་རེད། ད་ལྟའི་བཙན་བྱོལ་བོད་གཞུང་གིས་བོད་མི་མང་གི་ཚབ་བྱེད་ཐུབ་ཀྱི་ཡོད་ཟེར་བ་གཙོ་བོ་ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་བོད་རྒྱ་ཆེའི་མི་མང་གི་ཚབ་མཚོན་གྱི་ཡོད་པ་རེད། ནམ་ཞིག་ཁོང་སྐུ་གཤེགས་རྗེས་ད་དུང་བཙན་བྱོལ་བོད་གཞུང་གིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ཐུབ་དགོས་ན་སྐད་ཆ་གཅིག་གིས་བོད་མི་མང་གི་སེམས་འགུག་ཐུབ་ཀྱི་རེད། དེ་བོད་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། གལ་སྲིད་རྒྱ་ནག་མི་མང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལ་འགྲོ་གི་ཡིན་ལབ་ན་བོད་ནང་གི་བོད་མིའི་ཚབ་བྱེད་ཐུབ་ཐབས་མེད་ལ།  ཐ་ན་བཙན་བྱོལ་ནང་གི་མི་འབུམ་གཅིག་ལྷག་ལའང་ལམ་སྟོན་བྱ་རྒྱུ་ཁག་པོ་རེད།
 
མི་མང་གི་འོས་ལྡུག་མིན་གང་ལྟར་ཡང་། ངས་ད་ལྟའི་བར་བཀའ་ཁྲིར་རང་བཙན་གྱི་ལྟ་བ་འཁྱེར་མཁན་ཞིག་ལ་རེ་བ་བརྒྱབ་པ་ཡིན།  མ་འོངས་པར་ཡང་ང་རང་གི་ངོས་ནས་སྐུ་དྲག་གི་རིགས་རྒྱུད་ལ་འོས་ལྡུག་གི་མིན། དེ་བཞིན་བླ་མ་གྲྭ་པ་ཚོ་ཆབ་སྲིད་ནང་འཛུལ་ཡོང་ན་ཡག་པོ་མེད་སྟབས། སྔོན་མ་ཟམ་གདོང་རིན་པོ་ཆེར་འོས་བླུགས་མེད་ལ། མ་འོངས་པར་ཡང་ལྡུག་གི་མིན། ང་རང་གི་ངོས་ནས་སྐུ་དྲག་གི་རིགས་རྒྱུད་མིན་པ་དང་ལོ་རྒྱུས་ཀྱི་རྙོག་གྲ་མེད་པ། སྒེར་ངོས་ནས་ཐོན་པའི་མི་དཀྱུས་མ་དེ་འདྲ་ཞིག་ལ་འོས་ལྡུག་གི་ཡིན། གལ་སྲིད། མཐའ་མའི་འོས་གཞིའི་ནང་མཁས་དབང་བློ་བཟང་སེངྒེ་བསླེབ་པ་ཡིན་ན། ངས་འོས་ཤོག་དེ་ཁོང་ལ་ལྡུག་གི་ཡིན་ཞེས་བརྗོད་བྱུང་།
 
མཐའ་མར་ཁོང་གིས། ཁ་སྔོན་༧གོང་ས་མཆོག་གིས་ཁོང་རྒྱ་ནག་གི་མི་སེར་ལག་ཁྱེར་བསྣམ་སྟེ་བོད་ལ་ལོག་འདོད་ཡོད་ཚུལ་གསུངས་བྱུང༌། གལ་ཏེ། ཉིན་ཞིག་ཁོང་དང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་ལག་ཁྱེར་བསྣམ་སྟེ་འགྲོ་བའི་དུས་སྐབས་ཤིག་འབྱུང་སྲིད་པའི་དབང་དུ་བཏང་ཡང།  སྐབས་དེར་ང་རང་གིས་རྒྱ་མིའི་ལག་འཁྱེར་དེ་ཁྱེར་ནས་བོད་ལ་གཏན་ནས་འགྲོ་རྒྱུ་མིན་ཞེས་འགྲེལ་བརྗོད་གནང་བྱུང་།
 
རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས། མི་རིགས་ཤིག་ལ་མི་རབས་གསར་བ་མེད་ན། མི་རིགས་དེ་རྒས་ཤིང་འཁོགས་པ་དང་ཆད་ལ་ཉེ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད། དེར་བརྟེན། མི་རབས་གསར་བའི་འབོད་སྒྲ་གལ་ཆེ་ལ་སྙིང་སྟོབས་དེ་བས་ཀྱང་གལ་ཆེན་རེད། ང་རང་ལ་མཚོན་ན་འདི་ལོའི་ཕྱི་ཟླ་ ༦ པ་ནས་བཙན་བྱོལ་གྱི་མི་རབས་གསར་བའི་སྙིང་སྟོབས་ཀྱི་བསྒྲགས་གཏམ་དེ་ཐོག་མར་སྤེལ་བ་ཡིན། ཞོར་དུ་དེ་དང་འབྲེལ་བའི་རྩོམ་ཡིག་དང་བགྲོ་གླེང་སོགས་ཀྱི་ཆ་ཤས་བླངས་ཡོད། སྐབས་དེ་དག་ཏུ་སྙིང་སྟོབས་དང་དྲང་ཚུགས་འཛིན་སྟངས། སྤྱི་ཚོགས་ལ་མགོ་མི་སྐོར་བའི་ཐད་ལ་འབོད་སྐུལ་ཞུས་པར་མ་ཟད། མི་རབས་གསར་བར་འབོད་སྒྲ་དང་སྙིང་སྟོབས་དགོས་པ། ཡར་ལངས་ཏེ་འགན་འཁུར་དགོས་རྒྱུ་སོགས་རྒྱ་ནག་གིས་བཤད་ཀྱིན་པའི་མི་རབས་གསར་བ་དང་གཏན་ནས་མི་འདྲ་བ་ཤེས་དགོས་སྐོར་བརྗོད་པ་ཡིན། ང་ཚོའི་འབོད་སྒྲ་དེ་ནི་གསར་བརྗེའི་འབོད་སྒྲ་མིན་པར་གསར་གཏོད་ཀྱི་འབོད་སྒྲ་ཡིན། ང་ཚོར་གསར་གཏོད་ཀྱི་རྒྱུ་ཆ་མང་པོ་ཞིག་དགོས་པ་རེད། ང་ཚོའི་འཐབ་རྩོད་དེ་གསར་རྙིང་གི་ཐོབ་ཐང་འཐབ་རྩོད་ཀྱི་འབོད་སྒྲ་ཞིག་རྩ་བ་ནས་མིན་པ་མི་རབས་གསར་བས་ཤེས་དགོས་པར་མ་ཟད། མི་རབས་རྒན་པས་ཀྱང་ངེས་པར་དུ་ཤེས་དགོས་པའི་དོན་གནད་ཅིག་རེད་ཅེས་བརྗོད་བྱུང་ལ། དེ་བཞིན་ཁོང་གིས། ངས་བསམ་ན་ཉུང་མཐར་ང་ཚོས་ཁྱད་ཆོས་བཞི་དང་ལྡན་པའི་བཀའ་ཁྲི་ཞིག་ལ་རེ་བ་རྒྱག་དགོས་ཀྱི་འདུག དེ་དག་ནི་ལྷན་སྐྱེས་ཀྱི་སྙིང་སྟོབས་དང་འགན་འཁྲིའི་བསམ་བློའི་རང་བཞིན་དང་ལྡན་པ། སྦྱངས་སྟོབས་ཀྱི་ཡོན་ཏན་ཆེན་པོ་ལྡན་པ། རྒྱལ་སྤྱིར་བསྟན་ཆོག་པ་དང་རྒྱ་ནག་ལ་ངོམས་ཆོག་པའི་གཞོན་སྐྱེས་ཤིག་དགོས་པ། བཙན་བྱོལ་བའི་དབུ་ཁྲིད་ཞིག་གདམ་གྱི་ཡོད་པའི་ཆ་ནས་ང་ཚོའི་དབུ་ཁྲིད་དེ་ངེས་པར་དུ་བཙན་བྱོལ་བ་ཞིག་ཡིན་དགོས་པ་བཅས་དང༌། ཡང་བཀའ་ཁྲི་དེར་འཇོན་ཐང་དྲུག་དགོས་པ་ནི། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་གི་རིན་ཐང་ལ་ངོས་འཛིན་བྱས་ཐོག་དེར་བདག་པོ་རྒྱག་ཐུབ་མཁན་ཞིག་དང༌། ༧གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་གནང་མཁན་ཞིག   གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བ་དང་མངོན་འདོད། གཞིས་ལུས་མི་མང་ལ་དུས་རབས་དང་བསྟུན་ཏེ་འབྲེལ་ལམ་སླར་གསོ་ཐུབ་རྒྱུར་ནུས་པ་འདོན་ཐུབ་མཁན། ཁ་གཏད་རྒྱ་གཞུང་ལ་སྒྲུབ་ཕྱོགས་ནས་འབྲེལ་བ་བྱེད་ཐུབ་པ་དང༌། དགག་ཕྱོགས་ནས་སྐྱོན་བརྗོད་བྱེད་ཐུབ་མཁན་གྱི་བཀའ་ཁྲི་ཞིག་དགོས། དེ་མ་ཡིན་པར་ག་དུས་ཡིན་ཡང་རྒྱ་ནག་ལ་ཁོར་ཡུག་བསྐྲུན་ནས་སྤྲེལ་ལད་འཁྲབ་བསྡད་པ་དེ་འདྲ་མ་ཡིན་པ། དགག་པ་རྒྱག་དུས་དགག་པ་རྒྱག་ཐུབ་མཁན་ཞིག་དང་འབྲེལ་བ་བྱེད་དུས་འབྲེལ་བ་བྱེད་ཐུབ་མཁན་ཞིག་ངེས་པར་དུ་དགོས་ཀྱི་རེད། ང་ཚོས་འཐབ་རྩོད་ཀྱི་ལས་འགུལ་མང་ཆེ་བ་ཞིག་ཁྱབ་བསྒྲགས་ཀྱི་ཐོག་ནས་འགྲོ་དགོས་དུས་རྒྱལ་སྤྱིའི་གོ་སྐབས་ཏག་ཏག་ལེན་མ་ཐུབ་ན་འཐུས་ཤོར་ཆེན་པོ་ཞིག་འགྲོ་ཉེན་ཡོད་པས་དེར་ལྟ་རྟོག་ཐུབ་མཁན། བཙན་བྱོལ་སྒྲིག་འཛུགས་ཙམ་མིན་པར་རྒྱལ་སྤྱིར་ཁྱོན་ཡོངས་ནས་ལྟ་ཐུབ་པའི་མཁྱེན་རྒྱ་ཅན་ཞིག་དགོས། བཙན་བྱོལ་བོད་མིའི་ལྟེ་གནས་དེ་རྒྱ་གར་ཆགས་ཡོད་དུས། རྒྱ་གར་གཞུང་གི་སྲིད་ཇུས་ལ་ལྟོས་པའི་སྒོ་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལ་ལྟ་རྟོག་བྱེད་ཐུབ་མཁན་ཞིག གཞིས་ཆགས་ཁག་སྐྱོ་བོ་དང་གསར་འབྱོར་སོགས་ལྟ་སྐྱོང་བྱེད་ཐུབ་མཁན་ཞིག་དགོས་ཞེས་བརྗོད་སོང༌། བཀའ་ཁྲིའི་ཁྱད་ཆོས་བཞི་དང་འཇོན་ཐང་དྲུག་གི་ངོས་ནས་བལྟས་ཡོང་དུས་ད་ལྟའི་བཀའ་ཁྲིའི་འོས་གཞིའི་ནང་ནས་མཁས་དབང་བློ་བཟང་སེངྒེ་ལགས་འཚམ་ཤོས་རེད་ཅེས་བརྗོད་བྱུང་།
 
ཐེངས་འདིའི་བགྲོ་གླེང་སྐབས་བཀའ་ཁྲི་དང་འབྲེལ་བའི་གློག་བརྙན་ཞིག་གཟིགས་འབུལ་བྱས་པར་མ་ཟད། མི་རབས་གསར་བའི་འབོད་སྒྲའི་འོག་གི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེངྒེ་ཞེས་པའི་ཤོག་བྱང་འགྲེམས་སྤེལ་བྱས་ཡོད་ལ། བགྲོ་གླེང་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་མཐོ་སློབ་ཁག་གི་སློབ་མ་དང་དགེ་འདུན་པ། བཞུགས་སྒར་གྱི་མི་མང་བཅས་མང་ཚོགས་ ༢༠༠ ལྷག་འདུ་འཛོམས་ཀྱིས་བགྲོ་གླེང་དང་དྲི་བ་དྲིས་ལན་ལྷུག་པོར་གནང་ཡོད།
 
གསར་འགོད་པ། དོན་གོ་དང་དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

སྐར་མ ༣༦ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 64

  1. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    གྲོགས་མཆེད་ཀླུ་མཁར་བྱམས། རྒྱང་རིང་ནས་ཕྲན་གྱི་ཉིད་ཀྱི་མི་སྐད་གསོན་པོ་དེ་གོ་རྒྱུ་འདུག་པས།་དགའ་བའི་མྱོས་ཡོད། ་ལྷོ་མཐའ་ན་གང་གི་དྲང་བདེན་གྱི་ལམ་བུ་དེར་སེམས་ཡོད་མཁན་ཚོས་སྐད་ཆ་རྣམས་ཡིད་ལ་རུམ་ནས་བསྡད་འདུག

    Reply
  2. སྐར་མདའ། says:
    ལོ་ 15 སྔོན།

    དྲ་གྲོགས་གངས་ཆབ་ལགས་ཀྱི་གསུང་བ་དེ་ལ་ངས་སྙིང་ནས་གུས་བརྩི་ཞུ་རྒྱུ་མ་ཟད་ད་དུང་ཁོང་གིས་གསུང་པ་དེ་ཚོ་གནད་དུ་ཁེལ་པའི་ཞིབ་དཔྱོད་རང་རེད་འདུག ཧ་ཅང་ཡག་པོ་འདུག རྗེས་སུ་ཡིད་རངས་ཡོད།

