བོད་ནང་གི་སློབ་མའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་ཆེད། བཙན་བྱོལ་གྱི་སློབ་གྲྭ་ཁག་ནང་མཚན་རྟགས་བསྡུ་རུབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པ་དང་། རྒྱ་ཚོགས་ཀྱི་སློབ་གཞི་དཔྱད་ཞིབ་སྡེ་ཚན་སོགས་ལ་འབྲེལ་ཡོད་ཁག་ལ་གཏོང་རྒྱུ་ཡིན་འདུག
དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དགེ་སློབ་ཡོངས་དང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་གཉིས་ཀྱིས། དགུ་བཅུ་གསུམ་གྱི་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་མདོ་སྨད་རེབ་གོང་དང་རྨ་ལྷོ་ཁུལ་གྱི་སློབ་མ་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱས་པ་དང་། ཁ་སང་ཆབ་ཆ་ཁུལ་དང་ཁྲི་ཀ་རྫོང་། རྩི་གོར་ཐང་བཅས་ཀྱི་སློབ་མ་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱས་པ། དེ་རིང་མགོ་ལོག་ཁུལ་གྱི་སློབ་མ་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱེད་ཀྱིན་པ་བཅས་ཀྱི་ཐད་དུ་གདུང་སེམས་མཉམ་སྐྱེད་དང་བཙན་བྱོལ་དུ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་སྐོར་བསྒྲགས་ཡོད།
གསར་འགོད་གསལ་བསྒྲགས་སྐབས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སློབ་སྤྱི་ལྷ་ཆབ་སྦྱིན་པ་ལགས་ཀྱིས་ཐེངས་འདིའི་གསར་འགོད་གསལ་བསྒྲགས་ཀྱི་ཡིག་ཆ་ལྗགས་ཀློག་གནང་བའི་ནང་འཁོད་དོན། ཚེས་ ༡༩ ཉིན་མདོ་སྨད་རེབ་གོང་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་ཕྲུག་སྟོང་ཕྲག་ལྷག་གིས་དེ་གའི་ས་གནས་སྲིད་གཞུང་ལ་མི་རིགས་འདྲ་མཉམ་དང་། སྐད་ཡིག་རང་དབང་། སྐད་ཡིག་གི་བདག་དབང་ཕྱིར་སྤྲོད་རོགས་ཞེས་པའི་འབོད་ཚིག་འོག བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དགོས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཞིང་། སློབ་མའི་ལས་འགུལ་དེ་རིམ་བཞིན་ཆབ་ཆ་ཁུལ་དང་ཁྲི་ཀ་རྫོང་། རྩི་གོར་ཐང་། མགོ་ལོག་ཁུལ་བཅས་སུ་ཁྱབ་བཞིན་ཡོད།
རྒྱ་གཞུང་གིས་ཆེད་མངགས་སྤྱི་བདེ་མི་སྣ་བཏང་སྟེ། སློབ་ཕྲུག་དང་དགེ་རྒན་རྣམས་ལ་ལས་འགུལ་སྤེལ་མི་ཆོག་པའི་སློབ་གསོ་དང་དམ་དྲག་བྱེད་བཞིན་ཡོད་འདུག ཅེས་དང་། ༡༩༨༧ ལོར་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཀྱང་། དོན་དངོས་ཐོག་བཅའ་ཁྲིམས་དང་ཡིག་ཆའི་ཐོག་གི་གཏན་འབེབས་དང་ནང་དོན་ཚང་མ་ཡིག་ཐོག་ཙམ་དང་འབོད་ཚིག་ཙམ་དུ་གྱུར་ནས། ད་ལྟའི་བར་དུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་ཡང་དག་པའི་ཁོར་ཡུག་དང་། ཆ་རྐྱེན་ཞིག་བསྐྲུན་མེད་པར། དེ་ལས་ལྡོག་སྟེ་སྲིད་གཞུང་གིས་ལས་ཁུངས་ཁག་དང་སྡེ་ཚན་ཁག ཚོགས་པ་ཁག་གི་ནང་དུ་ཚོགས་འདུ་འཚོགས་པ་དང་བགྲོ་གླེང་བྱེད་པ། ཡིག་ཆ་བཟོ་བ་སོགས་ཀྱི་བརྒྱུད་རིམ་ནང་རྒྱ་སྐད་ཀྱིས་བོད་སྐད་ཀྱི་ཚབ་བྱེད་པ་དང་། རྒྱ་ཡིག་གིས་བོད་ཡིག་གི་ཚབ་བྱེད་པའི་རྣམ་པ་འབུར་ཐོན་ཡིན་ལ། བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ནང་དུའང་སློབ་ཚན་གྱི་རྣམ་གྲངས་ཚང་མ་རྒྱ་ཡིག་གི་ཐོག་ནས་འཆད་ཁྲིད་བྱེད་པ་ལས་བོད་ཡིག་གི་ཐོག་ནས་འཆད་ཁྲིད་བྱེད་ཀྱི་མེད་ཅིང་། ཐ་ན། སློབ་གྲྭ་འགའ་ཞིག་གི་ནང་དུ་བོད་ཡིག་སློབ་ཚན་རྐྱང་པ་གཅིག་ལས་མེད་པ་དེར་ཡང་མཐོང་ཆེན་མི་བྱེད་པ་དང་། རྩ་བ་ནས་སློབ་ཁྲིད་མི་བྱེད་པའི་གནས་སུ་གྱར་ཡོད།
ཐེངས་འདིའི་རེབ་གོང་ནས་འགོ་བརྩམས་པའི་སློབ་མའི་ལས་འགུལ་འདི་སློབ་གཞི་བཅོས་སྒྱུར་ལས་བྱུང་ཞིག་ཡིན་མོད། གནས་ཚུལ་ཡོང་ཁུངས་ལྟར་ན། ད་ལྟ་ད་དུང་སློབ་གཞི་བཅོས་བསྒྱུར་གྱི་སྲིད་ཇུས་དངོས་སུ་ཁྱབ་བསྒྲགས་བྱས་མེད་ཀྱང་། ཉེ་ཆེར་མཚོ་སྔོན་ཞིང་ཆེན་གྱི་བཀའ་ལྟར་རེབ་གོང་དུ་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་ཚོར་བོད་ཀྱི་སྐད་ཡིག་གི་སློབ་གཞི་བཅོས་བསྒྱུར་བཏང་ནས་ཟབ་སྦྱོང་འཛིན་གྲྭ་ཞེས་པ་བསྡུས་པ་དང་། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ཚོགས་འདུ་ཞིག་ཏུའང་འབྲེལ་ཡོད་དཔོན་རིགས་ཀྱིས་བོད་རིགས་སློབ་གྲྭ་ཁག་གི་སློབ་དེབ་རྒྱ་ཡིག་ཐོག་འཆད་ཁྲིད་ལག་ལེན་བྱེད་དགོས་པའི་གླེང་སློང་བྱས་ཡོད་པར་བརྟེན། མི་འགྱངས་པར་མཚོ་སྔོན་ནས་སྲིད་ཇུས་དེ་ལག་ལེན་བྱེད་པར་སེམས་ཁྲལ་གྱིས་སློབ་མའི་ལས་འགུལ་འདི་བྱུང་བ་རེད། གནད་དོན་འདི་ནི་སྐད་ཡིག་གི་གནད་དོན་རྐྱང་པ་ཙམ་མ་ཟད། མི་རིགས་ཤིག་དར་རྒྱས་གོང་འཕེལ་དུ་གཏོང་ཐུབ་མིན་གྱི་ཆེས་རྩ་བར་གྱུར་བའི་རྩ་དོན་ཞིག་ཡིན་ཞེས་གསུངས།
ཡང་ཡིག་ཆ་དེའི་ནང་གསལ་དོན། ཐེངས་འདིར་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་། སྐད་ཡིག་ལ་མཐོང་ཆེན་བྱེད་དགོས་པ། བོད་ཀྱི་སྐད་ཡིག་ལ་རང་དབང་དགོས་པའི་ལས་འགུལ་དང་། ཁོང་ཚོའི་འབོད་ཚིག་ནི་རྦད་དེ་ཡང་དག་པ་ཞིག་དང་། དོན་དངོས་ཀྱི་གནས་ཚུལ་དང་མཐུན་པ་མ་ཟད། ཐ་ན། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་རང་སྐྱོང་བཅའ་ཁྲིམས་ཟེར་བ་དང་རྦད་དེ་མཐུན་ཡོད་མོད། བོད་ནང་དེ་སྔ་འདི་འབྲེལ་གྱི་ལས་འགུལ་བྱུང་བ་རྣམས་ལ་རྒྱ་གཞུང་གིས་ཉེས་འཛུགས་སྣ་ཚོགས་ཀྱིས། ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཚོར་མི་ཆོས་ལས་འདས་པའི་ཉེས་རྡུང་བཏང་བ་དང་། བཙོན་འཇུག་བྱས་པ་སོགས་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱར་བཟུང་ཡོད་སྟབས། འདི་གའི་ཚོགས་པའི་དགེ་སློབ་ཡོངས་དང་། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ངོས་ནས་རླབས་ཆེ་བའི་ལས་འགུལ་འདིར་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ཆེད་དུ་རྒྱབ་སྐྱོར་བྱ་རྒྱུ་དང་ཕྱོགས་མཚུངས། གནད་དོན་འདིར་ང་ཚོས་བཙན་བྱོལ་གྱི་སློབ་གྲྭ་ཁག་གི་ནང་མཚན་རྟགས་བསྡུ་རུབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པ་དང་། རྒྱལ་ཚོགས་སློབ་གཞི་དཔྱད་ཞིབ་སྡེ་ཚན་སོགས་འབྲེལ་ཡོད་ལ་གཏོང་རྒྱུ་ཡིན་ཞེས་གསལ་ཡོད།
གསར་འགོད་གསལ་བསྒྲགས་སྐབས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་འབྲོག་རུ་ཆོས་གྲགས་ལགས་ཀྱིས། ད་ལྟ་ང་ཚོས་རྒྱ་ནག་ལ་འབོད་སྐུལ་གསུམ་ཞུ་གི་ཡོད། གཅིག ཐེངས་འདིར་སློབ་མ་སྟོང་ཕྲག་མང་བོས་ངོ་རྒོལ་བྱས་པ་འདི་ནི་རྒྱ་ནག་གི་ཁྲིམས་དང་སྒྲིག་གཞི་དང་མཐུན་པའི་སྒོ་ནས་ངོ་རྒོལ་བྱས་པ་ཞིག་ཡིན་སྟབས། རྒྱ་ནག་གཞུང་གིས་དེ་ལ་ངོས་ལེན་བྱ་རྒྱུ། གཉིས། ཐེངས་འདིའི་ཞི་བའི་ངོ་རྒོལ་སྐབས་སློབ་ཕྲུག་ཚོར་ཚབས་ཆེའི་ཉེས་རྡུང་བཏང་བ་སོགས་བྱུང་མེད་པ་ནི། རྒྱ་ནག་རང་གི་ངོས་ནས་འགྱུར་བ་ཆེན་པོ་ཞིག་ཡིན་སྟབས། འདི་ལྟ་བུའི་འགྱུར་བ་འདི་དུས་ནམ་ཡང་མི་གློད་པ། གསུམ། སྐད་ཡིག་སྲུང་སྐྱོབ་དང་མི་རིགས་འདྲ་མཉམ་ཟེར་བ་རྒྱ་ནག་གཞུང་གིས་དུས་རྒྱུན་བཤད་ཀྱིན་ཡོད་ལ། ཐེངས་འདིའི་སློབ་མ་སྟོང་ཕྲག་མང་བོའི་ཞི་བའི་ངོ་རྒོལ་གྱི་འབོད་ཚིག་ཀྱང་འདི་ཉིད་ཡིན་སྟབས། གང་མགྱོགས་སྒོས་བོད་ཀྱི་སྐད་ཡིག་སློབ་ཁྲིད་མེད་པ་བཟོ་རྒྱུའི་སྲིད་ཇུས་དེ་ཕྱིར་འཐེན་རྒྱག་རྒྱུ་བཅས་ཀྱི་འབོད་སྐུལ་ཞུས་ཡོད།
ཐེངས་འདིའི་སློབ་མའི་ལས་འགུལ་འདི་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་མདོ་སྨད་རེབ་གོང་ནས་འགོ་བརྩམས་ཏེ། ཉིན་དེར་རེབ་གོང་དང་རྨ་ལྷོ་ཁུལ་གྱི་སློབ་མ་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱས་པ་དང་། ཁ་སང་ཆབ་ཆ་ཁུལ་དང་ཁྲི་ཀ་རྫོང་། རྩི་གོར་ཐང་བཅས་ཀྱི་སློབ་མ་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱས་ཡོད་ལ། དེ་རིང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཞོགས་པར་མགོ་ལོག་ཁུལ་དུའང་སློབ་མ་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱིན་ཡོད་ཀྱང་། ད་ལྟའི་ཆར་ལས་འགུལ་འདིའི་ཁྲོད་སློབ་གྲྭ་གང་དག་གི་སློབ་མ་ཡོད་མེད་དང་། སློབ་ཕྲུག་མང་ཉུང་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད།
གསལ་བཤད། གོང་གི་སློབ་མའི་ངོ་རྒོལ་གྱི་པར་དེ་ཁ་སང་མཚོ་ལྷོ་ཁུལ་དུ་སློབ་མའི་ལས་འགུལ་སྤེལ་སྐབས་ཀྱི་པར་ཡིན་ལ། འདྲ་པར་མཁོ་སྤྲོད་པ་བྷེལ་རྗམ་དུ་གནས་བཞུགས་ཚེ་བརྟན་ལགས་ཡིན།
གསར་འགོད་པ། ཨ་རིག་འགྱུར་མེད།
ཁྱེད་རྣམ་པས་ལས་འགུལ་དེ་ཅི་མགྱོགས་སྤེལ་དགོས།
གོང་དུ་དྲྭ་གྲོགས་མང་པོ་ཞིག་ནས་སོ་སོའི་དགོངས་ཚུལ་དོན་དང་ལྡན་པ་སྤེལ་འདུག་པ་ཤིན་ཏུ་ལེགས། བོད་ནང་གི་གཞོན་ནུ་ཚོས་རང་གི་སྲོག་རྩ་ལྟ་བུའི་སྐད་ཡིག་སྲུང་སྐྱོབ་སླད་ཞི་བའི་ལས་འགུལ་སྤེལ་བར་བསྔགས་བརྗོད་དང་གདུང་སེམས་མཉམ་སྐྱེད་ཞུ་གི་ཡོད་ལ་རྒྱ་ཁྱབ་རང་བཞིན་གྱི་ལས་འགུལ་མུ་མཐུད་སྤེལ་གལ་སྙམ། དེ་བཞིན་གཞོན་ནུ་རྣམས་ནས་ཤིན་ཏུ་ནས་གཟབ་ནན་གནང་དགོས་པ་ཞིག་ནི་རྒྱ་དམར་གཞུང་ནས་གཞོན་ནུའི་ཞི་བའི་ལས་འགུལ་འདིའི་ངོ་བོ་སྒྱུར་ཐབས་མི་བྱེད་པའི་ངེས་པ་མེད། དེ་ཡང་སློབ་ཕྲུག་བསམ་མེད་འགའ་ལ་ངན་བསྐུལ་གྱིས་ཟིང་ཆ་འཕར་མ་བཟོ་སྲིད། གོང་གི་འདྲ་པར་ནང་སློབ་ཕྲུག་བརྒྱ་ཕྲག་མང་པོ་ཞི་ཉམས་དོད་པོ་ཡོད་ཀྱང་མདུན་ཕྱོགས་གཡན་ཟུར་གྱི་སློབ་ཕྲུག་གཅིག་ཁོ་ནས་མཛོག་མགོ་གནམ་ལ་བསྟན་པ་དང་བཞིན་གྱི་ཁྲོ་གཉེར་བསྡུ་སྟངས་ལ་དོགས་པ་ཞིག་ཡོང་གི་འདུག ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་གཞུང་གིས་གང་བྱས་ཚང་མས་མཁྱེན་གསལ་ལ་དེ་དོན་བོད་ནང་གི་སློབ་ཕྲུག་གཙོ་བོར་གྱུར་བའི་གཞིས་བྱེས་བོད་རིགས་རྣམས་ནས་ཕན་གནོད་ལ་དགོངས་པ་གཟབ་བཞེས་ཀྱིས་འགུལ་རྒྱ་ཆེ་སྤེལ་གནང་ཞུ།
ཕན་ཐོག་འདྲ་འདུག་བསམ་ན་དྲ་ངོས་ཀྱི་བསམ་ཚུལ་འགོད་ས་དེར་འཇོག་རོགས།
༼ལས་འགུལ་སྐབས་སུ་དོ་སྣང་འདི་འདྲ་བྱེད་དགོས།
ད་ནི་གནད་འགག་གི་དུས་སྐབས་ཤིག་རེད་འདུག དེ་ནི་ང་ཚོ་བོད་ཕྱི་ནང་གཉིས་ནས་གང་གཟབ་གཟབ་དང་གང་ནུས་ནུས་བྱེད་དགོས་པ་ཞིག་ཅིས་ཀྱང་ཆགས་འདུག ང་ཚོས་སྔོན་ནས་ད་བར་དུ་བོད་མང་གི་ལས་འགུལ་ཅི་སྤེལ་ལ་སྡོམ་ཚིག་རྒྱག་དུས། ལས་འགུལ་དེའི་ཐོག་མའི་འབྱུང་ཁུངས་དང་འབྱ
