རྒྱ་གར་རང་བཙན་མ་ཐོབ་པའི་ཡར་སྔོན་དུ་ཟློས་གར་གྱི་ལམ་ནས་ལས་དོན་གང་གནང་བར་བལྟས་ཏེ། མ་འོངས་པར་ང་ཚོའི་ཟློས་གར་ཚོགས་པས་ཀྱང་འབད་པ་ཆེན་པོས་བོད་མི་རིགས་ཀྱི་སྲོལ་རྒྱུན་ཟློས་གར་གྱིས་མཚོན་པའི་དེང་དུས་ཀྱི་འགྲོ་སྟངས་དང་མཐུན་པའི་མིང་དོན་མཚུངས་པའི་ཟློས་གར་ཚོགས་པ་ཞིག་ཏུ་བསྒྱུར་དགོས་ཟེར།
ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་དགོང་མོར་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་བཀྲས་མཐོང་སྐལ་བཟང་ཆོས་སྐྱིད་དང་ཚེ་གསུམ་ལྷ་མོ་རྣམ་གཉིས་ཀྱི་གོ་སྒྲིག་འོག། ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་རྣམས་ཀྱི་ཐོག་མའི་དམིགས་ཡུལ་ལྟར་ཚོགས་ཟུར་མཉམ་འཛོམས་ཀྱི་དུས་སྟོན་ཞིག་བོད་གཞུང་ཟློས་གར་ཐང་ཆེན་དུ་ཚོགས་ཡོད་ལ། ཚོགས་འདུའི་སྐུ་མགྲོན་དུ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གཙོས། བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་བཀའ་ཟུར་རྣམ་པ། གཞུང་ཞབས་ལས་བྱེད་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་བཅས་འདུ་འཛོམས་ཐོག ཨ་རི་དང་ཡུ་རོབ་གཙོས་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་ཟློས་ཚོགས་མི་ཟུར་བ་རྣམས་ཀྱིས་སྔར་གྱི་འཁྲབ་གཞས་དང་ནང་མ་བསྟོད་གཞས། རྐྱང་གཞས་བཅས་གཟིགས་འབུལ་གནང་བར་མ་ཟད། ཟློས་གར་ཚོགས་པའི་འདི་ལོའི་དབྱར་སྐྱིད་ཀྱི་འོད་སྡེར་གསར་བ་ཞིག་ཀྱང་དབུ་འབྱེད་གནང་ཡོད།
སྐབས་དེར། ཚོགས་མི་ཟུར་པ་བཀྲས་མཐོང་སྐལ་བཟང་ཆོས་སྐྱིད་ལགས་ཀྱིས་དུས་སྟོན་གོ་སྒྲིག་གི་དམིགས་ཡུལ་དང་འབྲེལ་གཏམ་བཤད་གནང་དོན། ངའི་འདས་པའི་མི་ཚེ་ཁྲོད་ཀྱི་དུས་ཡུན་རིང་ཤོས་དེ་ཟློས་གར་ཚོགས་པའི་ནང་བསྐྱལ་བ་ཡིན་ལ། དུས་ཡུན་དེའི་རིང་མི་མང་པོ་ཞིག་ངོ་ཤེས་པར་མ་ཟད་ཧ་ཅང་འདྲིས་པར་གྱུར་ཏེ། ད་ལྟའི་དུས་འདིར་ཡང་ངས་ཟློས་གར་ཚོགས་པ་དེ་རང་ཁྱིམ་ལྟ་བུ་ཞིག་དང་ཚོགས་མི་ཚོ་རང་གི་གཉེན་ཉེ་ལྟ་བུའི་འདུ་ཤེས་ཤིག་བཟུང་ཡོད། ༡༩༨༠ ལོ་ནས་བཟུང་ངས་ཟློས་ཟུར་མཉམ་འཛོམས་ཀྱི་དུས་སྟོན་ཞིག་ཚོགས་ཐུབ་པའི་རེ་བ་བྱས་ཀྱང་། རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་དེ་རིང་བར་ལྷག་པ་རེད། དུས་སྟོན་འདི་འདྲ་ཞིག་ལ་རེ་བ་བརྒྱབ་པའི་དམིགས་ཡུལ་གཙོ་བོ་ནི། ང་ཚོ་ཚོགས་མི་ཟུར་པ་རྒན་པ་རྣམས་དང་ད་ལྟའི་ལས་བྱེད་དང་འཁྲབ་སྟོན་པ་རྣམས་ཀྱི་འབྲེལ་ལམ་ཟབ་དུ་གཏོང་ཆེད་དང་། མ་འོངས་པར་བོད་ཀྱི་སྲོལ་རྒྱུན་ཟློས་གར་སྒྱུ་རྩལ་མི་ཉམས་གོང་སྤེལ་ཙམ་མ་ཡིན་པར། དེང་རབས་ཀྱི་སྒྱུ་རྩལ་གསར་གཏོད་བཅས་ཀྱི་ཐད། ཚོགས་མི་ཟུར་བ་རྣམ་པས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་ཆེད་བཅས་ཡིན། ཞེས་བརྗོད་བྱུང་ལ། ཡང་ཁོ་མོས། བོད་ནང་ལ་མཚོན་ན་ད་ལྟའི་དུས་འདིར་རང་དབང་མེད་ཀྱང་རྩོམ་པ་པོ་རྣམས་ཀྱིས་རྩ་དོན་དང་འབྲེལ་བའི་གཞས་ཚིག་རྩོམ་པ་དང་། གླུ་བ་གླུ་མ་ཚོས་རྩ་དོན་དང་སེམས་ཤུགས་སྤར་བའི་གླུ་གཞས་གང་མང་བཏང་དང་གཏོང་གི་ཡོད་སྟབས། མ་འོངས་པར་ང་ཚོ་བཙན་བྱོལ་དུ་ཡོད་པའི་རྩོམ་པ་པོ་དང་གཞས་བ་དག་གིས་ཀྱང་འདི་ལྟ་བུའི་ཚིག་དང་གཞས་ཀྱི་ཕྱོགས་ལ་ཁ་ཕྱོགས་ཏེ། བོད་ནང་གི་བོད་མི་ཚོར་སེམས་གསོ་དང་བཙན་བྱོལ་བོད་མིར་སེམས་ཤུགས་སྤར་བའི་གླུ་གཞས་གཏོང་དགོས་པའི་རེ་བ་དང་འབོད་སྐུལ་ཡང་གནང་སོང།
ཐེངས་འདིའི་དུས་སྟོན་བརྒྱུད་བོད་གཞུང་ཟློས་གར་ཚོགས་པའི་ལྷ་མོའི་དགེ་རྒན་ལྷོ་ཁ་བསམ་གཏན་ལགས་ཀྱིས་ ༡༩༥༩ ལོ་ནས་ ༡༩༨༤ ལོའི་བར་གྱི་ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་རྣམས་པ་ངོ་སྤྲོད་དང་གཞས་སྣ་གཟིགས་འབུལ། དེ་བཞིན་བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཨ་རི་དང་ཡུ་རོབ་ཁུལ་ནས་ཕེབས་པའི་ཚོགས་མི་ཟུར་པ་ཁག་ཅིག་ལ་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་ཕུལ་སོང་།
སྐུ་མགྲོན་གཙོ་བོ་མཆོག་ནས་ ༢༠༡༠ ལོའི་དབྱར་སྐྱིད་ཀྱི་འོད་སྡེར་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་དོན། ཟློས་གར་ཞེས་པ་དེས་སྔོན་གྱི་ལོ་རྒྱུས་དང་རྒྱལ་རབས་ཆོས་འབྱུང་སོགས་ཟློས་པའི་གར་གྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་སྟོན་གྱི་ཡོད་ཅིང་། དེས་བསླབ་བྱ་རྒྱག་པ་ཙམ་དུ་མ་ཟད། ལུས་ཀྱི་རྣམ་འགྱུར་དང་ངག་གི་སྙན་འགྱུར་སོགས་ཀྱི་ལམ་ནས་གཞན་དང་མི་འདྲ་བའི་གོ་བརྡ་འཕྲོད་ཅིང་ཕན་ཐོགས་ཆེ་བ། མི་མང་འདུ་འཛོམས་ཆེ་བའི་ནུས་པ་ཞིག་ཐོན་ཡོང་གི་ཡོད་ལ། འདས་པའི་མི་ལོ་ ༥༡ རིང་གི་ང་ཚོའི་ཟློས་གར་ཚོགས་པར་མཚོན་ནའང་༸གོང་ས་མཆོག་གི་ལམ་སྟོན་འོག་སྤོབས་པ་དང་དགའ་སྤྲོ་སྐྱེ་དགོས་པའི་གནས་སུ་སླེབས་ཡོད། ཡིན་ནའང་། ཕྱོགས་གཞན་ཞིག་ནས་བཤད་ན་ཟློས་གར་དེ་རྒྱལ་ཁབ་ཞིག་གི་ཆབ་སྲིད་དང་དཔལ་འབྱོར། ཆོས་དང་རིག་གནས་སོགས་གང་ཡིན་ཡང་བསྒྲུབ་ཐུབ་པའི་ལམ་ཁ་ཞིག་ཆགས་ཡོད་པ་རེད། ད་ལྟའི་དུས་འདིར་བོད་ནང་དང་ལྷག་པར་དུ་མདོ་སྨད་ཕྱོགས་ཀྱི་གླུ་བ་གླུ་མ་དང་གཞོན་སྐྱེས་རྣམས་ཀྱིས་མི་རིགས་ཀྱི་ལ་ཞེན་དང་། རིག་གཞུང་དང་སྐད་ཡིག་སོགས་ཀྱི་ལ་ཞེན་གང་འདྲ་ཡིན་པ་ང་ཚོས་མཁྱེན་གསལ་རེད། འདས་པའི་དུས་ཀྱི་དཀའ་ངལ་ལས་ང་ཚོ་ད་ལྟའི་གནས་སྟངས་འདིར་སླེབས་པ་དེ་ང་ཚོས་གཟི་བརྗིད་ཞིག་ཏུ་བགྲང་ངེས་ཀྱང་། ད་ལྟའི་དུས་འདིར་ང་ཚོས་སྤྲོ་སྐྱིད་དང་གླུ་གཞས་གཏོང་བའི་དུས་སྐབས་ཤིག་མིན་པར། ང་ཚོས་ཟློས་གར་གྱི་ཁ་ཕྱོགས་དེ་༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་ལས་དོན་གྱི་ཕྱོགས་ལ་ནུས་པ་འདོན་པའི་དུས་སྐབས་ཤིག་ལ་སླེབས་ཡོད། ཅེས་དང་། རྒྱ་གར་རང་བཙན་མ་ཐོབ་པའི་ཡར་སྔོན་དུ་ཟློས་གར་གྱི་ལམ་ནས་ལས་དོན་གང་གནང་བར་བལྟས་ཏེ། མ་འོངས་པར་ང་ཚོའི་ཟློས་གར་ཚོགས་པས་ཀྱང་འབད་པ་ཆེན་པོས་བོད་མི་རིགས་ཀྱི་སྲོལ་རྒྱུན་ཟློས་གར་གྱིས་མཚོན་པའི་དེང་དུས་ཀྱི་འགྲོ་སྟངས་དང་མཐུན་པའི་མིང་དོན་མཚུངས་པའི་ཟློས་གར་ཚོགས་པ་ཞིག་ཏུ་བསྒྱུར་དགོས། ཞེས་རེ་བ་བཏོན་བྱུང་།
གསར་འགོད་པ། དོན་གོ
༄༅། །གོང་གི་མཆན་རྣམས་ཡག་པོ་དེ་འདྲ་ཡང་འདུག ཡང་ཆོ་མེད་པ་ཡང་མང་པོ་འདུག གུས་པའི་བསམ་ཚུལ་འདི་ཡང་ཆོ་ཡོད་མེད་མི་ཤེས་ཏེ་བསམ་ཚུལ་རང་ཡིན། དེ་ཡང་། སྤྱིར་བཏང་བོད་གཞུང་ཟློས་གཪ་ཚོགས་འདི་བཞིན་རང་རེའི་རིག་གཞུང་ཕྱུག་ཤིང་གཏིང་ཟབ་འདི་བཞིན་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་ཆེད་འཛུག་གནང་མཛད་བཞིན་ཁོང་རྣམ་པས་ཀྱང་ཧུར་ཐག་འབར་ཐག་གནང་དང་གནང་མུས་རེད། འོན་ཀྱང་གཞས་དང་ཞབས་གྲོ་ཀྱང་ཀྱང་མ་ཡིན་པར་དཔེར་ན་འབྲུག་པ་ཚོས་ལས་རྒྱུ་འབྲས་ཚེ་འདི་ཕྱི་ལས་བཟང་ངན་ཚང་མ་མཚོན་ཐུབ་པའི་གློག་བསྙན་མང་པོ་ཞིག་བཟོ་གི་འདུག་དེ་ལྟ་བུའི་གློག་བསྙན་བརྒྱུད་ང་ཚོའི་ཆོས་དང་རིག་གཞུང་རྒྱལ་རབས་ལོ་རྒྱུས་ཁུངས་ལྡན་གཞིར་བཞག་གི་བཟོ་ཐུབ་ན་མ་འོངས་པར་བོད་རིགས་གཞོན་སྐྱེས་རྣམས་ལ་ང་ཚོའི་ཆོས་དང་རིག་གཞུང་གི་གོ་བརྡ་གསལ་པོ་སྤྲོད་ཐུབ་པ་ཙམ་མ་ཡིན་པས་བོད་སྐད་ཡར་རྒྱས་གཏོང་རྒྱུ་སོགས་ལ་ཡང་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་ངེས་ལ་ཐུགས་ལྗགས་ཞུ།
སྐབས་འདི་དང་བསྟུན་བསམ་ཚུལ་འགའ་ཞུ་འདོད་བྱུང་།
གོང་དུ་༼བོད་ནང་གི་གླུ་བ་གླུ་མ་དང་གཞོན་སྐྱེས་རྣམས་ཀྱིས་མི་རིགས་ཀྱི་ལ་ཞེན་དང་། རིག་གཞུང་དང་སྐད་ཡིག་སོགས་ཀྱི་ལ་ཞེན་གང་འདྲ་ཡིན་པ་ང་ཚོས་མཁྱེན་གསལ་རེད་༽གསུངས་པ་ལྟར། ཁོང་རྣམ་པའི་སེམས་ཀྱི་དཀའ་སྡུག་ཕྱི་ལ་མངོན་པར་བྱེད་པའི་གླུ་གཞས་གཏོང་ལེན་གྱི་རང་དབང་ཆ་ཚ་མེད་ཀྱང་གར་སྟེགས་ཀྱི་བཟོ་དབྱིབས་དང་ལུས་ངག་གི་རྣམ་འགྱུར། ལྷག་པར་དུ་ལུས་ཀྱི་གྱོན་ཆས་སོགས་མ་མཐའ་ཡང་ཕོ་མོ་སུ་ཡིན་རུང་སོ་སོའི་ལུས་སྟེང་དུ་དམིགས་བསལ་གྱི་ཕྱག་ཕྲེང་རེ་མཐོང་བཞིན་པ་དེ་ཡང་ཇི་འདྲའི་གཟི་བརྗིད་ཞིག་མ་རེད་དམ། ལྷག་པར་དུ་ཉེ་ཆར་ཡང་མདོ་དབུས་ཁམས་གསུམ་གྱི་གླུ་བ་གླུ་མ་མང་དག་གཅིག་གིས་༼མིག་ཆུའི་རྡོ་རིང་༽ཞེས་པའི་འོད་སྡེར་གཟིགས་དང་ཁོང་རྣམས་ཀྱི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་གདུང་སེམས་མཉམ་སྐྱེད་ད་དུང་ཡང་མུ་མཐུད་དུ་བྱེད་བཞིན་པ་ནི་དངོས་གནས་སྤྲོ་བ་བྱེད་འོས་པ་ཞིག་རེད།
རེད་དེ་ཕྲན་གྱི་བསམ་པར་རང་རེའི་བཙོན་བྱོལ་གྱི་ཟློས་གར་ཚོགས་པའི་སྐད་གདངས་ནི་གཞས་བརྒྱ་ངག་གཅིག་ལྟ་བུ་དུས་ནས་དུས་སུ་གཅིག་མཚུངས་ལྟ་བུ་ཞིག་ལས་ཆེས་དམིགས་བསལ་ཞིག་ནི་མ་མཐོང་། གཅིག་བྱས་ན་ཁོང་རྣམ་པར་གདངས་རྩོམ་པ་པོ་སོགས་ཚད་ལྡན་མེད་པས་ཡིན་སྲིད། གར་སྟེགས་ཀྱི་ཇུས་འགོད་སོགས་ཀྱང་རང་ཡུལ་བོད་ནང་གི་སྒེར་པ་རེ་ཟུང་གི་གོ་སྒྲིག་དང་འཆར་འགོད་བྱེད་པ་ལས་ཀྱང་སྐྱོ་སྙམ། རེ་སྐུལ་ཞུ་རྒྱུ་ཞིག་ལ་རྗེས་ཕྱོགས་སྐབས་བབས་གཞས་དང་འཚམས་པའི་གྱོན་ཆས་དང་གདངས་དབྱངས་སོགས་ལ་དོ་སྣང་གང་ལེགས་དང་། མ་ཟད་ཟློས་གར་ཁང་དུ་འཛུལ་ཞུགས་སྐབས་ཀྱང་རྒྱུན་ལྡན་གྱི་གསལ་བསྒྲགས་ནང་ལྟར་ཕྱག་འཁྱེར་ཡོད་མེད་ལ་མ་བལྟོས་པར་གཞིས་ཆགས་ཁག་དང་། བོད་ནས་གསར་དུ་འབྱོར་བའི་གཞན་སྐྱེས་སྐད་ངག་སྙན་མོ་ཁག་གཅིག་བསྡུ་རུབ་བྱེད་ཐུབ་ན་དགེ་མཚན་ཆེ་སྙམ། གཞས་པ་ཞིག་ལ་མཚོན་ན་ཤེས་ཡོན་ཡོད་དགོས་པ་ཤིན་ཏུ་བདེན་ཀྱང་། གློ་བུར་དུ་ལོ་ངོ་བཅུ་འམ་བཅུ་གཉིས་ཀྱི་ཕྱག་འཁྱེར་གྱི་མཐུན་རྐྱེན་ཡོད་དགོས་པ་ཤིན་ཏུ་དཀའ་བས་དེ་ལས་
སྐད་ངག་སྙན་མོ་གལ་ཆེ་བས་ཁོང་རྣམ་པར་འཛུལ་ཞུགས་ཀྱི་གོ་སྐབས་ཞིག་ཐོབ་ན་སློབ་སྦྱོང་མུ་མཐུད་དུ་བྱེད་ཆོག་སྙམ།
ཟུར་དུ་ཞུ་རྒྱུར། ད་བར་དུ་བཙན་བྱོལ་ཟློས་གར་ཚོགས་པའི་ལྷག་བསམ་ཅན་གྱི་ལས་ཟུར་རྣམ་པ་དང་དེང་སྐབས་ལས་བྱེད་ཡོངས་ལ་འཚམས་འདྲི་དང་ཟློས་གར་གྱི་ལེགས་ཆ་དང་གྲུབ་འབྲས་གང་ཡོད་ལ་རྗེས་སུ་ཡིད་རང་དང་ཐུགས་རྗེ་ཆེ་ཞུའོ།།
བོད་ནང་གི་གཞས་བ་གཞས་མ་སྒྱུ་རྩལ་པ་བཙན་བྱོལ་དུ་ཡོད་བཞིན་དུ་བོད་ནང་ལ་རྐེ་སྲིང་དགོས་པ་གང་ཡིན། རྡ་སའི་ཟློས་གར་ཁང་གི་སྣང་མ་གཅིག་པུ་ལས་དུས་ནམ་ཡང་མི་ཤེས།
ང་ཡང་འདིར། ་་་་ཡོད་སྟབས། མ་འོངས་པར་ང་ཚོ་བཙན་བྱོལ་དུ་ཡོད་པའི་རྩོམ་པ་པོ་དང་གཞས་བ་དག་གིས་ཀྱང་འདི་ལྟ་བུའི་ཚིག་དང་གཞས་ཀྱི་ཕྱོགས་ལ་ཁ་ཕྱོགས་ཏེ། བོད་ནང་གི་བོད་མི་ཚོར་སེམས་གསོ་དང་བཙན་བྱོལ་བོད་མིར་སེམས་ཤུགས་སྤར་བའི་གླུ་གཞས་གཏོང་་་་་ དགོས། བཤད་འདོད་བྱུང་།
ལྕམ་སྐལ་བཟང་ཆོས་སྐྱིད་ལགས་ནས་གསུང་པ་བཞིན་བོད་ནང་གིས་གཞས་པ་རྣམས་ལ་མིག་དཔེ་བལྟ་འོས།
འོན་ཀྱང་དྲང་པོ་ཞུས་ན་ཚོགས་པ་དེ་ལ་ཚོགས་མི་ཁམས་དང་ཨ་མདོ་བ་མེད་དུས་དུས་ནམ་ཡང་འགྱུར་བ་འགྲོ་མི་སྲིད།
དེ་ནི་ཚོགས་པའི་དམིགས་ཡུལ་ནི་དབུས་སྟོད་གཉིས་ཀྱིས་མི་རྣམས་ཕྱི་ཡུལ་འགྲོ་ས་གིས་ཟམ་པ་ལྟ་བུར་དེ་ཡིན་དུས་གཞན་སུ་ཡང་ཚོགས་མི་ལ་མི་ཚུད་།།།