    དེང་སྐབས་རྩོམ་སྒྲིག་པས་ཅི་ཞིག་གནང་གི་ཡོད་མེད་ངས་གསལ་བོར་ཤེས་མ་སོང་། གང་ཡིན་ཟེར་ན་འདིར་རིག་པ་འདོན་ས་ཞེས་པའི་ས་མིག་ཅིག་སྐྲུན་འདུག་ནའང་ག་ཚོད་ཀྱི་བསམ་ཚུལ་གང་མང་བསྐུར་པ་ཡིན་ན་ཡང་གཅིག་ཀྱང་དེང་སང་དྲ་ཐོག་ལ་བཀོད་ཀྱིན་མི་འདུག དེའི་རྒྱུ་མཚན་ག་རེ་ཡིན་ན་ངས་ཤེས་མ་སོང་། འགྲེལ་བཤད་ཅིག་ཡོད་ན་སྐྱོན་རོགས་གནང་ཞེས་ཞུ་རྒྱུ་ཡོད།

    Reply
  3. གངས་ཆབ། says:
    ལོ་ 15 སྔོན།

    དྲ་གྲོགས་འགའ་ཤས་ཀྱིས་གསུངས་སྟངས་ལ་བལྟས་པ་ཡིན་ན།རྒན་རབས་པ་དག་གི་འཇོན་རབས་དང་བྱས་རྗེས་ཡོད་རབ་མང་དག་ཅིག་བཀོད་གནང་བ་དག་ནི།ལོ་རྒྱུས་ལ་ཉམས་ཞིབ་དང་རྒྱུས་མངའ་གཏན་ནས་མེད་པ་མ་ཚད་རྒྱུ་མཚན་ཡང་དག་གི་གནས་ལུགས་ཤེས་མཁན་ཞིག་དང་བཤད་མཁན་ཞིག་གཏན་ནས་རེད་མི་འདུག རྒྱུ་མཚན་ནི།
    དང་པོ།ང་ཚོ་བོད་མི་མང་ལ་ཡོད་བཞིན་པའི་རང་བཙན་གྱི་རྒྱལ་ཁབ་དེ་རྒྱ་ནག་གུང་ཁྲིན་གྱི་ལག་ཏུ་བཞག་མཁན་དག་ནི།སྐུ་དྲག་དང་ཁྱིམ་ཚང་ཆེན་པོ་དེ་དག་གི་དབུ་འོག་ཏུ་ཡོད་པའི་མི་རབས་རྒན་པ་དེ་ཚོའི་བྱ་སྤྱོད་ངེན་པ་དེ་དག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ནི་སྨོས་མ་དགོས།
    གཉིས་པ་དེར།སྐུ་དྲག་དང་ཁྱིམ་ཚང་ཆེན་པོ་རེ་གཉིས་ཙམ་ལས་གཞན་སྐུ་དྲག་དང་ཁྱིམ་ཚང་ཆེན་མོ་དེ་དག་གི་གོ་གནས་དང་རྒྱུ་ནོར་ཁོ་ན་དོན་དུ་གཉེར་བ་ལས།རྒྱ་ནག་གུང་ཁྲིན་ལ་དངོས་སུ་ཁ་གཏད་དུ་ལང་ནས་འཐབ་འཛིང་བྱས་མཁན་ཞིག་ཡོད་པ་སུ་ལ་ཡང་བརྗོད་རྒྱུ་མེད།
    གསུམ་པ་དེར།ཆབ་སྲིད་དང་དཔལ་འབྱོར་ཐོག་ལ་ལམ་ལུགས་ཡང་དག་དང་།བྱ་བཞག་གསར་བཏོད་ལ་སོགས་པའི་ལེགས་སྐྱེས་ཞིག་ནི་གཏན་ནས་བཞག་མྱོང་མེད།
    ད་ལྟ་ང་ཚོ་མི་རབས་གསར་པ་རྣམས་ལ་རྒྱལ་སྤྱིའི་སྒང་ལ་ངོམ་ཡག་གཅིག་ཡོད་པ་དེ་ནི་ནང་ཆོས་ཁོ་ན་ཡིན།དེ་ནི་སྐུ་དྲག་དང་ཁྱིམ་ཚང་ཆེན་མོ་དེ་དག་གི་བཀའ་དྲིན་མ་ཡིན་པ།༧གོང་ས་མཆོག་དང་ཆོས་ལུགས་སོ་སོའི་བླ་ཆེན་དམ་པ་དེ་དག་གི་ཐུགས་བརྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
    གསུམ་པ་དེར།བོད་ཕྱི་ནང་གཉིས་ཀྱི་དཀའ་སྡུག་དང་།ད་ལྟ་ང་ཚོ་བཙན་བྱོལ་དུ་ཡོང་དགོས་དོན་དང་ལུང་ཚན་ཁ་ལ་འཁྱེར་ནས་ཕྱོགས་ལྷུང་དང་ཞེན་ཁོག་གི་རྣམ་པ་དེ་དག་ནི།སྐུ་དྲག་དང་མི་རབས་རྒན་པ་དག་གི་མཇུག་འབྲས་ངེན་པའི་བྱས་རྗེས་དང་བག་ཆགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
    བཞི་པ་དེར།ད་ལྟ་ང་ཚོ་མི་རབས་གསར་པ་རྣམས་ཀྱིས་རྒྱ་ནག་གུང་ཁྲིན་དང་རྩོད་ལེན་བྱེད་བཞིན་པའི་འཐབ་རྩོད་དེ་དག་ནི།སྐུ་དྲག་དང་མི་རབས་རྒན་པ་དག་གི་ཤུལ་བཞག་ཡིན་པ་ལས་གཞན་སུ་ལ་སྨོས།
    གསར་བུ་པ་ཤེས་རྒྱ་དང་མཐོང་རྒྱ་ཅི་ཡང་མི་ལྡན་མཁན་རིགས་དང་ཕྱོགས་ལྷུང་ཅན་གྱིས་མི་རབས་རྒན་པ་དག་གི་བྱ་བཞག་དང་བྱས་རྗེས་ཡོད་རབས་བརྗོད་དགོས་དོན་གང་ཡང་མ་མཐོང་།
    དེ་ལས་ཁ་ཡོད་ལག་ཡོད་ཀྱི་བོད་མི་རིགས་དང་།སྤྱི་པའི་རྩ་དོན་ཆེད་དུ་ནུས་པ་འདོན་ཐུབ་མཁན་ཤེས་འཇོན་གཉིས་ལྡན་གྱི་མི་རབས་གསར་པའི་ན་གཞོན་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རེ་བ་བཅོལ་ན་དགེ་མཚན་ཆེ་བ་མཐོང་།
    རྒྱུ་མཚན་དེ་དག་ནི།དངོས་ཡོད་དང་ལུགས་མཐུན་གྱི་སྒོ་ནས་བརྗོད་ཀྱིན་ཡོད་པ་ལས་དོན་མེད་ཀྱི་ཀུ་ཅོ་དང་སྒྲོ་བཏགས་རིག་ནི་གཏན་ནས་མ་ཡིན་པའི་དེ་ལུགས་དགོངས་འཇགས་དང་བཅས།

    Reply
  4. གོང་དཀར་ངག་རྣམ། says:
    ལོ་ 15 སྔོན།

    ངས་ཀྱང་བློ་བཟང་སེང་གེར་མཐོང་བའི་རེ་བ།

    ཆེ་ཆུང་ཚང་མས་བཀའ་ཁྲིའི་གལ་གནད་གླེང་དུས་ཨང་དང་པོ་དེ་བོད་དོན་འཐབ་རྩོད་རེད་ཅེས་ཤོད་བཞིན་ཡོད་ནའང། འཐབ་རྩོད་ནུས་པ་དང་པོ་དེ་ཅི་ཞིག་ཡིན་མིན་དང་། དེ་ལ་རང་ཕྱོགས་ནས་སྒྲུབ་རན་པའི་ལས་དོན་གང་ཞིག་ཡོད་མེད་ལ་ནན་ཏན་གྱི་སྐད་ཆ་ཤོད་མཁན་ཆེས་དཀོན་པས། ངས་ད་དུང་བཙན་བྱོལ་སྤྱི་ཚོགས་ནང་བསམ་གཞིགས་ཀྱི་ནུས་པ་མེད་པའི་སྣང་ཚུལ་ཞིག་མཐོང་གི་འདུག ལྷག་པར་བཀའ་ཁྲིའི་འོས་མིར་ལང་མཁན་མང་ཆེ་བས་ཛ་དྲག་གི་གནད་འགག་ལ་སླེབ་པའི་དུས་ཚོད་ཅིག་ལའང་། འཆར་ཅན་གྱི་སྐད་ཆ་ཞིག་ལས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ངོ་མའི་ཐོག་གནད་དུ་འཁེལ་བའི་སྐད་ཆ་བཤད་རྒྱུ་ལྟ་ཅི།

    ཉེ་ཆར་བཀའ་ཤག་གིས་རྒྱ་གར་ལྷོ་ཕྱོགས་སུ་གནང་བའི་བཙན་བྱོལ་བོད་མི་ཉམས་ཆག་ཏུ་འགྲོ་བའི་ཉེན་ཁའི་རང་བཞིན་དག་གི་དོན་སྙིང་དག་ལ་བསམ་བློ་ཞིབ་ཕྲ་བཏང་མེད་ཚོད་རེད། ཉེན་ཁ་ཆེན་པོ་འདི་དག་ལས་ལྷག་པའི་གླེང་རྒྱུ་གཞན་ཞིག་ཅི་ལ་ཡོད། ཆབ་སྲིད་ཀྱི་རྐུབ་བཀྱག་ནི་སྐད་ཆའི་སྡིངས་ཆ་ཞིག་དང་། སྐད་ཆས་མི་དམངས་ཀྱི་བསམ་བློའི་ཁ་ཕྱོགས་སྒྱུར་གྱི་ཡོད་པས། བསམ་གཞིག་གི་ནུས་པ་ལྡན་པའི་སྐད་ཆ་ཤོད་དགོས།

    བསམ་གཞིག་གི་ནུས་པ་ལྡན་པའི་སྐད་ཆ་ཞེས་བརྗོད་དགོས་དོན་ཡང། སྒྲུབ་པ་ལས་ཤོད་པ་ཨང་དང་པོར་བརྩི་ཞེས་པའི་དོན་མིན་པར། རྩ་དོན་གྱི་དམིགས་ཕྱོགས་དང་མ་བརྒལ་བའི་དོན་གནད་ངོ་མའི་ཐོག་ཡུན་རིང་བསམས་པའི་འཆར་སྒོ་དང་། བྱེད་ནུས་མི་འདྲ་བ་རེ་འདོན་དགོས་པ་དེ་ཡིན། ལྷག་པར་༡༩༧༤ནས་ད་བར་རྒྱུན་འཛིན་བྱེད་པའི་དབུ་མའི་ལམ་ནི་ཕྱོགས་གཉིས་ཀྱི་རྒྱལ་ཕམ་གྱི་ངོ་བོ་ལས་ཡོངས་སུ་འདས་ཤིང་། མི་རིགས་གཉིས་ཀྱི་གནད་དོན་ཙམ་ཡང་མིན་པའི་ཕྱིར། གྲོས་མོལ་དང་ཤེས་རྟོགས་ཁོ་ནས་བསུ་དགོས་པས།

    རྒྱ་བོད་མི་དམངས་བྱིངས་ཀྱི་དབར་འབྲེལ་ཟམ་འཛུགས་རྒྱུ་གལ་གནད་ཅིག་ཏུ་གྱུར་ཡོད། དེ་ནི་སྐུ་ཞབས་བློ་བཟང་སེང་གེའི་སྤྲོ་སྣང་དང་ཕན་འབྲས་ལྡན་པའི་བྱ་གཞག་ཅིག་རེད། སྤྲོ་སྣང་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་རེད་སྙམ་གྱི་ཡོད།

    བྱ་གཞག་ཅིག་སྒྲུབ་པར་དེ་མེད་ན་ནི་རླུང་རྟ་བརྒྱུགས་ནས་སྐབས་རེ་ལས་དོན་རེ་གཉིས་ལ་ཕན་འབྲས་ཐོན་སྲིད་ཀྱང་། དེ་ལ་རྒྱུན་མཐུད་ཀྱི་རང་བཞིན་དང་དམིགས་བསལ་གྱི་ཕན་འབྲས་ཧ་ཅང་འཐོན་དཀའ། འོན་ཏེ་སྤྲོ་སྣང་གི་འབྱུང་ཁུངས་ནི་རིག་པའི་གཞུང་ལུགས་ཀྱི་ཤེས་ཡོན་དང་། རང་ཉིད་ཀྱི་བློ་གྲོས་ཀྱི་རྩལ་གཉིས་འཐབ་པ་ལས་བྱུང་བའི་གུ་ཡངས་ཀྱི་ཤེས་རབ་ཅིག་ཡིན་པས། རིག་ཚན་བྱེ་བྲག་པ་དང་ལྷག་པར་ནང་པ་སངས་རྒྱས་པའི་ཚན་རིག དེ་བཞིན་ནུབ་ཕྱོགས་པའི་སྤྱི་ཚོགས་དང་ཆོས་ལུགས་དབར་གྱི་འགལ་སྒྲུབ་ཀྱི་རྣམ་གཞག་དེ་ཚོ་ཁོང་དུ་ཆུད་པར་བྱ་དགོས།

    གང་ཡིན་ཟེར་ན། ནུབ་ཕྱོགས་པའི་སྤྱི་ཚོགས་ཀྱི་འཕེལ་རིམ་ནང་དུའང་སྔ་མོ་ནས་ཚན་རིག་དང་འཕྲུལ་ཆས་ཀྱི་འཕེལ་རྒྱས་རྩ་ཆེར་འཛིན་པ་ལས། ཆོས་ལུགས་ནི་སྤྱི་ཚོགས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་མིན་པར་ལྟ་བའི་ཡ་ང་བའི་འཐབ་རྩོད་དམ། གསོད་གཏུབ་ཀྱི་འཇིགས་དངངས་བྱུང་དང་འབྱུང་བཞིན་ཡོད་པ་དང་།

    ཤར་ཕྱོགས་པ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་གཏིང་གཟབ་པའི་སྤྱི་ཚོགས་ལྟ་གྲུབ་དང་། འཚོ་བའི་གོམས་གཤིས་ལ་ཡ་མེད་བཏང་ནས་ཁོང་ཚོའི་རྗེས་དེད་དེ་དེང་རབས་ཀྱི་དཔལ་ཡོན་ཞེས་ཁ་བཀྱག་ཀྱང་། ཉིན་ཞིག་ཁོང་ཚོ་བཞིན་མི་ཚེ་གཅིག་གི་དོན་སྙིང་འདི་ལའང་ཡང་དག་པའི་གཏན་ཚིགས་ཤིག་འགོད་མི་ཐུབ་པའི་ཐབས་སྐྱོ་བའི་ལམ་ཁ་ཞིག་ཏུ་ལྷུང་ལྷུང་རྒྱུ་ལས་གང་ཡང་མེད་པའི་ངེས་ཤེས་སྐྱེད་དགོས་པས་ཡིན། འདིའི་དཔེ་མཚོན་གསལ་ཤོས་ཤིག་ནི་༸གོང་ས་མཆོག་གི་ད་ལྟའི་མཁྱེན་རབ་དང་། དེ་ལ་བསམ་ཤེས་ཅན་གྱི་འཛམ་གླིང་མི་དམངས་ཚོས་སེམས་ཚོར་ཙམ་མིན་པའི་གོ་རྟོགས་ཇི་ལྟར་སྐྱེད་ཚུལ་འདི་ཡིན།

    ད་དུང་ད་ལྟའི་བཙན་བྱོལ་བོད་མིའི་དཀའ་ཚེགས་དང་ཉེན་ཁ་ཆེ་ཤོས་ཤིག་ནི། གནའ་དེང་གི་ཤེས་ཡོན་གཉིས་ཀའི་ངོ་གདོང་མཐོང་བ་ཙམ་ལས་མཐར་སོན་གྱི་མེད་པ་འདི་ཡིན་ཞིང། བློ་བཟང་སེང་གེར་མཚོན་ན་གནད་དོན་འདི་ལ་ཚོར་ཤུགས་ཧ་ཅང་ཆེ་བ་དང། ཉེ་སྔོན་ནུས་པ་བཅུ་ཞེས་པའི་གཏམ་བཤད་ནང་དེའི་སྐོར་རྒྱས་བཤད་བྱེད་མྱོང་ཡོད། མ་ཟད་རང་ཉིད་དེང་རབས་ཀྱི་ཁྲིམས་ལུགས་རིག་པའི་ཐོག་ནས་སྦྱངས་པ་མཐར་སོན་ཡོད་སྟབས། དེའི་ཐོག་ལ་བཤད་རྒྱུ་དང་ཁྱད་དུ་འཕགས་པའི་འཆར་སྣང་། ལས་འཆར་བསྒྲིག་རྒྱུའི་སྤོབས་པ་བཅས་ཧ་ཅང་ཆེན་པོ་འདུག། ལར་ནས་མི་རབས་ཀྱི་འོས་འགན་ཐོག་ནས་བལྟས་ནའང་། ཁོང་ཚོའི་གྲས་ལ་འགན་བཀུར་རྒྱུའི་དུས་ཚོད་ཟིན་འདུག་སྙམ།

    དེ་བས་སྤྱི་འཐུས་སུའང་གཞོན་སྐྱེས་མང་ཙམ་བསླེབ་རྒྱུ་དེ་དམིགས་བསལ་གྱི་དགོས་མཁོ་ཆགས་ཡོད་པས་བསམ་གཞིག་བྱ་གལ་ཆེ། འདི་ལྟར་བརྗོད་པ་ནི་ཉམས་མྱོང་ཆེ་བའི་རྒན་རབས་པ་ཚོར་ཟུར་ཟ་བྱས་པ་ལྟ་བུ་གཏན་ནས་མིན་པར། དེ་ནི་མི་རབས་རྒན་གཞོན་དབར་གྱི་ཧེ་བག་དེ་མི་འོང་བའི་ཆེད་དུ་དང་། མ་འོངས་པའི་ཛ་དྲག་གི་གནས་བབ་ཅིག་གི་སྔོན་འགོག་ཡིན་ཞེས་བརྗོད་ཀྱང་མ་འགྲིག་པ་མེད། མ་ཟད་བོད་ཕྲུག་མང་པོའི་སེམས་ནང་བཀའ་ཁྲིའི་རྐུབ་བཀྱག་ཐོག་ངེས་པར་དུ་རྒན་རབས་པ་ཞིག་འོང་དགོས་སྙམ་གྱི་འདུག

    ཁོང་ཚོས་གནས་བབ་དེར་ངོས་འཛིན་མཐོ་པོ་ཞིག་བྱས་པའི་ཁུལ་ཡིན་ནའང་། བསམ་བློ་ཞིབ་མོ་བཏང་ན་དེ་ནི་མི་རབས་གསར་པའི་ཁྱད་ཆོས་ཤིག་ག་ལ་ཡིན། ངས་ན་གཞོན་རེ་ཟུང་ལ་དེའི་སྐོར་བརྗོད་དུས་དེ་ནི་མི་སྲིད་པ་ལྟ་བུར་ཧང་སངས་མདོག་བྱེད་ཀྱི་འདུག འོན་ཏེ་མིའི་ལུས་སེམས་ཀྱི་བཀོད་པའི་ཆ་ནས་གཞོན་སྐྱེས་ལ་སྐབས་རེ་གལ་གནད་ཐག་གཅོད་བྱེད་པ་ལ་སོགས་པའི་ཚེ་དངངས་འཚབ་དང་། སེམས་ཚོར་ཙམ་གྱི་བྱེད་ཕྱོགས་ལ་ཁ་གཏད་ནས་འགྲོ་བའི་གཤིས་ཀ་ཞིག་ཡོད་པས། དེ་ནི་ཁོང་ལ་མཚོན་ན་རྟ་རྒོད་སྲབ་ཀྱིས་འཆུན་པ་ལྟ་བུར་གཟབ་དགོས་པའི་གནད་དོན་ཞིག་ཡིན་པ་བཅས་སོ། །

    Reply
  5. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    གླེན་པ་ཞབས་འདྲེན་ཀླུ་མཁར་བྱམས་ཁྱེད་རང་གིས་སུ་ལ་སྐད་ཆ་ཟུར་ཟ་རྒྱག་གི་ཡོད།ཁྱེད་ཀྱི་མྱོན་པའི་ངང་གི་སྐད་ཆ་བཤད་པ་དེ་ལ་ལྟོས་དང་།

    མཐའ་མར་ཁོང་གིས། ཁ་སྔོན་༧གོང་ས་མཆོག་གིས་ཁོང་རྒྱ་ནག་གི་མི་སེར་ལག་ཁྱེར་བསྣམ་སྟེ་བོད་ལ་ལོག་འདོད་ཡོད་ཚུལ་གསུངས་བྱུང༌། གལ་ཏེ། ཉིན་ཞིག་ཁོང་དང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་ལག་ཁྱེར་བསྣམ་སྟེ་འགྲོ་བའི་དུས་སྐབས་ཤིག་འབྱུང་སྲིད་པའི་དབང་དུ་བཏང་ཡང། སྐབས་དེར་ང་རང་གིས་རྒྱ་མིའི་ལག་འཁྱེར་དེ་ཁྱེར་ནས་བོད་ལ་གཏན་ནས་འགྲོ་རྒྱུ་མིན་ཞེས་འགྲེལ་བརྗོད་གནང་བྱུང་།
    འདི་འདྲའི་ཚིག་སྔ་ཕྱི་འགལ་བ་ཡོད་མཁན་ཞིག་ཁྱེད་ཀྱི་ཁ་ནས་མ་གཏོགས་གོ་མ་མྱོང་།
    ༸གོང་ས་མཆོག་གིས་མི་ལོ་ལྔ་བཅུ་གྲངས་ལ་སྐུ་ངལ་ཚད་མེད་ངང་བོད་རང་གི་རྩ་དོན་ཁོ་ནས་ཆེད་ཕྱག་ལས་རྒྱ་ཆེར་ཆེད་གསུངས་བཤད་སོགས་གང་བལྟས་ཀྱང་ཚིག་སྔ་ཕྱི་མི་མཐུན་པ་ཞིག་གསུངས་མ་མྱོང་མི་ལས་ངན་སྡུག་ཅན་ཁྱེད་ཀྱི་ངོར་འདི་འདྲ་ཞིག་གསུངས་ཡོད་ན་ངེས་པར་དུ་ང་ལ་གསལ་བོར་བཟོ་དགོས།དེ་མིན་ང་ཚོའི་ཞབས་ལ་ཐུ་གུ་དེ་འདྲ་རྩ་བ་ཉིད་ནས་འདོགས་མི་ཆོག
    འདི་གསལ་བོར་བྱེད་དགོས།

    Reply
  6. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    གནད་དོན་ཅི་ཞིག་ཡིན་ཡང་། དགག་སྒྲུབ་གཉིས་ཀྱི་ཆ་ལྡན་ན་ད་གཟོད་ཡར་རྒྱས་དང་དྲང་ལམ་དུ་ཕྱོགས་ཐུབ་ངེས། བསམ་ཚུལ་སྤེལ་མཁན་མི་རེ་ངོ་རེས་ནས་བསམ་ཚུལ་འདྲ་མིན་འདོན་ཆོག་གི་རེད། ཡིན་ནའང་། ༼ཁྱི་སྡོམ། ་་་་དོགས་སོན་གནང་དགོས། ་་་་་བསམ་བློ་ཐོངས། ཁྱི་སྡོམ། ལོག་ལྟ་བ། མི་ངན་སྤྱོད་ངན་ཁྱོད། གུང་བྲན་ཏང་གི་སྐྱུར་དྲི་ཁ་བ་སྐོར་ཞིག བགྲོ་གླེང་དེའི་མགོ་མཇུག་གང་ནས་དཔྱད་ཀྱང་རྒྱ་ནག་གཞུང་གིས་ངན་སྐུལ་ལམ་གོ་སྒྲིག་བྱས་འདུག ་་་ངེས་པར་གཟབ་དགོས། དངོས་གནས་ལྐུགས་པ་རང་རེད། རྒྱ་གཞུང་གིས་བཀའ་སྒྲུབ་གིན་འདུག་ག ༽སོགས་ཀྱི་སྐད་ཆ་འདི་དག་མཐོང་དུས། འུ་ཚོའི་མང་ཚོགས་ཀྱི་བསམ་བློའི་དཔང་རྒྱ་དེ་ད་དུང་ཤིན་ཏུ་ཧག་ཕྲ་བ་ཞིག་ཏུ་འདུག་པའི་ཚོར་བ་བྱུང་ལ། སྐད་ཆ་འདི་དག་ལས་འུ་ཚོ་བཙན་བྱོལ་བ་དག་གི་མི་གཤིས་དང་བསམ་བློའི་ལྕི་ཁོག་གི་ཟུར་ངོས་ཁ་དོག་ཙམ་ཡང་མངོན་འདུག་པ་མ་ཡིན་ནམ། ཆོ་མེད་པའི་སྐད་ཆ་འདི་དག་འབྲེལ་ནས་ངས་གླེང་འདོད་པ་ཞིག་ནི། འུ་ཚོ་བཙན་བྱོལ་བ་ཚོས་ངོ་རྒོལ་སྐབས་ཀྱི་ཕ་སྐད་རང་སྟེང་གི་འབོད་ཚིག་ཕལ་ཆེ་བ་ནི། ་་་་་སྐྱག་པ་ཟོ། ་་་་སྡུག་ཤི་རྒྱོབས། ་་་་་ཕར་རྒྱུགས། ་་་་་སོགས་མི་རིགས་འཐབ་རྩོད་རྩ་བའི་ངོ་བོ་མི་ཟིན་པ། གུ་དོགས་པ། ཀུན་སྤྱོད་དམའ་བའི་སྐད་ཆ་རེ་འགའ་ལས་བརྗོད་ཤེས་ཀྱིན་མེད། ༼ཁྲག་དགོས་ན་ཁྲག་སྟེར། སྲོག་དགོས་ན་སྲོག་སྟེར། ནམ་ཡང་རང་ཡུལ་སྤྲོད་ཀྱི་མིན། ༽ ཅེས་པའི་གནའ་བོའི་རྒྱ་གར་བའི་འཐབ་རྩོད་པ་དག་གི་རླབས་ཆེ་བའི་འབོད་ཚིག་དེ་ལྟ་བུ་ཞིག་འདས་པའི་ལོ་ངོ་ལྔ་བཅུ་རིང་ལ་འུ་ཅག་བོད་པ་བཙན་བྱོལ་བ་རང་གི་འདུ་ཤེས་ཀྱི་ངོས་དང་སྨྲ་ལྕེ་ཡི་སྣེ་ནས་ཐོན་ཐུབ་མེད། མ་གཞི་སྐད་ཆ་ཚིག་འགའ་ཡིན་མོད་ཀྱང་། སྐད་ཆ་ནི་མིའི་ནང་སེམས་ཀྱི་འདུ་ཤེས་གོ་བརྡ་སྤྲོད་བྱེད་ཡིན་པས་ཆ་ནས། འདིའི་རིགས་ཀྱིས་ཀྱང་ཟུར་ངོས་གང་རུང་ནས་འུ་ཚོའི་འཐབ་རྩོད་ཀྱི་ངར་ཤུགས་དང་ལྕི་ཁོག་རྒྱ་མར་བཏེགས་ཡོད་པ་མ་ཡིན་ནམ།

    Reply
  7. ནད་པ says:
    ལོ་ 15 སྔོན།

    བོད་རིགས་བློ་མཐུན་ཚོ། ཕྱོགས་ལྷུང་མེད་པའི་དམར་པོར་མ་བྱས་ཤིང་། །ངོ་སྲུང་ཚིག་གི་སྔོན་པོར་མ་བྱས་པར། །ཕྱི་འབྱུང་གཏམ་གྱི་གསེར་པོར་མ་བྱས་ཏེ། །དེའི་ཕྱིར་འདི་ནི་དེབ་ཇེར་དཀར་པོ་ཡིན།།

    ཡང་གཅིག་སོན་དང་། དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན། །བྱུང་ནས་ཡལ་བ་སྔོན་གྱི་གསཝཟུགས་བརྙན་རྣམས། །སྟོང་པའི་མཁའ་ལ་སེམས་ཀྱིས་རྒྱུ་བ་དེ། །ཤིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབས་ཉིད། །

    Reply
  8. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    བྱེས་བཞུགས་བོད་མི་རྣམས་བློ་ཕམ་མ་བཅུག་རོགས།

