ངས་ང་ཚོས་དུས་རབས་འདིའི་ཟུར་ངོས་རེ་རེ་ནས། དམིགས་བསལ་གྱིས་བུད་མེད་ཀྱི་སྐོར་ལ་ཉན་པ་ཡིན། དེ་ཡི་ནང་ནས་བོད་མི་རིགས་ཀྱི་ཆེད་དུ་ལུས་ཡོད་པའི་བུད་མེད་དག་གི་ཆེད་དུ་ཉན་པ་ཡིན། དེ་ཡིན་དུས། ངས་ད་ལྟ་འདི་ནས་ཁྱེད་ཅག་ལ་ངོ་སྤྲོད་བྱེད་བཞིན་པའི་བུད་མེད་འདི་ཡི་མིང་ལ་ལྷ་མོ་མཚོ་ཟེར་བ་དང་། ཁོ་མོ་སྐྱེ་ཡུལ་ནི་བླ་བྲང་དགོན་པའི་འདབས་ཀྱི་གྲོང་སྡེ་ཞིག་ཡིན། ཁོ་མོ་སྐྱེ་དུས་ཀྱི་ནམ་ཟླ་དེ་དག་གི་སྐོར་ལ་ངས་གསལ་བོ་ཉན་མེད་ལ། སྐད་ཆ་ཡང་འདྲི་མ་འཕོད། ངས་ཁོ་མོ་ལ་ཉན་པ་དེ་ནི་བོད་མི་རིགས་ཀྱི་ཆེད་དུ་ད་ལྟ་བཙོན་དུ་ཡོད་པའི་ཁོ་མོའི་ཁྱོ་གའི་ཤུལ་རྗེས་ཀྱི་འཚོ་བའི་སྐོར་ཡིན། དེ་ཡང་འཇིག་རྟེན་གྱི་མིའི་རིགས་ཀྱི་གཙུག་སུ་འཛིན་པའི་འཚོ་བ་བསྐྱེལ་སྟངས་སྐོར་རེད།
ངས་ཁོ་མོ་ཤེས་པའི་ལོ་ཟླ་ནི་དངོས་ནས་ཧ་ཅང་རིང་བོ་ཞིག་ཡིན་ན་ཡང་། ཕན་ཚུན་ལ་འདྲིས་ཤིང་ལྷོད་ལྷོད་ཀྱི་སྒོ་ནས་སྐད་ཆ་ཞིག་བཤད་པ་དེ་ནི་ཉེ་སྔོན་ང་རང་རྡ་སར་གུང་གསེང་དུ་སོང་དུས་ཀྱི་དུས་དེ་ཡིན། སྐབས་དེ་ནི་ངས་ཁོ་མོ་ལ་སྐད་ཆ་ལྷོད་ལྷོད་བཤད་པའི་དུས་ཚོད་ཡིན་ལ། ངས་ཁོ་མོའི་སེམས་ནང་གི་སྐྱིད་སྡུག་སྐོར་ལ་ཉན་པའི་སྐོར་དེ་ཡང་དེ་དུས་ཆགས་པ་རེད། དེ་དུས་ང་རང་གིས་དྲིན་ཆེན་ཕ་མ་གཉིས་ཀྱི་འཚོ་བའི་མ་དངུལ་ལ་རོགས་རམ་ཙམ་ཞིག་ཡོང་ཆེད་དུ་བྱམས་བརྩེ་ཟ་ཁང་ཟེར་བའི་ཟ་ཁང་མི་དྲུག་བདུན་ལས་མི་གཤོང་བའི་ཟ་ཁང་ཞིག་རང་གི་དྲིན་ཆེན་མ་དང་ལྷན་དུ་གཉེར་བ་ཡིན། ཁོ་མོ་ནི་དུས་རྒྱུན་དུ་དགུ་བཅུ་གསུམ་ཚོགས་པའི་ཟ་ཁང་དུ་དྭང་བླང་གིས་ལས་ཀ་བྱེད་དུ་ཉིན་རེར་ཆུ་ཚོད་གཉིས་གསུམ་རིང་འགྲོ་བཞིན་ཡོད་པ་རེད། རྒྱུ་མཚན་ནི་ཁོ་མོས་དབྱིན་སྐད་ཕྲན་པུ་ཞིག་བཤད་ཐུབ་ན་སྙམ་པ་དེ་རེད་འདུག
ཁོ་མོ་ཡར་མར་དུ་འགྲོ་དུས་སུ་ངའི་ཨ་མ་དང་ཁོང་ཚོ་སྔ་ནས་ཡག་པོ་ངོ་ཤེས་ཀྱི་ཡོད་སྟབས། ཟ་ཁང་དུ་ཡོང་ནས་ཇ་རེ་བཏུང་ཞོར་དུ་ཁ་བརྡ་རེ་བྱེད་ཀྱིན་ནང་དུ་བུད་འགྲོ་བ་ཡིན། སྐབས་དེ་ནི་ང་རང་གིས་ཁོ་མོའི་མི་ཚེ་སྐོར་གྱི་སྐད་ཆ་ལ་ཉན་པའི་སྐོར་དེ་ཏག་ཏག་ཆགས་ཡོད་པ་རེད། ཁོ་མོ་ནི་བྱིས་པ་བཞིའི་ཨ་མ་ཡིན་པ་དང་། བྱིས་པ་དེ་དག་ལ་བདག་སྐྱོང་བྱེད་པའི་འགན་ཡོངས་སུ་རྫོགས་པ་དེ་ཡང་ཁོ་མོའི་ཕྲག་སྟེང་དུ་ལྷུང་ཡོད་པ་རེད། སྟབས་ཡག་ནས་སློབ་གྲྭར་སློབ་ཡོན་མི་དགོས་པར་བོད་གཞུང་གི་སློབ་གྲྭར་བོད་ཁྱིམ་དུ་འགྲོ་བཞིན་ཡོད་ཀྱང་། གུང་གསེང་དུ་སླེབས་ཐེངས་རེ་དང་། ཕ་རྒན་གྱིས་མིང་ནས་འོས་དེ་སྐད་ཆ་འདྲི་སྟངས་དེ་དག་ནི་ཁོ་མོ་ལ་མཚོན་ན་སེམས་ནང་གི་སྡུག་ཆེ་ཤོས་དེ་ཆགས་ཡོད་པ་རེད།
ཁོ་མོ་ནི་སྤྱིར་བཏང་གི་འཚོ་བ་ཞིག་རོལ་ནས་བསྡད་ཡོད་པ་དང་། མི་གཞན་གྱིས་སྐྱོབས་གསོ་སོགས་གང་ལ་ཡང་མ་བརྟེན་པར་རང་གིས་རྐ་ལག་གི་འགུལ་བསྐྱོད་ལ་བརྟེན་ནས་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་དེ། རྡ་ས་མེག་ལོར་རླངས་འཁོར་འབབ་ཚིགས་ཀྱི་འགྲམ་དེར། ཞོགས་པ་སྔ་བོ་ནས་བག་ལེབ་བཙོང་བཞིན་ཡོད། ཁོ་མོ་ཞོགས་པ་སྔ་བོ་ག་དུས་ཡིན་ཡང་། ཆུ་ཚོད་གཉིས་པའི་སྒང་ནས་ལངས་དེ་བག་ལེབ་བཟོ་བཞིན་ཡོད་ལ། མཚམས་རེར་བག་ལེབ་བཟོ་ཞོར་དུ་བག་ལེབ་རེ་རེ་སྟེང་ལ་བཙོན་དུ་ཡོད་པའི་ཁྱོ་ག་དྲན་པའི་མིག་ཆུ་ཡང་ག་ལེར་ལྷུང་བ་དེ་དག་ནི་བག་ལེབ་ཉོ་མཁན་ཆེས་མི་ཉུང་བ་ཞིག་གིས་ཟས་ཚར་ཡོད་པ་རེད།
ཁོ་མོས་བཤད་ན། ཁྱོ་ག་བཙོན་དུ་ལྷུང་བའི་ལོ་དེར་ཁོ་མོ་ཅུང་ཙམ་མིན་ན་འཇིག་རྟེན་འདི་དང་གཏན་གྱེས་བྱས། ཟ་མ་ཟ་བའི་ཡི་ཀ་མེད་པར། ཉིན་རྟག་པར་ལས་ཀ་ཡང་ལས་འདོད་མེད་པར་ཉལ་ནས་བསྡད། སྐབས་དེ་འདྲ་ཞིག་ལ་རུས་སྐམ་ཤ་སྐམ་ཏུ་ཆགས་པའི་ངང་ཚུལ་དེས་ཤུལ་ཏུ་ལུས་པའི་བུ་དང་བུ་མོ་དག་གིས་ཀྱང་ཁོང་ཚོས་ཨ་མ་ནི་ཅི་འདྲའི་ཡ་ང་བའི་གནས་སྟངས་ཤིག་དུ་ཡོད་པ་ཚོར་ནས། ཁ་ལ་ཉན་པ་དང་། དུས་རྒྱུན་དུ་ཨ་མའི་གམ་ནས་བུ་ཕྲུག་དག་གིས་ཨ་མ་ལ་སེམས་གསོ་བྱེད་པ་སོགས་ནས་འགོ་བཙུགས་དེ། ཁོ་མོ་སླར་ཡང་འཇིག་རྟེན་མི་ཡུལ་ལ་གསོན་ཤུགས་ཤིག་སླེབས་ནས་འགོ་བོ་ཡར་བཀྱགས་དེ་བསམ་བློ་བཏང་། ཁོ་མོའི་བསམ་པར་རང་གི་ཁྱོ་ག་ནི་ད་ལྟ་མི་ཡུལ་ཏུ་གནས་ཡོད་ལ། མི་གཞན་མི་ཉུང་བ་ཞིག་གི་རང་གི་ཁྱོ་ག་དང་བུ་ཕྲུག ནང་གི་དག་གཏན་ནས་སླར་མཇལ་མེད་པའི་ཡུལ་དེར་སོང་ཟིན་པ་དེ་དག་གི་གང་བྱེད་སྙམ་ནས། ཁོ་མོ་སླར་ཡང་རང་གི་ཁྱོ་ག་བཙོན་ནས་ལྷོད་པའི་དུས་དེར་སྒུག་རྒྱུའི་སེམས་ཐག་གཙང་བཅད་བྱས་ནས་སླར་ཡང་བག་ལེབ་ལས་འགོ་བརྩམས།
ཉིན་མ་དེ་ནས་བཟུང་ཁོ་མོ་ལ་སྐད་ཆ་འདྲི་མཁན་ཡང་མི་ཉུང་བ་ཞིག་སླེབས། ཁོ་མོས་དེ་དག་ལ་སྐད་ཤུགས་ཆེན་པོས་སྒོ་ནས་སྤོབས་པ་དང་བཅས་དེ་དེ་ལྟར་གླེང་། ཁོ་མོ་ད་ལྟ་མི་ཡུལ་དུ་འཚོ་ཡོད་ལ། ཁོ་མོའི་རང་གི་ཁྱོ་གའི་མི་རིགས་ཆེད་དུ་ལས་ཀ་དེ་འདྲ་ཞིག་བྱེད་ཐུབ་པ་ཡིན་ན། ངས་ཤུལ་ནས་རང་གི་བུ་ཕྲུག་དག་ལ་བདག་པོ་ཙམ་ཡང་རྒྱགས་མ་ཐུབ་པ་ངོ་ཚ་རེད་སྙམ་བཞིན། མི་གཞན་གྱི་རོགས་སྐྱོར་ལ་རེ་བ་མ་བརྒྱབས། མི་གཞན་གྱིས་ཁ་ཡག་ལ་སྟོང་བསམ་མ་བཅིངས། རང་གིས་རྐ་ལག་ལ་སླར་ཡང་འགུལ་བསྐྱོད་བྱེད་འགོ་བཙུགས། བོད་དོན་དུ་སྐད་འབོད་རྒྱགས་སར་གང་ཐུབ་ཐུབ་ཅིག་ལ་འཛུལ་ཞུགས་བྱས། ཁྱོ་གའི་ཚབ་དུ་ཁོ་མོ་མགྲིན་ཚབ་དུ་གང་སར་བཅར། དེ་དུས་ཁོ་མོ་ལ་ནོངས་འགྱོད་ཆེན་པོ་ཞིག་ཡོད་པ་དེ་ནི་ཆུང་དུས་ནས་ཀ་ངོ་ཡག་ངོ་མི་ཆོད་པའི་དུད་འགྲོའི་ལྟ་བུའི་སྐྱེ་བ་ཞིག་བླངས་པ་དེར་ཅུང་རེ་འགྱོད་སྣང་སྐྱེ་ཡི་འདུག་རབས་ཡང་ཡང་གླེང་།
ཁོ་མོས་སྒེར་གྱི་སྟེང་ནས་བཤད་ན། ད་ལྟའི་དུས་ཚོད་འདི་ནི་རང་གི་བུ་ཕྲུག་དག་ནི་ལམ་ཁ་བསྟན་ཚར་བས། དོན་འགྲུབ་ངེད་གཉིས་ཀྱིས་ལྷོད་ལྷོད་ཅིག་བྱས་དེ་ལྷན་དུ་འཁྱམ་གསེང་རེ་བྱོས། ད་ལྟའི་བར་དུ་མི་ཚང་བཀང་བོའི་ཆེད་དུ་སྟོད་ཉི་མ་ལྷ་ས་ནས་བཟུང་ལས་ཀ་དཀའ་ལས་མ་བརྒྱབས་པ་ཞིག་མེད། ད་ནི་ངལ་རེ་གསོ་ཞོར་ཏུ་ཟེར་ན་རེད། མཚམས་རེར་མི་ཚང་གཞན་སྣང་བཞིན་བྱིས་པ་ཚོར་ལག་འགོ་འཁྲིད་དེ། གནས་སྐོར་རེ་དང་། ཡུལ་སྐོར་སྤྲོ་འཁྱམ་རེ་འགྲོ་ཐུབ་ན་ཅི་མ་རུང་སྙམ་པའི་ཚོར་བ་ཞིག་ཡོད་ཀྱང་། ད་ནི་བུད་མེད་ང་བསོད་གཟད་ཅིག་ཡིན་པའི་ཁྱོ་ག་བཙོན་ཏུ་ལུས། སྐྱིད་རྒྱགས་དུས་ཀྱི་དུས་ཚོད་ཚང་མ་འདི་ལྟར་འཕྲོ་བརླག་ཏུ་འགྲོ་བཞིན་པར་ལན་རེར་དངོས་ནས་སེམས་པ་སྐྱོ་ཡི་འདུག་ཟེར་ཞོར། ཇ་མངར་མོ་ཕོར་བ་བཀང་དེ་འཐུང་ཞོར་ཏུ། སེན་སྟེང་གི་སྣ་ཐ་ག་ལེར་རྔུབས་ཤོར་ཏུ་མིག་ཆུ་ཐར་སེ་སོང་།
ཁོ་མོའི་སེམས་ཁོང་གི་མི་ཚང་གཅིག་ལ་དགོས་པའི་སྐོར་ལ་བཤད་དུས་སུ། དངོས་ནས་བཤད་ན་མི་ཚང་ཞིག་ལ་སྒོར་མོ་མེད་ཀྱང་འགྲིག ཕ་མ་ལྷན་འཛོམ་ཡོད་ན་དེ་ལས་ལྷག་པའི་སྐྱིད་ཅིག་གང་ན་ཡོད། བུ་ཕྲུག་ཚོ་ལ་དངོས་ནས་ཕ་འཛོམ་མ་འཛོམ་ལས་སྐྱིད་ཅིག་གཏན་ནས་ཡོང་ཐབས་མེད་པ་རེད། དེ་འདྲའི་སྐོར་ལ་བསམ་བློ་བཏང་དུས་སུ། ང་མཚམས་རེར་དོན་འགྲུབ་ཀྱི་སྒང་ལ་ཚུགས་པ་ཟ་ཡི་འདུག གང་ཡིན་ཟེར་ན། ཁོ་རང་གིས་མི་རིགས་ཀྱི་དོན་ཏུ་བསམ་བློ་བཏང་བ་ལས། ནང་མིའི་སྐྱིད་སྡུག་ལ་གཏན་ནས་བསམ་བློ་མ་བཏང་བ་ཞིག་རེད། མཚམས་རེར་བསམ་བློ་ཞིབ་དུ་བཏང་དུས། དངོས་ནས་ཁོ་རང་གི་གང་བྱས་པ་དེ་དག་ནི་དངོས་ནས་གཟི་བརྗིད་ལྡན་པ། མི་རིགས་ཤིག་གི་ཆེད་དུ་བློས་བཏང་བ་དེ་དག་ལ་ངས་ཀྱང་རྗེས་སུ་ཡི་རུང་བྱེད་ཀྱི་ཡོད་ལ། ནམ་ཞིག་ཁོ་རང་བདེ་ཐང་ངང་བཟའ་མི་བུ་ཕྲུག་གི་དྲུང་དུ་འབྱོར་ཐུབ་པར་རེ་བ་ཡང་རྒྱགས་ཀྱི་ཡོད།
ངས་འདི་ལྟར། ཉིན་མ་རེ་རེ་བཞིན་ཁོ་མོའི་དཀའ་ལས་རྒྱགས་སྟངས་དང་། སློབ་སྤྱོང་གང་ཡང་མ་ཐོབ་པའི་བུད་མེད་ཅིག་གི་བསམ་བློ་གཏོང་སྟངས་དང་སྙིང་སྟོབས་བཅས་ལ་བསམ་ནས་ང་རང་རང་གིས་རང་ལ་ངོ་ཚ་བ་དང་། སྐད་ཆ་བཤད་ཤེས་པ་ལས་ལག་པ་ཆད་ཡོད་པ་དང་། སློབ་སྤྱོང་ཕྲན་པུ་ཞིག་བྱས་པ་ལས་ལག་ལེན་མེད་པའི་གནས་སྟངས་ལ་བསམ་ནས་སྐྱོ་ཞོར་ཏུ། ཉིན་མ་རེ་རེ་ལ་ཁོ་མོས་སྐད་ཆ་རེ་རེ་ལ་ཉན་རྗེས་སུ། ངས་ཁོ་མོར་སེམས་གཏིང་ནས་ཡིད་སྨོན་དང་བརྩི་བཀྭུར་བྱས་པ་ཡིན་ལ། ཁོ་མོའི་སྙིང་སྟོབས་དང་སེམས་ཤུགས་ལ་བསྔགས་བརྗོད་བྱས། ཉིན་འགའི་སྔོན་ཏུ་ངས་ཁོ་མོའི་ས་ནས་ཆོག་མཆན་ཞུས་དེ་ང་རང་གིས་ཁོ་མོ་ལ་ཉན་ཚུལ་དེ་རིང་སྤུན་ཟླ་དག་གི་མིག་ངོར་བཀྲམ་པ་ཡིན།
ལྷ་མོ་མཚོ་ལགས། ཁྱེད་ཀྱིས་མི་མཐུད་ནས་མདུན་དུ་བསྐྱོད་རོགས། སྐུ་ཞབས་ཞོགས་དུང་ལགས་ཀྱང་བཙོན་གྲོལ་ཐོབ་ནས་ཧ་ཅང་དགའ་འོས་བའི་གཏམ་བཟང་དེ་ཁྱེད་ཀྱི་ཐོས་བྱུང་ངམ་། ཁྱེད་རང་ལ་་མི་འགྱངས་བར་གཏམ་བཟང་ཞིག་གི་སྒུག་ཡོད་པས།
ང་ཚོ་ནམ་ཡང་ཁྱེད་ཀྱི་རྒྱབ་ལ་གནས་ཡོད།
འཇར་མན་གྱི་གྲོང་ཁྱེར་ Munchen ནས་ཚང་མས།
རི་བོང་ལགས། རྗེས་སུ་ཁ་གསལ་བོ་བྱས་དེ་ཉིད་ལ་ལན་འདེབས་བྱེད་ཆོག
ཚང་མ་ལགས། སེམས་ལ་བཟུང་ཡོད།
མི་མཐུད་དུ་ཤུགས་རྒྱོབས་དང་། ང་ཚོ་ནམ་ཡང་ཁྱེད་མཉམ་དུ་གནས་ཡོད།
དྲ་གྲོགས་བོད། ཤ་ཁྲག་རུས་གསུམ་ལགས།
སེམས་པ་སྐྱོ་ལྷང་ལྷང་བཟོས་སོང་། ཟ་ཟུར་གྱི་འདི་དག་ངོ་སྤྲོད་བྱེད་ཀྱི་གལ་ཆེན་པོ་རེད། ཐུགས་རྗེ་ཆེ། ཞར་ལ་དྲི་བ་ཞིག་འདྲི་གི་ཡིན། བོད་གཞུང་གིས་སྐྱོབས་གསོ་ཞིག་རེག་གི་མེད་དམ།
རེད། ཀྱོད་ཀྱིས་བཤད་པར་གནས་ལུགས་འདུག འོན་ཀྱང་། ལྷ་མོ་མཚོའི་སེམས་ཁམས་དང་སྙིང་སྟོབས་ལ་ཏན་ཏན་གནའ་བོའི་སྟོང་ཆ་ལྷག་ཡོད་ཅེས་བརྗོད་ཐུབ།
བློ་བཟང་ལགས། ང་ཚོས་ལྷ་མོ་མཚོ་ལྟ་བུའི་བོད་ཀྱི་ཆབ་སྲིད་བཙོན་པ་དག་གི་ཤུལ་ཏུ་ལུས་པའི་བུད་མེད་དེ་ཡི་རིགས་ལ་སེམས་འཁུར་ལོས་བྱེད། བྱེད་ཐུབ་པ་དང་འཇོན་པ་རེ་ཡོད་ན་ཡང་། རོགས་པ་ཡང་ལོས་བྱེད། དེ་ནི་ང་ཚོ་ལ་འབབ་པ་ཞིག་ལོས་ཡིན། ཉིད་ནས་འདི་ནས་གདུང་སེམས་མཉམ་བསྐྱེད་བྱས་པ་དེ་ལ་ངས་ཀྱང་བརྩི་བཀུར་ཡོད།
འབུར་ཐོ་ལགས། ཉིད་ནས་ཁོ་མོས་བསམ་ཚུལ་བརྗོད་པ་ལས་དོན་དངོས་ཐོག་དེ་འདྲ་ཞིག་ཡིན་མི་སྲིད་ཅེས་ཁ་ཚོན་བཅད་པ་དེ་ནི་དངོས་ནས་ཅུང་ཐལ་དྲགས་མེད་འགྲོ སྤྱིར་བཏང་གི་བུད་མེད་གཞན་ཞིག་གི་སྐོར་བཤད་ཀྱི་ཡོད་ན་དེ་ཙམ་རེད། ཁྱེད་རང་བདེན་པ་ཡིན་སྲིད། ད་ལྟའི་འདི་ནས་གླེང་བྱ་ནི་བུད་མེད་སྤྱིའི་དོན་མ་ཡིན་པར། ལྷ་མོ་མཚོ་ལ་ཉན་པ་དེ་རེད་ལགས།
བོད་ཤ་ཁྲག་རུས་གསུམ་ལགས། ཉིད་ཀྱིས་ལྷ་མོ་མཚོའི་ཆེད་སེམས་ཁུར་བྱས་པ་དངོས་གནས་ཐུགས་རྗེ་ཆེ་ཞུ། ང་ཡང་མོའི་ཆེད་ལ་སེམས་ཁུར་འདུག
དྲ་གྲོགས་ལགས། དེ་ནི་མོ་རང་གི་བསམ་ཚུལ་བརྗོད་པ་ཙམ་ལས་དོན་དངོས་ཤིག་ཡིན་མི་སྲིད། གལ་ཏེ། དེ་ལྟར་ཡིན་ན་འུ་ཚང་གི་བུད་མེད་ཚོས་ནུས་ཤུགས་ལ་རྒྱུས་ལོན་ཞིག་བྱེད་ཅིས་ཀྱང་མ་ཐུབ་པ་རེད།
འབུར་ཐོ་ལགས། ཉིད་ནས་བུད་མེད་ཀྱི་ཐོབ་ཐང་གླེང་གི་འདུག་ན་ཡང་། ཁོ་མོས་རང་ཉིད་ལ་བུད་མེད་ཀྱི་ཐོབ་ཐང་མ་རེག་པའི་འཁང་ར་ཞིག་གཏན་ནས་བྱེད་ཀྱི་མི་འདུག་ལ། ཁོ་མོས་རང་ཉིད་ཀྱིས་འཇོན་ན་གནམ་འོག་ན་ཅི་ཡོང་བྱེད་རྒྱུའི་ཡོད་པའི་ཡིད་ཆེས་བྱེད་ཀྱི་འདུག་ལགས།
ཟ་ལེ་རྒྱལ་ལགས། ཉིད་ནས་བསྡུར་སྟངས་དེ་ནི་དངོས་ནས་འཚམ་པོ་འདུག ངས་ཀྱང་ཁོ་མོའི་སྐད་ཆ་རེ་རེ་ཉན་ནས་འོང་དུས། རང་གིས་རང་ལ་ངོ་ཚ་སོང་ལ། བུད་མེད་ཅིག་གི་སྙིང་སྟོབས་དང་འཚོ་བའི་ཁྲོད་དུ་ཞིམ་པ་མེད་པར་མདུན་བསྐྱོད་ཀྱི་བསམ་བློ་བཅས་ནི་དངོས་ནས་ཧ་ལས་པ་ཞིག་རེད།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས། ངས་ཉིད་ཀྱིས་མིག་ཆུ་ཐིགས་པ་ཁ་ཤས་ཤིག་རང་དབང་མེད་པར་ལྷུང་དུ་བཅུགས་པ་དེར་དགོངས་དག་ཞུ། ཡིན་ཡང་། དེ་ནི་ང་ཚོས་ཅི་ནས་ཀྱང་ཤེས་དགོས་པའི་ལྷ་མོ་མཚོའི་འཚོ་བ་དང་རྒྱལ་གཅེས་ཀྱི་མདུན་པ་དེ་དག་རེད། ཉིད་ནས་ཀྱང་དེ་ནས་ཁ་སྐོང་རེ་བྱེད་རྒྱུ་རེག་ན་དེ་བས་ཀྱང་རྒྱན་རེད།
དོལ་སྨྱོན་ལགས། ཉིད་ནས་ལྷ་མོ་མཚོ་ལ་ཉན་དུ་ཡོང་བ་དགའ་ཡོད། ཉིད་ནས་བདག་གི་སེམས་སོང་གི་བུ་མོ་ཞེས་པའི་སྙན་ངག་དེ་ཀློག་འདོད་ཡོད་ན་ངས་ཁྱེད་རང་ལ་མི་འགྱངས་པར་དྲ་ཐག་ངོ་སྤྲོད་བྱེད་ཆོག ཡིན་ཡང། ཁྱེད་རང་ལ་ཁོམ་པ་བྱུང་ན་ཁྱེད་རང་ནས་འཚོལ་རོགས།
བདག་ལ་མཚོན་ན་སེམས་འཁྲུལ་ཆེ་ཤོས་ནི་བོད་པའི་བུད་མེད་ཚོའི་ཐོབ་ཐང་རེད།
ལིག་ཞོ་ཕོ་ཡང་དྲུག་བཞིའི་དོན་རྐྱེན་བྱུང་མ་ཐག་ཨ་རི་ནས་རང་གི་བདེ་སྐྱིད་ཀྱི་འཚོ་བར་ཞེ་མ་ཆགས་པར། དོན་གྱིས་སྐྱིད་སྡུག་མཉམ་མྱོང་བྱེད་ཆེད་ཕྱིར་རྒྱ་ནང་ལ་ལོག་ནས་མཉམ་རུབ་བྱས་བ་རེདལ། དོན་གྲུབ་ཀྱང་དེ་བཞིན་རེད། བོད་ནང་གི་སྤུན་ཟླ་ཚོར་མཉམ་རུབ་བྱེད་དུ་ཕྱིན་པ་རེད། དེ་ནི་ལིག་ཞོ་ཕོ་དང་དོན་གྲུབ་དབང་ཆེན་གཉིས་ཀའི་གཟི་བརྗིད་ཀྱི་ཆ་འདྲ་ས་དེ་རེད། ལིག་ཞོ་ཞྭ་དང་ལྷ་མོ་མཚོ་གཉིས་ལའང་ཤེས་ཡོན་གྱི་ཆ་ནས་མི་འདྲ་ས་ཡོད་ནའང་། སྙིང་སྟོབས་དང་དཀའ་སྡུག་ལ་བཟོས་སྒོམ་བྱེད་པའི་ནུས་བ་གཅིག་མཚུམས་སུ་ཡོད། རླབས་ཆེན་གྱི་མི་སྣ་འདི་དག་མཐོང་ཚེ། ངས་རང་ཉིད་མི་གྲལ་ལ་འགྲོ་སྟངས་མི་ཤེས་བ་ཞིག་འདུག
དངོས་གནས་སྨན་ཤར་བུ་མོ་ཟེར་བ་ཁོ་མོ་རེད་ལ། དོན་གྱི་མཛངས་མ་ཟེར་བའང་ཁོ་མོ་རེད། དངོས་གནས་ཁོང་དང་ཁོང་ལྟ་བུ་ནི་ནམ་ཡིན་ནའང་ང་ཚོས་ཡང་ཡང་གླེང་དགོས་པའི་བུ་མོ་རེད། ཁྱོད་ཀྱི་ཟིན་བྲིས་འདིས་བདག་གི་མིག་ཆུའི་ཐིགས་པ་འཐོར་བཅུག་སོང་། ཁོང་གཟའ་ཟླ་གཉིས་ལ་ཐུགས་རྗེ་ཆེ་ལ་ཞོར་དུ་གཞི་བདག་ཁྱེད་ལའང་ཐུགས་རྗེ་ཆེ། དངོས་གནས་རིན་ཐང་འདུག
བཀླགས་གྲུབ་པ་ཡིན་ དངོས་གནས་སེམས་པ་སྐྱོ་གདུང་གི་གཏིང་དུ་ལྷུང་སོང་
དེ་འདྲའི་རིགས་སྤྱི་ཚོགས་ནང་མང་དུ་ཡོད་པ་རེད་ ཤ་ཚ་་་་་་་་་
ཁྱེད་ཀྱི་སྙན་ངག་༼སེམས་སོང་གི་བུ་མོ་ཞིག་ལ་༽ཞེས་པ་ཕྲན་གྱིས་དེ་སྔོན་མ་མཐོང་ཡང་
དེ་རིང་ཁྱེད་ཀྱི་ཟིན་བྲིས་ཀྱི་ཤོག་བུ་ཁ་ཤས་ནང་བཙལ་ཀྱང་རྙེད་ན་བྱུང་ འོན་ཀྱང་ཡོངས་རྫོགས་འཚོལ་རྒྱུ་མ་བྱུང་ ག་ལེར་འཚོལ་ངེས་ཡིན་ ཁྱེད་ཀྱི་སེམས་སོང་མ་དེ་ཅི་འདྲ་ཞིག་ཡོད་མེད་ཚོད་དཔག་བྱེད་ཉིང་འདོད།