ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པ་དེ་ཟླ་འདིའི་ཕྱི་ཚེས་ ༡༦ དང་ ༡༧ རེས་གཟའ་སྤེན་པ་དང་ཉི་མའི་ཉིན་ཧྥ་རན་སིའི་རྒྱལ་ཕ་རི་སིའི་ནང་འཚོགས་ཡོད་ལ། ཚོགས་ཆེན་ཐོག་ཡུ་རོབ་གནས་སྡོད་ཁ་འཐོར་བོད་མི་ཚོས་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དང་། ས་ཁུལ་སོ་སོ་ནས་བོད་ཀྱི་ཆོས་རིག་ཤེས་ཡོན་བརྒྱུད་འཛིན། དང་བླངས་དཔྱ་དངུལ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དཔལ་འབྱོར་རོགས་དངུལ་བསྡུ་རུབ། དེ་བཞིན་ལས་འགུལ་མཉམ་འབྲེལ་ཡོང་ཐབས་སོགས་ཀྱི་ཐད་གོ་བསྡུར་བརྒྱུད་གྲོས་ཆོད་ཁག་བདུན་བཞག་ཡོད་འདུག ཐེངས་འདིའི་ཚོགས་ཆེན་ནང་ཡུ་རོབ་རྒྱལ་ཁབ་བཅུ་གཉིས་ཀྱི་བོད་རིགས་ཚོགས་པའི་སྐུ་ཚབ་བཞི་བཅུ་ཞེ་དྲུག་ཚོགས་ཞུགས་གནང་ཡོད་འདུག
ཉིན་གཉིས་རིང་གི་ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་དེ་རྒྱལ་ས་ཕ་རི་སིའི་རྫོང་ཁག་བཅུ་གཅིག་གི་གཞུང་འབྲེལ་མཛད་སྒོའི་ཚོམས་ཁང་དུ་འཚོགས་ཡོད་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་ཡུ་རོབ་སྐུ་ཚབ་དོན་གཅོད་བཀྲ་ཤིས་དབང་འདུས་ལགས་དང་། ཕ་རི་སིའི་རྫོང་ཁག་བཅུ་གཅིག་གི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་པ་ཊིར་བྷི་ལོན་ཤེ་ལགས་གཉིས་ཕེབས་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་ཡོད་འདུག བཀའ་ཁྲིའི་གསུང་འཕྲིན་ནང་༼ ཉེ་བའི་ལོ་ངོ་བཅུ་ཕྲག་ལྷག་ཙམ་གྱི་རིང་ཡུ་རོབ་ས་ཁུལ་གང་སར་བོད་རིགས་མི་འབོར་ཇེ་མང་དུ་ཕྱིན་པའི་དབང་གིས་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་ལས་དོན་གང་སར་དགའ་སྤོབས་འོས་པའི་མདུན་སྐྱོད་བྱུང་ཡོད་པ་མ་ཟད། འབྱུང་འགྱུར་ཡང་ཁུལ་དེར་བོད་རིགས་ཡོངས་རྫོགས་མཉམ་རུབ་ཀྱི་ལམ་ནས་བོད་ཀྱི་རྩ་དོན་ཆབ་སྲིད་དང་། ཆོས་རིག་འཛིན་སྐྱོང་དང་ཁྱབ་སྤེལ། གཞོན་རབས་ལ་བོད་ཀྱི་སྐད་ཡིག་རིག་གཞུང་གཙོ་གྱུར་ཤེས་ཡོན་སློབ་གསོ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་སོགས་གང་ཅིའི་ཐོག་འབུར་དུ་ཐོན་པའི་བྱ་བཞག་རླབས་ཆེ་རྒྱུན་ལྡན་དུ་སྤེལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། ༽ཅེས་དང་། ༼ ད་ལམ་ལྷན་ཚོགས་འདིའི་གྲོས་གཞི་ཁག་གི་ནང་བཙན་བྱོལ་མང་གཙོའི་གཞུང་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ལ་རྒྱབ་སྐྱོར་དང་། སྤྱི་སྨན་གྱི་ལས་གཞི་ཁག་གི་ཆེད་དཔལ་འབྱོར་འདུ་འགོད་གནང་ཐབས་སོགས་གལ་གནད་ཆེ་ཞིང་། དུས་ཀྱི་དགོས་མཁོ་དང་འཚམས་པའི་གནད་དོན་ཁག་འཇོག་གནང་མཛད་འདུག་པ་ལྟར་ཚང་མས་བློ་གྲོས་ཀྱི་ནུས་རྩལ་གཅིག་ཏུ་སྤུངས་ཏེ་ཕུག་རྒྱང་རིང་བའི་འཆར་སྣང་ལ་གཞི་བཅོལ་བའི་ལས་འཆར་དང་ཐབས་བྱུས་ཀྱི་གྲོས་ཆོད་དོན་སྙིང་ལྡན་པ་བཞག་སྟེ། ཁུལ་དེའི་བོད་རིགས་ཡོངས་ཀྱི་གོང་བུའི་ནུས་པ་གཅིག་སྒྲིལ་གྱི་ངང་སྤྱི་སྨན་ལས་འགུལ་གྱི་ཤུགས་ཚད་གོང་མཐོར་སྤེལ་བའི་ཡིད་ཆེས་ཡོད། ༽ ཅེས་ཡུ་རོབ་ནང་བོད་རིགས་ཇེ་མང་དུ་ཕྱིན་པ་དེས་བོད་ཀྱི་སྒྲིག་འཛུགས་དང་སྤྱི་ཚོགས་ལས་དོན་སོགས་ལ་མདུན་སྐྱོད་བྱུང་བ་མ་ཟད། ཐེངས་འདིའི་གྲོས་གཞི་ཁག་ནི་ད་ལྟའི་ཆར་དུས་ཀྱི་དགོས་མཁོ་དང་འཚམས་པར་བརྟེན་ཚང་མས་བློ་གྲོས་ཀྱི་ནུས་རྩལ་གཅིག་ཏུ་སྒྲིལ་ནས་དོན་སྙིང་ལྡན་པའི་གྲོས་ཆོད་འཇོག་ཐུབ་པའི་ཐུགས་རེ་གནང་ཡོད་འདུག་ལ། ཡུ་རོབ་སྐུ་ཚབ་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཀྱང་དེ་མཚུངས་གསུང་བཤད་གནང་ཡོད།
སྐུ་མགྲོན་གཙོ་བོ་སྐུ་ཞབས་པ་ཊིར་བྷི་ལོན་ཤེ་ལགས་ཀྱིས་༼ ང་ཡུ་རོབ་ཚོགས་ཆེན་སྟེང་བཅར་ནས་རྒྱལ་ཁབ་མང་པོའི་སྐུ་ཚབ་འཛོམས་ས་འདིར་སྐད་ཆ་བཤད་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་། ང་རྫོང་ཁག་བཅུ་གཅིག་པ་འདིའི་སྤྱི་ཁྱབ་པ་གཅིག་པུ་མིན་པར་ཧྥ་རན་སིའི་གྲོས་ཚོགས་འོག་མའི་འཐུས་མི་དང་། གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོབ་ཚོགས་པའི་ཚོགས་གཞོན་ཡིན། ང་དང་ངའི་རྫོང་ཁག་འདི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན། ནམ་རྒྱུན་ནས་བོད་དོན་དང་འབྲེལ་བའི་ལས་དོན་གང་མང་ཞིག་བྱས་དང་བྱེད་བཞིན་ཡོད། དེ་རིང་རྣམ་པ་ཚོས་ཐུགས་སྣང་བྱུང་ཡོད་ན། རྫོང་ཁག་བཅུ་གཅིག་པ་འདིའི་སྒོ་ཆེན་སྟེང་བོད་ཀྱི་རྒྱལ་དར་བཙུགས་ཡོད། སྒོ་ཆེན་གཡས་ཟུར་གྱི་རྩིག་ངོས་སུ་༼ རྫོང་མཁར་བཅུ་གཅིག་པ། བོད་ཀྱི་རྒྱལ་ས་ལྷ་ས་གྲོང་། ༽ཞེས་པའི་སྒོ་བྱང་བཀལ་ཡོད། བོད་ཀྱི་རྒྱལ་དར་དེ་ལོ་ལྟར་གསུམ་བཅུའི་དུས་དྲན་ཉིན་འཛུགས་གིན་ཡོད་། རྒྱ་ནག་གཞུང་གིས་དེང་རབས་འཛུགས་སྐྲུན་ཞེས་པའི་མིང་སྙན་འོག་བོད་ཀྱི་རྒྱལ་ས་ལྷ་སར་གཏོར་སྐྱོན་གཏོང་གི་ཡོད་རེད། ང་ཚོས་དེ་ལ་ངོ་རྒོལ་དང་གནོན་ཤུགས་སྤྲོད་ཆེད་སྒོ་བྱང་དེ་བཀལ་བ་ཡིན། འདི་ཡང་འཐུས་མི་ཚང་མས་སྤྱི་མོས་ཐོག་ཐག་བཅད་པ་རེད། ལོ་རྒྱུས་ཐོག་རྫོང་ཁག་འདི་གལ་ཆེན་པོ་ཆགས་ཡོད། འདི་ལ་སྒྲུང་མང་པོ་ཞིག་ཡོད་པ་རེད། རྫོང་ཁག་འདི་ཧྥ་རན་སིའི་གསར་བརྗེ་བྱུང་ས་དང་པོ་དང། རང་དབང། འདྲ་མཉམ། མཛའ་སེམས། ཞེས་པའི་ཧྥ་རན་སིའི་གཞུང་འབྲེལ་འབོད་ཚིག་འདི་ཡང་དང་པོ་རྗོང་ཁག་འདི་ནས་བྱུང་བ་རེད། ལོ་རྒྱུས་ཀྱི་དོན་སྙིང་ངེས་ཅན་ལྡན་པའི་ས་གནས་འདིར་ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པ་འདི་ཚོགས་རྒྱུ་བྱུང་བ་དེར་ང་རང་ངོས་ནས་ཧ་ཅང་དགའ་བོ་བྱུང་། འདི་ང་ཚོའི་སྤོབས་པ་ཞིག་དང་གཟི་བརྗིད་ཅིག་ཡིན་བསམ་ཡོད། དེ་རིང་རྣམ་པ་ཚོས་ས་ཆ་གནད་འགག་འདི་འདྲ་ཞིག་ནས་ཚོགས་ཆེན་ཚོགས་པ་དེ་ལས་དོན་གོ་བསྡུར་ཙམ་མིན་པར་མ་འོངས་པར་བོད་རྒྱལ་ཁབ་དང་། མི་མང་ལ་རེ་བ་སྐྲུན་ཐུབ་པ་དེ་འདྲ་ཞིག་ལ་རེ་བ་རྒྱག་གི་ཡོད། ངས་གོང་ནས་ཧྥ་རན་སིའི་གསར་བརྗེ་དང་རྫོང་ཁག་འདིའི་སྒྲུང་བཤད་དོན་རང་དབང་འཐབ་རྩོད་ཀྱི་ལས་རིམ་ཁྲོད་བོད་པ་ཁེར་རྐྱང་མིན་པར་གཞུང་དང་མང་ཚོགས་གང་མང་ཞིག་གིས་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད་པ་དེ་ཡིན། མཉམ་རུབ་ཀྱི་ནུས་ཤུགས་འདི་འདྲ་ལ་བརྟེན་ནས་བོད་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་རྒྱུའི་རེ་བ་དང་སྨོན་ལམ་ཡང་འདེབས་གི་ཡོད། ༽ཅེས་ཁོང་དང་ཁོང་གི་རྫོང་ཁག་བཅུ་གཅིག་པས་བོད་དོན་ལ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད་ལ། ཧྥ་རན་སིའི་གསར་བརྗེ་ལོ་རྒྱུས་དང་འབྲེལ་བོད་མིའི་འཐབ་རྩོད་ཀྱི་ལམ་ཁ་ཡག་ཤོས་གཉིས་སྨན་དབུ་མའི་ལམ་ཡིན་པའི་ངོས་འཛིན་ཀྱང་གནང་གི་ཡོད་ལུགས་གསུངས།
ཚོགས་ཆེན་དངོས་གཞིའི་སྐབས་འཐུས་མི་རྣམས་ཚོགས་ཆུང་ཁག་བགོས་ཀྱིས་ཡུ་རོབ་བོད་རིགས་མི་མང་གི་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་གསལ་འདོན་དང་། རྒྱལ་ཁབ་དང་ས་གནས་སོ་སོར་བོད་ཀྱི་ཆོས་རིག་ཤེས་ཡོན་བརྒྱུད་འཛིན། དང་བླངས་དཔྱ་དངུལ་དང་། རྒྱ་བལ་འབྲུག་གསུམ་གྱིས་གཙོས་བའི་བཙན་བྱོལ་སྤྱི་ཚོགས་ནང་དཔལ་འབྱོར་རོགས་དངུལ་བསྡུ་རུབ། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་གི་བོད་རིགས་ཚོགས་པ་ཚང་མའི་ལས་འགུལ་མཉམ་འབྲེལ་ཡོང་ཐབས་དང་། ཆབ་སྲིད་ལས་འགུལ་སྤེལ་སྟངས་སོགས་ཀྱིས་མཚོན་པའི་གྲོས་གཞི་དོན་ཚན་བཞི་ལྷག་ཐོག་གོ་བསྡུར་དང་སྦྱང་བཤད་བྱས་ཡོད་པ་དང་། གོ་བསྡུར་དང་སྦྱང་བཤད་བརྒྱུད་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ནི་བོད་མི་མང་གི་ངོས་འཛིན་ལྡན་པའི་ཁྲིམས་མཐུན་གྱི་སྲིད་གཞུང་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་འཕྲལ་ཕུགས་ཀྱི་མངོན་འདོད་སྒྲུབ་བྱེད་དབུ་མའི་ལམ་གྱི་སྲིད་བྱུས་ལ་ལྷག་བསམ་འགྱུར་མེད་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་སོགས་ཆབ་སྲིད་དང་འབྲེལ་བའི་གྲོས་ཆོད་ཁག་དྲུག་དང་། ཡུ་རོབ་རྒྱལ་ཁབ་འདྲ་མིན་ནང་འཚར་ལོངས་བྱུང་བཞིན་པའི་མི་རབས་གསར་པ་ཚོར་བོད་ཡིག་སློབ་སྦྱོང་སྤྲོད་ཐབས། བོད་ཡིག་སྦྱོང་བཞིན་པའི་སློབ་ཕྲུག་ཚོར་བོད་ཡིག་འབྲི་ཀློག་དང་གཞས་སྣ་འགྲན་བསྡུར། དབྱར་ཁའི་གུང་གསེང་དང་བསྟུན་སློབ་ཕྲུག་ཚོར་བོད་ཀྱི་རིག་གཞུང་གི་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་སོགས་ཤེས་ཡོན་དང་འབྲེལ་བའི་གྲོས་ཆོད་ཁག་བཞི། ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་དཔལ་འབྱོར་ཡར་རྒྱས་ཐད་ཚང་མས་ལོ་རེར་ཚོགས་དངུལ་གཏན་འབེབ་ལྟར་བསྡུ་རྒྱུ་དང་། ས་གནས་སྲིད་གཞུང་དང་རྫོང་སྡེ་ཁག་གཙོ་བོ་བྱས་ཏེ་འབྲེལ་ཡོད་ཚན་པ་བཅས་ལ་འཆར་གཞི་མཉམ་སྒྲིག་བྱས་ཏེ་དཔལ་འབྱོར་འདུ་འགོད་བྱེད་རྒྱུ། བོད་གཞུང་གི་ལས་འཆར་ངེས་གཏན་ལ་གཞིགས་ཏེ་ལོ་རེར་ཡུ་རོབ་བོད་རིགས་མི་རེའི་ངོས་ནས་བོད་གཞུང་ལ་ཡུ་སྒོར་རེའི་ཞལ་འདེབས་འབུལ་རྒྱུ་སོགས་དཔལ་འབྱོར་དང་འབྲེལ་བའི་གྲོས་ཆོད་ཁག་བདུན། ཡུ་རོབ་སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པ་ཁག་ཟུང་འབྲེལ་གྱིས་དཔྱ་ཁྲལ་འབུལ་མི་མང་དུ་གཏོང་རྒྱུ། དཔྱ་ཁྲལ་འབུལ་མི་ཇེ་མང་དུ་ཡོང་ཐབས་ལ་བཙན་བྱོལ་གཞུང་ནས་ད་ཡོད་ཀྱི་དཔྱ་ཁྲལ་དཀའ་ངལ་སེལ་ཆེད་དམིགས་བསལ་ཐུགས་སྣང་ཡོང་རྒྱུར་རེ་སྐུལ་ཞུ་རྒྱུ་སོགས་ལག་དེབ་ལྗང་ཁུ་དང་འབྲེལ་བའི་གྲོས་ཆོད་ཁག་བཞི། ཡུ་རོབ་བོད་རིགས་ཚོགས་པའི་འབྲེལ་ལམ་དང་ལས་འགུལ་གོང་འཕེལ་ཡོང་སླད་ཚོགས་གཙོ་རྣམས་ཀྱིས་དྲ་ལམ་ནས་ཟླ་རེར་ཚོགས་འདུ་རེ་བསྐོང་རྒྱུ་དང་། དབྱར་ཁའི་གུང་གསེང་སྐབས་ས་གནས་རང་ནས་བྱིས་པའི་རིག་གཞུང་དུས་སྟོན་གོ་སྒྲིག་གམ། ཡང་ན་ཡུ་རོབ་བོད་རིགས་ཚོགས་པ་ཁག་རེས་མོས་མཉམ་འབྲེལ་གྱིས་ས་གནས་གཅིག་ཏུ་འཛོམས་ནས་བྱིས་པའི་རིག་གཞུང་དུས་སྟོན་གོ་སྒྲིག་བྱ་རྒྱུ་སོགས་ལས་འགུལ་མཉམ་འབྲེལ་གོང་འཕེལ་དང་འབྲེལ་བའི་གྲོས་ཆོད་ཁག་བཞི། བོད་རིགས་ཚོགས་པ་ཁག་དང་རང་གཞུང་སྐུ་ཚབ་དོན་གཅོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་མཉམ་རུབ་ཀྱིས་ལོ་གཅིག་ནང་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ། ལོ་གཉིས་རེའི་མཚམས་སུ་ཡུ་རོབ་བོད་རིགས་ཚོགས་པ་ཁག་མཉམ་འབྲེལ་གྱིས་ས་གནས་གཅིག་ཏུ་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་བཞིན་པ་དེ་རྒྱུན་འཁྱོངས། ཡུ་རོབ་ས་གནས་ཁག་ཏུ་བོད་རྒྱ་མཐུན་ཚོགས་གསར་འཛུགས་ཆེད་ས་གནས་རྒྱ་རིགས་མི་སྣ་ཁག་དང་འབྲེལ་ལམ་གོང་འཕེལ་བཏང་སྟེ་བོད་དོན་གོ་རྟོགས་དང་རིག་གཞུང་བརྗེ་རེས་བྱ་རྒྱུ་སོགས་ཆབ་སྲིད་ལས་འགུལ་དང་འབྲེལ་བའི་གྲོས་ཆོད་ཁག་བཞི་སྟེ་ཁྱོན་བསྡོམས་གྲོས་ཆོད་ཁག་ཉེར་དགུ་ལ་སྤྱི་མོས་དང་མང་མོས་ཀྱི་ལམ་ནས་གཏན་འབེབ་གནང་ཡོད་འདུག དེ་བཞིན་ཚོགས་འདུའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་པ་སྐུ་ཞབས་ཝན་སང་མ་ཏེ་ལགས་ཀྱིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལམ་ལུགས་ངོ་སྤྲོད་དང་། ཡུ་རོབ་ནང་བོད་དོན་ལས་འགུལ་སྤེལ་ཕྱོགས་ཐད་གསུང་བཤད་དང་། ཕ་རི་སིའི་ས་ཁུལ་བདུན་པའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ཧན་རེ་ཨོ་ཌིན་ལགས་ཀྱིས་༼ བོད་མི་ཚོས་རྗེའུ་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ནས་བསླབ་བྱ་གང་ལེན་ཐུབ་བམ། ༽ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། ཡུ་རོབ་སྤྱི་འཐུས་འོས་མི་བཞིས་སྤྱི་འཐུས་འོས་བསྡུའི་ཐད་བགྲོ་གླེང་གནང་ཡོད་འདུག
ཡུ་རོབ་བོད་རིགས་མི་མང་གི་ཚོགས་ཆེན་དང་པོ་དེ་ཕྱི་ལོ་ཉིས་སྟོང་བརྒྱད་ཀྱི་ཟླ་བཅུ་བའི་ནང་སུད་སི་གྲོང་ཁྱེར་སྦི་སེལ་དུ་འཚོགས་ཡོད་པ་དང་། སྐབས་དེར་ཡུ་རོབ་རྒྱལ་ཁབ་བཅོ་ལྔའི་བོད་རིགས་ཚོགས་པའི་སྐུ་ཚབ་ ༡༢༠ ལྷག་ལྷན་འཛོམས་གནང་ཡོད་འདུག ཚོགས་ཆེན་ཐེངས་དང་པོའི་སྐབས་ཡུ་རོབ་བོད་རིགས་ཚོགས་པ་ཁག་མཉམ་འབྲེལ་གྱི་ཚོགས་པ་གསར་པ་ཞིག་གམ། ཡང་ན་ལས་ཁུངས། རྒྱུན་ལས་ལྟ་བུ་སོགས་ཟུར་དུ་འཛུགས་རྒྱུར་གྲོས་འཆམ་བྱུང་མེད་ནའང་། ཚོགས་ཆེན་བསྐོང་རྒྱུ་གལ་ཆེན་པོ་ཡིན་སྟབས་ལོ་གཉིས་རེའི་མཚམས་ཚོགས་ཆེན་ཐེངས་རེར་ཚུགས་རྒྱུར་མང་མོས་གྲོས་འཆམ་བྱུང་ཡོད་འདུག ཐེངས་འདིའི་ཚོགས་ཆེན་སྟེང་སུད་སི་དང་། འཇར་མན། སུ་ཝེ་ཌན་གསུམ་ནས་དངོས་སུ་ཚོགས་བཅར་བ་ཕེབས་ཐུབ་མེད་ནའང་། ཨོ་སི་ཊི་རེ་ཡ་དང་། བྷེལ་ཇམ། ཧོ་ལན་ཌི། སི་པན། ཨེར་ལན་ཌི། ཨེ་ཊ་ལི། ནོར་ཝེ། དབྱིན་ལན། ཌན་མག ཧང་གྷ་རི། པོ་ལན་ཌི། ཧྥ་རན་སི་སོགས་རྒྱལ་ཁབ་བཅུ་གཉིས་ཀྱི་བོད་རིགས་ཚོགས་པའི་སྐུ་ཚབ་བཞི་བཅུ་ཞེ་དྲུག་ཕེབས་ཡོད་པ་དང་། དེ་བཞིན་འཇར་མན་དང་། བྷེལ་ཇམ། སུད་སི་སོགས་ནས་ཟུར་ཉན་པ་ལྔ་བཅུ་ལྷག་དང་། སུད་བོད་མཛའ་འབྲེལ་ཚོགས་པ་དང། ཡུ་རོབ་བོད་ཀྱི་ས་གནས་གཞོན་ནུ་ཚོགས་པ་སོགས་ཚོགས་པ་ཁག་ཅིག་ཟུར་ཞུགས་ཀྱི་ཚུལ་དུ་ཕེབས་ཡོད་འདུག ཧྥ་རན་སིའི་བོད་རིགས་ཚོགས་པའི་ཟློས་གར་དང་། བོད་ཀྱི་དཔལ་ཡོན་སློབ་གྲྭའི་བུ་ཕྲུག་རྒན་པ་ཚོ། ལི་ཐང་སྐྱིད་སྡུག་ཚོགས་པ། བརྒྱ་དང་བཅོ་ལྔའི་རོལ་གཞས་ཚོགས་པ། བློ་བརྟན་རྣམ་གླིང་སོགས་ཚོགས་པ་དང་མི་སྒེར་ཁག་ཅིག་གིས་ཚོགས་བཅར་བ་ཚོར་ཞབས་གཞས་གཟིགས་འབུལ་ཞུས་ཡོད་པ་དང་། ཚོགས་ཆེན་ཐེངས་གསུམ་པ་དེ་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་བའི་ནང་སི་པན་དང་། ཨེ་ཊ་ལི། བྷེལ་ཇམ་གསུམ་གང་རུང་ནང་འཚོག་གཏེན་འཁེལ་ཡོད་འདུག
གསར་འགོད་པ། ཟླ་བ་ཚེ་རིང་།
ཅོ་རི་ལགས། ཉིད་ཀྱི་ན་ཚ་གསུམ་ངོས་འཛིན་བཅོས་ཐབས་གཤམ་གསལ།
ན་ཚ་གསུམ་ངོས་འཛིན།
དང་པོ། བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་གི་ཐ་སྙད་འདི་བོར་སོང་བའི་སྡུག་བསྔལ་གྱི་ན་ཚ་དང་གཅིག
གཉིས་པ། རང་བཙན་ལག་དེབ་ཤི་སོང་བའི་སྡུག་བསྔལ་གྱི་ན་ཚ་དང་གཉིས།
གསུམ་པ། ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་དུ་བོད་ཀྱི་རྒྱལ་དར་ཡར་ལངས་བསྡད་ཡོད་པ་རྣམས་མར་ལོག་ཡོང་བསམ་པའི་འཇིག་སྐྲག་གི་སྡུག་བསྔལ་གྱི་ན་ཚ་དང་གསུམ་ཡིན་པ་དང་། ན་ཚ་གསུམ་པོ་འདིར་ངོ་སྤྲོད་དང་ན་ཚ་འདིར་གསུམ་ལ་ཕན་པའི་སྨན་ཞིག་གནང་རོགས་ཟེར་བ་དང་། ན་ཚ་འདི་འདྲ་ཡོད་པ་ང་གཅིག་པོར་མིན་པར་མི་མང་པོ་ཞིག་ལ་ཡོད་པའི་བཟོ་འདུག་པས་སྨན་གྲ་སྒྲིག་བྱས་ན་དགའ་ས་རེད་མ་གཏོགས་ཤི་མཁན་ང་གཅིག་པོ་ཡིན་ས་མ་རེད་སོགས་བརྗོད་འདུག་པས་ངས་བསམ་ན་དེ་ལ་སྨན་བཅོས་འདི་ལྟར་བྱས་ན་སྙམ།
ན་ཚ་གསུམ་གསོ་ཐབས།
༡༽ བཙན་བྱོལ་གཞུང་ཞེས་པའི་མིང་ཚིག་གི་ཐ་སྙད་བོར་སོང་སྙམ་པ་ནི་ཉིད་རང་ལ་ཚ་བ་ཤུགས་ཆེན་ཕོག་ཡོད་པས་འཆོལ་བ་ཡིན་གྱི་རེད། བཙན་བྱོལ་གཞུང་ནི་ད་ལྟ་ཕྲ་རོག་གེར་བཞུག་ཡོད་པ་མ་ཟད་རང་དབང་མང་གཙོའི་ལམ་དུ་བསྐྱོད་ནས་དེང་སང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱི་སྤྱི་འཐུས་དང་། སྐབས་གསུམ་པའི་བཀའ་བློན་ཁྲི་པའམ་སྲིད་བློན་གྱི་སྔོན་འགྲོའི་འོས་བསྡུ་ཟིན་ནས་དངོས་གཞིར་འཇུག་ལ་ཉེ་བས་རྣམ་རྟོག་དང་འཕྲུལ་སྣང་ཞི་བར་བྱས་ནས་ཐུགས་བདེ་མོར་བཞུགས་དང་ནད་དང་པོ་དེ་སེང་དྲག་འགྲོ་ངེས།
༢༽རང་བཙན་ལག་དེབ་ཤི་སོང་བའི་སྡུག་བསྔལ་གྱི་ནད་ནི་གཞི་མེད་རང་རེད། ངས་བཀའ་འདྲི་ཞུ་རྒྱུར། ཁྱེད་ནས་ད་བར་དང་བླངས་དཔྱ་ཁྲལ་ལག་དེབ་ལྗང་ཁུ་དེ་བཟོས་ཡོད་མེད། བཟོས་ཡོད་ན།༡༩༧༢ལོ་ནས་ད་བར་ཆད་མེད་ཕུལ་ཡོད་དམ་མེད། གལ་སྲིད་ཕུལ་དང་འབུལ་བཞིན་པ་ཡིན་ན་རང་བཙན་ལག་དེབ་ཤི་ཡོད་མ་རེད། གལ་སྲིད་འབུལ་གྱི་མེད་ན་ཁྱེད་རང་སྒེར་ངོས་ལ་ཤི་བ་དང་མཚུངས་པས་འཕྲལ་དུ་ལག་དེབ་གསར་པ་ཞུས་ནས་བོད་རིགས་སྤྱི་འདྲེ་ལྟར་དང་བླངས་དཔྱ་ཁྲལ་ལེ་མེད་འབུལ་རྐྱང་གནང་ན་ལག་དེབ་ཤི་བའི་ན་ཚ་ལས་གྲོལ་ངེས། དང་བླངས་དཔྱ་ཁྲལ་ནི་བསམ་མེད་ཅོལ་ཆུང་རེ་གཉིས་ལས་བོད་རིགས་ཕལ་ཆེ་བས་འབུལ་བཞིན་པ་ཡིན། ཡང་ངས་ཤེས་ཚོད་ལ་རང་དབང་བདེན་པའི་ལས་འགུལ་དང་དང་བླང་དཔྱ་ཁྲལ་ཟེར་བ་ལས་རང་བཙན་ལས་འགུལ་དང་རང་བཙན་ལག་དེབ་ཟེར་བ་ཡིག་ཆའི་ཐོག་ཏུ་མཐོང་མ་མྱོང་། མང་ཚོགས་ཁྲོད་ཁ་རྒྱུན་ལ་རང་བཙན་ལག་དེབ་ཟེར་མཁན་ཡོད་པ་ངོ་མ་རེད།
༣༽ ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་དུ་བོད་ཀྱི་རྒྱལ་དར་ཡར་ལངས་བསྡད་ཡོད་པ་རྣམས་མར་ལོག་ཡོང་བསམ་པའི་འཇིག་སྐྲག་གི་སྡུག་བསྔལ་གྱི་ན་ཚ་དེར་ཁྱེད་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཡོད་པའི་ཆ་ནས་ལངས་བསྡད་ཡོད་པའི་རྒྱ་དེ་མར་མི་ལོག་པའི་ཐབས་ཤེས་བོད་རིགས་སྤྱི་འདྲེ་ལྟར་རང་ནུས་ཕུང་ལྔས་གང་ལྕོགས་འབད་བརྩོན་གནོངས་དང་བརྟན་དུ་འགྲོ་བ་ལས་མར་ལོག་གི་མ་རེད། དེ་ལས་ལྡོག་སྟེ་ག་ས་ག་ལ་ཚིག་ངན་དང་གཞི་མེད་སྐྱོན་བརྗོད་དང་དཀྲུག་ཤིང་ཁོ་ན་བྱེད་པ་དང་། ལངས་བསྡད་ཡོད་པའི་རྒྱ་དར་རྣམས་མར་འཐེན་གང་ཐུབ་བྱས་ན་ཁྱེད་ཀྱི་ན་ཚ་དྲག་ཐབས་གཏན་ནས་མེད་ལ་ལམ་སེང་མ་ཤི་བར་སྡུག་པོ་སྣ་དགུ་མཐོང་ངེས། འདི་ནི་ལས་འབྲས་ཀྱི་རང་གཤིས་ལགས།
ཅོ་རིའི་བ་
ང་ཚོའི་ཁ་བཏད་དབུས་ཙང་དང་མདོ་སྨད་ལ་མ་རེད་ བོད་ནང་གི་བོད་མི་བསམ་ཡོད་ཞིག་གིས་སྐད་ཆ་དེ་ལ་ཉན་དང་། ཉམ་ང་བའི་ང་ཚོ་མི་རིགས་འདིའི་བདེ་སྡུག་དང་། མ་འོངས་པའི་མདུན་ལམ་བསམ་ན། བོད་མདོ་དབུས་ཁམས་གསུམ་གྱིས་མཐུན་པའི་ལག་རྡང་སྤྲེལ། རྡོག་རྩ་གཅིག་སྒྲིལ་བྱོས།
ནུབ་ཕྱོགས་ཕོ་ཉ་ལགས།
བཙན་བྱོལ་བོད་གཞུང་ཞེས་པའི་ཚིག་གི་ཐ་སྙད་འདི་བོར་འགྲོ་ས་བཀའ་བློན་ཁྲི་པའི་ཁ་ནས་རེད། དེ་ཙམ་ཡང་ཤེས་མ་སོང་ངམ།
རང་བཙན་ལག་དེབ་ཤི་ནས་ཡང་སྲིད་དངས་བླངས་བཅའ་ཁྲལ་ཟེར་བའི་ཕྲུ་གུ་ཞིག་སྐུ་བདག་བརྒྱབས་ནས་མི་ལོ་འགའ་རེ་འགྲོ་ཚར་བ་རེད། རང་བཙན་ལག་བདེ་བསད་མཁན་ང་དང་ང་འདྲ་བའི་བོད་མི་ཚོ་རེད་ཟེར་བའི་སྐད་ཆ་འདིར་སྨྱོན་གཏམ་ཞིག་རེད་འདུག་་་་་ཧཧཧ
བོད་ཀྱི་རྒྱལ་དར་ཡར་ལངས་དགོས་ས་གཙོ་བོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་རེད། གཉིས་ནས་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁག་གི་ནང་དུ་རེད། དེ་ཙམ་ཡང་ཤེས་ཀྱི་མེད་པར་ང་ཅོ་རི་ལ་ཟུར་ཟ་མ་བྱེད་རོགས་གྲོགས་པོ།
བོད་ནང་གི་རྡོག་རྩ་གཅིག་སྒྲིལ་དགོས་པའི་གླུ་ཚིག་འདིར་ཉན་དགོས་མཁན་གཙོ་བོ་མདོ་ཁམས་བཞི་ཆུ་སྒང་དྲུག་དང་འབྲེལ་བ་མི་བྱེད་པའི་གྲོས་ཆོད་བཞག་མཁན་དབུས་གཙང་གི་རྒྱུན་ལས་མི་ངན་དེ་ཚོ་ལ་སྤྲོད་ལྭོ།
ཅོ་རི་ཉི་མ་ལགས།
ཧ་ཧ་ཧ་ བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་གི་ཐ་སྙད་འདི་ག་དུས་བོར་སོང་བ་རེད་། མཛའ་བུ་གླིང་འདི་ལ་བོད་tibet ལྷག་ཡོད་པ་༧གང་ས་མཆོག་དང་ བཙན་བྱོལ་བོད་གཞུང་མིང་ཚིག་ཡོད་བའི་བཀའ་དྲིན་རེད་།
གཉིས་པ་རང་བཙན་ལག་བདེ་ཁྱོད་རང་གི་དཔྱལ་ཁྲལ་མ་ཕུལ་ནས་ཤི་སོང་བ་རེད་། དེའི་ན་ཚ་དེ་ཀླད་པའི་ན་ཚ་རེད་ཁྱོད་དང་ཁྱོད་འདྲ་ཁག་གཅིག་ལ་ན་ཚ་དེ་ཡོད་རེད་། དེ་ལ་ཕན་པའི་སྨན་སོ་སོའི་བཟོ་རྒྱུ་རེད
གསུམ་པ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བོད་པའི་རྒྱ་དར་ཡར་ག་ཚད་ལངས་མར་ག་ཚད་ལོག་ཀྱང་ཁྱེད་པར་མི་འདུག་
བོད་པའི་རྒྱ་དར་བོད་ནང་ལ་ལངས་དགོས་པ་རེད་གྲོག་པོ། ཁྱོད་ཀྱི་ན་ཚ་དེ་བོད་ནང་ལ་འབྲེལ་མི་འདུག
གཞི་ལུས་བོད་མི་རྣམས་ཀྱིས་དངོས་འདོད༧་རྒྱ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཡོད་ བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ཡོད་ བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཡོད་ཞེས་སྐད་འབོད་རྒྱག་ཡོད་རེད་།
ངས་འདེར་ལ་བོད་ནང་གི་བཞས་ཚིག་ཁག་ཅིག་ངོ་སྤྲོད་བྱེད་གི་ཡིན གཅིག་བྱས་ན་ན་ཚ་ལ་ཕན་ཡོང་།
མདོ་དབུས་ཁམས་གསུམ་ཁྱིམ་རྒྱུད་གཅིག་རེད། ང་ཚོ་ཚང་མའི་ལས་དབང་གཅིག་རེད།
མཛའ་བརྩེའི་མེ་ཏོག་མཉམ་བཞད། མཐུན་པའི་ལག་རྡང་མཉམ་སྤྲེལ། མཐུན་པའི་ལག་རྡང་སྤྲེལ། གོམ་ཁ་ཡར་ལ་ཕྱོགས། མི་རིགས་ཤིག་གི་མདུན་ལམ་བསམ་ན། ཆོལ་ཁ་གསུམ་པོ་མཐུན་སྒྲིལ་བྱེད་དགོས།
མདོ་དབུས་ཁམས་གསུམ་ཁྱིམ་རྒྱུད་གཅིག་རེད། ང་ཚོ་ཚང་མའི་ལས་དབང་གཅིག་རེད།
ཁ་བ་བོད་པ་ཚོ། རྡོག་རྩ་གཅིག་སྒྲིལ་བྱོས མདོ་དབུས་ཁམས་གསུམ་ཁྱིམ་རྒྱུད་གཅིག་རེད། ང་ཚོ་ཚང་མའི་ལས་དབང་གཅིག་རེད། མཐུན་པའི་ལག་རྡང་སྤྲེན་ནས་ཤོག གོམ་ཁ་ཡར་ལ་ཕྱོགས་ནས་ཤོག
ཉམ་ང་བའི་ང་ཚོ་མི་རིགས་འདིའི་བདེ་སྡུག་དང་། མ་འོངས་པའི་མདུན་ལམ་བསམ་ན། བོད་མདོ་དབུས་ཁམས་གསུམ་གྱིས་མཐུན་པའི་ལག་རྡང་སྤྲེལ། རྡོག་རྩ་གཅིག་སྒྲིལ་བྱོས།
གསར་འགོད་པ་ཟླ་ཚེ་ལགས། བཀའ་དྲིན་ཆེས། ད་ཚོགས་འདུ་འདིར་དོ་སྣང་ཡོད་མཁན་ཚོས་གྲོས་ཆོད་ཀྱི་ངོ་གདོང་མ་ཐོས་མ་རིག་ཟེར་ས་མེད་པ་ཆགས་འདུག
ནུབ་ཕྱོགས་ཕོ་ཉ་མཆོག
ཁྱེད་ཀྱིས་ང་ཅོ་རིའི་ན་ཚ་འདིར་ཡག་པོ་ཞིག་ངོས་འཛིན་ཐུབ་མི་འདུག་ལགས། ངའི་ན་ཚ་འདི་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་གི་ཐ་སྙད་འདི་བོར་སོང་བའི་སྡུག་བསྔལ་གྱི་ན་ཚ་དང་གཅིག
གཉིས་པ་རང་བཙན་ལག་བདེ་ཤི་སོང་བའི་སྡུག་བསྔལ་གྱི་ན་ཚ་དང་གཉིས། གསུམ་པ་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་དུ་བོད་ཀྱི་རྒྱལ་དར་ཡར་ལངས་བསྡད་ཡོད་པ་རྣམས་མར་ལོག་ཡོང་བསམ་པའི་འཇིག་སྐྲག་གི་སྡུག་བསྔལ་གྱི་ན་ཚ་དང་གསུམ་རེད།
ཕོ་ཉ་ལགས་ཁྱེད་ཀྱིས་ངའི་ན་ཚ་གསུམ་པོ་འདིར་ངོས་སྤྲོད་དང་ན་ཚ་འདིར་གསུམ་པོར་ཕན་པའི་སྨན་ཞིག་གནང་རོགས་ཞེས་ཞུ་རོགས། ན་ཚ་འདི་འདྲ་ཡོད་པ་ང་གཅིག་པོར་མིན་པར་མི་མང་པོ་ཞིག་ལ་ཡོད་པའི་བཟོལ་འདུག་པས་སྨིན་གྲལ་སྒྲིག་བྱེད་ན་དགའ་ས་རེད་མ་གཏོགས་ཤི་མཁན་ང་གཅིག་པོ་ཡིན་ས་མ་རེད་ད།ཞེས་ཞུ་རོགས།
ཞོར་དུ་གསར་འགོད་པ་ཟླ་བ་ཚེ་རིང་ལགས་ལ་གནས་ཚུལ་མཁོ་སྤྲད་གནང་བར་བཀའ་དྲིན་ཆེ་ཞུ།
ཀླུ་མཁར་བྱམས་གྱིས་རེ་སྐུལ་དང་། ཐུགས་སྣང་ཅན་ཚོར་ཕན་ཕྱིར་ཐེངས་འདིའི་ཚོགས་ཆེན་སྟེང་ཐག་གཅོད་བྱུང་བའི་གྲོས་ཆོད་ཁག་འགོད་རྒྱུ་ཡིན། གྲོས་ཆོད་རྣམས་བོད་དབྱིན་ཡིག་རིགས་གཉིས་ནང་ཡོད་པ་དང་། གྲོས་དོན་རེ་འགའ་དང་རྗོད་ཚིག་འགའ་ཤས་ལ་སྐད་ཡིག་གཉིས་བར་ཁྱད་པར་ཤོར་འདུག་མོད། ཚོགས་ཆེན་གཙོ་སྐྱོང་བས་དེ་རིགས་མཐའ་མའི་ཁུངས་བཅོལ་ས་དང་ཐོ་གཏུགས་ས་བོད་ཡིག་གི་ཆོད་དོན་ཁག་ཡིན་པའི་གསལ་བཤད་གནང་བ་ལྟར་འདིར་དེ་དོན་གསལ་འདེབས་ཞུ་བ་ཡིན། ༄༅། །ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད།
སྔོན་གླེང༌།
ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༠ ཟླ་བ་ ༡༠ ཚེས་ ༡༦ དང་ ༡༧ ཉིན་གཉིས་རིང་པེ་རི་སི་གྲོང་ཁྱེར་གྱི་རྫོང་ཁག་ ༡༡ གི་གཞུང་འབྲེལ་མཛད་སྒོ་ཚོགས་ཁང་དུ་ཚོགས། ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་འདི་བཞིན་ལོ་གཉིས་ནང་བོད་རིགས་ཚོགས་པ་ཡོངས་རྫོགས་ཀྱི་སྤྱི་ཁྱབ་ཚོགས་འདུ་ཞིག་སྟེ། དེའི་རྩ་བའི་དམིགས་ཡུལ་ནི། བོད་ཀྱི་མཐུན་མོང་མ་ཡིན་པའི་ཕ་ནོར་རིག་གཞུང་རྒྱུན་འཛིན་དང་དར་ཁྱབ། ཡུ་རོབ་ནང་གནས་བཞུགས་བོད་རིགས་ཡོངས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང༌། ལེགས་བྱང༌། མང་གཙོའི་ལམ་ལུགས། ཁྲིམས་ཀྱི་དབང་བསྒྱུར་གོ་རྟོགས། གནས་སྡོད་ཡུལ་ལུང་གི་ཡུལ་མི་དང་བོད་རིགས་དབར་མཐུན་ལམ་ཡོང་བ་སོགས་ཀྱི་ལས་སྒོའི་མཐུན་རྐྱེན་བསྐྲུན། ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་དང་པོའི་གྲོས་ཆོད་ཁག་དང༌། ལས་དོན་འཆར་འགོད་ཁག་ལ་བསྐྱར་དུ་ཐུགས་སྣང་གཞེན་བསྐུལ།
ཆབ་སྲིད་དང་འབྲེལ་བའི་སྐོར།
༡ ཧྥ་རན་སིའི་རྒྱལ་ས་པ་རེ་སིར་ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་འདུར་ངོ་བཅར་རྒྱལ་ཁབ་བཅུ་གཉིས་ནས་ཕེབས་པའི་སྐུ་ཚབ་ཚང་མས་བློ་སེམས་མགྲིན་དབྱངས་གཅིག་གི་སྒོ་ནས་བསྒྲགས་དོན། བོད་གངས་ཅན་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་མང་གཙོའི་ལམ་ལུགས་སུ་བསྐྱོད་བཞིན་པའི་བཙན་བྱོལ་བོད་གཞུང་ནི་བོད་རྒྱལ་ཁབ་དང་མི་མང་གིས་ངོས་འཛིན་ལྡན་པའི་ཁྲིམས་མཐུན་གྱི་སྲིད་གཞུང་ཁོ་ན་ཡིན། སྤྱི་མོས།
༢ དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་གཞིས་བྱེས་གཉིས་སུ་འཁོད་པའི་བོད་མི་མང་གི་འཕྲལ་ཕུགས་ཀྱི་མངོན་འདོད་སྒྲུབ་པར། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་རང་གཞུང་གི་བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་སྒྲུབ་ཐབས་ཀྱི་སྲིད་བྱུས་ཞིག་ཡིན་སྟབས། ཡུ་རོབ་གནས་སྡོད་བོད་རིགས་ཚང་མས་སྲིད་བྱུས་དེར་ལྷག་བསམ་འགྱུར་མེད་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ། སྤྱི་མོས།
༣ ཡུ་རོབ་བཅར་བཞུགས་བོད་རིགས་མི་མང་ཀུན་གྱིས་རྡོག་རྩ་ཆིག་སྒྲིལ་སྒོ་ནས། རང་གཞུང་གི་དབུ་ཁྲིད་འོག་ཤར་བསྐྱོད་བྱ་རྒྱུར་སླར་ཡང་དམ་བཅའ་བརྟན་པོ་ཞིག་འཇོག་རྒྱུ། སྤྱི་མོས།
༤ བོད་གཞུང་མང་གི་གནས་སྐབས་ཀྱི་ཁ་གཏད་གཅོག་ས་ནི་རྒྱ་དམར་གཞུང་གི་རྒྱ་རིགས་ཆེན་པོའི་ལྟ་སྤྱོད་ལ་གཞི་བཅོལ་བའི་བོད་ལ་འཛིན་པའི་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་དང་། དཔལ་འབྱོར་བཤུ་ཞོགས་ཀྱི་སྲིད་བྱུས། དེ་མིན་འདས་པའི་ལོ་ངོ་ ༥༠ ལྷག་རིང་བོད་ཀྱི་ཞི་བའི་མི་སེར་ཚོར་མཇུག་རྫོགས་རྒྱུ་མེད་པའི་དྲག་གནོན་གྱི་སྲིད་བྱུས་དེ་དག་ཡིན་སྟབས། བོད་མི་ཚོས་ཕྱི་ནང་གི་དགྲ་གཉེན་དབར་གྱི་ཁྱད་པར་ལེགས་པར་ཕྱེས་ཏེ་མི་མང་གི་ཆིག་སྒྲིལ་གྱི་ནུས་སྟོབས་གོང་མཐོར་བཏང་སྟེ། རྒྱ་གཞུང་གིས་བོད་ལ་ཉམས་རྒུད་གང་བྱས་དང་ བྱེད་བཞིན་པ་དག་ལ་མཐའ་གཅིག་ཏུ་ཆོད་སེམས་བརྟན་པོས་ངོ་རྒོལ་བྱ་རྒྱུ། སྤྱི་མོས།
༥ དེང་སང་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོར་གོ་བ་ལོག་སྒྲུབ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མང་གཙོ་དབར་གདམ་ཀ་ཟེར་བའི་ཀླད་མེད་ཀྱི་འཆལ་གཏམ་སྤེལ་མཁན་དེའི་རིགས་ལ་མང་ཚོགས་ཀྱིས་རྩ་བ་ཉིད་ནས་མགོ་འཁོར་མི་རུང་། མང་མོས།
༦ རྒྱ་ནག་གཞུང་གིས་བོད་པའི་སྤྱི་ཚོགས་ནང་གསང་འཛུལ་བྱས་ཏེ་བོད་གཞུང་དང་མི་མང་དབར། ཡང་ན་མི་མང་ཕན་ཚུན་དབར་ཁ་བྲལ་གྱི་ལས་འགུལ་བརྩམས་དང་རྩོམ་བཞིན་པའི་སྐབས་འདིར། ཡུ་རོབ་ཁུལ་དུ་རྒྱ་དམར་གཞུང་ཚབ་ཁག་གིས་བོད་དབང་བསྒྱུར་རྒྱུན་འཁྱོངས་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་པའི་དྲིལ་བསྒྲགས་ལོག་པའི་མཛད་སྒོ་དང་ཐུགས་སྤྲོར་བོད་རིགས་མཉམ་ཞུགས་བྱེད་མཁན་ལ་སྔོན་འགོག་དང་མང་ཚོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ། སྤྱི་མོས།
༧ བོད་རིགས་ཚོགས་པ་ཁག་དང་སྦིར་སལ་རང་གཞུང་སྐུ་ཚབ་དོན་གཅོད། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁང་མཉམ་རུབ་ཀྱིས་ལོ་གཅིག་ནང་ཡུ་རོབ་གྲོས་ཚོགས་འཐུས་མི་ཚོའི་སར་བོད་དོན་ཆེད་ཞུ་གཏུགས་ཀྱི་ལས་འགུལ་ཞིག་དངོས་སུ་སྤེལ་རྒྱུ། སྤྱི་མོས།
ཤེས་ཡོན་དང་འབྲེལ་བའི་སྐོར།
༡ ཡུ་རོབ་རྒྱལ་ཁབ་འདྲ་མིན་ནང་འཚར་ལོངས་བྱེད་བཞིན་པའི་མི་རབས་གསར་པ་ཚོ་བོད་ཡིག་སློབ་སྦྱོང་སྤྲོད་ཕྱོགས་ཐད། བོད་རིགས་ཚོགས་པ་ཁག་གི་འགན་འཛིན་དང་། སློབ་གསོ་དང་འབྲེལ་ཡོད་དགེ་རྒན་དང་ལས་བྱེད་སོགས་ལོ་གཉིས་ནང་སྤྱི་ཁྱབ་ཚོགས་འདུ་ཞིག་འཚོགས་ཏེ་ལས་དོན་ཡར་རྒྱས་དང་ཚགས་ཚུད་ཡོང་ཕྱིར་འབད་བརྩོན་བྱ་རྒྱུ། སྤྱི་མོས།
༢ བོད་ཡིག་སྦྱོང་བཞིན་པའི་སློབ་ཕྲུག་ཚོའི་བར་ལ་བོད་ཡིག་འབྲི་ཀློག་དང་གཞས་སྣ་འགྲན་བསྡུར་གྱི་དུས་སྟོན་དེ་འདྲ་གོ་སྒྲིག་བྱ་རྒྱུ། སྤྱི་མོས།
༣ བོད་ཡིག་སྦྱོང་བཞིན་པའི་སློབ་ཕྲུག་ཚོར་དབྱར་ཁའི་སློབ་གྲྭའི་གུང་གསེང་སྐབས་དང་སྟབས་བསྟུན་ཏེ། བོད་ཀྱི་རིག་གཞུང་ཟབ་སྦྱོང་གི་ལས་རིམ་བདུན་ཕྲག་གཉིས་ལས་མི་ཉུང་བ་གོ་སྒྲིག་བྱ་རྒྱུ།
༤ ཡུ་རོབ་བོད་རིགས་མི་མང་ཚོའི་ཆེད་དུ་བོད་ཚོགས་དང་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ཟུང་འབྲེལ་གྱིས་སྒོ་ནས་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་བགྲོ་གླེང་གི་ལས་གཞི་བང་རིམ་བསྒྲིགས་ཏེ་མང་ཚོགས་ཁྲོད་ནང་ཆོས་གོ་རྟོགས་གོང་མཐོར་གཏོང་རྒྱུ། སྤྱི་མོས།
དཔལ་འབྱོར་སྐོར།
༡ ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་དཔལ་འབྱོར་ཡར་རྒྱས་ཐད་ཚོགས་པ་ཚང་མས་ལོ་རེར་ཚོགས་དངུལ་གཏན་འབེབ་ལྟར་ངེས་པར་དུ་བསྡུ་རྒྱུ། སྤྱི་མོས།
༢ ཡུ་རོབ་བོད་རིགས་ཚོགས་པའི་ཚོགས་དངུལ་བསྡུ་རུབ་ལས་སླ་བོའི་ཡོང་ཆེད། དངུལ་ཁང་བརྒྱུད་བོད་རིགས་ཚོས་དངུལ་ཁང་འཛིན་བྱང་ཨང་ཀིའི་སྟེང་ཚོགས་མི་ཚོས་དྭངས་བླངས་ཀྱིས་ཐད་གཏོང་བྱ་རྒྱུ། སྤྱི་མོས།
༣ ཡུ་རོབ་བོད་རིགས་ཚོགས་པས་ས་གནས་ཀྱི་གཞུང་དང་། རྫོང་སྡེ་ཁག་གཙོ་བོ་བྱས་ཏེ་འབྲེལ་ཡོད་ཚན་པ་བཅས་ཀྱིས་འཆར་གཞི་མཉམ་སྒྲིག་བྱས་ཏེ་དཔལ་འབྱོར་འདུ་འགོད་བྱ་རྒྱུ། སྤྱི་མོས།
༤ བོད་གཞུང་གི་ལས་འཆར་ངེས་གཏན་ལ་གཞིགས་ཏེ་ལོ་རེར་ཡུ་རོབ་བོད་རིགས་མི་རེའི་ངོས་ནས་བོད་གཞུང་ལ་ཡུ་སྒོར་རེའི་ཞལ་འདེབས་འབུལ་རྒྱུ། སྤྱི་མོས།
༥ ཡུ་རོབ་བོད་རིགས་ཚོགས་པའི་ངོས་ནས་ས་གནས་མི་འབོར་ལ་གཞིགས་ཏེ་ལོ་རེར་མི་རེས་ཡུ་སྒོར་རེ་འབུལ་རྒྱུ། མང་མོས།
༦ བོད་རིགས་ཚོགས་པའི་དཔལ་འབྱོར་འདུ་འགོད་ཆེད་ས་གནས་སོ་སོའི་དུས་ཆེན་སྐབས་ཚོང་ཟོག་དང་ཟས་རིགས་ཚོང་བསྒྱུར་བྱ་རྒྱུ། སྤྱི་མོས།
༧ ས་གནས་བོད་རིགས་ཚོགས་པས་བོད་གཞུང་གི་དཔལ་འབྱོར་ལ་དམིགས་ཏེ་མཛད་སྒོ་ཞིག་གོ་སྒྲིག་བྱས་ཏེ་ཁེ་འབེབ་ཡོངས་རྫོགས་བོད་གཞུང་ལ་འབུལ་རྒྱུ། སྤྱི་མོས།
དྭང་བླངས་དཔྱ་ཁྲལ་ལག་དེབ།
༡ ཡུ་རོབ་སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པ་ཟུང་འབྲེལ་གྱིས་འགན་འཁུར་ནས་དཔྱ་ཁྲལ་འབུལ་མི་མང་དུ་གཏོང་ཐབས། སྤྱི་མོས།
༢ དྭང་བླངས་དཔྱ་ཁྲལ་འབུལ་མཁན་ཇེ་མང་ཡོང་ཐབས་སུ་བཙན་བྱོལ་གཞུང་ནས་ད་ཡོད་ཀྱི་དཔྱ་ཁྲལ་དཀའ་ངལ་སེལ་ཆེད་དམིགས་བསལ་ཐུགས་སྣང་ཡོང་རྒྱུར་རེ་སྐུལ་ཞུ་རྒྱུ། སྤྱི་མོས།
༣ དཔྱ་ཁྲལ་དངུལ་འབོར་བྱུང་སོང་ཅི་ཡིན་བོད་རིགས་ཡོངས་ཀྱི་ཤེས་རྟོགས་གཙང་མ་ཡོང་ཆེད་བོད་རིགས་ཚོགས་པའི་ཚོགས་གཙོ་རྣམ་པས་མི་མང་ཚོར་གསལ་བཤད་གཙང་མ་ཡོད་པ་བཟོ་རྒྱུ། སྤྱི་མོས།
༤ དྭང་བླངས་དཔྱ་ཁྲལ་མི་འབུལ་མཁན་ཚོ་གསལ་ཁ་གཙང་མ་ཡོང་སླད། དུས་དྲན་དང་དུས་ཆེན་སྐབས་དྲན་གསོའི་ཆེད་མིང་ཐོ་ཟུར་འདོན་བྱ་རྒྱུ། སྤྱི་མོས།
ལས་འགུལ་མཉམ་འབྲེལ་གོང་འཕེལ།
༡ ཡུ་རོབ་བོད་རིགས་ཚོགས་པའི་འབྲེལ་ལམ་དང་ལས་འགུལ་གོང་འཕེལ་ཡོང་སླད་ཚོགས་གཙོ་ཁག་གིས་དྲ་ལམ་skypeབརྒྱུད་ཟླ་རེར་ལས་དོན་ཐད་འབྲེལ་བ་གཏིང་ཟབ་གནང་རྒྱུ། ༼འདི་ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་སྐབས་གཉིས་པའི་གོ་སྒྲིག་ཚོགས་ཆུང་གི་ཉམས་མྱོང་གཞིར་བཞག་པ་ཞིག་ཡིན། ༽སྤྱི་མོས།
༢ ཕྱི་ལོ་༢༠༡༡་ལོའི་ཡུ་རོབ་བོད་རིགས་ཚོགས་པའི་ཚོགས་གཙོའི་ཚོགས་འདུ་བྷེལ་ཇམ་དུ་ཚོགས་སྐབས་བོད་དོན་ལ་དོ་སྣང་ཡོང་ཆེད་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མིར་ཐུགས་སྣང་གཞེན་བསྐུལ་ཞུ་རྒྱུ། སྤྱི་མོས།
༣ དབྱར་ཁའི་སློབ་མའི་གུང་གསེང་སྐབས་སུ་ས་གནས་རང་ནས་བྱིས་པའི་རིག་གཞུང་དུས་སྟོན་གོ་སྒྲིག་དང་། ཡང་ན་ཡུ་རོབ་བོད་རིགས་ཚོགས་པ་ཁག་རེས་མུས་མཉམ་འབྲེལ་གྱིས་ས་གནས་གཅིག་ཏུ་འཛོམས་ནས་བྱིས་པའི་རིག་གཞུང་དུས་སྟོན་གོ་སྒྲིག་བྱ་རྒྱུ། སྤྱི་མོས།
༤ ཡུ་རོབ་བོད་རིགས་ཚོགས་པ་ཚང་མའི་འགན་འཛིན་ལྷན་ཚོགས་ཀྱི་ལས་ཡུན་ལོ་གསུམ་རིང་གཅིག་གྱུར་ཡོང་བ་བྱ་རྒྱུ། མང་མོས།
ཆབ་སྲིད་ལས་དོན།
༡ ལོ་གཉིས་རེའི་མཚམས་སུ་ཡུ་རོབ་བོད་རིགས་ཚོགས་པ་ཁག་མཉམ་འབྲེལ་གྱིས་ས་གནས་གང་རུང་ཞིག་ཏུ་ལྷན་འཛོམས་ཀྱི་གསུམ་བཅུའི་དུས་དྲན་བརྩི་སྲུང་བྱ་རྒྱུ་དེ་རྒྱུན་འཁྱོངས་བྱ་རྒྱུ། སྤྱི་མོས།
༢ ཡུ་རོབ་ས་གནས་ཁག་ཏུ་བོད་རྒྱ་མཐུན་ཚོགས་གསར་འཛུགས་ཆེད། ས་གནས་ཀྱི་རྒྱ་རིགས་མི་སྣ་ཁག་དང་འབྲེལ་ལམ་གོང་འཕེལ་བཏང་སྟེ། བོད་དོན་གོ་རྟོགས་འཕེལ་རྒྱས་དང་། རིག་གཞུང་བརྗེ་རིས་སོགས་བྱ་རྒྱུ། སྤྱི་མོས།
༣ ཡུ་རོབ་བོད་རིགས་ཚོགས་ཆེན་སྐབས་གསུམ་པའི་མཇུག་བསྡོམས་མཛད་སྒོའི་སྐབས་སུ་ཚོགས་བཅར་བ་ཡོངས་ཀྱིས་ས་གནས་རང་ནས་ལས་དོན་དྲིལ་བསྒྲགས་ཆེད་མར་མེ་ཁྲོམ་སྐོར་བྱ་རྒྱུ། སྤྱི་མོས། བཅས་ཕྱི་ལོ་༢༠༡༠ ཟླ་བ་ ༡༠ པའི་ཚེས་ ༡༧ ཉིན་ཡུ་རོབ་བོད་རིགས་ཚོགས་ཆེན་ཐེངས་གཉིས་པ་ཕ་རན་སིའི་རྒྱལ་ས་པ་རེ་སིར་གྲོས་ཆོད་དུ་གཏན་ལ་ཕབ་པ།
ནུབ་ཕྱོས་ཕོ་ཉ་ལགས་ཁྱོད་ཀྱིས་ཅོ་རི་ཉི་མ་ལ་ན་ཚ་ཕོག་འདུག་ཟེར།ངས་བསམ་ན་ཁྱོད་ལ་ན་ཚ་ཞིག་ཕོག་ཡོད་པ་མཐོང་སོང་།གང་ལ་ཟེར་ན་ཁྱོད་ཀྱིས་དབུ་མའི་ལམ་དང་བོད་ཀྱི་རྒྱལ་དར་བར་ལ་ཁྱད་པ་ཅི་ཡོད་ཡག་པོ་ཞིག་མ་ཤེས་པའི་ན་ཚ་དེ་རེད།གལ་སྲིད་ཁྱོད་ལ་ན་ཚ་དེ་ཕོག་མེད་ན་ཁྱོད་ཀྱི་ཤེས་བཞིན་དུ་ཁྱོད་རང་ཡག་མདོག་བྱས་པ་ལས་དྲང་གཏམ་བཤད་པའི་སྙིང་སྟོབས་མེད་པའོ།
སྤྱི་བཏང་དྲ་རོགས་མང་པོ་ཞིག་གིས་གཞན་གྱི་བཤད་པ་དེ་ལ་སོ་སོའི་མ་ཤེས་པ་དང་སོ་སོའི་ཁོ་ཡུག་ནང་མེད་པ་ཙམ་གྱི་ཕར་ཕྱོགས་དེ་ལ་གང་བྱུང་སྨད་པ་ནི་ཡག་པོ་རྩ་ནས་མ་རེད།
སྔོན་ཐོན་དང་རྗེས་ལུས།
སྔོན་ཐོན།
རྩོད་སྙོག་དང་ནང་མཁོན་སྔོན་ཐོན།
ཕྲག་དོག་དང་ཟུར་ཟ་སྔོན་ཐོན།
འཐེན་ཁྱེར་དང་ཕྱོགས་འཛིན་སྔོན་ཐོན།
གཡོ་རྒྱུ་དང་རྫུན་གཏམ་སྔོན་ཐོན།
དུས་ནམ་ཡང་སྔོན་ཐོན།
ཕྱོགས་གང་ཐད་སྔོན་ཐོན།
རྗེས་ལུས།
བསམ་བློ་དང་ལྟ་བ་རྗེས་ལུས།
སྤྱོད་པ་དང་འཆར་གཞི་རྗེས་ལུས།
མདུན་བསྐྱོད་དང་ཁ་ཕྱོགས་རྗེས་ལུས།
ལྷག་བསམ་དང་རོགས་སྐྱོར་རྗེས་ལུས།
དཔལ་འབྱོར་དང་འཛུགས་སྲུན་རྗེས་ལུས།
དུས་ནམ་ཡང་ང་ཚོ་རྗེས་ལུས་།
ཕྱོགས་གང་ཐད་ནས་ང་ཚོ་རྗེས་ལུས།
འཚོགས་འདུ་རྫིག་ཉམས་ངང་འཚོགས་འདུག་པས་གྲོས་ཆོད་རྣམས་ལག་ལེན་ཡོང་བར་ཞུ།
དེ་རིང་རེབ་གོང་ན་མི་རིགས་འདྲ་མཉམ་དང་སྐད་ཡིག་མཐོང་ཆེན་དགོས་ཚུལ་གྱི་སློབ་མའི་ཁྲོམ་སྐོར་ཞིག་བྱེད་ཀྱི་ཡོད་ཚུལ་བརྗོད་ཀྱི་འདུག་པས། དེ་བདེན་མིན་མ་ཤེས་མོད། གལ་སྲིད་རེབ་གོང་བ་རེ་ཡོད་ན་མྱུར་དུ་ཕ་ཡུལ་ལ་འབྲེལ་བ་བྱེད་ན་ལེགས་ཚོད་རེད།
ལྷན་ཚོགས་འདིའི་གྲོས་གཞི་ཁག་གི་ནང་༼གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ ༽ ཟེར་བ་ཞིག་བྲིས་ཡོད་ས་རེད། ཁྱོད་ཚོའི་བསམ་བློ་ཐོང་དང་། བོད་རྒན་ཚོས་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་མ་བྱས་པ་ཞིག་དང་། ལམ་དེ་རྒྱལ་བ་རིན་པོ་ཆེ་ཡི་དགོངས་གཞི་ཡིན་པ་ཧ་མ་གོ་བ། ཡང་ན་ལམ་དེ་ཡངས་དག་པ་ཞིག་ཡིན་མིན་ལ་དོག་པ་རྣམ་རྟོགས་ཡོད་སྟབས། ལམ་དེ་ལམ་འགྲོ་མ་བརྒྱུག་པ་ཞིག་ལ་ཁྱོད་ཚོས་ངེས་འཛིན་བྱེད་ཀྱིན་འགྲོ དེ་ལྟར་ཡིན་ན་རྦད་དེ་ནོར་བ་རེད། ལམ་དེའི་ནང་ལ་རྒྱ་རོ་ཚང་འགྲོ་གི་མེད་པར་སོང་། ༸གོང་ས་མཆོག་གིས་ཀྱང་ང་རྒྱ་གཞུང་ལ་ཡིད་ཆེ་སྲབ་རི་སྲབ་རུ་འགྲོ་གི་འདུག་ཞེས་ཞལ་སངས་དགོས་ཐུག་པ་ལྷན་རྒྱས་ཀྱིས་གོ་མེད་པ་ཡིན་རྒྱུ་མ་རེད། དེར་བསམ་བློ་ཞིབ་མོར་གཏོང་རོགས། སྡེ་ཁྱོད་ཚོ་བལྟ་རྒྱ་ཐུས་རྒྱ་ཡངས་ས་ན་ཡོད་སྟབས། ཤེས་ནས་བཤད་རྒྱུ་དང་། འགན་ཞིག་འཁུར་རྒྱུ་ངའི་རེ་བ་ཡིན།
མཐའ་དོན་གསར་འགོད་པ་ཟླ་བ་ཚེ་རིང་ལགས་སུ་འདྲི་རྒྱུ་ཞིག་ལ། གོང་གི་གནས་ཚུལ་དེ་ཚོ་ལས་གྲོས་ཆོད་གཞན་པ་གང་དག་འདུག་་་་་
ཚོགས་འདུ་ནི་འདི་ནི་རླབས་ཆེ་བ་ཞིག་རེད། གྲོས་ཆོད་དག་ཀྱང་ཤོག་བུའི་སྟེང་གི་སྟག་ཏུ་མི་འགྱུར་བར་ལག་ལེན་འདེབས་ཐུབ་པའི་རེ་བ་སྙིང་ནས་ཞུ།
ཧྥ་རན་སི་ཡི་རྫོང་མཁར་བཅུ་གསུམ་ཙམ་གྱི་སྟེང་ན་བོད་ཀྱི་རྒྱལ་དར་ཡོད་པ་དེ་ཡང་བོད་དོན་རྒྱབ་སྐྱོར་མཚོན་བྱེད་གལ་ཆེན་ཞིག་རེད། ད་དེ་མར་ཕབ་དགོས་སྐོར་བཤད་ཀྱིན་ཡོད་ན་དེ་ཡང་དོ་སྣང་དང་གཟབ་ནན་བྱེད་དགོས་ས་ཞིག་རེད་འདོད་ཀི བོད་གཞུང་ལ་ཁ་གཏོང་བ་དེ་ཡང་དོ་སྣང་ངང་རྒྱུ་མཚན་ལ་གཞོལ་བའི་གཏམ་ཡིན་མིན་དཔྱོད་དགོས་པ་རེད་འདུག དམངས་གཙོ་ཡང་དག་པའི་སྲིད་ཇུས་ཞིག་གི་འོག་ཏུ་སྨྲ་བརྗོད་རང་དགོས་ངེས་ཅན་ཞིག་རེད། སྤྱིར་ཅོ་རི་ཉི་མ་འདི་མི་ཁ་ཁོག་མེད་པར་སྐད་ཆ་ཤོད་ཐུབ་མཁན་ཞིག་རེད་འདུག མཐོ་དམའ་མེད་པར་སྐད་ཆ་ཤོད་ཐུབ་མཁན་ཞིག་རེད་འདུག དམངས་གཙོའི་ལྟ་གྲུབ་ལ་ངོས་ཟིན་ཐོབ་མཁན་ཞིག་རེད་འདུག་སྙམ། དེ་བས་ང་ཚོས་བོད་གཞུང་དང་གཞུང་གི་ལངས་ཕྱོགས་ལ་སྐད་ཆ་རེ་བཤད་ན། དེའི་དོན་སྙིང་དང་བདེན་ཐུབ་ལ་གཞོལ་དགོས་པ་ལས་དུངས་ཞེན་ཁོ་ནས་དབང་དུ་སོང་ནས་ཕན་ཚུན་ལ་ཚིག་མདའ་མི་འཕེན་རྒྱུ་དང་། ཕན་ཚུན་ལ་བཤད་ཤེས་ཉན་ཤེས་བྱས་ཏེ་དཔྱོད་ཤེས་ཀྱིས་བགྲོ་གླེང་བྱས་ན་རེད།
ཧྥ་རན་སི་ཡི་རྫོང་མཁར་བཅུ་གསུམ་ཙམ་གྱི་སྟེང་ན་བོད་ཀྱི་རྒྱལ་དར་ཡོད་པ་དེ་ཡང་བོད་དོན་རྒྱབ་སྐྱོར་མཚོན་བྱེད་གལ་ཆེན་ཞིག་རེད། ད་དེ་མར་ཕབ་དགོས་སྐོར་བཤད་ཀྱིན་ཡོད་ན་དེ་ཡང་དོ་སྣང་དང་གཟབ་ནན་བྱེད་དགོས་ས་ཞིག་རེད་འདོད་ཀི བོད་གཞུང་ལ་ཁ་གཏོང་བ་དེ་ཡང་དོ་སྣང་ངང་རྒྱུ་མཚན་ལ་གཞོལ་བའི་གཏམ་ཡིན་མིན་དཔྱོད་དགོ
ཅོ་རི་ཉི་མ་ཁྱོད་ནི་དངོས་གནས་ན་ཚ་ཆེ་པོ་ཞིག་ཁྱོད་ལ་རྒྱབ་འདུག་ག
བོད་གཞུང་དང་༧གོང་ས་མཆོག་ལ་ཟུར་ཟ་བྱེད་ཡག་གི་ན་ཚ་དེ་འགྱོག་པོ་
བཅོས་ན་བཟང་སྙིང་བཏམ་ཡིན
ཡོ་རོབ་ཀྱི་བོད་རིགས་ཚོགས་ཆེན་ཐེངས་གཉིས་པ་ཚོགས་པར་བསྔགས་བརྗོད་ཡོད།
བདག་གིས་བལྟས་ན་བོད་ནང་དང་ཕྱི་རྒྱལ་ཁག་གི་བོད་རིགས་ཚོའི་ནང་ནས་བོད་ཀྱི་བླ་གྲྭ་སོགས་ཀྱིས་ཆབ་སྲིད་དོན་ལ་ཤི་འབད་རོ་འབད་བྱེད་བཞིན་པ་ལྟ་བུ་ཞིག་རེད། དེ་མིན་སྤྱི་ཚོགས་ནས་རང་གི་འདུག་ཆས་སྒྲུབ་པ་ཚམ་ལས་བོད་སྤྱི་དོན་ལ་ལས་ག་ཆེར་བྱེད་ཀྱིད་མེད། ཡིན་ནའང་བོད་མི་མང་པོ་ཞིག་དེ་ལ་ངོ་སོ་མེད་པར་མ་ཟད་ངོ་རྒོལ་གང་ཐུབ་བྱེད་བཞིན་ཡོད།
དེས་ན་བླ་གྲྭ་རྣམས་ཀྱི་ད་ནས་བཟུང་བོད་སྲིད་དོན་ལ་ཕྱག་ལས་གནང་སྒྱུ་ཉུང་རུ་བཏང་ན་ཡག་ཤོས་རེད། བླ་གྲྭ་ཚོའི་རང་གི་ཆོས་ཕྱོགས་གཅིག་པུ་ལ་ཤུགས་རྒྱག་སྒྱུ་མ་གཏོགས་ལས་ག་གཞན་པ་དེ་ཚོ་གཡུག་རན་འདུག །
ཡོ་རོབ་ས་ཁུལ་དུ་ཚོགས་འདུ་མང་པོ་ཚོགས་གི་འདུག་ཀྱང་གྲོས་ཆོད་བཞག་པ་དེ་ཚོ་ལག་ལེན་ལྟར་བའི་ལུགས་སྲོལ་མེད། ད་དུང་ཚོགས་འདུ་ཚོགས་ཨ་་་་་ཡོ་རོབ་བོད་རིག་ཚོགས་པའི་ཚོགས་འདུ་་་་་་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་འདུ་་་་་ཡོ་རོབ་གཞོན་ནུའི་ཚོགས་འདུ་་མང་གི་ཡ་རྗེས་སུ་གྲོས་ཆོད་བཞག་པ་དེ་ཚོ་ལག་ལེན་ཡོད་པ་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།
ཁྱེད་ཚོས་ཁ་ཞེ་གཉིས་མེད་ངང་བོད་བསྟན་པ་ཆབ་སྲིད་རང་བསམ་ནས་ཚོགས་འདུ་བསྐོར་ཚོགས་བྱས་བ་སོགས་ཀྱི་ལས་འགུལ་དག་གང་མང་ཞིག་ལེགས་སྒྲུབ་བྱུང་བ་དགའ་འོས་བ་ཞིག་རེད།
སྔོན་མ་གྲོས་མཐུན་དོན་ཚན་ཅུ་བདུན་རྒྱ་དཔོན་ཚོའི་བཙན་དབང་འོག་ཏུ་བཞག་བཅུག་པ་རེད། ད་ལན་བོད་རང་བཙན་ཐོབ་ཀྱང་བོད་ལ་ལོག་འདོད་མེད་པའི་བོད་རིགས་ཚོགས་པའི་ཁག་གི་ཚོགས་མི་ཡིན་ཟེར་མཁན་འདིར་ཚོ་ལ་གྲོས་ཆོད་འདི་འདྲ་སུ་ཡི་བཙན་དབང་བཏང་ནས་འཇོག་བཅུག་པ་ཡིན་ནམ། གནས་ཚུལ་ཤེས་མཁན་འདྲ་ཡོད་ན་གསལ་བཤད་ཤིག་གནང་རོགས་ཞུ།
ཅོ་རི། ཁ་སྔོན་ཁྱོད་ཀྱིས་༸གོང་ས་མཆཽག་མིའི་ཁ་ལ་ཉན་མཁན་ཞིག་རྩིས་ནས་ཟམ་གདོང་བླ་མའི་ཁ་ལ་རྒྱུག་མི་ཉན་འདོག་འདོག་སྟོན་ཏེ་རྗེས་སུ་གསན་ཕྱོགས་མ་ནོར་བ་དགོས་རབ་བཤད་འདུག ཅོ་རི་༸གོང་ས་མཆོག་ནི་ཁྱོད་ཀྱི་བསམ་པ་ལྟར་མི་ཕལ་བ་དེ་འདྲ་གང་ནས་ཡིན།
དེང་སང་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོར་གོ་བ་ལོག་སྒྲུབ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མང་གཙོ་བར་དབར་གདམ་ཀ་ཟེར་བའི་ཀླད་མེད་ཀྱི་འཆལ་གཏམ་སྤེལ་མཁན་དེ་རིགས་ལ་མང་ཚོགས་ཀྱིས་རྩ་བ་ཉིད་ནས་མགོ་འཁོར་མི་རུ། ༼མང་མོས ༽ཞེས་འདི་ཡང་ད་རབ་ཀྱི་ཚོགས་འདུའི་ཆབ་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་རེད།
ཉེ་སྔོན་ནས་བརྒྱུད་ལམ་ཁག་ནས་རྒྱལ་བ་རིན་པོ་དང་མང་གཙོ་གཉིས་ལས་གང་གལ་ཆེ་ཞེས་པའི་གླེང་གཞི་ཞིག་བྱུང་བ་རེད། དེ་ཡང་དང་པོ་བསམ་ཚུལ་བསྡུ་ལེན་གྱི་ཚུལ་ཡོང་བ་རེད། དེ་ལ་མི་སྒེར་རེ་ཟུང་གི་རྩོམ་ཡིག་སྤེལ་བ་དེ་འདྲ་བྱུང་ཡོད་པ་རེད། ཡིན་ནའང་དེ་དག་གོང་གསལ་གྲོས་ཆོད་ནང་འཁོད་པ་ལྟར་༼ མང་གཙོར་གོ་ལོག་སྒྲུབ་༽ དང་༼ སྐྱབས་མགོན་རིན་པ་ཆེ་དང་མང་གཙོའི་དབར་གདམ་ཀ ༽ ཕྱེས་པའམ། ཡང་ན་༼ ཀླད་མེད་ཀྱི་འཆམ་གཏམ་སྤེལ་ ༽བ་ཡིན་ནམ།
རྒྱལ་ཁག་བཅུ་གཉིས་ནས་ཕེབས་པའི་སྐུ་ཚབ་ཚོས་འདི་འདྲའི་བརྗོད་ཚིག་རྩུབ་པའི་གྲོས་ཆོད་ཅིག་བཞག་པ་དེར་ཅུང་མ་བདེ་བ་འདྲ་ཞིག་བྱུང་། སྐུ་ཚབ་མང་ཤོས་ཤ་དར་ཁྲག་དར་གྱི་གཞོན་སྐྱེས་རྐྱང་རེད། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་དབང་བསྒྱུར་གྱི་མིག་དཔེར་རུང་བའི་ཡུ་རོབ་རྒྱལ་ཁབ་ཁག་ནས་ཕེབས་པ་རེད། མ་མཐར་ཡང་གོ་བ་ལོག་སྒྲུབ་བྱས་མིན་དང་། གདམ་ཀ་ཕྱེས་མིན། འཆལ་གཏམ་ཡིན་མིན་གསལ་བོར་མཁྱེན་ཡོད་ཀྱི་རེད་བསམ།
དབུ་མའི་ལམ་ལ་ལྷག་བསམ་ལྷད་མེད་ཀྱི་ཐོག་ནས་རྒྱབ་སྐྱོར་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་སྡོད་ཀྱི་ཡིན་ལབ་བསྡད་པའི་རྡ་སའི་ན་ཚ་འདི་ཡུང་རོབ་གླིང་དུ་སླེབས་ཡོང་གི་ཡོད་པར་འདྲ།
ཧྥི་རན་སིའི་རྫོང་ཁག་ཅུ་གཅིག་པའི་སྒོ་ཆེན་ཐོག་གི་བོད་ཀྱི་རྒྱལ་དར་དེར་ཁྱེད་ཚོས་མར་ཕབ་བཅུག་འདོད་ཡོད་པར་འདྲ། བོད་མི་རྣམས་ལ་བོད་རང་བཙན་དང་རང་གི་རྒྱལ་ཁབ་མི་དགོས་ཞེས་གྲོས་ཆོད་བཞག་བསྡད་པ་ཡིན་ན་ཕྱི་རྒྱལ་པ་ཚོས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་སྒོ་ཆེན་ཐོག་ཏུ་ཨུ་ཚུགས་རྒྱག་གི་མ་རེད།
ཟླ་ཤས་སྔོན་ནས་ཧྥི་རན་སིའི་གྲོས་ཚོགས་འཐུས་མི་རེ་གཉིས་ཀྱིས་སྒོ་ཆེན་ཐོག་གི་བོད་ཀྱི་རྒྱལ་དར་དེར་མར་ཕབ་དགོས་པའི་གྲོས་འཆར་བཏོན་ཡོད་རེད། བོད་མི་ལ་རྒྱལ་ཁབ་དང་རྒྱལ་དར་མ་མཁོ་ན་ཕྱི་རྒྱལ་བའི་ཆེད་དུ་བོད་ཀྱི་རྒྱལ་དར་ལ་སྲུང་སྐྱོབ་བྱེད་དགོས་དོན་གང་ཡང་མེད།
མ་ཟད་ཡུང་རོབ་ནང་གི་རྒྱ་འཁྱམ་ཚོ་དང་མཐུན་སྒྲིལ་བྱེད་དགོས་པའི་གྲོས་ཆོད་བཞག་པ་འདི་ཚོ་བོད་རྒྱལ་ཁབ་དང་བོད་ཀྱི་རྒྱལ་དར་གྱི་ཆེད་དུ་༢༠༠༨་ལོར་རང་སྲོག་བློའི་བཏང་བྱས་མཁན་རྣམས་ཀྱི་ཚེ་སྱོག་ལ་མཐོང་ཆུང་རེད།
ཁྱོད་རང་ཚོས་ཧ་གོ་དགོས་པ་ཞིག་ལ་གཞི་ལུས་བོད་མི་རྣམས་ཀྱིས་བོད་རང་དབང་རང་བཙན་ཡིན་ཞེས་སྐད་འབོད་རྒྱག་ཡོད་པ་ལས་དབུ་མའི་ལམ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་སྡོད་ཀྱི་ཡིན་ཞེས་ངོ་རྒོལ་བྱས་པ་མ་རེད་ད།
ད་ཐེངས་ཡུ་རོབ་བོད་རིགས་ཚོགས་ཆེན་ཐེངས་གཉིས་པ་ལེགས་གྲུབ་བྱུང་པར་བཀྲ་ཤིས་བདེ་ལེགས་ཞུ། མུ་འཐུད་ཚོགས་ཆེན་འདིའི་རིགས་གངས་མང་འཚོགས་ཐུབ་པར་རེ་བ་ཡོད་ལ། ཚོགས་ཆེན་ཚོགས་པ་ཙམ་མིན་པར་དེ་རིགས་ཀྱི་ལས་འགུལ་གང་མང་སྤེལ་ཐུབ་པ་དང་། གྲོས་མཐུན་ཆ་རྐྱེན་དེ་ཚོ་ལག་ལེན་ཐོག་ལེགས་བསྟེར་ཐུབ་པའི་རེ་བའང་ཡོད།