    Reply
  9. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་ཟེར་བ་ཁོང་ལ་རྒྱུས་མངའ་དེ་འདྲ་ཅི་ཡང་མེད། མ་མཐའ་སྐད་ཆ་ཙམ་ཡང་བཤད་མི་མྱོང་ངོ་།།
    སྐྱེ་བོ་འདི་པས་ཟློས་གར་གྱི་གླེང་སྟེགས་ཐོག་ནས་༸གོང་ས་མཆོག་ལ་བསྟོད་པའི་ཟོལ་གྱིས་སྐྱོན་བརྗོད་དང་ཡིད་མི་རངས་ཀྱི་ཟུར་ཚིག་རྣོན་པོ་དེ་འདྲ་གང་མང་མང་ཞིག་ནི་སྐྱུགས་པར་བྱས་སོ།།
    ངའི་མཐོང་ཚུལ་ནང་གི་༸གོང་ས་མཆོག་གི་བཀའ་མོལ་གཉིས་དང་དགོངས་གཞི་གཉིས་ཏེ། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་འཐོབ་པར་བྱ་རྒྱུ་ཟེར་བ་འདི་དང་། རྒྱ་ནག་གི་མི་སེར་གྱི་ཕྱག་འཁྱེར་བཞེས་ཏེ་བོད་དུ་ལོག་ཕེབས་རྒྱུ་ཟེར་བའི་གནད་དོན་གཉིས་ཀྱི་དབར་འགལ་ཟླ་ཞིག་དང་། ཆེ་ཆུང་ཞིག ཡང་ན་ཡང་ལྗིད་ཅིག་ཅི་ཡང་སྣང་གིན་མེད་དོ། ། དོན་ལ་ཡང་དེ་འདྲ་ཞིག་ཡོད་པར་མི་སྙམ་མོ།།
    འོན་ཀྱང་ཚིག་རྗེས་འབྲངས་པའི་བློ་ཙམ་གྱིས་བལྟས་ན་བརྗོད་པ་ཙམ་ལ་ནི་རྣར་འགྲོ་མི་འགྲོ་དང་སྙན་མི་སྙན་གྱི་ཁྱད་པར་ཞིག་ཡོང་ཆོག་གོ ། འོན་ཀྱང་འདི་ཙམ་ཞིག་ནི་གལ་ཆེན་དུ་བརྩི་བའི་གནས་སུ་བཟུང་ན་ནི་ནོར་ཞིང་འཁྲུལ་ལོ།།

    སྐྱེ་བོ་འདི་པས་རང་སྲིད་རང་སྐྱོང་གི་དགོས་འདུན་དང་འབྲེལ་བའི་དགོངས་པར་ཅི་ཡང་ཐུག་རེག་མི་བྱེད་པར་རྒྱ་མིའི་མི་སེར་ལག་འཁྱེར་འཁྱེར་ཏེ་ཟེར་བའི་ཚིག་ཙམ་ཞིག་ཁ་ལ་ཐོགས་ཏེ་གནས་སྐབས་གང་དུའང་ས་འཕྱར་གནམ་འཕྱར་གྱིས་འུར་ཟིང་སློང་བ་ནི་རྟོག་དཔྱོད་ཀྱི་མིག་ཞར་སོང་བའི་དན་རྟགས་སོ།། སྤྱི་ཚོགས་ཀྱི་བསམ་བློའི་བདེ་འཇགས་ལ་འགན་མ་འཁུར་བའི་གྱ་ཚོམ་པའི་བྱ་སྤྱོད་དོ།། རིགས་པ་དང་མི་ལྡན་པའི་ཐན་སྐད་སྒྲོག་པ་ནི་ཞིབ་འཇུག་པའི་མིང་འཁྱེར་བ་ཞིག་གི་ལས་སུ་བྱ་བ་མ་ཡིན་ནོ།། ཕྱོགས་སུ་ལྷུང་ངོ་། །

    ཞིབ་འཇུག་པ་ཞིག་ཡིན་ན་དོན་ལྡན་གྱི་གཏམ་སྨྲ་དགོས་པ་ཡིན་གྱི་རང་གི་སྣང་ངོར་འཕྲོད་མི་འཕྲོད་ཀྱི་དབང་ལས་གནས་ལུགས་ལས་གཡོལ་བར་བྱས་ན་ནི་གཞན་ཅི་ཡང་ཞུ་འདོད་པ་མེད་ཀྱི། དམར་ཤོག་ཏང་གི་ཞིབ་འཇུག་པ་དེ་ཚོ་དང་ཁྱད་ཅི་ཡང་མེད་པས་དེ་ཚོའི་སྤུན་གྲོགས་འདྲ་ཞིག་ཡིན་པ་མིན་ནམ་ཞེས་པ་ཙམ་ཞིག་ནི་ཞུ་བར་འདོད་དོ།།
    ཡང་དག་པར་བཤད་དོ། །གནོད་པའི་བསམ་པ་རྡུལ་ཙམ་ཡང་མེད་དོ།།
    རིགས་པའི་ཐོག་མདས་བསྙིལ་བར་བྱས་ན་ནི་ཁོ་བོ་ལ་ལན་པ་མེད་དོ།།

    Reply
  10. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་ཟེར་བ་ཁོང་ལ་རྒྱུས་མངའ་དེ་འདྲ་ཅི་ཡང་མེད། མ་མཐའ་སྐད་ཆ་ཙམ་ཡང་བཤད་མི་མྱོང་ངོ་།།
    སྐྱེ་བོ་འདི་པས་ཟློས་གར་གྱི་གླེང་སྟེགས་ཐོག་ནས་༸གོང་ས་མཆོག་ལ་བསྟོད་པའི་ཟོལ་གྱིས་སྐྱོན་བརྗོད་དང་ཡིད་མི་རངས་ཀྱི་ཟུར་ཚིག་རྣོན་པོ་དེ་འདྲ་གང་མང་མང་ཞིག་ནི་སྐྱུགས་པར་བྱས་སོ།།
    ངའི་མཐོང་ཚུལ་ནང་གི་༸གོང་ས་མཆོག་གི་བཀའ་མོལ་གཉིས་དང་དགོངས་གཞི་གཉིས་ཏེ། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་འཐོབ་པར་བྱ་རྒྱུ་ཟེར་བ་འདི་དང་། རྒྱ་ནག་གི་མི་སེར་གྱི་ཕྱག་འཁྱེར་བཞེས་ཏེ་བོད་དུ་ལོག་ཕེབས་རྒྱུ་ཟེར་བའི་གནད་དོན་གཉིས་ཀྱི་དབར་འགལ་ཟླ་ཞིག་དང་། ཆེ་ཆུང་ཞིག ཡང་ན་ཡང་ལྗིད་ཅིག་ཅི་ཡང་སྣང་གིན་མེད་དོ། ། དོན་ལ་ཡང་དེ་འདྲ་ཞིག་ཡོད་པར་མི་སྙམ་མོ།།
    འོན་ཀྱང་ཚིག་རྗེས་འབྲངས་པའི་བློ་ཙམ་གྱིས་བལྟས་ན་བརྗོད་པ་ཙམ་ལ་ནི་རྣར་འགྲོ་མི་འགྲོ་དང་སྙན་མི་སྙན་གྱི་ཁྱད་པར་ཞིག་ཡོང་ཆོག་གོ ། འོན་ཀྱང་འདི་ཙམ་ཞིག་ནི་གལ་ཆེན་དུ་བརྩི་བའི་གནས་སུ་བཟུང་ན་ནི་ནོར་ཞིང་འཁྲུལ་ལོ།།

    སྐྱེ་བོ་འདི་པས་རང་སྲིད་རང་སྐྱོང་གི་དགོས་འདུན་དང་འབྲེལ་བའི་དགོངས་པར་ཅི་ཡང་ཐུག་རེག་མི་བྱེད་པར་རྒྱ་མིའི་མི་སེར་ལག་འཁྱེར་འཁྱེར་ཏེ་ཟེར་བའི་ཚིག་ཙམ་ཞིག་ཁ་ལ་ཐོགས་ཏེ་གནས་སྐབས་གང་དུའང་ས་འཕྱར་གནམ་འཕྱར་གྱིས་འུར་ཟིང་སློང་བ་ནི་རྟོག་དཔྱོད་ཀྱི་མིག་ཞར་སོང་བའི་དན་རྟགས་སོ།། སྤྱི་ཚོགས་ཀྱི་བསམ་བློའི་བདེ་འཇགས་ལ་འགན་མ་འཁུར་བའི་གྱ་ཚོམ་པའི་བྱ་སྤྱོད་དོ།། རིགས་པ་དང་མི་ལྡན་པའི་ཐན་སྐད་སྒྲོག་པ་ནི་ཞིབ་འཇུག་པའི་མིང་འཁྱེར་བ་ཞིག་གི་ལས་སུ་བྱ་བ་མ་ཡིན་ནོ།། ཕྱོགས་སུ་ལྷུང་ངོ་། །

    ཞིབ་འཇུག་པ་ཞིག་ཡིན་ན་དོན་ལྡན་གྱི་གཏམ་སྨྲ་དགོས་པ་ཡིན་གྱི་རང་གི་སྣང་ངོར་འཕྲོད་མི་འཕྲོད་ཀྱི་དབང་ལས་གནས་ལུགས་ལས་གཡོལ་བར་བྱས་ན་ནི་གཞན་ཅི་ཡང་ཞུ་འདོད་པ་མེད་ཀྱི། དམར་ཤོག་ཏང་གི་ཞིབ་འཇུག་པ་དེ་ཚོ་དང་ཁྱད་ཅི་ཡང་མེད་པས་དེ་ཚོའི་སྤུན་གྲོགས་འདྲ་ཞིག་ཡིན་པ་མིན་ནམ་ཞེས་པ་ཙམ་ཞིག་ནི་ཞུ་བར་འདོད་དོ།།
    ཡང་དག་པར་བཤད་དོ། །གནོད་པའི་བསམ་པ་རྡུལ་ཙམ་ཡང་མེད་དོ།།
    རིགས་པའི་ཐོག་མདས་བསྙིལ་བར་བྱས་ན་ནི་ཁོ་བོ་ལ་ལན་པ་མེད་དོ།།

    Reply
  11. ཀུན་དགའ་བོ། says:
    ལོ་ 15 སྔོན།

    ཨ་ཙི་ཙི། ཆབ་སྲིད་ཀྱི་གོ་རྟོགས་རྩ་བ་ཉིད་ནས་མི་འདུག་ལ་ཕུགས་འཁྱོལ་བའི་བསམ་བློ་ནི་དེ་བས་ཀྱང་།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཝེ་་་་་་་་་ད་ཉམས་ཞིབ་ཡག་པོ་མ་བྱས་ན་ངོ་ཚ།

    Reply
  12. ཀུན་དགའ་བོ། says:
    ལོ་ 15 སྔོན།

    ཨ་ཙི་ཙི། ཆབ་སྲིད་ཀྱི་གོ་རྟོགས་རྩ་བ་ཉིད་ནས་མི་འདུག་ལ་ཕུགས་འཁྱོལ་བའི་བསམ་བློ་ནི་དེ་བས་ཀྱང་།

    Reply
  13. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ང་རང་སྤྱིར་བློ་གཟང་སེངྒེ་ལ་བརྒྱབ་སྐྱོར་བྱེད་མཁན་གྱི་གྲས་ཤིག་ཡིན། འོན་ཀྱང་དེ་རིང་ཞོགས་པ་བཞུགས་སྒར་མཚན་ཉིད་སློབ་གྲྭའི་གསུམ་མདོ་རུ་བཀལ་བའི་བློ་སེང་གི་པར་འདི་མཐོང་མ་ཐག་ཡི་ཆད་དང་བློ་ཕམ་ཞིག་སྐྱེས་བྱུང་། གང་ཡིན་ཟེར་ན་ཁོ་པས་རང་ཉིད་ནི་༸གོང་ས་ཡིད་བཞིན་ནོར་བུ་ལས་ལྷག་པ་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དབུས་ཀྱི་ཉི་མར་བཞག་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་དང་ཁོ་པར་བརྒྱབ་སྐྱོར་བྱེད་མཁན་ཚོ་ནི་ཀླད་སྟོང་ཧམ་སེམས་ཅན་ཤ་སྟག་ཡིན་པ་གསལ་བཤད་བྱུས་འདུག་པས་ངའི་འོས་གཅིག་པུ་དེ་ཁོང་ལ་མི་འཕེན་ཁོ་ཐག་ཡིན།

    Reply
  14. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 15 སྔོན།

    ཉམས་ཞིབ་པའི་མིང་སྐམ་འཛིན་པའི་ལོག་ལྟཔ་ཚོ་ཅི་ཞིག་བསམ་གྱི་ཡོད། སྐུ་དྲག་དང་བླ་གྲྭ་རྣམས་ཅིའི་ཕྱིར་བོད་ཀྱི་ཆབ་སྲིད་དབུ་ཁྲིད་པའི་འོས་མིའི་གྲས་སུ་ཡོང་ན་མ་འགྲིགས་པ་རེད། སྐད་ཆ་འདི་སྒེར་པའི་མཐོང་ཚུལ་དང་ཚོར་སྣང་ཞིག་གི་ཐོག་ནས་བཤད་ཀྱི་ཡོད་དམ། ཡང་ན།ཁྲིམས་དང་སྒྲིག་གཞི་ཞིག་ལ་གཞི་བཟུང་ནས་བཤད་ཀྱི་ཡོད། སྐུ་དྲག་ཡིན་པ་དང་བླ་གྲྭ་ཡིན་པའི་རྒྱུ་མཚན་གྱིས་བཀའ་སྤྱི་གང་དུ་ཡང་བསྐོ་མི་རུང་བ་བདེན་པ་ཡིན་ན་ཡང་། སྐུ་དྲག་དང་བླ་གྲྭ་ལ་སྡང་སེམས་འཛིན་པ་ནི་རྒྱ་གཞུང་གི་བྱེད་སྟངས་ལས་སྡུག་པ་ཞིག་མ་རེད་དམ། རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཡོངས་རྫོགས་སྒྲུབ་ཐུབ་མཁན་འཛམ་གླིང་ན་མེད་ཟེར། རྒྱལ་བ་རིན་པོ་ཆེ་མ་ཟད་མི་ངན་སྤྱོད་ངན་ཁྱོད་ཀྱི་རེ་དོགས་ཡོངས་རྫོགས་སྒྲུབ་ཐུབ་མཁན་འཛམ་གླིང་འདིར་འདུག་གམ། སྐད་ཆ་འདི་ཁྱོད་ཀྱི་དམིགས་སའི་འབེན་ལ་གཏན་ནས་འཕོགས་ཀྱི་མེད། བློ་བཟང་སེངྒེ་ངེས་པར་བཀའ་བློན་ཁྲི་པར་འོས་ཐོབ་དགོས་པའི་རྒྱུ་མཚན་ཅི་ཡོད། བླུན་རྟགས་བསྟན་རྒྱུ་མང་དྲགས་ན་ཁྱེད་ཚོ་ཙམ་མ་ཟད། བཀའ་བློན་ཁྲི་པ་ཐོབ་ན་སྙམ་ནས་རེ་བ་རྒྱབ་བསྡད་མཁན་གྱི་བློ་སེང་ལ་ཡང་གནོད་ངེས་ཡིན། སྤྱི་ཚོགས་ནང་རིན་ཐང་གཏན་ནས་མེད་པར་མ་ཟད། ངོས་འཛིན་ངན་པ་ཡོད་པའི་ཁྱི་སྡོམ་འགས་འུད་བྱེད་རྒྱུ་མང་དྲགས་ན། ཁྱེད་ཚོའི་རྐྱེན་པས་བློ་སེང་ཡང་མི་ཁྱེད་ཚོ་དང་འདྲ་བར་མི་དགའ་ས་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་པ་གཏན་ནས་མེད། མཛོ་སྦྲེལ་གཡང་ལྷུང་མ་བྱས་ན་བཟང་འདོད། བློ་སེང་ལ་བསམ་གནག་མ་བྱེད་རོགས།