ཕན་ཐོག་འདྲ་འདུག་བསམ་ན་དྲ་ངོས་ཀྱི་བསམ་ཚུལ་འགོད་ས་དེར་འཇོག་རོགས།
༼ལས་འགུལ་སྐབས་སུ་དོ་སྣང་འདི་འདྲ་བྱེད་དགོས།
ད་ནི་གནད་འགག་གི་དུས་སྐབས་ཤིག་རེད་འདུག དེ་ནི་ང་ཚོ་བོད་ཕྱི་ནང་གཉིས་ནས་གང་གཟབ་གཟབ་དང་གང་ནུས་ནུས་བྱེད་དགོས་པ་ཞིག་ཅིས་ཀྱང་ཆགས་འདུག ང་ཚོས་སྔོན་ནས་ད་བར་དུ་བོད་མང་གི་ལས་འགུལ་ཅི་སྤེལ་ལ་སྡོམ་ཚིག་རྒྱག་དུས། ལས་འགུལ་དེའི་ཐོག་མའི་འབྱུང་ཁུངས་དང་འབྱུང་རྐྱེན་གང་ཡིན།
ས་གནས་གང་དུ་འགོ་བཙུགས་པ་དེས་ཤུགས་རྐྱེན་ཐེབས་ཚུལ། དེ་ནས་ས་གནས་གང་དག་ཏུ་ཁྱབ་ཚུལ། ལས་འགུལ་ནང་དུ་ཞུགས་པའི་མི་གྲངས། འབོད་ཚིག་ཅི་ཡོད་དང་ཅི་བྱས། དུས་ཚོད་ནམ་དང་དུས་ཡུན་རིང་ཐུང་། ལས་འགུལ་ནང་དུ་ཞུགས་པའི་མི་སྣའི་གོ་ཐོབ། དཔེར་ན་དགེ་རྒན་དང་སློབ་མ། ཤེས་ལྡན་མི་སྣ་དང་རྩོམ་པ་པོ། ཡང་ན་ཞིང་པ་དང་འབྲོག་པ་དམངས་ཚོགས་སོགས་ཅི་དང་གང་ཡིན་ཁ་གསལ་གྱི་གྲངས་ཐོ་དང་། ལས་འགུལ་གྱི་སྒུལ་ཤུགས། གཞི་ཁྱོན་ཆེ་ཆུང་། མི་དམངས་ཀྱི་ཆ་ཤོས་ལེན་ཚད། དམངས་ཚོགས་ཀྱི་དགོས་འདུན་དང་ནུས་སྟོབས་ཅི་འདྲ་ཡིན་སྐོར་སོགས་ཅིས་ཀྱང་ཤེས་དགོས་ཀྱི་འདུག་སྙམ།
བོད་ནང་དུ་འདི་དང་འདི་ལྟ་བུའི་ལས་འགུལ་ཞིག་གི་མགོ་བརྩམས་མ་ཐག་ནས། བོད་ཕྱི་ན་ཡོད་པའི་གསར་འགྱུར་དང་རླུང་འཕྲིན། བརྙན་འཕྲིན་ཁང་སོགས་ནས་ཞིབ་ཚགས་ཀྱིས་གནས་ཚུལ་ཁ་གསལ་རྒྱུས་ལོན་བྱེད་པར་མི་བརྩོན་པར། གཅིག་གིས་སྤེལ་བའི་གནས་ཚུལ་དེར་བསྐྱར་བཅོས་ཡང་བཅོས་ཀྱིས་བརྒྱུད་སྒྲོག་བྱེད་ཀྱི་འདུག
དེ་ཡང་བརྒྱུད་སྒྲོག་བྱེད་པ་དེ་མི་འོས་པ་དང་མི་འཚམ་པ་རེད་ཅེས་བཤད་ཀི་མེད་མོད། སྐབས་འདི་ལྟ་བུ་ལ་ང་ཚོས་ཅིས་ཀྱང་རང་ངོས་ནས་འགན་ཆེན་པོ་ཞིག
བློ་རིག་བཀྲ་བའི་བོད་རིགས་བློ་གསལ་སློབ་བུ་ཚོས་ཆབ་སྲིད་དང་འབྲེལ་བ་གཏན་ནས་མེད་པའི་ཐོག་རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་གཞི་རྩར་བཟུང་ནས་གྲངས་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་། མི་རིགས་འདྲ་མཉམ། འཆམ་མཐུན་གྱི་སྤྱི་ཚོགས་ཡག་པོ་ཞིག་སྐྱུན་ཐུབ་རྒྱུར་ཞི་བའི་འབོད་སྐུལ་གནང་བཞིན་ཡོད་པར་དེར་རྗེས་སུ་ཡི་རངས་དང་ཞུ།
རྒྱ་ནག་གཞུང་ནས་ཀྱང་སྤྱི་ཚོགས་བརྟན་བརླིང་དང་། མི་རིགས་འདྲ་མཉམ་། སྐད་ཡིག་སྲུང་སྐྱོབ། སྤྱི་ཚོགས་འཅམ་མཐུན། དཔལ་འབྱོར་གོང་འཕེལ་བཅས་ཡག་པོ་ཡོང་ཕྱིར་ཞི་བའི་འབོད་བསྐུལ་འདི་ཐད་ལ་ཤེས་ཡོན་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུའི་རེ་བ་ཆེན་པོ་ཡོད།
སློབ་མའི་ལས་འགུལ་དེ་ཆབ་སྲིད་ལ་མ་བསྒྱུར་རོགས།
ཐེངས་འདིའི་སློབ་མའི་ལས་འགུལ་གྱི་སྔ་གཞུག་ཏུ་ང་ཚོས་ཤེས་དགོས་པའི་གནད་དོན་འགའ་འདུག་ལ། ལྷག་པར་དུ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སྡེ་ཚན་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་མཉམ་འཇོག་དགོས་པའི་གནད་དོན་འགའ་འདུག
མདོ་སྨད་རེབ་གོང་དང་རྨ་ལྷོ་ཁུལ། ཆབ་ཆ་ཁུལ། ཁྲི་ཀ་རྫོང་། རྩི་གོར་ཐང་། མགོ་ལོག་ཁུལ་བཅས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་རྣམས་ཀྱིས་ཅིའི་ཕྱིར་སྐད་བརྒྱབ་པ་རེད། ཁོང་ཚོའི་ངོ་རྒོལ་སྐབས་ཀྱི་འབོད་ཚིག་གཙོ་བོ་གང་དང་གང་རེད། ནམ་རྒྱུན་བོད་ས་སྟོད་སྨད་བར་གསུམ་གང་ནས་ཞི་བའི་ངོ་རྒོལ་བྱུང་སྐབས་དེའི་ནང་ན་༸གོང་ས་མཆོག་དང་བོད་ཀྱི་ཆབ་སྲིད་གནས་བབ་ཐད་ཀྱི་ཚིག་ཅིག་མེད་ས་ཞིག་མེད་མོད། ཐེངས་འདིར་དེ་དག་མེད་པའི་རྒྱུ་མཚན་ཅི།
དེ་ལྟར་ང་ཚོས་མདོ་སྨད་ཕྱོགས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མའི་ལས་འགུལ་འདི་ལ་ལྟ་ཤེས་པ་དང་ཉན་ཤེས་པ། གོ་རིམ་རྟོགས་པ་དང་ཡིད་གཟབ་བྱེད་དགོས་ས་མང་བོ་འདུག ཇི་ལྟར་བཤད་རུང་ལས་འགུལ་འདི་ཆབ་སྲིད་ཀྱི་ལས་འགུལ་མིན་ལ། ཆབ་སྲིད་དང་མཉམ་བསྲེས་ཀྱང་བྱས་མི་འདུག ཐ་ན་ཆབ་སྲིད་ཀྱི་དྲི་ཙམ་ཡང་མི་བྲོ་བའི་ལས་འགུལ་ཞིག་ཡིན་སྟབས། ཕྱི་ཕྱོགས་ནས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་མི་རུང་ལ། ལྷག་པར་དུ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་སྐབས་རྒྱབ་སྐྱོར་བྱེད་སྟངས་མ་ཤེས་པའི་དབང་གིས་སྐད་ཡིག་རང་སྟེང་གི་བདག་དབང་རྩོད་པའི་ལས་འགུལ་འདི་ཆབ་སྲིད་ཀྱི་ངོ་བོར་མཉམ་བསྲེ་བྱ་མི་རུང་བར་འདོད།
དཔེར་ན། དེ་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ་ལྟ་བུ་རེད། སྟབས་ལེགས་པ་ཞིག་ལ་བོད་ཀྱི་དགུ་བཅུ་གསུམ་གྱི་དགེ་སློབ་ཡོངས་ཞེས་པ་བེད་སྤྱོད་བཏང་བ་ལས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་མིང་ཐོག་ནས་ལས་འགུལ་སྤེལ་མེད། གལ་སྲིད་དེ་ལྟར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་མིང་ཐོག་ནས་ལས་འགུལ་སྤེལ་ཡོད་ཚེ། དགུ་བཅུ་གསུམ་གྱིས་གདུང་སེམས་མཉམ་སྐྱེད་བྱས་པ་མ་འགྲིག་པ་མིན་ལ། ཁོང་ཚོ་ལྷག་བསམ་རྣམ་དག་མིན་པས་ཀྱང་མིན་མོད། དེས་ཕན་ཐོགས་རྒྱུའི་ཚབ་ཏུ་གནོད་སྐྱེད་སྲིད།
ཇི་ལྟར་བཤད་རུང་རྒྱ་ནག་གི་མིག་ནང་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནི་ཁོང་ཚོའི་དགྲ་ལག་ནས་མ་ཆུན་མ་ཐུབ་པར། ཕྱི་ལ་བྲོས་བྱོལ་བྱས་པའི་ཆབ་སྲིད་ཀྱི་ཉེས་ཅན་པ་ཁྱུ་ཞིག་གིས་གྲུབ་པའི་ཚོགས་པ་ཞིག་རེད་ལ། ཚོགས་པའི་མཐར་ཐུག་གི་དམིགས་འདུན་ཆབ་སྲིད་བཙོན་ཟུར་རྣམས་ལ་ལྟ་སྐྱོང་དང་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུ། བོད་ཀྱི་འདས་མ་ད་གསུམ་གྱི་ཆབ་སྲིད་གནས་བབ་ལ་ལྟ་རྟོག་དང་དེ་བསྟུན་གྱིས་འགུལ་སྐྱོད་བྱ་རྒྱུ་བཅས་རེད། འདི་ལྟ་བུའི་ཚོགས་པ་ཞིག་གིས་ཐེངས་འདིའི་སློབ་མའི་ལས་འགུལ་ལ་ལག་བསྲིང་ཚེ། རྒྱ་ནག་ལ་མཚོན་ན་དེ་ནི་ཕྱི་ཕྱོགས་ཀྱི་ཆབ་སྲིད་ཚོགས་སྡེ་གང་རུང་ཞིག་གམ། ནམ་རྒྱུན་ལྟར་ལས་འགུལ་འདིའི་རྒྱབ་ན་ཏཱ་ལའི་རུ་ཚོགས་ཡོད་པ་སོགས་ཀྱིས་ཉེས་མེད་ཉེས་འགེལ་བྱེད་སྤྱེད་དུ་འགྱུར་སྲིད་པས། དགུ་བཅུ་གསུམ་དང་གཞོན་ནུ་དང་བུད་མེད། དེ་མིན་གྱི་ཆབ་སྲིད་ཚོགས་སྡེ་སུ་ཡིན་རུང་ཐད་ཀར་དུ་ལག་མ་བསྲིང་ན་བཟང་སྙམ། དེ་གཅིག་རེད།
གཉིས་པ། དེ་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྤེལ་བའི་གསལ་བསྒྲགས་ནང་༸གོང་ས་མཆོག་གི་མཚན་དྲངས་ཏེ་དེ་འབྲེལ་གྱི་གནད་དོན་ཞིག་འགྲེལ་ཡོད། བོད་ནང་གི་སློབ་མའི་ལས་འགུལ་འདིའི་སྔ་ཕྱི་བར་གསུམ་དུ་༸གོང་ས་མཆོག་གི་མཚན་བགྲང་མེད་པ་ཤེས་བཞིན་དུ། ཡར་ལངས་འདི་ཆབ་སྲིད་ཀྱི་ལས་འགུལ་མིན་པར་མི་རིགས་ཀྱི་སྐད་ཡིག་གི་བདག་དབང་ཡིན་པ་ཤེས་བཞིན་དུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་༸གོང་ས་མཆོག་གི་མཚན་དེའི་ནང་དུ་བསྲེས་ཡོད་ལ། དེས་རྒྱ་གཞུང་ལ་གནས་ཚུལ་དངོས་སྤས་ནས་རྫུན་མ་སྒྲོག་བྱེད་ཀྱི་སྨྲ་ལྕེ་འཐོལ་བ་ཞིག་སྦྱིན་ཡོད།
གསུམ། ལས་འགུལ་འདིར་བལྟས་ཚོད་ཀྱིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་རྒྱ་ནག་གི་མང་གཙོ་དོན་གཉེར་བ། སྐུ་ཞབས་ལིག་ཞོ་པོ་ལ་འཐོབ་པའི་གསལ་བསྒྲགས་སྤེལ་ཏེ། འཛམ་གླིང་གི་རྒྱབ་ཁབ་ཁག་དང་གསར་འགྱུར་སྡེ་ཚན་ཁག མང་གཙོ་དོན་གཉེར་བ་རྣམས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག མདོར་ན་རྒྱ་ནག་གཞུང་མང་བཅས་དོ་སྣང་ཅན་གྱི་སྐྱེ་བོ་ཡོངས་ཀྱིས་ཁ་མིག་སྐུ་ཞབས་ལིག་ཞོ་པོ་ལ་ཕྱོགས་ཡོད་པའི་བར་གླགས་འདིར། གློ་རྡེག་ཏུ་བྱུང་བའི་ལས་འགུལ་ཞིག་དང་སྔ་ཕྱིར་གོ་རིམ་མེད་པ་ཞིག་ཏུ་སྣང་མོད། དེ་ལྟར་མིན་པར་ལས་འགུལ་འདིའི་སྔ་ཕྱིའི་གོ་རིམ་ཞིབ་ཚགས་པ་དང་འཆར་གཞི་བཏིང་བ་གཏིང་ཟབ་ལ། ལྷག་པར་དུ་བོད་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཏིལ་འབྲུ་ཙམ་ཡང་འདིའི་ནང་དུ་འདྲེས་མེད་སྟབས། ལས་འགུལ་སྤེལ་མཁན་ལ་སྔ་ཕྱིའི་གོ་རིམ་ཡོད་པ་དང་རང་གི་འགུལ་སྐྱོད་ལ་སྔ་ཕྱིའི་གྲ་སྒྲིག་ཡོད་པ་བཞིན། ཕྱི་ཕྱོགས་ནས་རྒྱབ་སྐྱོར་བྱེད་སྐབས་ནམ་རྒྱུན་ལྟར་ཧོལ་རྒྱུགས་མི་གནང་བར། བབ་བསྟུན་དང་གནས་ཚུལ་དངོས་ཀྱི་ངོ་གདོང་ལ་བལྟས་ཏེ་ཡིད་གཟབ་བྱ་དགོས་པར་འདོད།
བཞི། འདས་མ་ཐག་པའི་ཉིན་གསུམ་གྱི་གནས་བབ་འདིར་བལྟས་ན། ད་ལྟའི་ཆར་ད་དུང་རྒྱ་ནག་གིས་ལས་འགུལ་འདི་སྐད་ཡིག་རང་སྟེང་གི་ལས་འགུལ་ཞིག་ཏུ་བཞག་པ་ལས་ཆབ་སྲིད་ཀྱི་ལས་འགུལ་དུ་བསྒྱུར་མི་འདུག དཔེར་ན། སློབ་མ་རྣམས་ལ་འཇིགས་སྐུལ་དང་ཉེས་རྡུང་བཙོན་འཇུག་སོགས་བྱས་མེད། དེ་ལྟར་ཕྱོགས་གང་ནས་བསམ་ཡང་ང་ཚོས་གནས་ཚུལ་འདིའི་ཕྱོགས་ཡོངས་དང་གནས་ཚུལ་དངོས་ཀྱི་ངོ་གདོང་ལ་མཉམ་འཇོག་དགོས་ཀྱི་འདུག
དེས་ན་བོད་ཕྱི་ཕྱོགས་ནས་ཐེངས་འདིའི་ལས་འགུལ་ལ་ཇི་ལྟར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་ངམ་ཞེ་ན། དེ་རིང་བོད་ཀྱི་དགུ་བཅུ་གསུམ་གྱི་དགེ་སློབ་ཡོངས་དང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་མགོ་བརྩམས་པའི་ལས་འགུལ་ཏེ། བཙན་བྱོལ་གྱི་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་མཚན་རྟགས་བསྡུ་རུབ་དང་སློབ་མ་རང་གི་ངོས་ཐད་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྣ་མང་གོ་སྒྲིག་བྱ་རྒྱུ་བཅས་ཡིན། དཔེར་ན། ཐེངས་འདིའི་ལས་འགུལ་འདིའི་མགོ་ཆབ་སྲིད་ཚོགས་པ་ཁག་གིས་མི་ཁྲིད་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ཁག་དང་མཐོ་སློབ་ཁག་གིས་ཁྲིད་དེ། བཙན་བྱོལ་གྱི་སློབ་གྲྭ་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་ངོ་རྒོལ་སྐད་འབོད་བྱེད་པ་ལྟ་བུའོ། །
ཡིན་ནའང་། སྐབས་འདིར་འགྲེལ་འདོད་པ་ཞིག་ནི། ནམ་རྒྱུན་ལྟར་ཆབ་སྲིད་ཚོགས་སྡེ་ཁག་དང་ཆབ་སྲིད་མི་སྣ་རྣམས་ཀྱིས་ཐེངས་འདིའི་ལས་འགུལ་འདིར་རྒྱབ་སྐྱོར་ཇི་ལྟར་བྱའམ་ཟེར་ན། བོད་ནས་འདི་གར་འབྱོར་བཞིན་པའི་ཉིན་རེའི་གནས་ཚུལ་རྣམས་དུས་ལྟར་རྒྱ་དབྱིན་གཙོས་མི་རིགས་གཞན་གྱི་སྐད་ཡིག་སྟེང་ཕབ་བསྒྱུར་བྱས་ཏེ། འཛམ་གླིང་གི་གསར་འགྱུར་སྡེ་ཁག་ཆེ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས། བྱིས་པའི་ཐེབས་རྩ་ཚོགས་པ་ཁག སློབ་གསོའི་སྡེ་ཚན་ཁག གཞུང་འཛིན་མི་སྣ་ཁག་བཅས་ལ་ཐད་གཏོང་དང་འཛམ་གླིང་གི་མི་མང་ཡོངས་ལ་གནས་ཚུལ་དུས་ལྟར་མཁོ་སྤྲོད་བྱ་རྒྱུ། དེ་བཞིན་བོད་ཕྱིའི་སློབ་མའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ལ་དངུལ་དངོས་དང་བསམ་བློས་རོགས་རམ་བྱ་རྒྱུ་བཅས་སོ། །
མཇུག་མཐར། གསར་འགྱུར་སྡེ་ཁག་གིས་མཉམ་འཇོག་སའང་གོང་མཚུངས་ལྟར་གསར་འགྱུར་འབྲི་སྤེལ་དང་སྒྲོག་སྦྱོང་། བརྙན་ཕབ་སྐབས་བོད་སྐད་ཡིག་གི་བདག་དབང་རྩོད་པའི་ལས་འགུལ་འདིའི་ནང་དུ་ཆབ་སྲིད་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མ་བསྲེས་པར། སློབ་མའི་ལས་འགུལ་རང་དང་བོད་སྐད་ཡིག་གི་བདག་དབང་རྩོད་པའི་ལས་འགུལ་རང་། ད་ལྟ་སྤེལ་གྱིན་ཡོད་པའི་གནས་ཚུལ་དངོས་ཀྱི་ངོ་གདོང་རང་ནས་མང་ཚོགས་ལ་གནས་ཚུལ་མཁོ་སྤྲོད་གནང་རྒྱུ་དེའོ། །
ངས་སློབ་མ་འདི་དག་གིས་སླེལ་བའི་ལས་འགུལ་དེ་ཆབ་སྲིད་ཀྱི་ལས་འགུལ་ཞིག་ལ་བརྩི་ཡི་མེད་ལ། ཁོངས་རྣམས་ཀྱིས་ཀྱང་ཁྲིམས་མཐུན་གྱི་ལས་དོན་ལས་དེ་འདྲ་ཞིག་ལ་འདོད་ཀྱི་མེད་ཚོད་རེད། དེར་རྟེན་འདིར་བཀོད་མ་བཀོད་པར་དང་མིང་སོགས་གསལ་གསལ་ཐང་ཐང་ལ་བཀོད་པ་དེ་སྤྱིར་མི་འགྲིག་པ་མེད་ན་ཡང་། དམར་གཞུང་ནི་གནས་ལུགས་དང་རྒྱལ་ཁྲིམས་མི་སྲུང་མཁན་ཞིག་ཡིན་སྟབས་འདི་ལྟར་བཀོད་པ་ལ་ཨ་སྒོར་གྱི་གྲངས་ཀ་དང་། གསར་འགྱུར་ཙམ་ལ་རྔམ་པ་དག་གིས་འདོད་དོན་འགྲུབ་བྱེད་ཙམ་ལས་ལྷད་མེད་ཀྱི་མི་རིགས་རིགས་གཞུང་དང་བཅས་པར་ཤ་ཞེན་ཡོད་མེད་འདྲི་བ་ཞིག་ཡིན། 2008 ལོར་དྲང་བདེན་དང་ལྷག་བསམ་གྱིས་ཕྱུག་པའི་སྤུན་ཟླ་རྒྱལ་གཅེས་པ་གང་མངས་ཤིག་གི་ཚེ་སྲོག་རླུང་ལ་བསྐུར་བ་དེ། ཆབ་སྲིད་དྲིལ་བསྒྲགས་དང་གསར་འགྱུར་ཚོང་བསྒྱུར་གྱི་ལས་ལ་བྲེལ་བའི་སྐབས་འཚོལ་རང་ལུགས་པ་དག་གི་བྱས་ཉེས་མ་ཡིན་ནམ། མཐར་རིག་གཞུང་གི་ལས་འགུལ་འདི་ཆབ་སྲིད་ལ་མ་བསྒྱུར་རོགས།
དངོས་གནས་ཡག་པོ་རེད། སྙིང་སྟོབས་ལྡན་པའི་བོད་ནང་གི་སློབ་མ་ཚོར་ང་ཚོའི་ངོས་ནས་གདུངས་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གང་མང་སྤེལ་ཐུབ་པའི་རེ་བ་ཡོད།
དངོས་གནས་ཡག་པོ་རེད། སྙིང་སྟོབས་ལྡན་པའི་བོད་ནང་གི་སློབ་མ་ཚོར་ང་ཚོའི་ངོས་ནས་གདུངས་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གང་མང་སྤེལ་ཐུབ་པའི་རེ་བ་ཡོད།
ལས་འགུལ་འདི་ཧ་ཅང་གི་ཡག་པོ་རེད། བོད་ནང་གི་རྒྱབ་དཔུང་དུ་ལངས་ནས་སྐད་གསེང་མཐོན་པོས་གཞོགས་འདེགས་གནང་རྒྱུ་ནི་བཙན་བྱོལ་བའི་ལས་འགན་རེད་ལ། སེམས་ཤུགས་རྒྱུན་གནས་ཐུབ་པའི་འབྱུང་ཁུངས་ཀྱང་ཡིན་ལ། སྒོས་སུ་བོད་ནང་གི་ལས་འགུལ་མ་འདྲ་བའི་ངོ་བོ་གཞིར་བཞག་ནས་རྒྱབ་བསྐྱོར་གནང་གལ་ཆེ་བ་བཞིན་ད་རེས་དགུ་བཅུ་གསུམ་ཚོགས་པའི་འགན་འཛིན་ལྷན་རྒྱས་ནས་དེ་ལུགས་གཞིར་བཞག་ཡོད་པས། ཤེས་ནས་རྒྱབ་བསྐྱོར་བྱེད་པ་དང་མ་ཤེས་གང་བྱུང་རྒྱུགས་པ་གཉིས་ལ་ངོ་བོའི་ཆ་ནས་དབྱེ་བ་ཡོད་པའང་འདི་ལས་ངོ་འཕྲོད་ཡོད་ཅིང་། དགུ་བཅུ་གསུམ་ཚོགས་པས་རྒྱུན་ལས་གསར་འདེམས་གནང་བ་ནོར་མི་འདུག་པར་མ་ཟད། དངོས་གནས་སྲིད་དོན་བཙོན་ཟུར་དག་གི་འགན་འཁྲིའི་སྒང་ལ་གོམ་པ་སྤོས་འདུག་པས། དམིགས་བསལ་གྱིས་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་གི་ཡིན།
ཚོགས་པ་གཉིས་ལ་ཡིད་རང་དང་ཐུགས་རྗེ་ཆེ་ཞུ་བ་དང་རང་བྲལ་དབང་ནས་གཙན་འོག་དུ་ཡོད་པའི་སློབ་མ་རྣམས་འདི་འདྲའི་སེམས་ཤུགས་ཞིག་ཡོད་ཀྱང་རང་དབང་དང་ཐུན་རྐྱེན་ཕུན་གསུམ་ཚོགས་པའི་རྒྱ་གར་ལ་ཡོད་སློབ་ཕྲུག་རྣམས་ལ་བོད་ཡིག་སློབ་འདོད་མེད་པ་དང་བོད་སྐད་ལ་དོ་གནང་མེད་པ་ནི་བློ་ཕམ་ཆེན་པོ་དང་ངོ་ཚ་དགོས་པ་ཤིག་རེད་ཨ་ཁ་ཁ་
རླབས་ཆེ་བའི་སྐད་འབོད་ཀྱིས། ང་ཚོ་ཡང་དང་བསྐྱར་དུ་གཉིད་ལས་དཀྲོགས། སླར་ཡང་གཉིད་དུ་ཡུར། འདི་ནི་བཙན་བྱོལ་དུ་འདུག་ཡུན་རིང་དྲགས་སོང་སྟབས་ཡིན་ས་རེད། གང་ལྟར། ད་རེབས་དགུ་བཅུ་གསུམ་དང་སྐད་ཡིག་རྒྱུན་འཛིན་ཚོགས་པ་གཉིས་ཀྱིས་མེ་བོད་ནང་དུ་མཆེད་པ་དང་། དུ་བ་ཕྱི་ནས་མངོན་དུ་བཅུགས་པ་དེ་ལ་དགའ་བསུ་ཡོད།
ཨ་ཨ་ ངོས་གནས་དོན་བདག་གལ་ཆེ་བའི་གནད་དོན་ཞིག་རེད། བོད་ཀྱི་སྐད་ནི་བོད་མིའི་སྲོག་རྩ་རེད། རང་གི་སྲོག་རྩ་རང་གིས་སྲུང་སྐྱོབ་བྱེད་དགོས། འདི་ནི་རྒྱ་ནག་སྲིད་གཞུང་གིས་ཀྱང་སྔར་ནས་མི་རིགས་སོ་སོའི་ས་གནས་ལ་རང་གི་སྐད་ཡིད་བེད་སྤྱོད་བཏངས་ཆོག་ཞེས་བཤད་ཡོད་པ་དེ་དང་མི་འགལ་བ་ཞིག་རེད། ཕལ་ཆེར་དེ་ལ་གྲུབ་འབྲས་ཞིག་ཐོན་རྒྱུའི་ལམ་ཁ་ཡོད།
འོན་ཀྱང་སྐྱོ་འོས་པ་ཞིག་ལ་རྒྱ་བལ་ན་ཡོད་པའི་བོད་མི་གཞི་ཆགས་ཟེར་བ་དེ་ཚོས་ནི། བོད་སྐད་བཤད་ན་གླེན་རྟགས་དང་། བོད་ཡིག་བྲིས་ན་རིགས་གནས་དང་འབྱོན་སྟང་མེད་པའི་རྟགས་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག་ཞེས་པ་ཐོས་བྱུང་། མ་ཟད་ཕ་མ་རྣམས་ཀྱིས་རང་གི་བུ་ཚ་སོགས་ཀྱི་བོད་སྐད་དང་བཤད་ན་བཀའ་བཀྱོན་གཏོང་རྒྱུ་དེ་ཚོ་མཚམས་འཇོག་དང་།
བོད་མི་རང་གིས་བོད་སྐད་ལ་མཐོང་ཆུང་བྱེད་པ་འདི་ནི་བླུན་པོ་མཐར་ཐུགས་པའི་བྱ་བ་ཞིག་རེད།
དངོས་གནས་བཤད་ན་ད་སྐབས་བོད་ནང་གི་སློབ་ཕྲུག་ཚོས་བོད་ཀྱི་སྐད་ཡིག་གི་ཆེད་དུ་ཡར་ལང་བྱེད་རྒྱུ་ཆ་ཤས་ཞིག་བོད་མི་གཞི་ཆགས་ཞེས་པ་དེ་ལའང་ཐོབ་ངེས་རེད།
དུས་སྐབས་འདི་ནས་བཟུང་བོད་སྐད་བོད་ཡིག་གཙང་མ་འབྲི་བཤད་བྱེད་རྒྱུའི་ཕྱོགས་ལ་མདུན་བསྐྱོད་བྱེད་རོགས།
ལས་འགུལ་འདིར་དགའ་བསུ་ཡོད།་་ བཙན་བྱོལ་སློབ་གྲྭ་ཁག་ནས་འདིར་རྣམ་འགྱུར་ཞིག་སྟོན་དགོས་འདུག
དགུ་བཅུ་གསུམ་ཚོགས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སློབ་མ་ཡོངས་ཀྱི་ཚེ་སྲོག་དང་མདུན་ལམ་ལ་་སྐྱོན་མེད་པའི་རེ་བ་ཞུ།
གོང་གསལ་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་ལས་འགུལ་དང་དེ་འབྲེལ་རྒྱ་ནག་ལ་སྤྲད་པའི་དོན་ཚན་ཁག་གསུམ། མཚན་རྟགས་བསྡུ་རུབ་ཀྱི་བྱ་འགུལ་དེར་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཡོད། གཏན་སློབ་ཁག་ཏུ་ལས་འགུལ་དེ་ཏག་ཏག་འགྲོ་ཨེ་ཐུབ། དགུ་བཅུ་གསུམ་གྱི་དབུ་རྒྱུན་གསར་པའི་ལས་འགུལ་ཐོག་མའི་གྲས་སུ་བོད་ནང་གི་གཞིས་ལུས་སློབ་ཕྲུག་ཚོར་རྒྱབ་སྐྱོར་གྱི་རླབས་ཆེན་ཕྱག་ལས་འདིར་དམིགས་བསལ་གྱི་བཀྲ་ཤིས་བདེ་ལེགས་དང་ཡོང་རྒྱུའི་ལས་འགུལ་དེའི་རིགས་རྣམས་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད། ཁ་བ་ཅན་པའི་སློབ་མ་རྒྱལ་བར་ཤོག་་་་་བོད་སློབ་རྒྱལ་ལོ།
འདི་ལས་འགུལ་ཡག་པོ་ཞིག་རེད། ང་ཚོའི་འདི་ཕྱོགས་ནས་ཀྱང་གང་ནུས་ཀྱིས་ལས་འགུལ་འདྲ་མིན་སྤེལ་དགོས་པ་གལ་ཆེན་པོ་འདུག དགུ་བཅུ་གསུམ་གྱིས་འགོ་ཁྲིད་དེ་ལས་འགུལ་འདི་འདྲ་ཞིག་སྤེལ་བཞིན་པར་རྒྱབ་སྐྱོར་ཡོད།