ལོ་འདིའི་ཕྱི་ཟླ་ ༩ ཚེས་ ༡༢ ཉིན་མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པ་དང་ཞིང་ཆེན་སྲིད་གཞུང་གཉིས་མཉམ་འབྲེལ་ཐོག ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐེངས་དང་པོ་དེ་སྐོང་ཚོགས་བྱས་ཏེ། ༼ ཕྱི་ལོ་ ༢༠༡༠ ནས་ ༢༠༢༠ བར་གྱི་མཚོ་སྔོན་ཞིང་ཆེན་དུས་ཡུན་འབྲིང་རིང་གི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད ༽ ཅེས་པའི་ཤེས་ཡོན་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་ཡོད་ཅིང་། དེའི་རྗེས་མཚོ་སྔོན་ཞིང་ཆེན་འོག་གི་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཁག་གི་དགེ་ལས་མང་པོ་ཞིག་མཚོ་སྔོན་ཟི་ལིང་དུ་བསྐངས་ཏེ། གོང་གི་སློབ་གསོ་བཅོས་བསྒྱུར་སྐོར་གྱི་སྲིད་ཇུས་དེའི་ཐོག་ཟབ་སྦྱོང་ཞིག་སྤྲད་ཡོད་ཅིང་། སྐབས་དེར་དགེ་རྒན་མང་པོ་ཞིག་གིས་སྲིད་ཇུས་དེར་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་དགེ་རྒན་བརྒྱ་ལྷག་གིས་མཚན་རྟགས་བསྐྱོན་པའི་ཞུ་ཡིག་ཅིག་ཞིང་ཆེན་སློབ་གསོ་སྡེ་ཁག་ལ་ཕུལ་ཡོད་འདུག
ཕྱི་ཟླ་ ༩ ནང་གཏན་འབེབས་བྱས་པའི་༼༢༠༡༠–༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད༽ཅེས་པའི་ཡིག་ཆའི་ནང་གི་ལེའུ་བཅུ་གཅིག་པ། མི་རིགས་སློབ་གསོ་ཞེས་པའི་དོན་ཚན་ནང་བཀོད་དོན། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་སྒྲིག་ཁྲིམས་ལག་བསྟར་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་མི་རིགས་སློབ་གསོའི་བྱ་བར་ཤུགས་སྣོན་དང་། རང་ཞིང་གི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་བར་འཕྲད་པའི་དམིགས་བསལ་དཀའ་ཁག་དང་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱས་ཏེ། སྒྲིག་གཞི་བཅོས་བསྒྱུར་དང་སྒྲིག་བཀོད་ལེགས་སྒྱུར། སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས། སློབ་གྲྭའི་དོ་དམ་ཆུ་ཚད་མཐོར་འདེགས། སློབ་སྒྲུབ་ཕན་འབྲས་ལ་ཤུགས་སྣོན་བཅས་བྱ་དགོས། ནུས་ཤུགས་ཆེན་པོས“སྐད་གཉིས”སློབ་ཁྲིད་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས།
རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེས་སློབ་ཁྲིད་བྱེད་པ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་། དེའི་མཚུངས་སུ་མི་རིགས་ཀྱི་སྐད་ཡིག་བསླབ་རྒྱུ། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་དེ་སློབ་ཁྲིད་གྱི་སྐད་ཆར་བཞག་སྟེ། གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཐུན་མོང་གིས་སྤྱོད་པའི་སྐད་དང་ཡི་གེ་དང་། མི་རིགས་རང་གི་སྐད་དང་ཡི་གེ་གཉིས་ལ་ཅུང་བྱང་ཆ་ཡོད་པར་བྱ་དགོས། མི་རིགས་ས་གནས་ཁག་ཏུ་སློབ་ལོ་མ་རན་གོང་གི་སྐད་གཉིས་ཅན་གྱི་བུ་བཅོལ་ཁང་འཛུགས་པར་རྒྱབ་སྐྱོར་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་བྱིས་པ་མཉམ་བསྲེས་ཀྱི་བུ་བཅོལ་ཁང་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་བྱིས་པ་མཉམ་བསྲེས་ཀྱི་འཛིན་གྲྭ་འཛུགས་རྒྱུ་སྐུལ་སྤེལ་བྱ་རྒྱུ། རོགས་སྐྱོར་ཡོད་པའི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་རོགས་བརྩོན་ལེན་གྱིས་སྐད་གཉིས་བུ་བཅོལ་ཁང་གི་མ་དཔེ་སྐོར་ཞིག་གསར་འཛུགས་བྱ་རྒྱུ།
མི་རིགས་སློབ་འབྲིང་དང་སྤྱིར་བཏང་གི་སློབ་གྲྭ་ཆུང་འབྲིང་རྣམས་ཀྱིས་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་དང་རྒྱ་རིགས་སློབ་གྲྭ་མཉམ་བསྲེས་བྱ་རྒྱུ་ལག་བསྟ