    Reply
  15. ཀུན་དགའ་བོ། says:
    ལོ་ 15 སྔོན།

    ཨ་ཁ།་་་་་་་་་་་་་་་་ ང་ཡིན་ཟེར་བའི་ཉམས་ཞིབ་པའི་མིང་ཅན་དག་ཀྱང་གཉིད་སད་མི་འདུག་པས་གཞན་དག་ལྟ་ཅི་་་་་་་་་་་་་་་་་་

    Reply
  16. ནཱ་གྷཱ་རཀྵ། says:
    ལོ་ 15 སྔོན།

    ད་ཐེངས་ཀྱི་བཀའ་ཁྲི་མི་ཚང་དཀྱིས་མ་ཞིག་ནས་སྐྱེས་པ་ཡིན་དགོས། ཐེངས་རྗེས་མའི་བཀའ་ཁྲི་བུད་མེད་ཇོ་ཐོག་ཞིག་ཡིན་དགོས། དེའི་རྗེས་ནས་ད་རུང་ང་ཚོ་བཙན་བྱོལ་ན་ཡོད་པ་ཡིན་ན་སྐུ་དྲག་ནས་ཡང་བསྐྱར་མགོ་འཛུག་གི་ཡིན་ཟེར། ངས་དེ་འདྲ་བྱས་ན་མང་གཙོ་རེད་དམ་ཟེར་ནས་དྲིས་སྐབས། མང་གཙོ་མིན་ན་མིན་ང་ཚོས་གསར་བརྗེ་བྱེད་ཀྱི་ཡོད་ཟེར། བཀའ་ཁྲིའི་འོས་གཞིའི་ནང་ལ་ལག་རྗེས་ཆེ་བའི་གྲྭ་བ་དང་ཨ་ནེ་ཡོང་ས་མེད། ཉམས་མྱོང་གི་གཏེར་བའི་རྒན་པ་ཡོང་ས་མེད་ཟེར། ངས་དེ་འདྲ་བྱས་ན་མང་གཙོ་རེད་དམ་ཟེར་ནས་དྲིས་སྐབས། ཡང་བསྐྱར་མང་གཙོ་མིན་ན་མིན་ང་ཚོས་གསར་བརྗེ་བྱེད་ཀྱི་ཡོད་ཟེར། ང་ཚོའི་གསར་བརྗེ་འདི་རྒྱ་གུང་ཁྲན་གྱི་གསར་བརྗེའི་རྗེས་ལ་ཏོག་ཙམ་ལུས་པའི་འགྱོད་པ་ཡོད་ཟེར། ཡིན་ན་ཡང་གསར་བརྗེའི་གཉིས་ཀྱི་ངོ་བོ་མི་འདྲ་བའི་ཐོག་ལ་འགྲེལ་བཤད་ལུང་པ་བཀང་བྱེད་ཡ་འདུག སྤྱི་ཚོགས་ཤིག་ལ་གསར་བརྗེ་མེད་ན་ཡར་རྒྱས་མེད་ཟེར། དེ་བདེན་པ་འདྲ་བོ་ཞིག་མཐོང་སོང་།

    Reply
  17. ཐ་ཧྭར་སྐལ་བཟང་། says:
    ལོ་ 15 སྔོན།

    ད་ཐེངས་ང་ཚོས་བཀའ་ཁྲི་མི་སེར་དཀྱུས་མ་ཞིག་འདེམས་པ་དང་ཐེངས་རྗེས་མའི་བཀའ་ཁྲི་བུད་མེད་ཞིག་འདེམས་དགོས་རྒྱུ་རེད། དེའི་རྗེས་ནས་ཡང་བསྐྱར་སྐུ་དྲག་ལ་ཁེལ་གྱི་མེད་འགྲོ
    སྐྲུ་དྲག་དང་མི་སེར་དཀྱུས་མའི་རྩོད་པ། ལོ་རྒན་གཞོན་བར་གྱི་རྩོད་པ། དེ་ནས་ཆོལ་ཁུངས་རྩོད་པ། དེའི་སྒང་ལ་ལོ་གཞོན་ཡིན་ཡང་ན་གཞོན་གསར་བ་ཡིན་མིན་རྩོད་པ། སྤྱིར་བཏང་རྩོད་པ་བྱས་ནོ་བཟང་གི་ཡིན་ན་ཡང་སྡོང་བོ་བསྐྱུར་ནས་ཡལ་ག་རྩོད་པ་ནི་དོན་མེད་མ་རེད་དམ། བཀའ་ཁྲིའི་འོས་མི་ཚོའི་ནང་ནས་སུས་ང་ཚོའི་མངོན་འདོད་སྒྲུབ་ཐུབ་མིན་དེ་རྩོད་དགོས་པར་སེམས།

    Reply
  18. སྦྲ་ནག་ཚང་། says:
    ལོ་ 15 སྔོན།

    མི་རབས་གསར་རྙིང་དང་། གསར་རྗེ་ཁ་ལ་ཁྱེར་བས་གུང་ཁྲན་ཏང་གི་སྐྱུར་དྲི་ཁ་བ་སྐོར་ཞིག་གིས་ང་ཚོའི་བོད་མི་རྒན་པ་ཚོས་མ་བྱས་མ་འཇོན་པས་སྐྱོན་འཛུགས། བོད་མི་རྒན་གཞོན་པར་དང། བོད་མིས་ནང་ཁུལ་དུ་རིགས་རྒྱུད་ཀྱི་ཁྱད་པར་ཕྱེ་ནས་སྤྱི་ཚོགས ནང་འགལ་ཟླ་བཟོ་བཞིན་པ་འདིའི་དགྲ་བོ་གུང་ཁྲན་གི་འདོད་པའི་རི་མོ་ཡོངས་སུ་བསྐྲུན་གྱིན་ཡོད་པས་། སྐད་ཆ་འདི་རིགས་ཚོད་མེད་དུ་བཤད་མཁན་གི་བསམ་བློ་ཡག་པོ་ཐོང་། དེ་གཅིག་བྱོས་།

    གཉིས་ནས་། མཁས་དབང་བློ་བཟང་སང་གེ་མཆོག་བཀའ་ཁྲིར་ཕེབ་ན་རྒྱ་ནག་གཞུང་གི་བཤད་པ་དང་མཐུན་གྱིན་ཡོད་པས་ཚུལ་ཞིག་བཤད་པ་འདི་ནི་། དཔེ་ལ་བསྟོད་མི་ཤེས་མཁན་ཞིག་གི་བསྟོད་པ་ལས་སྨད་ཤེས་མཁན་ཞིག་སྨད་ན་ཡག་། ཟེར་བ་དེ་མིན་འགྲོ།
    རྒྱ་ནག་གཞུང་གི་མཐུན་ཕྱོགས་དང་བསྒྲིགས་ཏེ་ཕྱིན་ཡོད་ན་ད་ལྟ་བོད་ཞེས་བ་ཞིག་ས་ལྒང་འདིར་ལྷག་ཡོད་པ་མ་རེད་།

    གསུམ་ནས་། ད་ལྟ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཞིག་ཡོད་པ་འདི་ནི་རྒན་རབས་པ་དག་གི་བཀའ་དྲིན་ཉག་གཅིག་ཡིན་པའི་ཇ་ལན་གཅིན་གྱི་མ་འཇལ་ན་བཟང་།

    Reply
  19. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རྒན་རབས་དང་སྐུ་དྲག ། ད་དུང་གྲྭ་བ་ཨ་ནེ། བླ་མ་སྤྲུལ་སྐུ་སོགས་དབྱེ་འབྱེད་མང་པོ་ཞིག་བྱས་ན་རྡོག་རྩ་ཆིག་སྒྲིལ་ཞེས་པ་དེ་གང་འདྲ་ཞིག་ཏུ་མི་གྱུར་རམ། དངོས་གནས་མི་རབས་གསར་པའི་ཁ་མདོག་གི་སྐྱོ་བ་ལ་བོད་མི་འབར་བ་གང་ལས་མེད་པ་དེ་ཡང་ཡར་དཀྲུགས་མར་དཀྲུགས་དེ་འདྲ་གནང་ནས་དགོས་པ་གང་ཡོད་དམ། ཐུགས་བསམ་ཞི་མ་བཞེས་དགོས།། མི་རབས་གསར་བར་བློ་སྟོབས་དགོས་ལའང། མཉམ་མཐུན་ནི་འགག་རྩའི་ནང་གི་འགག་རྩ་ཡིན།

    Reply
  20. བོད་པ་ says:
    ལོ་ 15 སྔོན།

    ང་ཚོ་རང་ཉིད་ལ་རང་ཚགས་དགོས་པ་ལས་རྒྱ་མིས་ཅི་ཟེར་ལ་བལྟ་དགོས་པ་ཞིག་མ་རེད།
    ང་ཚོ་གུ་ཡངས་མང་གཙོའི་ལམ་དུ་འགྲོ་དགོས་པ་ལས་གུ་དོག་དམར་ཕྱོགས་ལམ་ལ་འགྲོ་དགོས་པ་མ་རེད།

    Reply
  21. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ༼ང་ཚོས་རྒྱ་ནག་གཞུང་གིས་བོད་གཞུང་ལ་སྐུ་དྲག་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན་ཚུལ་སོགས་ལུང་འདྲེན་བྱེད་ཀྱིན་པའི་རིགས་ལ་བརྡ་ལན་སྤྲོད་ཆེད་མི་ཚང་དཀྱུས་མ་ནས་འཚར་ལོངས་བྱུང་བའི་བཀའ་ཁྲི་ཞིག་གདམ་དགོས་པ་རེད་ཟེར།༽
    འདས་ཟིན་པའི་བཀའ་ཁྲི་ཟུར་བ་བསོད་ནམས་སྟོབས་རྒྱལ་ལགས་དང་སྐལ་བཟང་ཡེ་ཤེས་རྣམ་གཉིས་སྐུ་དྲག་ཞིག་རེད་དམ་ཡང་ན་མི་ཚང་དཀྱུས་མ་ཞིག་གི་བུ་ཕྲུག་ཡིན། དང་པོ་ཡིན་ན་དངོན་སུམ་ལ་སྨྱོན། གཉིས་པ་ཡིན་ན། ཁོང་གཉིས་ཀྱི་སྐབས་སུ་དགྱ་གཞུང་ལ་དེ་འདྲའི་བརྡ་ལན་སྤྲོད་མི་ཐུབ་པ་ཞིག་དང་ད་ལྟའི་སྐབས་ལ་མི་ཚང་དཀྱུས་མ་ཞིག་ནས་སྐྱེས་པའི་ཕྲུག་གུ་ཞིག་བཀའ་ཁྲི་ཡོང་ན་དེ་འདྲའི་བརྡ་ལན་སྤྲོད་ཐུབ་པའི་རྒྱུ་མཚན་ཅི་ཅི་ཅི་ཅི་ཅི་ཅི།

    Reply
  22. བོད་པ་ says:
    ལོ་ 15 སྔོན།

    ད་དུང་ཁ་ཤས་ཀྱིས་ངོ་ཚ་བའི་སྐད་ཆ་ཞིག་ལ་་་་་་༸གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅད་པ་དེ་དངོས་ཡོད་གནས་ཚུལ་མིན་པ་འདྲ་བོ་བཤད་འདུག ཞེ་ས་མ་ཞུ་ན་དེ་ནི་ཁོང་གིས་སེམས་ཀྱིས་ཞིབ་ཚགས་པས་དཔྱད་པ་བྱས་ནས་ཐག་བཅད་པ་ཟེར་བ་དང་གཅིག་འདྲ་རེད།

    Reply
  23. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཧ་ཁ་ཁ་ཁྱོད་ཚོའི་ཐབས་སྡུག་ལ།
    ང་ཚོར་དགོས་པའི་བཀའ་ཁྲི་ནི་བོད་རྒྱ་ཆེའི་མི་དམངས་ལ་ཁ་ཡོད་ལག་གི་ཕན་ཐོག་ཞིག་དགོས་པ་ལས་མི་ཚང་དཀྱུས་མ་ནས་སྐྱེས་པའི་བཀའ་ཁྲི་ཞིག་ངེས་པར་དུ་དགོས་དོན་མེད།

    Reply
  24. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོའི་བཀའ་ཁྲིའི་གནད་དོན་དང་འབྲེལ་བའི་བསམ་ཚུལ་དག་ལ་ཕྲན་གྱི་བསམ་ཚུལ་ཞིག་ཤོད་འདོད་བྱུང་།

    ༡ བོད་ཀྱི་བཙན་བྱོལ་བའི་མི་ལོ་ལྔ་བཅུ་ང་གཅིག་གི་རིང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དེ་ཕྱི་ལོ་ ༡༩༥༩ ལོའི་གོང་བོད་དུ་འཁྲུངས་པ་ཞེ་གཅིག་གིས་གནང་བ་རེད། ཁོང་རྣམ་པས་སྐུ་ངལ་འཛེམས་མེད་ཀྱི་དངུལ་ཁྲག་ལས་ད་ལྟའི་བཙན་བྱོལ་བོད་གཞུང་འདི་སྲ་ཐག་ཐག་ལབ་ན་ཆོག་པ་འདི་བྱུང་བ་རེད། ངའི་ཡིད་ཆེས་ལ། ཁོང་རྣམ་པས་དེ་ཙམ་གྱི་སྐུ་ལས་སྐྱོན་དོན་ནི་བོད་དོན་འདི་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་རིན་ཡོད་པ་ཞིག་ཡོང་བའི་དོན་དུ་ཡིན་པར་སེམས་ཀྱི་ཡོད། དེ་ཡིན་ན། ད་ལྟ་གོང་ན་དབུ་ཁྲིད་ཡོད་པ། ཟུར་ན་ཉམས་མྱོང་ཅན་བཀའ་ཟུར་མིང་དོན་མཚུངས་པ་ཡོད་པ་འདི་དག་ཉི་མ་བཞུད་པ་བཞིན་མ་ཆགས་སྔོན་ལ་མི་རབས་བརྒྱུད་སྤྲོད་གནང་དགོས་ཀྱི་རེད་བསམ་གྱི་འདུག ཁོང་རྣམས་བཞུད་ཟིན་པའི་རྗེས་སུ་ཇི་ལྟར་མི་རབས་བརྒྱུད་སྤྲོད་བྱེད་ཀྱི་ཡིན། དེར་བརྟེན་མི་རབས་བརྒྱུད་སྤྲོད་ཀྱི་དོན་དུ་སྐུ་ངལ་སྐྱོན་པ་ཡིན་དང་མིན་དེ་ལག་ལེན་གྱི་ཐོག་ནས་དྲི་བ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག

    ༢ རྒྱ་ནག་གཞུང་གིས་བོད་དོན་ཟེར་བ་ཞིག་མེད་པ་མ་ཟད། དེ་ནི་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འབྲངས་པ་ཉུང་ཤས་ཀྱི་གནད་དོན་རེད། བོད་མི་མང་ལ་གནད་དོན་གང་ཡང་ཡོད་མ་རེད་ཅེས་བཤད་ཀྱི་ཡོད་རེད་ལ། བཙན་བྱོལ་བོད་གཞུང་དེ་ཡང་ཏཱ་ལའི་བླ་མའི་བླ་བྲང་ཞིག་ཡིན་པ་དང་སྐུ་དྲག་མི་དྲག་གི་སྡེ་ཚོགས་ཀྱི་ཆབ་སྲིད་རུ་ཁག་ཆུང་ཆུང་ཞིག་རེད་ཅེས་བཤད་ཀྱི་ཡོད་རེད། དེ་ཡང་ཁོང་ཚོས་འདི་འདྲ་བ་དག་བཤད་འདུག བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཟེར་བ་དེ་མི་མང་དང་འབྲེལ་བ་མེད་པར་ཏཱ་ལའི་བླ་མའི་སྤུན་མཆེད་དང་། མག་པ། དེ་བཞིན་བོད་མདོ་དབུས་ཁམས་གསུམ་གྱི་ཁུལ་ནས་སྔར་བྲོས་ཕྱིན་པའི་སྐུ་དྲག་གིས་མི་བརྒྱུད་ཀྱིས་བཟུང་ཡོད་པར་བརྗོད་ཡོད་པར་བརྗོད་འདུག བདེན་མིན་ཇི་ལྟར་ཡང་གནད་དོན་འདི་ཚོ་ལ་དཔེ་མཙོན་རེ་རེ་བཞིན་བགྲང་འདུག སྐྱོན་བརྗོད་དེ་ཚོ་ཧ་གོ་དགོས་པ་ཞིག་རེད། དེ་བཞིན་ཏཱ་ལའི་བླ་མ་དགོངས་པ་རྫོགས་ན་བོད་དོན་ཟེར་བ་ཚར་པ་རེད་ཅེས་ཤོད་ཀྱི་ཡོད་པ་རེད། ཁོང་ཚོས་བཤད་པ་བཞིན་དུ་རེ་བ་བྱེད་ཀྱི་ཡོད་རེད། གནད་དོན་འདི་ཚོ་ལ་ང་ཚོས་བརྡ་ལན་སྤྲོད་པའི་ཐབས་ལམ་གཅིག་རང་ཡོད་པ་ནི་མི་མང་དཀྱུས་མའི་ཁྲོད་ནས་འཚར་ལོངས་བྱུང་བའི་བོད་མི་ཞིག་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པར་འདེམས་རྒྱུ་དེ་རེད། དེས་ཕྱོགས་གཅིག་ནས་གོང་གི་རྒྱ་ནག་གི་སྐྱོན་བརྗོད་དེ་དག་ལ་བརྡ་ལན་སྤྲོད་ཀྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་ང་ཚོས་ཀྱང་བོད་དོན་འདི་མི་རབས་གཅིག་གི་འཐབ་རྩོད་མིན་པར་མི་རབས་ནས་མི་རབས་བར་འཐབ་རྩོད་བྱེད་རྒྱུ་ཡིན་པར་བརྗོད་བཞིན་པ་དེ་ལག་ལེན་དུ་བསྟར་པ་རེད་ལ། སྡུག་ས་ནས་བཤད་པ་ཡིན་ན་༸གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་མོ་དེར་ང་ཚོས་གྲ་སྒྲིག་གང་འཚམས་བྱས་ཟིན་ཡོད་པ་དེ་རེད། དེ་བས་གང་བྱུང་རུང་མདུན་བསྐྱོད་ཀྱི་བློ་སྟོབས་བསྐྱེད་རྒྱུ་ནི་ད་ལྟའི་དུས་འདིར་གལ་ཆེན་པོ་ཞེ་དྲག་ཆགས་ཡོད་པ་རེད།

    ༣ གྲྭ་པས་ཆབ་སྲིད་བྱེད་རྒྱུ་མི་འདུག་ཟེར་ནས་ངར་ངར་བྱས་འདུག གླེང་ཕྱོགས་འདི་ལ་བསམ་བློ་ཡག་པོ་གཏོང་དགོས་པ་ཞིག་རེད། ཕྱི་ལོ་ ༡༩༨༧ ཡས་མས་ནས་ད་བར་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་ལ་ངོ་རྒོལ་རིམ་བསྟུད་བྱུང་འདུག སྣེ་ཁྲིད་མཁན་ཕལ་ཆེ་བ་གྲྭ་པ་དང་བཙུན་མ་རེད། རྒྱ་མིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེའི་མདུང་རྩེ་གཏད་ས་ཡང་འདི་དག་རེད། ལྡི་ལི་ན་ཟས་བཅད་ངོ་རྒོལ་བྱས་འདུག རྡ་ས་ནས་བོད་བར་གོམས་བགྲོད་བྱས་འདུག འཛུལ་ཞུགས་གནང་མཁན་མང་ཆེ་བ་གྲྭ་པ་དང་བཙུན་མ་འདི་དག་རེད། རྒྱལ་སྤྱིའི་སྟེང་བོད་པ་ཟེར་དུས་གྲྭ་བཙུན་འདི་དག་གིས་མཚོན་པར་བྱེད་ཀྱི་འདུག་ལ། བོད་པའི་མཚོན་རྟགས་དེ་བོད་ཀྱི་རིག་གཞུང་ཆགས་འདུག དེ་བདག་གཅེས་བྱེད་མཁན་དེ་ཡང་གྲྭ་པ་དང་བཙུན་མ་དེ་དག་རེད་འདུག འདི་དག་གི་བདག་གཅེས་བྱེད་བཟིན་པའི་བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་དེ་མ་ཉམས་པ་ཞིག་ཡོང་བའི་དོན་དུ་ད་ལྟ་བཙན་བྱོལ་བོད་གཞུང་མང་དབུ་མའི་ལམ་དུ་འགྲོ་གི་ཡོད་པ་རེད། ག་རེ་བྱས་ནས་གྲྭ་བཙུན་འདི་དག་ཕར་ཕྱོགས་ནས་རྒྱ་ཡིས་སྡང་། ཚུར་ཕྱོགས་ནས་བོད་མིས་སྡང་། དོན་ངོ་མར་ཁོང་ཚོས་ག་རེ་མ་འགྲིག་པ་རེད།

    Reply
  25. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བློ་སེང་ལགས་ལ་བསྟོད་མ་ཤེས་ནས་སྨད་པར་ལྟར་འགྱུར་འདུག་པས། ད་བློ་བཟང་སེང་ལགས་ལ་བཀའ་ཁྲིའི་འོས་ཐོབ་རྒྱུ་དཀའ་བའི་གནས་ཤིག་ཏུ་འགྱུར་འདུག་སྙམ།

    Reply
  26. གླང་དར་མ། says:
    ལོ་ 15 སྔོན།

    གང་ལྟར་གོ་སྒྲིག་བྱེད་མཁན་གི་འགན་ཞིག་འཁྱེར་ནས་གོ་སྒྲིག་གནང་འདུག་ལ་གཏམ་བཤད་གནང་མཁན་གྱི་ལྷག་བསམ་རྣམ་དག་གི་བཀའ་སློབ་གནང་འདུག་། ངས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། ་མི་ཁ་ཤས་གི་དོན་མེད་སྐྱོན་འཛུགས་གནང་གི་འདུག་དེ་ཡག་པོ་མ་རེད། རྒྱང་རིང་ཞིག་ནས།

    Reply
  27. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ༼ང་ཚོས་རྒྱ་ནག་གཞུང་གིས་བོད་གཞུང་ལ་སྐུ་དྲག་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན་ཚུལ་སོགས་ལུང་འདྲེན་བྱེད་ཀྱིན་པའི་རིགས་ལ་བརྡ་ལན་སྤྲོད་ཆེད་མི་ཚང་དཀྱུས་མ་ནས་འཚར་ལོངས་བྱུང་བའི་བཀའ་ཁྲི་ཞིག་གདམ་དགོས་པ་རེད། ༽ ཟེར་བ་འདིས་རྒྱ་ནག་གིས་བཤད་བཤད་པ་ཚང་མ་བློ་ཐག་རྦད་ཆོད་ཀྱིས་ངོས་ལན་བྱས་འདུག་སྙམ།
    གཞན་སྐད་ཆ་ཅང་བཤད་རྒྱུ་མེད་ལགས།

    Reply
  28. གོང་དཀར་ངག་རྣམ། says:
    ལོ་ 15 སྔོན།

    ཁྱེད་ཚོས་འདི་ལྟར་རྩ་དོན་གྱི་ཆེད་དུ་ཚ་ཚ་འུར་འུར་བྱས་པ་དེ་ཡག་པོ་ཡིན་ཀྱང་།
    མཉམ་དུ་སྒེར་གྱི་མིང་བྱང་རྫིག་པོ་རེ་རག་ཐབས་དེ་འདྲ་བྱས་ན་ཡག་པོ་མེད།

    Reply
  29. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 15 སྔོན།

    སྐུ་དྲག་གི་རིགས་རྒྱུད་ལ་འོས་ཤོག་བླུག་གི་མིན་ཟེར། ངས་སྐུ་དྲག་གི་རིགས་རྒྱུད་ཡིན་པ་རྒྱུ་མཚན་དུ་བྱས་ནས་ལམ་ལུགས་དེ་རྒྱུན་སྐྱོང་གི་ཆེད་དུ་འོས་བླུག་གི་མིན་ཡང་། ཤེས་འཇོན་ཐང་ལྡན་ན་སུ་ལའང་བླུག་གི་ཡིན། སྐུ་དྲག་གི་བུ་དང་མི་ཚང་དཀྱུས་མའི་བུ་གཉིས་གཅིག་མཚུངས་བྱེད་རྒྱུ་ཡིན།།

    Reply
  30. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    དངོས་གནས་རྣམ་དཔྱོད་ཡངས་པོ་དང་མང་གཙོ་འཕེལ་རྒྱས། ཛ་དྲག་གི་བོད་ཀྱི་གནས་བབ་དག་ལ་བསྟུན་ཏེ་མཐུན་པའི་ཁ་ཡོད་ལག་ཡོད་ཀྱིས་བགྲོ་གླེང་འདི་ལྟར་གཙོ་སྐྱོང་མཁན་ཚང་མར་ནོར་ཝེ་བོད་རིགས་སྤུན་ཟླ་ཚོའི་ཚབ་བྱས་ཏེ་བཀྲིན་ཆེ་ཞུ་རྒྱུ་ཡིན།

    Reply
  31. ཕ་ས། བྱ་གཞུང་གསེར་གྱི་གཤོངས་པ། says:
    ལོ་ 15 སྔོན།

    ཁྱེད་ཚོ་ལ་མི་ཚང་དཀྱུས་མ་ནས་ཡོང་བའི་བཀའ་ཁྲི་ཞིག་དགོས་ན། ཚོགས་གཙོ་མཆོག་ལེགས་ཤོས་ཡིན། ཁོང་ཉིད་ཕྱོགས་གང་ཐད་ནས་བལྟས་ན་ལེགས་ཤོས་དེ་ཡིན།

    Reply
  32. ཕ་ལམ་ནག་པོ། says:
    ལོ་ 15 སྔོན།

    ང་ཡང་མི་རབས་གསར་བ་ཞིག་ཡིན་སྟབས་མི་རབས་གསར་བའི་རྨི་ལམ་ཁྲོད་བཞེངས་པའི་མཁས་དབང་བློ་བཟང་སེང་གེ་ལས་སུ་ལ་ཡང་འོས་བླུགས་རྒྱུའི་གྲ་སྒྲིག་གང་ཡང་མེད།་་་་ང་ཚོའི་སྤྱི་ཚོགས་ནང་བློ་བཟང་གེང་གེ་ལ་ཉམས་མྱོང་མེད་ཚུལ་སོགས་གླེང་གིན་འདུག་།
    གྲོགས་པོ་ཚོ།་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་མ་བྱེད།

    Reply
  33. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ད་དུང་གོང་ས་མཆོག་གི་བཀའ་དང་གོང་ས་མཆོག་གི་དགོངས་ཞེས་
    ཁ་རུ་འཁྱེར། དོན་དངོས་སུ་གོང་ས་མཆོག་གིས་ལོ་ངོ་སུམ་ཅུ་ལྷག་ཙམ་སྐུ་ངལ་བཀྱོན་པ་རྣམས་ཁྱེད་ཚོས་དེ་རིང་གི་བགྲོ་གླེང་ནས་འགོ་བཙུགས་ཀྱིས་མེད་པར་བཟོ་གྱིན་འདུག

    Reply
  34. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    བགྲོ་གླེང་དེའི་མགོ་མཇུག་གང་ནས་དཔྱད་ཀྱང་རྒྱ་ནག་གཞུང་གིས་ངན་སྐུལ་ལམ་གོ་སྒྲིག་བྱས་འདུག མ་གཞི་ནས་སྐུ་དྲག་རིང་ལུགས་རྩ་མེད་ཕྱིན་ལོ་ངོ་ཇི་ཙམ་སོང་བ་ད་དུང་ཧ་མ་གོ་བའི་མི་དེའི་རིགས་ངེས་པར་གཟབ་དགོས།

    Reply
  35. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    བོན་རྒྱ་ལགས། ཁྱད་ཆོས་བཞི་དང་འཇོན་ཐང་དྲུག་ནི་བློ་བཟང་སེང་གེ་ལས་སྤེན་པ་ཚེ་རིང་ལ་ལྡན།

    Reply
  36. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 15 སྔོན།

    དེང་སང་རྡ་སར་དཀྲོག་ཤར་གློད་མཁན་ཤ་ཁས་ཞིག་རྒྱལ་ཞེན་མེད་ཀྱང་རྒྱལ་ཞེན་ཡོད་མདོག་མདོག་་ལྷག་བསམ་མེད་ཀྱང་ལྷག་ཡོད་མདོག་བྱེད་མཁན་ཁ་ཤས་ཞིག་གིས་རྒྱལ་ཁབ་དོན་དུ་དཔུང་པ་ས་འོག་བཅུག་མཁན་མེ་པོ་ཚོར་སྐུ་དྲག་གི་རིགས་ཟེར་རྒྱ་དམར་སྐད་ཆ་གཙོག་པ་དེ་འདྲ་ཁ་ལ་འཁྱེར་ནས་བོད་པའི་སྤྱི་ཚོགས་དེ་དཀྲུག་གང་ཐུབ་བྱེད་ཀྱི་འདུག་་མི་ཚང་དཀྱུས་མ་ནས་ཐོན་པའི་བཀའ་ཁྲི་ཞིག་ཟེར་བ་དེ་ནི་རྒྱ་མིས་བོད་ལ་བཅིངས་གྲོལ་བཏང་ཡོད་ཟེར་བའི་སྐད་ཆ་དང་གཅིག་མཚུངས་རེད།་བོད་མི་ཚང་མས་རིག་པ་དང་གསལ་གྱི་མི་དེའི་རིགས་ལ་དོགས་སོན་གནང་དགོས།
    མ་འོངས་པའི་བཀའ་ཁྲི་དེ་མི་ཁ་བདེ་པོ་བཤད་ཚད་ལ་ཡིད་ཆེས་བྱས་པ་མི་ཕན།་གཙོ་གང་ཟག་སྒེར་སོ་སོའི་མི་དེ་ཤེས་འཇོན་གཉིས་ལྡན།
    ལྷག་བསམ་རྣམ་དག་ཡིན་མིན་བརྟག་དགོས་པ་དེ་ཤིན་ཏུ་གལ་ཆེ།

    Reply
  37. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ད་ལྟའི་རྒྱ་ནག་གི་དམར་པོའི་ལམ་ལུགས་དང་། གནའ་བོའི་བོད་པའི་བླ་སྤྲུལ་སྲིད་དབང་ལམ་ལུགས་གཉིས་ལ་ཁ་དོག་དང་རྣམ་པ་ཙམ་གྱི་ཁྱད་པར་ལས་སྒེར་གཅོད་ཡིན་མིན་ཐད་རྒྱ་མ་གང་ལ་ཡང་ལྕི་ཡོད་ནི་མ་རེད། ཡིན་ནའང་། ད་ལྟ་འུ་ཚོའི་བཙན་བྱོལ་སྤྱི་ཚོགས་དེ་ཕྱི་ནང་མཐུན་པའི་རྐྱེན་དུ་མའི་དབང་གིས་མང་གཙོའི་ལམ་དུ་གོམ་པ་བརྒྱབས་ཟིན་པ་རེད། དེ་ནི་སྤྱི་ཚོགས་ཤིག་གི་འཕེལ་འགྱུར་གྱི་ངོ་བོའི་ཆ་ནས་བཤད་ན་དགའ་འོས་སྤྲོ་འོས་བྱེད་ཡུལ་དུ་ངེས། རྒྱ་ནག་ད་དུང་དམར་པོ་སྒེར་གཅོད་པའི་ལམ་ན་འུ་ཚུགས་ཀྱིས་འདྲེད་འཁྱོར་བྱེད་བཞིན་བསྡད་ཡོད་པ་རེད། དེར་བརྟེན་ད་ལྟ་ཀྲུང་ནན་ཧེ་དང་རྡ་རམ་ས་ལའི་ཆབ་སྲིད་ལམ་ལུགས་གཉིས་ཁ་ཁ་སོ་སོ་རེད། ཡིན་ནའང་། ཕྱོགས་ངོས་གཞན་ཞིག་ནས་བལྟས་ན་རྡ་རམ་ས་ལ་དང་ཀྲུང་ནན་ཧེ་གཉིས་ལ་འདྲ་ས་མཚུངས་སའང་མི་ཉུང་བ་ཞིག་འདུག་སྟེ། ས་འོག་དར་འཁྲིའི་ལས་གཞི་གཅིག་མཚུངས་སུ་ཡོད་ལ། དཔོན་རིགས་ཤོག་ཁག་དཔུང་སྒྲིག་རིགས་མཐུན་དུ་ཡོད། དབང་འབྱོར་དཔུང་གི་རུ་སྒྲིག་འདྲ་མཚུངས་སུ་ཡོད་ལ། གསར་རྙིང་ལྟ་བའི་འགལ་འདུ་གཅིག་མཚུངས་སུ་ཡོད། དབུལ་ཕྱུག་འབྱོར་བའི་ཧེ་བག་གནམ་ས་ལྟར་ཡོད་ལ། རྒྱལ་སྲས་ཚོགས་པའི་རང་གཟིགས་གཅིག་མཐུན་དུ་ཡོད། གཞུང་དམངས་སེམས་ཐག་རིང་བ་འདྲ་གཟུགས་སུ་སྣང་ལ། སྲིད་དབང་བརྒྱུད་སྤྲོད་རྙོག་འཛིང་དབྱེར་མེད་དུ་ཡོད། ་་་་་་་་འདི་དག་ལ་བརྟག་ཅིང་དཔྱད་ནས་འདོར་ལེན་བྱེད་དགོས་པ་ལས། ཁག་དཔུང་ཞེན་ཁོག་ཡིན་མདོགས་ཀྱིས་གནའ་བོའི་རང་སྟོད་རང་རྨོངས་ཀྱི་ལམ་དུ་ཡང་བསྐྱར་ཨུ་ཚུགས་ཀྱིས་ནུར་ན། ད་ལྟ་མགོ་ཐོག་གི་གནམ་དང་རྐང་འོག་གི་ས་ཡང་གཡར་མར་གྱུར་ཟིན་པའི་མཇུག་འབྲས་འདིའི་དཔེ་ཇི་བཞིན་ནོ། མ་གཞི་དམངས་གཙོ་ལམ་ལུགས་ནི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་དཔལ་ཡོན་འཕེལ་རྒྱས་ཀྱི་ཚད་རིམ་ཅིག་ཡིན་པ་ལས་གཞན་ལ་ངོམས་སོ་བྱེད་སྤྱད་ཅིག་དང་། དུས་གཏན་དུ་འདོར་ལེན་ལེགས་བཅོས་ཀྱི་འགྱུར་བ་མི་དགོས་པའི་སངས་རྒྱས་ཀྱི་ས་ཐོབ་ལྟ་བུ་ཞིག་མ་རེད། དེ་བས་མང་གཙོའི་སྲོག་ཤིང་དུ་གྱུར་བའི་དྲང་བདེན། འདྲ་མཉམ། རང་དབང་བཅས་མི་རེ་ངོ་རེ་ནས་རང་གི་རྒྱུན་གྱི་འཚོ་བའི་ཁྲོད་བསྐྱེད་སྲིང་བྱ་རྒྱུ་གཞི་རྩར་འཛིན་རྒྱུ་གལ་ཏུ་ཆེ། དེ་ལྟར་མ་ཡིན་པར་སྒྲིག་གཞི་ཙམ་པོ་བ་ཞིག་ཁ་ལ་ཁྱེར་ཏེ་མགོ་མཇུག་བར་གསུམ་ཚང་མས་གཡོ་རྫུན་ཕྲ་མ་དབང་ཡོད་གཞན་སྡང་གི་འདུ་ཤེས་རྒོད་པོ་བྲག་ཁོག་ཏུ་མ་མནོན་པར་ཁ་ཐོག་ཐོག་ཚང་མས་བཤད། ཡིད་གང་དྲན་ཕྱོགས་སུ་འཐེན་བཞིན་པའི་བཙན་སྤྱི་ཚོགས་ཀྱི་མང་གཙོ་འདི་འདྲ་བ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་དཔལ་ཡོན་ཅིག་ཏུ་ཤིན་ཏུ་ནས་མཐོང་དཀའོ། འགྲིག་ན་གཅིག་ཡིན། མ་འགྲིག་ན་གཉིས་ཡིན། ངས་འདི་ལྟར་འདོད་ལ་འདི་ལྟར་བརྗོད་ཀྱི་ཡིན།

    Reply
  38. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    མཐོ་རིམ་སློབ་མ་གསུམ་འདུས་ཀྱིས་བགྲོ་གླེང་ཞིག་གོ་སྒྲིག་གནང་བ་ཤིན་ཏུ་ནས་ལེགས་ཀི། བགྲོ་གླེང་བ་གསུམ་གྱི་རང་རང་གི་འདོད་ཚུལ་ཙམ་བཤད་བཅུགས་པར་དགའ་ཡོད། བགྲོ་གླེང་གི་གྲུབ་འབྲས་མངོན་ཐུབ་པའི་སྨོན་འདུན་ཞུ།

    Reply
  39. གླང་དར་མ། says:
    ལོ་ 15 སྔོན།

    མཐོ་རིམ་སློབ་གཉེར་བ་ཚོས་དུས་དང་འཚམ་པའི་བགྲོ་གླེང་ཡག་པོ་ཞིག་གནང་འདུག་། ཐུགས་རྗེ་ཆེ།

    Reply
  40. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 15 སྔོན།

    རྣམ་རྒྱལ་ཤེར་དགེ་དང་། ཀླུ་མཁར་བྱམས་གཉིས་ཀྱིས་བཤད་པ་བདེན་ན། གྲྭ་བ་ཚོ་ཆབ་སྲིད་ཀྱི་ནང་དུ་མ་འཛུལ་ནས་བོད་ཀྱི་དོན་ལ་སེམས་ཁུར་དང་འགན་འཁུར་མི་དགོས་ཟེར་བ་མིན་པར་རང་རང་གི་གནས་བབས་དང་མཐུན་པའི་བོད་དོན་ལ་འགན་འཁྱེར་སྟངས་ཤིག་ཡོད་པ་དང་། དཔེར་ན་རིག་གཞུང་རྒྱུད་འཛིན་དང་དར་སྤེལ་ལྟ་བུའི་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྲོག་རྩ་གལ་ཆེན་གང་མང་ཞིག་འཛིན་རྒྱུ་ཡོད། ཚད་ངེས་ཅན་ཞིག་ནས་བཤད་ན་ལས་འགན་དེ་ནི་ཁ་ཚ་དགོས་གཏུགས་དང་གལ་ཆེན་དོན་ཆེན་ཞིག་ཏུའང་གྱུར་ཡོད། ཆབ་སྲིད་ཀྱི་ཁྲོད་དུ་ཕྱག་ལས་གནང་བ་ལས་ལྡབ་འགྱུར་གྱིས་འདི་ཉིད་བོད་དོན་ལ་ཕན་ཆེ་བ་ཡོད། ཡང་ཅིག་བཤད་ན་འདི་ཉིད་འདུལ་བའི་གཞུང་ལུགས་དང་ཡང་འགལ་མེད་ཚུལ་བཤད་པ་ནི་ཁྲེལ་མེད་ལུགས་མེད་ཀྱི་བཤད་པ་ཞིག་རེད། གང་ཡིན་ཟེར་ན་ད་བར་མི་ལོ་ལྔ་བཅུའི་རིང་ལ་གྲྭ་བཙུན་ཚོས་རང་སྲོག་ཕང་མེད་དུ་བཏངས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་གནང་བ་དེ་ལ་བཀའ་དྲིན་མེད་ན་མི་མཛེས་ཚུལ་བཤད་མཁན་ནི་རྒྱལ་ཞེན་མེད་པའི་རྟགས་མཚན་ལས་གཞན་མིན། འཛམ་གླིང་འདིའི་སྟིང་ཉིས་སྟོང་བརྒྱད་ཀྱི་བོད་དོན་ལས་འགུལ་གཅིག་བོ་ལ་ཡང་མིག་གིས་བལྟས་མེད་དམ། གྲྭ་བཙུན་གྱིས་ལས་འགུལ་མ་སྤེལ་ན་བཟང་ཚུལ་བཤད་མཁན་རྣམ་པ་ལགས་ཁྱོད་ཚོས་བོད་དོན་ལ་ལས་འགུལ་སྤེལ་མཁན་མེད་ན་བཟང་པར་བསམ་པ་ཡིན་ནམ། ཡང་ན་རྒྱ་གཞུང་གིས་ཐབས་བཅོས་ལག་བསྟར་བྱས་པ་གང་ཡིན། ༸གོང་ས་མཆོག་ང་ཚོར་དབུ་ཁྲིད་དུ་མེད་པ་དང་གྲྭ་བཙུན་གྱི་མི་ལོ་ལྔ་བཅུར་ལས་འགུལ་སྤེལ་མེད་པ་ཡིན་ན་ད་ལྟ་ང་ཚོའི་གནས་སྟངས་ཟུར་བལྟས་ལེབ་མཐོང་མ་ཡིན་ནམ། ཀླད་པ་ཡོད་ན་བསམ་བློ་བཏང་ནས་སྐད་ཆ་ཤོད།།

    Reply
  41. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    གྲོགས་བཀྲིས་འགྱུར་མེད་སོགས་ཀྱིས་སྣེ་ཁྲིད་དེ་ལྷག་བསམ་རྣམ་དག་ཐོག་ནས་མ་འོང་བོད་ཀྱི་བདེ་དོན་ཆེད་དུ་བགྲོ་གླེང་ཡག་པོ་གནང་འདུག་པས་དགའ་བསྲུ་ཞུ།

    Reply
  42. བོད་ཕྲུག says:
    ལོ་ 15 སྔོན།

    རང་དབང་ལུང་པ་ནས་དམངས་གཙོའི་ཚོལ་བ་ཡོད་པའི་བཀའ་ཁྲི་ཞིག་མི་འདམ་པར་རྒྱ་ནག་དམར་པོའི་གཞུང་གིས་ངོ་ལ་ལྟོས་ནས་བཀའ་ཁྲི་ཞིག་འདམ་དགོས་ན་ཧ་ཅང་གི་ཐབས་སྐྱོ་བོ་རེད།

    Reply
  43. ཐིག says:
    ལོ་ 15 སྔོན།

    དངོས་གནས་ལྐུགས་པ་རང་རེད། འདི་ལྟ་བུའི་དཔུང་ཁག་ཅིག་གིས་བོད་ཀྱི་རྩ་དོན་ཐད་ནུས་པ་ཇི་ལྟར་འདོན་ཐུབ། ༧་གོང་ས་མཆོག་གིས་ང་ཚོར་མང་གཙོ་གསོས་རས་གནང་པ་དང་མང་མོས་ཀྱིས་འོས་བསྡུ་འགོ་འཛུགས་པ་ནས་ང་ཚོས་རྒྱ་ནག་གཞུང་གིས་བོད་གཞུང་ལ་སྐུ་དྲག་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན་ཚུལ་སོགས་ལ་བརྡ་ལན་སྤྲད་ཚར་པ་རེད། ད་ཐེངས་ང་ཚོས་བརྡ་ལན་སྤྲད་མིན་ཐད་མནོ་བསམ་གཏང་དགོས་དོན་མེད་པ་རེད་ལ། གལ་སྲིད་འདི་ལྟར་གནང་ན་སོ་སོས་རྡོ་ཡར་བཅགས་ནས་སོ་སོའི་རྐང་པའི་སྟེང་གཞུག་པ་དང་གཅིག་མཚུངས་རེད། དེ་ནི་དངོས་གནས་ངོ་གནོངས་དགོས་པ་ཞིག་རེད། ད་ཐེངས་ང་ཚོས་མང་མོས་ཀྱིས་འཀའ་ཁྲི་དང་སྤྱི་འཐུས་སོགས་འདེམས་རྒྱུ་ཡིན་པ་དང་མང་ཚོགས་རང་མོས་ཀྱིས་ལས་འགུལ་འདྲ་མིན་སྤེལ་པ་དེ་ནི་རྒྱ་ནག་ལ་གོ་བརྡ་གསལ་ཤོས་དེ་སྤྲོད་པ་རེད། དེ་དུང་མཁས་འདོག་གིས་གླེན་ལས་བྱེད་པ་ཡིན་ན་དེ་ནི་སྦྲུལ་ལ་རྐང་པ་བཏགས་པ་དང་གཅིག་པ་རེད་སྙམ།

    Reply
  44. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    བགྲོ་གླེང་ཡག་པོ་བྱས་ཤག་ཐུགས་ཆེ།ཅི་ཡིན་རུང་ད་ལྟ་༧གོང་ས་མཆོག་དང་མི་རབས་རྒན་པ་ཚོ་ཞལ་བཞུགས་ཡོད་དུས་མི་རབས་གསར་པ་ཞིག་གི་ཨེ་འཇོན་ལྟ་རྒྱུ་དེ་ཧ་ཅང་གི་གལ་ཆེ་པོ་རེད།

    Reply
  45. བོད་པ་ says:
    ལོ་ 15 སྔོན།

    བཙན་བྱོལ་ནང་གི་ཤེས་ལྡན་པ་རྣམས་རང་མགོ་གང་ཐོན་གྱིས་ནུབ་ཕྱོགས་ལ་སོང་ཚར་བའི་ཤུལ་ན་རང་དབང་དང་མང་གཙོའི་ནང་དོན་མི་ཤེས་བའི་དམར་ཕྱོགས་ཀྱི་ལྟ་སྤྱོད་འཛིན་མཁན་སྐོར་ཞིག་ལངས་ཡོང་གིན་འདུག ༡ ལྟ་བ་དང་ཤེས་ཚད་ལས་མི་བཤད་པར་རིགས་རུས་དང་སྐྱ་སེར་གྱིས་དབྱེ་འབྱེད་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་ལ་མནར་གཅོད་གཏོང་མཁན་དམར་ཕྱོགས་ཀྱི་དམར་སྲུང་དམག་མིའི་བསམ་ཚུལ་རང་རེད།
    ༢ རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་ནི་སྐུ་དྲག་ལམ་ལུགས་དང་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཡིན་ཚུལ་བཤད་པ་ལ་བརྡ་ལན་གསལ་བོ་ཞིག་སྟོན་དགོས་ཟེར་བ་དེས་ཁྱེད་ཚོ་རྒྱ་ནག་གི་རྒྱབ་དཔང་ལ་བུད་ནས་བཙན་བྱོལ་གཞུང་སྐུ་དྲག་དང་ཞིང་བྲན་ལམ་ལུགས་རེད། དེ་མ་འོངས་པར་བསྒྱུར་བཅོས་བཏང་ནས་བརྡ་ལན་སྟོན་དགོས་ཞེས་རྒྱ་གཞུང་གིས་བཀའ་སྒྲུབ་གིན་འདུག་ག

    Reply
  46. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་ཀྱིས་བཤད་པ་ལོས་བདེན། གྲྭ་བ་ཚོ་ཆབ་སྲིད་ཀྱི་ནང་དུ་མ་འཛུལ་ན་ལེགས། དེ་ཡང་བོད་ཀྱི་དོན་ལ་སེམས་ཁུར་དང་འགན་འཁུར་མི་དགོས་ཟེར་བ་མིན་པར་རང་རང་གི་གནས་བབས་དང་མཐུན་པའི་བོད་དོན་ལ་འགན་འཁྱེར་སྟངས་ཤིག་ཡོད་པ་རེད། དཔེར་ན་རིག་གཞུང་རྒྱུད་འཛིན་དང་དར་སྤེལ་ལྟ་བུའི་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྲོག་རྩ་གལ་ཆེན་གང་མང་ཞིག་འཛིན་རྒྱུ་ཡོད། ཚད་ངེས་ཅན་ཞིག་ནས་བཤད་ན་ལས་འགན་དེ་ནི་ཁ ཚ དགོས་གཏུགས་དང་གལ་ཆེན་དོན་ཆེན་ཞིག་ཏུའང་གྱུར་ཡོད། ཆབ་སྲིད་ཀྱི་ཁྲོད་དུ་ཕྱག་ལས་གནང་བ་ལས་ལྡབ་འགྱུར་གྱིས་འདི་ཉིད་བོད་དོན་ལ་ཕན་ཆེ་བ་ཡོད། ཡང་ཅིག་བཤད་ན་འདི་ཉིད་འདུལ་བའི་གཞུང་ལུགས་དང་ཡང་འགལ་མེད་པ་རེད། བོན་བརྒྱ་དང་ཨ་འབྲུག་གཉིས་ལ་ཀླུ་མཁར་བྱམས་ཀྱིས་མཛུབ་མོ་ཡག་པོ་ཞིག་བཙུགས་འདུག

    Reply
  47. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    ཡག་པོ་རེད།ང་རང་ཉིད་ལ་སེམས་འཚབ་ཞིག་རྟག་པར་སླེབས་བསྡད་ཡོད།གང་ཡིན་ལབ་ན་བཀའ་ཁྲི་ལ་བློ་བཟང་སེང་གེ་ཐོབ་སོང་ན་༸གོང་ས་མཆོག་གི་བཀའ་དགོངས་དེ་འདྲ་ཞིག་མཁྱེན་རྟོགས་ཡོད་དམ།
    ང་ཚོའི་བཙན་བྱོལ་གཞུང་གི་འགྲོ་ལུགས་སོགས་ལ་ཞན་ཆ་མི་ཡོང་མཉམ།
    དེ་མིན་གཞན་གྱི་བསླུ་བྲེལ་ངང་མི་ཚུགས་སམ།
    ཁོ་ལ་མཉམ་མྱོང་ཞན་པ་ཡིན་ཙང་གཞན་དབང་དུ་ཤོར་ཉེན་ཧ་ཅང་ཧ་ཅང་ཆེ།
    དེ་བལྟས་ན་ཚོགས་གཙོ་མཆོག་ཕེབས་ཐུབ་ན་བརྟན་པོ་ཡོད་རེད།
    རྒྱུད་ཁོག་ཡང་ཁོའི་ཆེ་རེད་བསམ་སོང་།
    དཀོན་མཆོག་ཞེན་ཁོག་དེ་འདྲ་རྩ་བ་ཉིད་ནས་མེད།
    མི་རིགས་རང་ལ་བསམ་བློ་གཏོང་གི་ཡོད།

    Reply
  48. ཨ་མྱེ་རྫ་རྒྱ་ says:
    ལོ་ 15 སྔོན།

    བགྲོ་གླེང་དབུ་འཛུག་བྱེད་མཁན་རྣམ་པར་ཐུགས་རྗེ་ཆེ།
    ཡིན་ན་ཡང་ང་རང་ལ་སེམས་འཚབ་ཞིག་སྐྱེ་ཡི་འདུག
    བློ་བཟང་སེང་གེ་བཀའ་ཁྲི་ཐོབ་ན་ཁོའི་གཏམ་གླེང་མང་པོ་ཞིག་གོ་ཡོང་དུས་འགྱུར་བ་མང་པོ་ཅིག་གཏོང་དགོས་སྐོར་བཤད་སོང་ལ་ང་ཚོ་གཞན་པའི་རྒྱལ་ཁབ་དང་མི་འདྲ་ལ་ཁོ་རང་གི་ལངས་ཕྱོགས་ལ་གཞིགས་ན་དེ་འདྲ་ཞིག་སེམས་སྟེང་ན་མེད་་པ་འདྲ་བོ་མཐོང་ཡོངས་དུས་སྐྲག་གིན་འདུག

    Reply
  49. རྭ་ལོ། says:
    ལོ་ 15 སྔོན།

    མི་ཚང་དཀྱུས་མ་ནས་སྐྱེས་མཁན་ཞིག་བཀའ་ཁྲིར་ཡོང་དགོས་པའི་ཆ་རྐྱེན་འདི་ཁྱད་མཚར་བ་ལ། འདི་ཡང་ཕྱིའི་གནོན་ཤུགས་ཀྱི་འོག་ནས་བསླེབ་པ་འདྲ། ལྷག་པར་དུ་པེ་ཅིན་གྱིས་བོད་པ་ཚོའི་མགོར་བཀལ་བའི་མི་ཁ་དེའི་དབང་གིས་ཡིན་པ་གསལ་བོ་རེད།

    མི་དམངས་ཀྱི་མགོ་ཁྲིད་དེ་གང་འདྲ་ཞིག་དགོས་མིན་མི་དམངས་ཀྱི་ཐག་གཅོད་ཡིན་པ་དངོས་ཡོད་རེད། ཡིན་ཡང་། གཞན་གྱི་གནོན་ཤུགས་འོག་ནས་རང་གི་དབུ་ཁྲིད་འདེམ་བཞིན་པ་འདི་ཡང་ཚབས་ཆེན་པོར་མཐོང་།

    མདོ་དོན་བཀའ་ཁྲི་ཇི་ལྟ་བུ་ཞིག་དགོས་མིན་བཤད་མི་ཤེས་པའི་སྐབས་སུ་གཞན་གྱི་ཟེར་སྒྲོས་ཀྱི་རྗེས་སུ་འབྲངས་ནས་ཅི་བཤད་འདི་བཤད་མེད་པའི་གནས་སུ་ལྷུང་བ་མིན་ནམ་ཡང་སྙམ།

    མི་ཚང་དཀྱུས་མ་ཞིག་ནས་བསླེབ་པ་ཡིན་ན་བོད་མི་རིགས་ཀྱི་རྩ་དོན་དང་བདེ་དོན་ཆེད་དུ་དམིགས་བསལ་གྱི་ནུས་པ་གང་དང་ཅི་འདོན་ཐུབ་པའི་རྒྱུ་མཚན་ཉག་གཅིག་བགྲང་མི་འདུག ཚོར་སྣང་ཉི་ཚེ་བ་རེ་ཁྲོམ་བསྒྲགས་བྱེད་པའི་ཧམ་པ་གང་ནས་ཡོང་བ་རེད།

    ངས་སེམས་གཏམ་ཞིག་བཤད། ང་ཚོའི་སྤྱི་ཚོགས་འདི་ཧ་ལས་པའི་ཟང་ཟིང་གི་རྣམ་པར་འདུག སྐད་ཆ་ལ་སྙིང་བོ་མི་འདུག མདོ་མི་འདུག ཆེ་བ་ལ་ཆུང་བས་དགག ཕ་མ་ལ་བུ་ཕྲུག་གིས་འཕྱ། དགེ་རྒན་སློབ་མས་བཀར། མཁས་པ་བླུན་པོར་མཐོང་། བྱིས་པས་མཁས་ཚུགས་བཏོད། སྤྱི་ཚོགས་འདི་ལ་མགོ་རྔ་མ་དང་བར་སྐེད་པ་ཞིག་མེད་དོན་ཅི།

    Reply
  50. ནུབ་ཕྱོགས་ཕོ་ཉ། says:
    ལོ་ 15 སྔོན།

    བློབ་བཟང་སེངྒེ་བཀའ་བློན་ཁྲི་པ་ཐོབ་ན་། ང་ལ་སེམས་ཚོལ་ཏོག་ཙམ་ཡོང་གི་འདུག་གང་ཡིན་ཟེར་ན། ངས་ཁོ་རང་ལ་ཤེས་ཡོན་ཐོག་ལ་རྒྱབ་ཅོར་ཡོད་དེ་། གལ་སྲིད་ཁོ་རང་རང་ཚུག་མ་ཟིན་ན།
    ཁོ་རང་གི་ཉེ་འཁོར་སུ་སི་གནས་སྡོད་ཆབ་མདོ་ཀུན་མདོར་བླ་མ་དང་། གམ་པ་ཚང་ལ་སོགས་པ་ལྟ་བ་དང་ལངས་ཕྱོགས་ག་རེ་རེད་འདུག དེ་སྔོན་རྙོག་གྲ་རིགས་ག་ཚད་བྱུང་ཡོད་མེད་།
    ལོ་ཁ་ཤས་སྔོན་དུ་རྒྱ་ནག་གཞུང་གི་འགྲོན་འབོད་སའི་གྲལ་དུ་ཚུད་ནས་སྤྱིད་ཚོག་ནང་ལབ་གླེང་ག་ཚད་བྱུང་སོང་། དང་པོ་ནས་ཚང་མས་བཀའ་བློན་ཁྲི་པ་གལ་ཆེ་པོ་ཞིག་ལ་རྩེས་ནས་ཚང་མས ༧གོང་ས་མཆོག་གི་བཀའ་དགོངས་རྟོགས་པ། ༢ ཤེས་འཇོན་ལྷག་བསམ་དང་ལྡན་པ། ༣ རང་ཚུགས་འཕེར་བ།
    ༤ ཆོས་བརྒྱུད་དང་ཆོལ་ཁ་སོགས་ཀྱི་ཕྱོགས་འཐེན་མེད་པ། ༥ སྤྱི་ཚོགས་ནང་ཁུངས་ལྡན་རྙོག་གླེང་མེད་པ་ཧ་གོ་བ་བྱས་ནས། མ་ལེན་མ་འགྱོད་པ་བྱེད་ནས་འོས་བླུག་རོག་གནང་།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese