མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་གིས་བོད་དོན་མ་བསླབ། – འཇིཊ་བྲལ་བསྟན་འཛིན།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་གིས་བོད་དོན་མ་བསླབ་པས་བོད་མིའི་ཤེས་ཡོན་འཐུས་ཤོར་དུ་བཏང་།  



བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་ལ་གཏོང་མཁན་གཙོ་བོ་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་པའི་དྲི་བ་འདི་བོད་ཀྱི་དུས་བབ་གསར་ཤོག་གིས་དྲ་རྒྱ་བརྒྱུད་བསམ་ཚུལ་བསྡུས་པ་རེད།  ངས་ཐེ་ཚོམ་གང་ཡང་མེད་པར་༼བོད་གཞུང་༽ ཡིན་པར་ངོས་འཛོན་གྱིས་འོས་གཅིག་བླུགས་པ་ཡིན་ལ།  དེ་རིང་གི་བསམ་ཚུལ་བསྡུ་ལེན་གྱི་གོ་སྐབས་འདི་དང་བསྟུན་ནས་དེ་འབྲེལ་གྱི་བསམ་ཚུལ་སྐོར་ཅིག་ཤོད་འདོད་སྐྱེས་བྱུང་།

དེ་ཡང་ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་ང་གཅིག་འགྲོ་བཞིན་ཡོད་པ་རེད།  དུས་ཡུན་དེའི་རིང་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་སུ་མི་རབས་ཁག་གསུམ་ཙམ་བསྐྱེད་བསྲིང་བྱས་དང་བྱེད་བཞིན་པ་རེད།  ཐོག་མར་ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་ལས་དོན་གལ་ཆེ་ཤོས་དེ་ཤེས་ཡོན་ཡིན་པར་ངོས་འཛིན་གྱིས་ཤུགས་རྒྱབ་ཡོད་པ་དང་།  ཐ་ན་ཤེས་ཡོན་གལ་ཆེན་དུ་བརྩི་བའི་ལས་དོན་འདི་བོད་རང་བཙན་རྩོད་རྒྱུ་དང་།  བཙན་བྱོལ་བོད་མིའི་གཞིས་ཆགས་འཛུགས་རྒྱུ་ལས་གལ་གནད་ཆེ་བ་བརྩིས་ཡོད་པ་སྐབས་དེའི་བྱུང་རབས་སྔ་ཕྱིའི་ནང་གསལ་པོ་ཡོད་པ་རེད།  འདི་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་ཀྱི་རྩ་བའི་དམིགས་ཡུལ་རེད།  ད་ལྟ་དམིགས་ཡུལ་དེ་ལྷག་ཡོད་དམ།  དེ་ནི་དྲི་བ་ཞིག་རེད། 

 

བཙན་བྱོལ་ནང་ཐོག་མར་གསོ་སྐྱོང་གནང་བའི་བོད་ཕྲུག་ཚོའི་ཤེས་ཚད་དེ་ལག་འཁྱེར་གྱི་ཐོག་ནས་ཚད་གཞལ་ན་ཧ་ལས་པའི་ཡག་པོ་དེ་འདྲ་བྱུང་ཡོད་པ་མ་རེད།  ཡིན་ནའང་ཁོང་ཚོ་མང་པོ་ཞིག་གིས་བཙན་བྱོལ་བོད་གཞུང་མང་ཉག་ཕྲ་བའི་དུས་སྐབས་སུ་བོད་དོན་སྲི་ཞུ་ཧུར་ཐག་ཞུས་ཡོད་པ་རེད།  དེ་ཡང་སྐབས་དེར་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོར་གཅིག་ནས་ཕ་མའི་བོད་དོན་ལས་ཀ་བྱེད་དགོས་པའི་བསླབ་བྱ་གནང་བ་དང་།  གཉིས་ནས་སློབ་གྲྭ་ཁག་གི་དགེ་རྒན་ཚོས་ཀྱང་རང་གིས་དངོས་སུ་མྱངས་པའི་ལོ་རྒྱུས་ཏེ་རྒྱ་ནག་གིས་བོད་དུ་སྡུག་སྦྱོང་གང་བཏང་བ་སོགས་ཀྱིས་མཚོན་བོད་དོན་ངོ་སྤྲོད་གང་འཚམ་བྱུང་འདུག  གསུམ་ནས་སྐབས་དེའི་ཕྲུ་གུ་མང་པོ་ཞིག་བོད་དུ་སྐྱེས་པ་སོགས་ཀྱིས་དབང་གིས་ཁོང་ཚོ་ལ་བོད་དོན་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་མ་ཐུབ་ན་ཡང་སྐྱོན་གནད་ཆེན་པོ་དེ་ཙམ་མེད་པའི་དུས་སྐབས་ཤིག་བྱུང་འདུག་ལ།  སྐབས་དེའི་གཞོན་རབས་པ་ཁག་ཅིག་གིས་བོད་དོན་ཆེད་བསམ་བློ་གང་འདྲ་བཏང་བ་དང་།  མ་འོངས་བོད་ཀྱི་ཆེད་དུ་ཕུགས་བསམ་གྱི་གཞི་གང་འདྲ་བཏིང་བ་སོགས་ཁོང་ཚོའི་བསམ་སྐྱོད་ཀྱི་བྱུང་རབས་ལ་ཞིབ་འཇུག་ཅུང་ཙམ་བྱས་ན་མིག་ཆུ་དབང་མེད་དུ་འཆོར་བ་དེ་འདྲ་འདུག

 

དེ་རྗེས་ཀྱི་གཞོན་སྐྱེས་ནི་བཙན་བྱོལ་དུ་འཚར་ལོངས་བྱུང་བའི་མི་རབས་གཉིས་པ་རེད།  ཁོང་ཚོས་བོད་མཐོང་མེད་ལ།  བོད་ནང་གི་བོད་མི་དང་རྒྱ་མི་མཐོང་མེད།  དེ་བརྟེན་ང་བོད་མི་ཡིན་བསམ་པ་ཙམ་མ་གཏོགས་བོད་ཅེས་པའི་ལུང་པ་དེ་གང་འདྲ་ཞིག་ཡོད་པ་དང་།  ཡུལ་དེའི་མི་དང་།  ཡུལ་དེའི་ཐོན་ཁུངས།  ཡུལ་དེའི་ད་ལྟའི་གནས་སྟངས་སོགས་གང་ཡང་བསམ་བློའི་ནང་འཆར་གྱི་ཡོད་མ་རེད།  ཁོང་ཚོའི་སློབ་གྲྭའི་བོད་ཡིག་སློབ་དེབ་ན་སངས་རྒྱས་དང་བྱང་སེམས་ཀྱི་སྐོར་ཡོད་པ་ལས།   བོད་གཞུང་གི་ངོ་སྤྲོད་དང་།  བོད་གཞུང་མང་བཙན་བྱོལ་དུ་ཡོང་དགོས་དོན་གང་ལ་ཐུག་མིན།  བོད་ནང་གི་བོད་མི་ཚོར་སྡུག་སྦྱོང་གང་འདྲ་གཏོང་བཞིན་ཡོད་པ།  བོད་ལུང་པའི་སྣོད་བཅུད་གང་འདྲ་ཡོད་པ་དང་།  དེ་ལ་བཤུ་གཞོག་གང་འདྲ་གཏོང་བཞིན་ཡོད་མེད།  རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་གང་འདྲ་ཡིན་པ་དང་།  འཆར་གཞི་གང་འདྲ་གཏིང་གི་ཡོད་མེད་སོགས་འཁོད་མེད་ལ་སློབ་ཀྱི་མེད།  ཐ་ན་ཁོང་ཚོར་ཉིན་ལྟར་གཏོང་བཞིན་པའི་བོད་རྒྱལ་ཁབ་ཀྱི་རྒྱལ་གླུའི་ནང་དོན་འགྲེལ་བཤད་ཡག་པོ་ཞིག་གནང་མྱོང་མེད།  

 

དེ་བཞིན་སོ་སོའི་ཕ་མ་དང་སྤུན་མཆེད།  མདོར་ན་བཙན་བྱོལ་བོད་མི་རྒན་རབས་པ་དེ་ཚོའི་མི་ཚེའི་བྱུང་བ་དེ་གང་འདྲ་ཞིག་ཡིན་པ་ཕལ་ཆེ་བས་ཤེས་ཀྱི་ཡོད་མ་རེད།  ཁོང་ཚོས་མཐོང་བ་ནི་གཞིས་ཆགས་ཀྱི་གྲོང་སྡེ་དང་།  རྒྱ་གར་གྱི་གྲོང་ཁྱེར་ཁག་རེད་ལ།  ཁོང་ཚོ་རྒྱ་གར་གྱི་བརྩེ་དུང་གི་གློག་བརྙན་ལྟ་བཞིན་འཚར་འོངས་བྱུང་བ་རེད།  ཁོང་ཚོའི་མི་ཚེ་དེ་ཉིན་རེ་བཞིན་སློབ་གྲྭར་འགྲོ་རྒྱུ་ལས་ཁྱིམ་ཚང་ཚུན་ལ་འགན་ཁུར་གང་ཡང་མེད་པར་ཞི་བདེ་བག་ལྷོད་ཀྱི་ངང་ནས་འཚར་ལོངས་བྱུང་བ་རེད།  མདོར་ན་རྒྱལ་ཁབ་དང་།  མི་རིགས་འཐབ་རྩོད་བྱེད་མཁན་གྱི་བཙན་བྱོལ་པ་ཞིག་གི་དགོས་མཁོའི་ངོས་ནས་བཤད་ན་སློབ་སྦྱོང་གི་ཁ་ཕྱོགས་གང་ཡང་མེད་མཁན་སྐོར་ཅིག་འཚར་ལོངས་བྱུང་བ་རེད།  ཡིན་ནའང་ཁོང་ཚོ་བཙན་བྱོལ་ནང་གི་མི་རབས་གཉིས་པ་དེ་ཡིན་སྟབས་བོད་དོན་ཐད་ཕུག་སེམས་ལྡན་པའི་ཁ་ཕྱོགས་མེད་ཀྱང་གནས་སྐབས་ཀྱི་ལས་འགུལ་རེ་སྤེལ་རྒྱུས་མཚོན་བོད་དོན་ལས་ཀ་གང་འཚམ་བྱས་ཡོད་པ་རེད།

 

དེ་ནས་ང་དང་ང་འདྲ་བའི་ད་ལྟའི་མི་རབས་འདི་རེད།  ང་ཚོའི་དུས་སྐབས་འདིར་སློབ་གྲྭར་བོད་དོན་གླེང་མཁན་དེ་རྒན་གཞོན་ཚང་མས་༼བྱུས་ཏོག་ཚ་པོ་༽རུ་ངོས་ཛིན་བྱེད་པའི་དུས་ཤིག་ཏུ་འཁེལ་བ་རེད།  སློབ་གྲྭར་བོད་དོན་སྐོར་ལ་གཏམ་བཤད་ཙམ་ཡང་བྱེད་མི་འཇུག་པའི་དུས་ཤིག་ཏུ་འཁེལ་བ་རེད།  ཕྲུ་གུ་ཚོར་བོད་ཀྱི་སྐོར་བཤད་དུས་མགོ་གཡུག་གཡུག་བྱེད་པའི་དུས་སྐབས་ཤིག་ཏུ་འཁེལ་བ་རེད། 

ང་རང་ལྟ་བུར་མཚོན་ན་སློབ་གྲྭར་ཡོད་སྐབས་རྒྱ་གར་གྱི་ཁྲིམས་དང་སྒྲིག་གཞི།  རྒྱ་གར་ལུང་པའི་ཐོན་ཁུངས།  རྒྱ་གར་རྒྱལ་ཁབ་ཀྱི་ཕུག་དམིགས་སོགས་སློབ་སྐབས་ང་ཚོ་བོད་ལ་དེ་འདྲ་ཞིག་ཡོད་ན་ཨང་བསམ་གྱི་ཡོད།  ཡིན་ནའང་རྗེས་སུ་ཤེས་རྟོགས་ཡོང་དུས་རང་བཙན་ཡོད་མེད་ཙམ་མ་གཏོགས་བོད་ལ་ཡང་ཁྲིམས་དང་སྒྲིག་གཞི།  བོད་ཀྱི་རིག་གཞུང་།  བོད་ཀྱི་ཐོན་ཁུངས།  བོད་ལ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཅི་ཡང་བྱེད་ཕོད་པའི་དཔའ་བོ་དང་དཔའ་མོ་གྲངས་མེད་ཡོད་པ་དང་།  གཞིས་བྱེས་བོད་མི་ཚང་མར་མ་འོངས་བོད་ཀྱི་དམིགས་ཡུལ་ཡོད་པ་དང་།  དེ་བཞིན་ང་ཚོའི་ཕ་ཡུལ་བོད་ཀྱི་ད་ལྟའི་སྣོད་བཅུད་གཉིས་ཀའི་གནས་སྟངས།  ང་ཚོ་ད་ལྟ་མིའི་ལུང་པར་མི་ཚེ་སྐྱེལ་དགོས་དོན་སོགས་གང་ཡང་ངོ་སྤྲོད་བྱས་མེད་པ་ཤེས་ཤིང་།  རང་ཉིད་ཀྱི་དགེ་རྒན་དང་།  ཀློག་བྱའི་ཀློག་དེབ།  དེ་དང་ཐད་ཀའི་འབྲེལ་ཆགས་བོད་གཞུང་ལ་སེམས་གཏིང་ནས་དྲི་བ་ཞིག་དྲི་འདོད་པ་ནི།   ང་ཚོར་ང་ཚོར་བོད་ཕྱི་ནང་གི་གནས་སྟངས་གསལ་བའི་སློབ་དེབ་གཅིག་ཀྱང་གོ་སྒྲིག་ག་རེ་བྱས་ནས་མ་བྱས་པ་རེད་ཅེས་པ་དེ་རེད།  དུས་སྐབས་མང་པོར་སློབ་གྲྭའི་ནང་ངའི་མི་ཚེ་དེ་ཅི་ཡང་བྱེད་མི་འདོད་མཁན་གྱི་མི་ནུས་མེད་ཅིག་བཟོས་འདུག་བསམ་མྱོང་།   གང་ལྟར་ད་ལྟ་བསམ་ན་དྲི་བ་འདིའི་ལན་དུ་ཆབ་སྲིད་ཀྱི་གནད་དོན་མང་པོ་ཞིག་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དེ་གསལ་པོ་ཤེས་ཀྱི་འདུག  ཡིན་ནའང་གཞུང་མང་གཉིས་ཀས་ངེས་པར་ཤེས་དགོས་པ་ནི།  སྐྱབས་བཅོལ་བའི་གནས་སྟངས་འོག་ཆབ་སྲིད་ཀྱི་གནས་སྟངས་ལ་སྤྱིའི་ཆ་ནས་བསྟུན་མཁས་ལོས་བྱེད།  ཡིན་ནའང་རྒྱ་དཀར་ནག་སུ་ལ་ཡང་མ་འོངས་བོད་ཀྱི་སོན་རྩར་ཁྱོན་ཡོངས་ཀྱི་བོད་དོན་ངོ་སྤྲོད་མི་བྱེད་པའི་བསྟུན་མཁས་དེ་རྩ་བ་ནས་བྱེད་རུང་བ་ཞིག་མ་རེད།  བྱེད་ཐབས་ཀྱང་མེད་པ་ཞིག་རེད།  མ་ཟད་ང་ཚོས་ག་དུས་ཡིན་ནའང་ང་ཚོའི་མ་རྩ་དེ་སློབ་ཕྲུག་ཚོ་ཡིན་ཟེར་གྱི་ཡོད་ལ།   མི་རབས་ནས་མི་རབས་བར་བོད་ཀྱི་འཐབ་རྩོད་བྱེད་ཀྱི་ཡིན་ཟེར་ཡོད་པ་རེད།  བཀའ་མོལ་འདི་མིད་པ་ཡན་གྱི་བཀའ་མོལ་ཡིན་མིན་དེ་ད་ལྟའི་ཆར་དྲི་བ་ཞིག་རེད།

 

མདོར་ན་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་སྐྱིད་སྡུག་གི་འཕེལ་རིམ་གང་འདྲ་ཡིན་པ་སློབ་ཕྲུག་ཚོར་སློབ་ཀྱི་ཡོད་ན།  སློབ་ཕྲུག་ཚོའི་ངོས་ནས་སོ་སོ་སུ་ཡིན་པ་དང་།  མི་ཚེའི་ནང་སློབ་སྦྱོང་གཙོ་བོ་ག་རེ་བྱེད་དགོས་པ།   དམིགས་ཡུལ་ག་རེ་འཛིན་དགོས་པ།  ལས་ཀ་གང་འདྲ་བྱེད་དགོས་པ་སོགས་ལ་རང་བཞིན་གྱིས་ཁ་ཕྱོགས་ཤིག་སླེབས་ཀྱི་རེད།  དེའི་ཐོག་ནས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཀྱི་རྒྱུན་སྐྱོང་རང་བཞིན་གྱིས་ཡོང་གི་རེད།  དེ་མེད་ན་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཟེར་བ་དེའི་ཁ་ཕྱོགས་རྩ་བ་ནས་བརླག་པ་རེད།  དེར་བརྟེན་བཙན་བྱོལ་བོད་མི་ཞིག་གི་ངོས་ནས་བཤད་ན་ཤེས་ཡོན་གང་འདྲ་ཞིག་སྦྱོང་གི་ཡོད་ན་དེའི་རྩ་བ་དང་རྨང་གཞི་ནི་བོད་གཞིས་བྱེས་གཉིས་སུ་ཁ་བྲལ་དགོས་དོན་དང་།  ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ཤེས་དགོས་པ་དེ་རེད།  གནད་དོན་འདི་བཙན་བྱོལ་བོད་གཞུང་གི་ངོས་ནས་རྩ་བའི་སྲིད་བྱུས་ཤིག་ཏུ་བཟུང་སྟེ་ལམ་སྟོན་ནན་མོ་བྱེད་དགོས་པ་དང་།  སློབ་དེབ་བཟོ་དགོས་པ་དང་།  སློབ་མར་སློབ་ཐུབ་པ་བྱེད་དགོས་པ་དེ་རེད།  དེ་ནི་ཐོག་མའི་དམིགས་ཡུལ་རེད་ལ།  མཐའ་མའི་ལམ་ཁ་ཡང་རེད།  ཡིན་ནའང་ད་བར་ཐོག་མར་ཤེས་ཡོན་ཐད་བཟུང་བའི་དམིགས་ཡལ་དེ་བྱུང་ཡོད་མ་རེད་ཅེས་བརྗོད་ན་མི་རུང་བ་ཞིག་མ་རེད།   དེ་བས་ད་བར་བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་ལ་གཏོང་མཁན་གཙོ་བོ་བོད་གཞུང་ཡིན་པར་ངོས་འཛིན་གྱིས་འོས་བླུག་པ་ཡིན།  གཞན་སློབ་གྲྭ་དང་།  དགེ་རྒན།  ཕ་མ།  སློབ་ཕྲུག་སོགས་ལ་སྐྱོན་མེད་པ་ཞིག་རྩ་བ་ནས་བརྗོད་ཀྱི་མེད།

 

འབྲེལ་ཡོད་གསར་འགྱུར།

Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༢༤ སྔོན་ལ།
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

༢༠༢༥/༡༠/༡༣
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠

མཆན། 19

  1. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    ཤིང་འཛེར་མེད་རྒྱ་རྡྫོང་ནགས་ན་མེད་ཅེས་པའི་དཔེ་བཞིན་མི་སྐྱོན་དང་བྲལ་བ་ཞིག་འཇིག་རྟེན་ན་ཡོད་སྲིད་དམ།བཙན་བྱོལ་གཞུང་ལའང་དེ་བཞིན་དུ་སྐྱོན་ཡོན་ཟུང་དང་ལྡན་པས་སྐྱོན་ཡོ་བསྲང་དང་ཡོན་ཏན་རྒྱུན་འཁྱོངས་བྱེད་རྒྱུ་གལ་ཆེའོ།ཤ་ཚ་བའི་གཏམ་ལ་སྣྙན་མོ་མེད་དང་ཕན་པའི་སྨན་ལ་ཞིམ་པོ་མེད་ཅེས་པ་བཞིན་ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་སྒོ་ནས་བོད་གཞུང་གི་སྐྱོན་ཆ་སྲོང་པོར་བརྗོད་བྱུང་པར་བཀའ་དྲིན་ཆེ་ཞུ་བ་ཡིན།

    Reply
  2. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ༧ཀརྨ་པ་ལ་གཟིགས་དང་།
    དུས་རབས་ཉེར་གཅིག་པའི་སྐབས་འདིར་ཕྱི་ཡི་ཚན་རིག་ཡར་རྒྱས་དང་ནང་གི་མིའི་བསམ་བློ་འགྱུར་ལྡོག་གི་སྟོབས་ཀྱིས་འཛམ་གླིང་འདི་འཕོ་འགྱུར་ཆེན་པོ་སོང་ཡོད། སྤྱི་ཚོགས་དང་མི་སྒེར་གྱི་ལྟ་བ་དང་མཐུན་འབྲེལ་སོགས་ཀྱང་ཡར་རྒྱས་སོང་ཡོད་པས། དུས་རྒྱུན་མི་རྣམས་ཀྱིས་འཛམ་གླིང་འདི་ཆུང་དུ་འགྲོ་ཡི་འདུག་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་ད་དུང་ཡང་ཀླད་རྙིང་གི་ལྟ་བ་མ་དོར་ཞིང་རྗེས་ལུས་ཐེབས་པའི་སྲིད་གཞུང་དང་ཚོགས་པ་སྐུ་དྲག་སོགས་ཕྱོགས་མང་པོ་ཡོད།

    ཁོང་ཚོས་རང་ཉིད་ཀྱི་ལྟ་བ་དང་གོ་ས། ཆོལ་ཁ་དང་དཔུང་གཉེན་མ་གཏོགས་འགྲོ་བ་མི་ཡི་ཐོབ་ཐང་དང་མང་གཙོ་ཡི་ལྟ་གྲུབ། རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་མང་གི་རེ་འདོད་སོགས་སྤྱི་དོན་རྣམས་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། ནག་ཉེས་མེད་པར་བཙོན་འཇུག་དང་དྲག་གནོན་སོགས་བྱས་ནས་འགྲོ་བ་མི་ཡི་ལྷན་སྐྱེས་འཚོ་སྡོད་ཀྱི་རང་དབང་ཡང་འཕྲོག་གི་ཡོད།

    དཔེར་ན་རྒྱ་ནག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་༧བང་རི་རིན་པོ་ཆེ་སོགས་བོད་རིགས་རྣམས་བཙོན་འཇུག་བྱས་པ་བཞིན། དོན་དངོས་ཐོག་ཁོང་ཚོས་རང་ཉིད་ཀྱི་དབང་ཤུགས་བེད་སྤྱོད་ལོག་པར་བཏང་བའི་དབང་གིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་གཞུང་དམངས་ཀྱི་འབྲེལ་ལམ། སྤྱི་ཚོགས་ཀྱི་མཐུན་འབྲེལ་སོགས་ཉམས་ཆགས་ཆེན་པོ་བཏང་བ་དང། མ་འོངས་པའི་མི་རབས་རྣམས་ལ་ངོ་གནོང་དགོས་པའི་གནས་ཚུལ་ཞིག་ཆག་ཡོད། བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ཉག་ཕྲ་བའི་སྐབས་འདིར་༸རྒྱལ་དབང་ཀརྨ་པས་རྒྱ་ནག་གི་བརྩི་མཐོང་དང་སྒེར་གྱི་ཁེ་ཕན་སོགས་ལ་མ་ལྟོས་པར་བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ཀྱི་ཆེད་དུ་༸གོང་ས་མཆོག་དང་བོད་གཞུང་ལ་བློ་ཕུགས་བཏད་ནས་སྐྱབས་བཅོལ་དུ་ཕེབས་ཡོད། ཁོང་འདིར་སྐྱབས་བཅོལ་དུ་ཕེབས་ནས་ལོ་བཅུ་ཕྲག་སོང་ཟིན་ཡང་ཕྱིའི་རྒྱལ་ཁབ་ཏུ་ཕེབས་མི་ཆོག་པ་མ་ཟད་ཉེ་ཆར་སུ་ཇ་སློབ་གྲྭ་རུ་ཡང་ཕེབས་མ་བཅུག་པར་བཀག་འགོག་བྱས་ཡོད། ད་ཆ་ཁོང་ནི་མངོན་གསལ་མེད་པའི་ནག་མེད་བཙོན་པ་ཞིག་ཡིན་པ་ཕྱི་ནང་ཚང་མས་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ། ༧ཀརྨ་པའི་དཀའ་ངལ་ནི་འཛམ་གླིང་འདིར་ནང་པ་ཡོངས་ཀྱི་དཀའ་ངལ་དང་བོད་ཀྱི་མི་རབས་གསར་པའི་དཀའ་ངལ་ཞིག་རེད་ལ། བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ལ་བརྗོད་དཀའ་བའི་ཕམ་ཉེས་ཤིག་བཟོས་ཡོད། རྒྱུ་མཚན་ནི་བསྟན་པ་དར་མ་དར་བསྟན་འཛིན་གྱི་སྐྱེས་བུ་ལ་རག་ལས་ཡོད་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་རྒྱས་མ་རྒྱས་ནང་གི་ཆིག་སྒྲིལ་ལ་རག་ལས་ཡོད། དེ་འདྲ་ཡིན་དུས་༧ཀརྨ་པ་ཕེབས་པ་ལ་བཀག་འགོག་བྱེད་པ་དང་གནོན་ཤུགས་སྤྲོད་མཁན་སུ་ཡིན་མིན་དང་ཁོའི་རེ་དོགས་གང་འདྲ་ཡིན་མིན་བཅས་ལ་ནང་པ་ཡོངས་དང་བོད་རིགས་རྣམས་ཀྱིས་ཞིབ་འཇུག་བྱེད་དགོས་པའི་དུས་ལ་བབ་ཡོད། འགའ་ཞིག་གིས་ནག་ཉེས་ཡོངས་རྫོགས་རྒྱ་གར་ལ་གཡོགས་ཀྱང་དམིགས་བསལ་འབྲེལ་བ་དང་རྒྱུ་མཚན་གང་ཡང་མེད། གལ་ཏེ་རྒྱ་ནག་གིས་རྒྱ་གར་ལ་གནོན་ཤུགས་སྤྲད་ཀྱང་རྒྱ་གར་རྒྱ་ནག་གི་གནོན་ཤུགས་ལ་སྐྲག་གི་མེད་པ་ནི་འདས་ཟིན་པའི་ལོ་རྒྱུས་ཐོག་རྒྱ་གར་གྱིས་༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་བཅངས་པའི་ལ་རྒྱ་དང་སྤོབས་པ་སོགས་ཀྱིས་གསལ་པོར་མཚོན་ནུས། ཡང་སྤྱི་ཚོགས་ཁྲོོད་འགའ་ཞིག་གིས་༧ཞྭ་དམར་རིན་པོ་ཆེ་ལ་ཞྭ་མོ་གཡོགས་ཀྱང་ཁོང་གིས་བསྟན་པ་སྤྱི་དང་བོད་བསྟན་སྲིད་ལྷག་པར་དུ་བོད་མི་རིགས་ཀྱི་མཐུན་འབྲེལ་སོགས་ལ་བསམ་བློ་མ་བཏང་བར་ཐབས་སྡུག་གི་བྱ་བ་དེ་འདྲ་བྱེད་ཀྱི་མེད་པ་བཀའ་བརྒྱུད་པ་ཡོངས་ཀྱིས་ཤེས་གསལ་རེད།

    གལ་ཏེ་༧རྒྱལ་དབང་ཀརྨ་པའི་གནས་ཚུལ་འདི་མུ་མཐུད་དུ་ལྷག་པ་ཡིན་ན། རྒྱ་གར་དང་བོད་གཞུང་དམངས་ཀྱི་མཐུན་འབྲེལ། བོད་གཞུང་དང་ཕྱི་རྒྱལ་ཁག་གི་འབྲེལ་ལམ། བོད་གཞུང་དང་མི་དམངས་ཀྱི་འབྲེལ་ལམ་སོགས་ལ་ཉེན་ཁ་ཡོད་པ་མ་ཟད། ཕྱོགས་མང་པོ་ཞིག་ནས་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཀྱང་ཡོང་ངེས་ཡིན་པ་ནི། ཉེ་ཆར་སྒང་ཏོག་ནས་མི་མང་སྟོང་ཕྲག་བཞི་བཅུ་ལྷག་གི་ལས་འགུལ་ལས་བྱུང་བའི་གནས་ཚུལ་གྱིས་གསལ་པོར་མཚོན་ནུས། དེས་ན་ང་ཚོ་བོད་ཀྱི་ཁ་དཔེ་ལ། ཆུ་མ་ཡོང་གོང་ནས་ཆུ་རགས་དང་། རྐྱེན་མ་ཡོང་གོང་ནས་བཟློག་པ། ཞེས་པའི་དཔེ་ལྟར། བོད་གཞུང་མང་དང་ལྷག་པར་བཙན་བྱོལ་གཞུང་གིས་གནས་ཚུལ་འདི་འགན་བླངས་ཏེ་གང་མགྱོགས་གཙང་སེལ་བྱེད་དགོས་པ་ནི་འོས་འགན་རེད་ལ་ཛ་དྲག་གི་གནས་ཚུལ་ཞིག་ཀྱང་རེད།།
    རྫོང་སར་གྲྭ་ཤཱཀྱ་དང་དྲི་མེད་ནས།།

    Reply
  3. ལུང་རྟོགས། says:
    ལོ་ 15 སྔོན།

    ཞེན་ཁོག་མེད་པའི་མི་དེས་རང་དོན་མ་ཏོག་གང་ཡང་བསྒྲུབ་ཐུབ་རྒྱུ་མ་རེད་གོ
    འོན་ཀྱང་མི་རིགས་ནང་ཁུལ་གྱི་ཞེན་ཁོག་དེ་རང་ཉིད་བརླགས་པའི་རྒྱུ་རེད།
    དེས་ན་ཞེན་ཁོག་ལ་ཡང་དཀར་ནག་གཉིས་ཡོད། ཞེན་ཁོག་དཀར་པོ་དེ་ངེས་པར་དུ་ཡོད་དགོས།

    Reply
  4. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 15 སྔོན།

    འཇིགས་བྲལ་ལགས། ཁྱེད་ནི་སྐྱོན་འཛུགས་ཀྱི་རྗེ་བོ་བཞིན། ས་ཕྱོགས་གང་སར་སྐྱོན་འཚང་དཀྲུང་ནས་ཟ་མ་རག་པའི་བཟོ་འདྲ་བོ་འདུག བོད་གཞུང་གིས་བོད་དོན་མ་བསླབ་པས་བོད་མིའི་ཤེས་ཡོན་འཐུས་ཤོར་དུ་བཏང་ཡོད་ཚུལ་འབྲེལ་མེད་ཞིག་ཡིན་པར་མ་ཟད་བོད་བསླབ་ཟེར་ན་གོ་རྒྱུ་ཡང་ཧ་ཅང་ཆུང་། བཙན་བྱོལ་སྤྱི་ཚོགས་ནང་དུ་ཀླུ་མཁར་དང་ཁྱོད་བཅས་མི་ཁ་ཤས་ཞིག་མ་གཏོག་བོད་བསླབ་ཡོད་མཁན་དང་བོད་བསླབ་ཤེས་མཁན་མེད་པ་འདྲ། བོད་པའི་ཆོས་དང་རིག་གཞུང་བསླབ་པས་བོད་དོན་བསླབ་པར་མི་འཇོག་ན་ཁྱོད་ལྟར་ན་བསད་པ་དང་བཟུང་བ་རྐྱང་བཤད་དགོས་པར་འགྱུར་རོ། རྫུན་མ་བཤད་ན་ཡག་པོ་ཡོད་པ་རེད། ཞེན་ཁོག་ཧ་ཅང་མ་ཆེ་སླབ་བྱ་ཡིན།

    Reply
  5. གཞིས་ཆགས་བུ། says:
    ལོ་ 15 སྔོན།

    འཇིགས་བྲལ་ལགས། ཁྱེད་ནི་སྐྱོན་འཛུགས་ཀྱི་རྗེ་བོ་བཞིན། ས་ཕྱོགས་གང་སར་སྐྱོན་འཚང་དཀྲུང་ནས་ཟ་མ་རག་པའི་བཟོ་འདྲ་བོ་འདུག

    Reply
  6. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    ཉིན་གང་བོར་སྐྱོན་ཞིག་ལས་མི་འདུག

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གཞན་ལ་བལྟ་བའི་མིག་ཡོད་ཀྱང་།རང་ལ་བལྟ་བའི་མེ་ལོང་དགོས།
    འཇིགས་བྲལ་གྱི་ཚིག་འདི་གཉིས་ལ་ཉམས་ལེན་མི་བྱེད་མཐུ་མེད་རེད
    དེ་མ་གཏོགས་ཁ་ཕྱིར་ལྟས་འབའ་ཞིག་བྱས་ན་རྐང་བའི་ཕྱིར་སྟེང་གནམ་ལ་བཏེགས་ཀྱང་མགོ་ཡར་ལ་འཇོག་མི་ཐུབ།
    ཧ་ཧ་

    Reply
  8. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དབྱིན་མིང་ཅན་ཟླ་འོད་གཞོན་ནུ་ལགས། ཁྱོད་ཀྱིས་བརྗོད་དོན་གཅིག་ལ་བཙན་བྱོལ་ནང་གི་གཞོན་སྐྱེས་འཚར་ལོངས་ཡོང་བཞིན་པ་དེ་ཚོ་སྔོན་མ་ལས་ཤེས་ཡོན་ཡག་ག་ཡོད་རེད། རང་མགོ་ཐོན་གྱི་ཡོད་པ་རེད། ཅེས་པའི་དོན་ཞིག་བཤད་འདུག གུས་པའི་རྩོམ་ཡིག་དེ་ཡག་པོ་བྱས་ནས་ཡང་བསྐྱར་ཚར་གཅིག་ཀློགས་རོགས། ངས་ཁོང་ཚོ་ཤེས་ཡོན་སྐྱོ་རུ་འགྲོ་གི་འདུག་ཅེས་རྩ་བ་ནས་བཤད་མེད། ངས་གང་ཞུས་ཡོད་ཟེར་ན། རྒྱལ་ཁབ་དང་། མི་རིགས་འཐབ་རྩོད་བྱེད་མཁན་གྱི་བཙན་བྱོལ་པ་ཞིག་གི་དགོས་མཁོའི་ངོས་ནས་བཤད་ན་སློབ་སྦྱོང་གི་ཁ་ཕྱོགས་གང་ཡང་མེད་མཁན་སྐོར་ཅིག་འཚར་ལོངས་བྱུང་བ་རེད། ཅེས་གསལ་པོ་བྱས་ནས་བྲིས་ཡོད། དེའི་དོན་ནི། བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་དང་ཚོགས་སྡེ། ཡང་ན་ཁོར་ཡུག་གཞན་ཞིག་ནས་བོད་ཀྱི་རྩ་དོན་ལས་དོན་བྱེད་མཁན་གྱི་མི་རབས་གཅིག་འཚར་ལོངས་འབྱུང་གི་མེད་པ་དེ་རེད། དེ་ནི་ཁྱོད་རང་གིས་བཤད་པ་བཞིན། ལྟོ་གོས་ཀྱི་ཆེད་དུ་ལས་ཀ་གང་སར་བྱེད་ཐུབ་མཁན་འཚར་ལོངས་འབྱུང་གི་མི་འདུག་ཅེས་བཤད་མེད་ལ། འཚར་ལོངས་འབྱུང་གི་འདུག་ཅེས་ཀྱང་བཤད་མེད།

    དོན་གཉིས་ལ། སློབ་གྲྭའི་ནང་བོད་དོན་མ་བསླབས་པས་བོད་མིའི་ཤེས་ཡོན་འཐུས་ཤོར་བ་དེ་གཉིས་འབྲེལ་བ་ག་རེ་ཡོད། ཅེས་བཤད་འདུག ཤེས་ཡོན་གལ་ཆེན་དུ་བརྩི་བའི་ལས་དོན་འདི་བོད་རང་བཙན་རྩོད་རྒྱུ་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་འཛུགས་རྒྱུ་ལས་གལ་གནད་ཆེ་བ་བརྩིས་ཡོད་པ་སྐབས་དེའི་བྱུང་རབས་སྔ་ཕྱིའི་ནང་གསལ་པོ་ཡོད་པ་རེད། འདི་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་ཀྱི་རྩ་བའི་དམིགས་ཡུལ་རེད། ཅེས་གསལ་པོ་བྱས་ནས་བྲིས་ཡོད། གོང་གསལ་ལན་དང་པོའི་ནང་ཞུས་པ་བཞིན། ང་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་བ་ནས་ད་བར་བོད་གཞུང་མང་ལ་དམིགས་ཡུལ་ག་རེ་ཡོད་རེད། དེ་དང་མཐུན་པའི་ཤེས་ཡོན་པ་འཚར་ལོངས་མ་བྱུང་ན་བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་དུ་ཕྱིན་པར་ངོས་འཛིན་བྱེད་དགོས་ཀྱི་རེད་བསམ་གྱི་ཡོད། རྒྱུ་མཚན་ནི་གོང་དུ་ཞུས་པ་བཞིན་བཙན་བྱོལ་པ་ཞིག་གི་དགོས་མཁོའི་དང་འཚམ་པའི་སློབ་སྦྱོང་གི་ཁ་ཕྱོགས་ཡོད་མཁན་གསོ་སྐྱོང་བྱེད་མ་ཐུབ་པ་དེ་རེད།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་བསྟན་འཛིན་སྟོབས་རྒྱལ་ལགས་ཀྱིས་བསམ་ཚུལ་གསུང་པར་དགའ་བསུ་ཞུ། ངས་འཛེམས་ཟོན་མེད་པར་རང་ཉིད་ལ་མི་ཚོས་གང་ཟེར་མིན་ལ་བསམ་བློ་མ་བཏང་བར་བསམ་ཚུལ་འདི་སྤེལ་བ་ཡིན། ཁྱོད་རང་གིས་དེ་བཞིན་མཐོང་ཆེན་གནང་འདུག་པར་ཐུགས་རྗེ་ཆེ་ཞུ།

    རང་གིས་རང་བསྟོད་ནས་བསྡད་ཀྱང་ཕན་ཐོགས་ཡོད་མ་རེད་བསམ་གྱི་ཡོད། གལ་སྲིད་ཕན་ཐོགས་ཡོད་ན་ད་ཙམ་ཕན་ཐོགས་ཡོད་ཚོད་ཡིན། ང་ཚོའི་གཞུང་གི་ལེགས་པའི་ཆ་དེ་གཞན་གྱིས་གླེང་ན་ཡག་པོ་ཡོད་རེད། མཛེས་པོ་ཡོད་རེད། ཡིན་ནའང་ང་ཡག་རབས་རབས་བཤད་ཀྱང་མིའི་རྣ་བར་འགྲོ་བ་ཞིག་མ་རེད། གནས་ལུགས་འདི་མི་བྱེ་བྲག་པ་ཙམ་མིན་པར་མི་སྡེའི་སྤྱི་ཚོགས་ལ་ཡང་འགྲོ་གི་རེད་བསམ་གྱི་ཡོད།

    རང་ཉིད་དང་ལྟ་བ་མི་མཐུན་ན་ཡག་པོ་མིན་པའི་ཁུངས་སུ་བགྲངས་ཀྱི་རེད། ཅེས་པ་དེ་ལ་ང་མོས་མཐུན་མེད། བྱེད་ཕྱོགས་དེ་ནི་སོ་སོ་སྦུག་སུབ་དོགས་རོགས་ཙམ་མ་གཏོགས་གང་ཡོད་མ་རེད་བསམ་གྱི་འདུག དེ་འདྲ་ཞིག་རེད་མ་རེད། ཡིན་ནའང་སོ་སོའི་མཐོང་ཚུལ་དེ་བརྗོད་དགོས་པ་ཞིག་རེད། དེ་མིན་ཉིན་གཅིག་གནས་ཚུལ་ཐོན་ཡོང་དུས་ངས་དེ་འདྲ་བསམ་སོང་ཟེར་མཁན་ཁག་ཅིག་ཡོད་པ་དེ་འགན་ཁུར་མེད་པའི་མིའི་བྱེད་སྤྱོད་ཅིག་རེད་བསམ་གྱི་འདུག

    དེ་ནས་རང་ཉིད་དང་བསམ་ཚུལ་མི་མཐུན་པ་རེ་བྱུང་དུས་ལམ་སེང་རིག་གནས་གསར་བརྗེའི་སྐབས་ཀྱི་ཞྭ་མོ་འདྲ་པོ་རེ་བསྐོན་ཐབས་བྱེད་པ་འདིས་ང་ཚོའི་གུ་ཡངས་ཀྱི་ཁོར་ཡུག་ལ་དོ་ཕོག་ཆེན་པོ་བཟོ་བཞིན་ཡོད་ལ། བཤད་ཕྱོགས་དེ་ནི་རྒྱུ་མཚན་གྱི་ལམ་ནས་དགག་པ་བྱེད་པའི་ནུས་པ་ཤོར་བའི་གཏམ་ཙམ་དུ་ཟད་ལ། བཙན་བྱོལ་བོད་གཞུང་མང་གི་མང་གཙོའི་འཕེལ་རིམ་གྱི་ཁྲོད་དུ་སྨྲ་བརྗོད་རང་དབང་ལ་བརྡལ་བཤིག་ཆེ་ཤོས་ཤིག་ཀྱང་རེད།

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་འཇམ་གྲགས་ལགས་ཀྱིས་གསུང་དོན་ལ། བོད་དོན་ལ་སེམས་ཁུར་དང་ནུས་ཤུགས་མི་ཡོང་བའི་རྒྱུ་མཚན་དུ་བཀོད་ན་འབྲེལ་ཀྱང་། སློབ་དེབ་ནང་བོད་དོན་བཀོད་པ་ཙམ་གྱིས་སྤྱིའི་ཆ་ནས་ཤེས་ཡོན་ཡར་རྒྱས་དང་དངོས་འབྲེལ་ཆེར་མི་འདུག་སྙམས། ཅེས་གསུང་འདུག
    དྲ་གྲོགས་ལགས། རྒྱལ་ཁབ་དང་མི་རིགས་ཀྱི་སྐྱིད་སྡུག་གི་འཕེལ་རིམ་གང་འདྲ་ཡིན་པ་སློབ་ཕྲུག་ཚོར་སློབ་ཀྱི་ཡོད་ན། སློབ་ཕྲུག་ཚོའི་ངོས་ནས་སོ་སོ་སུ་ཡིན་པ་དང་། མི་ཚེའི་ནང་སློབ་སྦྱོང་གཙོ་བོ་ག་རེ་བྱེད་དགོས་པ། དམིགས་ཡུལ་ག་རེ་འཛིན་དགོས་པ། ལས་ཀ་གང་འདྲ་བྱེད་དགོས་པ་སོགས་ལ་རང་བཞིན་གྱིས་ཁ་ཕྱོགས་ཤིག་སླེབས་ཀྱི་རེད། དེའི་ཐོག་ནས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཀྱི་རྒྱུན་སྐྱོང་རང་བཞིན་གྱིས་ཡོང་གི་རེད། དེ་མེད་ན་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཟེར་བ་དེའི་ཁ་ཕྱོགས་རྩ་བ་ནས་བརླག་པ་རེད། ཅེས་ཞུས་ཡོད་པ་དེ་བསམ་བློ་མ་བཏང་བར་ཞུས་པ་དེ་འདྲ་མིན། དེ་འདྲ་བའི་གནད་དོན་དེ་སློབ་དེབ་བརྒྱུད་སློབ་དགོས་པ་ཞིག་རེད། དུས་སྐབས་རེ་ཟུང་ལ་བཤད་ཙམ་བྱས་པས་ཕན་ཐོགས་ཡོད་མ་རེད།
    གཞན་བསླབ་བྱའི་སློབ་དེབ་ཕར་ཙམ་བཞག་ནས་གནད་དོན་གཞན་པ་ཞིག་གི་ཐོག་ལ་སློབ་ཕྲུག་ཚོར་སློབ་ཀྱི་བསྡད་པ་ཡིན་ན་སློབ་ཕྲུག་ཚོས་ལོ་འཁོར་ཡིག་ཚད་གང་འདྲ་བྱས་ནས་གཏོང་དགོས་རེད། དེར་བརྟེན་བོད་ཀྱི་གནད་དོན་གང་འདྲ་ཡིན་པ་དེ་སློབ་དགོས་པ་ཞིག་རེད། འདིའི་ཆེད་དུ་བློས་གཏོང་གཞན་དག་ལས་ཀྱང་མང་པ་དང་དཀའ་ངལ་གཞན་དག་ལས་མང་པ་རྒྱག་དགོས་ཀྱི་རེད་བསམ་གྱི་འདུག

    Reply
  11. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་ཨ་རིག་དགེ་མཐོང་ལགས་ཀྱིས་གསུང་དོན་ལ། འཐུས་ཤོར་འདི་གཙོ་བོ་གཅིག་ལ་ངོས་འཛིན་རྒྱུ་ཁག་པོ་རེད། ཅེས་གསུངས་འདུག ཐོག་མར་ཞུ་རྒྱུ་ལ། ད་བར་བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་ལ་གཏོང་མཁན་གཙོ་བོ་བོད་གཞུང་ཡིན་པར་ངོས་འཛིན་གྱིས་འོས་བླུག་པ་ཡིན། གཞན་སློབ་གྲྭ་དང་། དགེ་རྒན། ཕ་མ། སློབ་ཕྲུག་སོགས་ལ་སྐྱོན་མེད་པ་ཞིག་རྩ་བ་ནས་བརྗོད་ཀྱི་མེད། ཅེས་གོང་འཁོད་བསམ་ཚུལ་མདོར་བསྡུས་དེའི་མཇུག་ཏུ་བྲིས་ཡོད་པ་དེ་བཀླགས་ཡོད་ཤག་རེད།
    དེ་ནས་ཨ་རིག་དགེ་མཐོང་ལགས་ཀྱིས། དགེ་རྒན་དང་སློབ་མ། གཞུང་ཚང་མས་ངོས་ནས་ཤོར་བ་རེད། ཅེས་གསུང་པ་བཞིན་ཚང་མའི་ངོས་ནས་འཐུས་ཤོར་ཕྱིན་ཡོད་མ་རེད་ཅེས་བཤད་མེད། དེ་ནི་གོང་དུ་དྲངས་མ་ཐག་པའི་ཚིགས་དུམ་དེ་ནས་མཐོང་ཐུབ་པ་ཞིག་རེད།

    Reply
  12. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་འཛེམས་ཟོན་མེད་པའི་སྒོ་ནས་བསམ་ཚུལ་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  13. Dawai Shonu says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས།
    ཁྱེད་རང་གི་རྩོམ་འདི་ཆོ་མེད་པ་རེད་འདུག བོད་གཞུང་ལ་ད་ག་སེ་འཁང་ར་བྱས་པ་རེད་འདུག
    དོན་གཅིག་ལ།་་་དེང་སང་སློབ་ཕྲུག་ཚོའི་ཤེས་ཡོན་དང་བསམ་བློ་གཏོང་ཕྱོགས། མཐོང་རྒྱ། རྣམ་དཔྱོད་སོགས་ཕྱོགས་གང་ཐད་ནས་སྔོན་མའི་སློབ་ཕྲུག་ལས་ཞེ་དྲག་གི་ཡག་ག་ཡོད་རེད། ་དེང་སང་སློབ་ཕྲུག་རང་སོ་སོ་སོས་རང་མགོ་ཐོན་མཁན་དང། མི་རིགས་གཞན་དང་འདྲ་མཉམ་གྱིས་ལས་ཀ་བྱེད་ཐུབ་མཁན་མང་པོ་ཐོན་གྱི་ཡོད་རེད། སྔོན་མའི་སློབ་ཕྲུག་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ལས་ཀ་མ་རེག་ན་ཐབས་ཤེས་གཞན་ཡོད་མ་རེད། ཁྱེད་རང་དེང་སང་བོད་ཕྲུག་ཚོའི་ཤེས་ཡོན་སྐྱོ་རུ་འགྲོ་གི་ཡོད་ཤག་གི་རྣམ་རྟོག་དེ་ཉེས་པར་དུ་སངས་དགོས་ཀྱི་འདུག་་་་་དེ་མིན་ན་ཉམས་ཞིབ་ཡང་པོ་བྱེད་དགོས།
    དོན་གཉིས་ལ། སློབ་གྲྭའི་ནང་བོད་དོན་མ་བསླབས་པས་བོད་མིའི་ཤེས་ཡོན་འཐུས་ཤོར་བ་དེ་གཉིས་འབྲེལ་བ་ག་རེ་ཡོད་རེད།

    Reply
  14. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 15 སྔོན།

    འཇིགས་བྲལ་ནི་སྐྱོན་བརྗོད་བྱེད་མཁན་ལ་གནམ་རྒན་མས་བསྐོ་བཞག་བྱས་ཡོད་པས་ཁོང་གི་ཞལ་ནས་མ་འགྲིག་པ་དང་མ་འཐུས་པ་ཞིག་མ་གཏོག་ཡོད་པ་མ་རེད། གཉིས་པ་ཀླུ་མཁར་བྱམས་རེད། གསུམ་པ་དེ་འཇམ་ནོར་རེད་ཁོང་ཚོས་མིག་ལམ་ནས་འགྲིག་པ་རང་ཉིད་རེད། རང་ཉིད་ཀྱི་ལྟ་བ་དང་མ་མཐུན་ན་ཡག་པོ་མིན་པའི་ཁུངས་སུ་བགྲེང་རྒྱུ་རེད། འདིའི་ནང་ནས་ཁ་ཤས་ཀྱིས་ལྟོ་དོན་དུ་འདི་ལྟར་བཤད་ཀུན་ཡོད་པ་རེད། ཁ་ཤས་ལ་དམིགས་ཡུལ་དང་ལྐོག་ཏུ་སྤས་པའི་དོན་ཆེན་ཞིག་ཡོད་ཚོད་འདུག

    Reply
  15. རི་བོང། says:
    ལོ་ 15 སྔོན།

    དྲ་གྲོགས་འཇིགས་བྲལ་བསྟན་འཛིན་ལགས།
    གནད་ལ་ཁེལ་བ་ཞིག་བྲིས་འདུག བདེན་པ་རེད། ངོ་མ་བདེན་པ་རེད།

    Reply
  16. འཇམ་གྲགས says:
    ལོ་ 15 སྔོན།

    འཇིག་བྲལ་བསྟན་འཛིན་ལགས་ཀྱི་བསམ་ཚུལ་ཡག་པོར་བྲིས་འདུག ཡིན་ན་ཡང་རྒྱུ་མཚན་དེ་དག་བོད་དོན་ལ་སེམས་ཁུར་དང་ནུས་ཤུག་མི་འོང་བའི་རྒྱུ་མཚན་སུ་བཀོད་ན་འབྲེལ་འདུག གཞན་སློབ་དེབ་ནང་བོད་དོན་བཀོད་པ་ཙམ་གྱིས་སྤྱིའི་ཆ་ནས་ཤེས་ཡོན་ཡར་རྒྱས་དང་དངོས་འབྲེལ་ཆེར་མི་འདུག་སྙམས། གང་ལྟར་ཤེས་ཡོན་མཐུས་ཤོར་སོང་བའི་རྒྱུ་མཚན་གཙོ་བོ་དེ་བོད་གཞུང་དང་། དགེ་རྒན་གཉིས་ཆར་རེད་འདོད།

    Reply
  17. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    སྤྱིར་བཏང་སྐུ་ཉིད་བོད་གཞུང་ལ་མི་དགའ་བས་རེད་མ་གཏོགས། འཐུས་ཤོར་འདི་གཙོ་བོ་གཅིག་ལ་ངོས་འཛིན་རྒྱུ་ཁག་པོ་རེད། ཡིན་ནའང་། དགེ་རྒན་དང་སློབ་མ། གཞུང་ཚང་མས་ངོས་ནས་ཤོར་བ་རེད། གཙོ་བོ་དགེ་རྒན་འདེམས་སྟངས་ཐད་ནས་ནོར་འཁྲུལ་ཆེན་པོ་ཤོར་ཡོད། ཀུ་རེ་ཡིན། ཡག་པོ་བྲིས་འདུག

    Reply
  18. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གྲོགས་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཕེབས་ནས་ཐོག་མར་བསམ་ཚུལ་གནང་བར་དགའ་ནས་ཡོད། རྗེས་སུ་མུ་མཐུད་བསམ་ཚུལ་གསུང་རོགས།
    དེ་ནས་གོང་བཀོད་རྩོམ་ཡིག་གི་ཚིག་གྲུབ་མཐའ་མ་དེ་ཁྱོད་ལ་ལན་གྱི་ཚུལ་དུ་གཤམ་ལ་བསྐྱར་འགོད་བྱས་ཡོད། ཐེངས་གཅིག་ཀློག་རོགས།
    དེ་བས་ད་བར་བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་ལ་གཏོང་མཁན་གཙོ་བོ་བོད་གཞུང་ཡིན་པར་ངོས་འཛིན་གྱིས་འོས་བླུག་པ་ཡིན། གཞན་སློབ་གྲྭ་དང་། དགེ་རྒན། ཕ་མ། སློབ་ཕྲུག་སོགས་ལ་སྐྱོན་མེད་པ་ཞིག་རྩ་བ་ནས་བརྗོད་ཀྱི་མེད།

    Reply
  19. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    རྩོམ་ཡིག་འཇིགས་པོ་ཞིག་བྲིས་ཡོད་ཀི། ངས་བལྟས་ན་བོད་གཞུང་གཅིག་པོ་མ་རེད། ཕ་མ། དགེ་རྒན། ཁོར་ཡུག་སོགས་མང་པོ་ཞིག་རེད། དཔེར་ན། དགེ་རྒན་ཚོའི་རང་སྐྱ་ཕེར་བའི་ཡོན་ཏན་ཅན་མེད་པ། ཕ་མའི་ནང་ན་རང་སྐྱ་ཕེར་བའི་བོད་སྐད་སྨྲ་མཁན་མེད་པ་བཅས་ཀྱི་དབང་གིས། ཕྲུ་གུས་བོད་ཡིག་སློབ་མ་འདོད་བོདསྐད་བཤད་འདོད་ཀི་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese