ཉེ་ཆར་ངྷ་ཤོད་སློབ་ཕྲུག་ཚོར་ཟས་དུག་ཅིག་བྱུང་སྟེ། དེའི་རྗེས་ང་ལ་ཐུགས་དམ་གསོལ་བ་ཞིག་འབྱོར་ནས་འཚུབ་པོ་འདུག་ཟེར། ངས་ཡིག་ཚང་ལའང་ལབ་རྒྱུ་བྱུང་། དེ་འཚུབ་པོའི་སྐད་ཆ་མ་རེད། སོ་སོའི་ལས་ཀ་ཚགས་ཚུད་མ་བྱས་པར་འཐུས་ཤོར་དུ་བཏང་། དེ་ལྟར་བྱས་ན་འདྲ་མི་འདྲ་ཡོང་གི་རེད་ལ། དེ་བར་ཆད་རེད་ལབ་ན་ནོར་འཁྲུལ་རེད། དེར་ཞབས་བརྟན་བསྒྲུབ་ན་ཕན་གི་མ་རེད། ཅེས་༧གོང་ས་མཆོག་གིས་གསུངས།
ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་ནི་ ༡༩༦༠ ལོ་ནས་ ༢༠༡༠ ལོའི་བར་ཏེ། བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་འཁོར་ཧྲིལ་བོ་ ༥༠ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་ལ། ཉིན་དེའི་ཞོགས་པར་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་༧གོང་ས་མཆོག་དབུ་བཞུགས་ཐོག བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས་ལས་བྱེད་ཆེ་ཕྲ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སློབ་གྲྭའི་དགེ་ལས། སློབ་ཕྲུག་དང་སེར་སྐྱ་མང་ཚོགས་བཅས་མི་མང་སྟོང་ཕྲག་མང་བོ་འདུ་འཛོམས་ཀྱིས་དུས་དྲན་སྲུང་གཙིའི་མཛད་སྒོ་ཚོགས་ཡོད།
མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བོད་ཁྱིམ་དབུ་བརྙེས་ཏེ་མཛད་སྒོ་གཟབ་རྒྱས་ཚོགས་པ་ཡག་པོ་ཡིན་ཡང་། གལ་ཆེ་ཤོས་འདས་པའི་ལོ་ངོ་འདི་དག་རིང་སྒྲིག་འཛུགས་འདིས་བོད་སྤྱིའི་བསྟན་སྲིད་ཆེད་ཞབས་འདེགས་ངེས་ཅན་ཞིག་བསྒྲུབས་ཡོད་སྟབས། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། དེ་སྔ་དཀའ་ལས་བརྒྱབས་པ་དང་ད་ལྟ་མི་ཚེ་རྫོགས་ཏེ་དྲན་ཡུལ་ཙམ་ལ་མ་གཏོགས་མེད་པ་རྣམས་ཀྱི་ཆེད་དུ་སྨོན་ལམ་རྒྱག་པ་དང་རྗེས་དྲན་བྱེད་དགོས། དེ་བཞིན། དེ་རིང་འདིར་ཡུལ་གྲུ་ཁག་འདྲ་མིན་ནས་ཕེབས་ཤིང་བོད་ཁྱིམ་ལ་ལོ་མང་བོའི་རིང་དོ་སྣང་དང་ཤ་ཚ་རྒྱབ་སྐྱོར་གནང་མཁན་གྱི་སྐུ་མགྲོན་རྣམས་ནི་བོད་ཀྱི་བློས་ཐུབ་ཀྱི་གྲོགས་པོ་གྲོགས་མོ་ཆགས་ཡོད་སྟབས། དམིགས་བསལ་གྱིས་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
༧གོང་ས་མཆོག་གིས་མུ་མཐུད་དེ། དེ་རིང་གི་ལས་བསྡོམས་ནང་དུ་ཞིབ་ཚགས་པོ་དང་ཧ་ཅག་ཡག་པོ་བྱུང་འདུག ཡིན་ནའང་ནམ་རྒྱུན་ང་ཚོའི་ལས་ཀ་མང་བོ་ཞིག་མགོ་སྟོད་དུ་ཚགས་ཚུད་པོ་ཡོད་པ་གང་ཞིག་ལ། ལོ་མང་བོ་སོང་རྗེས་འཆར་ཅན་གྱི་སྟེང་དུ་ཕྱིན་ཏེ་འཐུས་ཤོར་དུ་འགྲོ་བ་ཡོང་གི་ཡོད་སྟབས། དེ་ཚོར་དམིགས་བསལ་གཟབ་གཟབ་བྱ་དགོས་ཞེས་དང་། དུས་རྒྱུན་ཡག་ས་དང་བསྟོད་ར་གཏོང་བའི་ཡུལ་དག་ཏུ་བསྟོད་ར་མིས་གཏོང་གི་རེད་ལ། མི་ལ་གཏོང་དུ་ཆུགས། དེ་ལས་ང་ཚོ་ནང་ཚགས་སུ་སྐྱོན་ཆ་ག་རེ་འདུག འཐུས་ཤོར་འགྲོ་བའི་ཉེན་ཁ་གང་དུ་འདུག དེ་ཚོའི་གྲས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་རྟག་ཏུ་འབོད་སྐུལ་བྱེད་ཀྱིན་ཡོད་ལ། འཐུས་ཤོར་འགྲོ་སའི་གནས་གང་དག་ཡིན་མིན་ཐད་ཞིབ་ཚགས་པོས་བལྟས་ཏེ། འཐུས་ཤོར་མ་འགྲོ་བ་དང་དེ་ལ་གཟབ་གཟབ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས།
ཁོང་གིས་དཔེ་མཚོན་གྱི་སྒོ་ནས་ལས་དོན་འཐུས་ཤོར་འགྲོ་སྟངས་སྐོར་གསུངས་དོན། དཔེར་ན། ཉེ་ཆར་ངྷ་ཤོད་སློབ་ཕྲུག་ཚོར་ཟས་དུག་ཅིག་བྱུང་སྟེ། དེའི་རྗེས་ང་ལ་ཐུགས་དམ་གསོལ་བ་ཞིག་འབྱོར་ནས་འཚུབ་པོ་འདུག་ཟེར། ངས་ཡིག་ཚང་ལའང་ལབ་རྒྱུ་བྱུང་། དེ་འཚུབ་པོའི་སྐད་ཆ་མ་རེད། སོ་སོའི་ལས་ཀ་ཚགས་ཚུད་མ་བྱས་པར་འཐུས་ཤོར་དུ་བཏང་། དེ་ལྟར་བྱས་ན་འདྲ་མི་འདྲ་ཡོང་གི་རེད་ལ། དེ་བར་ཆད་རེད་ལབ་ན་ནོར་འཁྲུལ་རེད། དེར་ཞབས་བརྟན་བསྒྲུབ་ན་ཕན་གི་མ་རེད། ང་ཚོའི་བོད་ལུང་པ་སྤྱིའི་གནས་ཚུལ་ལ་ཆ་བཞག་ནའང་། མི་ཐོག་གོང་མ་དག་གིས་མ་འཇོན་པ་བྱས། དངོས་ཡོད་གནས་ཚུལ་དག་ལ་དོ་སྣང་མ་བྱས་པར་ཚུར་ཕྱོགས་དེར་ཞབས་བརྟན་འདྲ་བསྒྲུབས་ཏེ་བསྡད་སྟབས། ང་ཚོ་བོད་ལུང་པ་དང་བྲལ་བ་རེད། དེ་སོ་སོས་མ་ཐུབ་པ་དང་སོ་སོས་མ་བྱས་བའི་དབང་གིས་སྐྱོན་ཆ་བྱུང་བ་མ་གཏོགས། དེ་བར་ཆད་ཀྱི་དབང་གིས་བྱུང་སོང་ལབ་ཐུབ་ཡོད་པ་མ་རེད། དེར་བརྟེན། ཁ་སང་སྐྱོན་ཆག་བྱུང་བའི་གྲས་ནི་ནམ་རྒྱུན་ནས་ཟ་མའི་རྒྱུ་ཆ་དང་ཐབ་ཚང་གི་གཙང་སྦྲ་སོགས་གང་ཅིའི་ཐོག་ཏུ་དོ་སྣང་བྱས་ཏེ་ཚགས་ཚུད་པོ་བྱུང་ཡོད་ན་དེ་ཡོང་གི་མ་རེད། ཚགས་མ་ཚུད་པའི་རྐྱེན་གྱིས་སྐྱོན་ཆ་དེ་འདྲ་བྱུང་བ་རེད། སྐྱོན་ཆ་བྱུང་རྗེས་འཚུབ་པོ་འདུག་ལབ་ན་ནོར་འཁྲུལ་རེད། དེ་ལག་པ་འབྱིད་སའི་སྐད་ཆ་རེད། ང་ཚོའི་བོད་མིར་གཤིས་ཀ་དེ་འདྲ་ཞིག་འདུག འཐུས་ཤོར་སོ་སོས་བཏང་། དེའི་རྗེས་གཞན་གྱིས་ཅིག་བྱས་སོང་མདོག་མདོག་བྱེད་པ་ཡག་པོ་མ་རེད། ཡིན་གཅིག་མིན་གཅིག་སྐྱོན་ཆ་ནས་གཟབ་གཟབ་བྱས་ཏེ་འཐུས་ཤོར་མ་འགྲོ་བ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས།
ཡང་ཁོང་གིས། དེ་རིང་ང་ལ་མང་པོ་བཤད་རྒྱུ་མེད། བཤད་ནས་ཕན་ཐོགས་ཀྱང་གང་ཡང་མི་འདུག ལོ་འདི་འགའི་རིང་ལ་མང་བོ་བཤད་ཡོད། བཤད་པ་དག་ཡིག་ཉོག་གི་བཟོ་བྱས་ཏེ་བསྡད་ཚེ་དགོས་པ་གང་ཡང་མི་འདུག དེར་བརྟེན་ཚང་མས་མི་རེ་ངོ་རེའི་འདུ་ཤེས་དེ་ང་བོད་པ་ཡིན་བསམ་པའི་འདུ་ཤེས་ཡོད་པ་དང་། དེའི་སྟེང་བོད་སྤྱིའི་འགན་ཁུར་ཞིག་ཁྱེར། གཞིས་ལུས་རྒྱ་ཆེའི་མི་མང་གིས་དཀའ་ངལ་དེ་ལྟ་བུ་ཞིག་གི་འོག་ནས་རང་དབང་ལུང་པར་ཡོད་མཁན་ཚོར་རེ་བ་རྒྱག་གི་ཡོད། ང་ཚོ་རེ་བ་རྒྱག་སའི་ཡུལ་ཆགས་ཡོད་བསམས་ཏེ། ཁ་མཁས་པོའི་ཐོག་ནས་ཚིག་སྐམ་པོ་བཤད་བསྡད་ན་ཕན་ཐོགས་གང་ཡང་མི་འདུག དོན་དག་ངོ་མའི་ཐོག་ནས་སྤྱི་སེམས་སྤྱི་ཁུར་བླངས་ཏེ་གཟབ་གཟབ་བྱེད་རོགས་ཟེར་རྒྱུ་ཡིན། ཞེས་སོགས་གསུངས་ཡོད།
དེའི་རྗེས་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་བཀའ་བློན་ཁྲི་པའི་ཚབ་གནང་སྟེ་བཀའ་ཤག་གི་གསུང་བཤད་གནང་སྐབས། ཁོང་གིས་ཉེ་ཆར་བོད་ནང་གི་སློབ་མའི་འོས་ལངས་སྐོར་ལ་གསུངས་དོན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་མགོ་འཛུགས་ཀྱིས་ཉིན་བརྒྱད་རིང་མི་རིགས་འདྲ་མཉམ་དང་སྐད་ཡིག་གི་བདག་དབང་དགོས་ཞེས་མདོ་སྨད་ཀྱི་ཞིང་ཆེན་ཁག་གཉིས་དང་གྲོང་ཁྱེར་ཆེ་ཁག་གཉིས། བོད་རིགས་རང་སྐྱོང་ཁུལ་ཁག་དྲུག་བཅས་སུ་སློབ་ཕྲུག་ཉིས་ཁྲི་ལ་ཉེ་བས་ཞི་བའི་ངོ་རྒོལ་དང་རྒྱ་ནག་གི་ཤེས་ཡོན་སྲིད་ཇུས་གསར་བར་འབོད་སྐུལ་ཞུས་ཡོད། རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ཀྱི་དམིགས་ཡུལ་ཆེ་ཤོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་ཁ་བྲལ་མ་འགྲོ་བ་དེ་རེད། དེ་ལྟར་བསམ་བློ་གཏོང་གི་ཡོད་ན་གྲངས་ཉུང་མི་རིགས་དག་ལ་ཐོབ་ཐང་གཅིག་པ་སྤྲོད་དགོས་པའི་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་གི་རྩ་ཁྲིམས། གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་བཅའ་ཁྲིམས་བཅས་སུ་གསལ་བོ་བྱས་ཡོད་སྟབས། སློབ་མའི་དགོས་འདུན་བཏོན་པར་དགོངས་བཞེས་གནང་གི་རེད་བསམ་པའི་རེ་བ་དང་ཡིད་ཆེས་ཡོད་ཐོག དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་དགོངས་བཞེས་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན་ཞེས་གསུངས།
དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱལ་རི་སྒྲོལ་མ་ལགས་ཀྱིས་ཀྱང་། བོད་ནང་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་བཅའ་ཁྲིམས་བཅས་ལ་བརྩི་མེད་རྡོག་རོལ་བཏང་སྟེ། བོད་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ལ་དམ་དྲག་ཆེ་རུ་བཏང་བའི་སྲིད་ཇུས་གཏན་འབེབས་བྱས་སྟབས། གཞིས་ལུས་བོད་མི་ཤེས་ཡོན་ཅན་དང་དགེ་རྒན་སློབ་ཕྲུག མི་སེར་དཀྱུས་མ་བཅས་ཀྱིས་ངོ་རྒོལ་ཤུགས་ཆེར་བྱས་དང་བྱེད་བཞིན་པར། དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་། དོ་སྣང་ཤུགས་ཆེར་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་དང་། རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་གཏོར་གཏོང་རྒྱུའི་ཇུས་ངན་ལ་གཞིས་ལུས་བོད་མི་རྣམས་ཀྱིས་རང་སྲོག་འབེན་ལ་བཙུགས་ཏེ་འཐབ་རྩོད་གདོང་ལེན་གནང་བཞིན་པ་ལྟར། བོད་ཕྲུག་ཁྱིམ་སྡེ་གཙོས་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་སྡེ་ཚན་ཡོངས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པར་མི་ཉམས་རྒྱུན་འཛིན་སླད། སྔར་ལས་ལྷག་པའི་བསླབ་པ་སློབ་གཉེར་བྱ་དགོས་པའི་དམིགས་བསལ་གྱི་ལས་འགན་ཆེན་པོ་ཡོད། ཅེས་གསུངས་བྱུང་ལ། རྒྱ་ནག་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་གཏན་ལ་ཕབ་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་བྱེད་ཐབས་སྐོར་གྱི་ཡིག་ཨང་ ༨ དེ་ཕྱི་ཟླ་ ༡༡ ཚེས་ ༡ ཚེས་ཉིན་ནས་ལག་བསྟར་བྱ་འཆར་ཡོད་པ་དེ་ནི། བོད་གཞིས་བྱེས་གཉིས་བར་གྱི་བླ་སློབ་དམ་ཚིག་གི་འབྲེལ་ལམ་གཅོད་ཐབས་དང་། རྒྱ་ནག་ཆོས་མེད་སྲིད་གཞུང་གིས་བཀོལ་སྤྱོད་འོག ཆོས་ལུགས་ལ་དམ་དྲག་བྱེད་ཐབས་ཤིག་ཡིན་པར་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡིག་ཆ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་པའི་ནན་བཤད་བྱ་རྒྱུ་ཡིན། ཞེས་གསུངས་སོང་།
ཉིན་དེར་བོད་ཁྱིམ་དབུས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱི་གསུང་བཤད་ནང་། ཕྱི་ལོ་ ༡༩༧༨ ནས་ ༢༠༡༠ བར་བོད་ཁྱིམ་རང་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ལ་འཛུལ་ཞུགས་ཐུབ་པའི་སློབ་མ་ ༩༤༣༦ བྱུང་བ་ལས་ཡིག་རྒྱུགས་འཁྱོལ་པའི་བརྒྱ་ཆ་ ༧༨་༡༨ དང་། ༡༩༨༣ ནས་ ༢༠༡༠ བར་འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་ནང་འཛུལ་ཞུགས་ཐུབ་པ་ ༥༩༤༨ བྱུང་ཡོད་པ་ལས་ཡིག་རྒྱུགས་འཁྱོལ་བའི་བརྒྱ་ཆ་ ༩༠་༦༥ ཟིན་ཡོད། དེ་བཞིན་མཐོ་རིམ་སློབ་གཉེར་རིགས་སོ་སོ་ནས་ཐོན་པའི་སློབ་མ་ ༤༠༩༧ ཙམ་ཟིན་ཡོད་སྐོར་འགྲེལ་ཡོད།
དེའི་རྗེས་བོད་ཁྱིམ་སློབ་ཕྲུག་རྣམས་ཀྱིས་༧གོང་ས་མཆོག་དང་ཨ་མ་རྗེ་བཙུན་པདྨ། བོད་ཕྲུག་ཁྱིམ་སྡེ་བཅས་ལ་ཐུགས་རྗེ་ཆེ་ཞུའི་ཞུ་ཡིག་ཅིག་ཕུལ་ཡོད་ལ། བོད་ཁྱིམ་སློབ་ཟུར་གྱིས་བོད་ཁྱིམ་ནང་ཞབས་ཕྱིའི་ལོ་ཡུན་རིང་ཤོས་རྒན་ལེགས་བཤད་བསྟན་པ་དང་བོད་ཁྱིམ་ནང་སྤྱི་ཚོགས་ཞབས་ཕྱིའི་གཟེངས་ཐོན་པ་ཚེ་རིང་སྒྲོལ་དཀར་གཉིས་ལ་ལྔ་བཅུའི་རྗེས་དྲན་གྱི་གཟེངས་རྟགས་ཕུལ་ཡོད། དེ་བཞིན་བོད་ཕྲུག་ཁྱིམ་སྡེར་ཞབས་ལོ་ ༢༠ འཁོར་བའི་ལས་བྱེད་ཁག་དང་། འཛིན་གྲྭ་ལྔ་བ་དང་བརྒྱད་པ་གཉིས་ཀྱི་གྲུབ་འབྲས་བྱ་དགའ་དང་། འཛིན་གྲྭ་བཅུ་བ་དང་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་ཚད་རྩེ་ཕུལ་བྱ་དགའ་བཅས་གནང་ཡོད།
གསར་འགོད་པ། ཨ་རིག་འགྱུར་མེད་དང་བནྡེ་སྐྱབས།
རིག་པ་སྒྲིན་ནས་ཞི་བརྟག་བྱེད་རྒྱུ་ཕར་གཡུག་ནས་བཀའ་ལུང་མོ་གསུམ་རིགས་ཀྱིས་ཐག་བཅོད་བྱེད་པ་དེའང་མགོ་རྨོངས་པ་ཞིག་བརྗོད་སྲོལ་ཡོད་པ་དེའི་ནང་དུ་ཚུད་པ་རེད། དེ་དང་ཆབ་གཅིག་ཏུ་དེང་སོང་རིགས་གཞུང་རྩ་གཏོར་གྱི་བྱ་འགུལ་ཞིག་གཞིས་བོད་དུ་སྤེལ་བ་དེའི་འཐད་ཀྱི་དོག་དྲིའི་ལེན་འདེབས་དེ་ས་རཱ་མཐོ་སློབ་ཀྱི་རྒན་བསོད་ནམ་ལགས་ཀྱིས་གནང་པ་དེའི་ནང་དུ་ངེས་པར་དུ་དྲྭ་གྲོགས་རྣམ་པར་ཚོ་འཚམས་གཟིགས་ཕེབས་གནང་རོགས་ཀྱིས།།
ང་ཚོ་བོད་གངས་ཅན་ཟེར་བ་དེར་འཛམ་གླིང་ནང་གཅིག་རང་ངོམ་རྒྱུ་ཡོད་པ་དེ་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་ཡིད་བཞིན་ནོར་བུ་མཆོག་ཡིན།
གཞང་དང་་ཚོགས་པ་མི་སྒེར་སོགས་ཚང་མས་ལས་དོན་ཐུས་ཤོར་བཏང་དང་གཏོང་བཞིན་ཡོད་པ་དེར་རང་སྐྱོ་ལ་ངོས་ལེན་རྩ་བ་ནས་མི་བྱེད་པར་ཁ་གཡར་ས་ལྟ་བུར་ལྷ་འདྲེ་དང་གདོན་གྱིས་འཚུབ་པོ་འདུག་ལ་བར་ཆད་རེད་ཟེར་བ་དེ་རེད།
༸ གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་འགྲོ་བ་མིའི་རིགས་ཀྱི་བྱམས་བརྩེའི་ས་བོན་གང་སར་བཏབ་ཏེ་ད་ཆ་འཛམ་གླིང་སྤྱིའི་ཞི་བདེའི་དབུ་འཁྲིད་བླ་ན་མེད་པ་ཞིག་ཏུ་གྱུར་པ་དང་གཅིག
དེ་བཞིན་མགོན་པོ་ཐུགས་རྗེ་ཆེན་པོས་གང་འདུལ་ཐབས་མཁས་མཛད་བཟང་གིས་འཛམ་གླིང་ཆོས་ལུགས་རིས་མེད་ཀྱིས་ས་བོན་བཏབ་ཏེ་བསྟན་དང་འགྲོ་སྤྱི་ལ་གཏན་བདེའི་ས་ལ་བཀོད་བཞིན་ཡོད་པ་དེ་དང་གཉིས།
སྒོས་སུ་བོད་མི་རིགས་འདིར་མཚོན་ན་གང་ཉིད་ཀྱིས་ད་བར་ཆབ་སྲིད་དང་། ཆོས་ལུགས། དཔལ་འབྱོར། རིག་གཞུང་། སྤྱི་ཚོགས་སོགས་ཚང་མར་ཐུགས་འཁུར་མཛད་མཐའ་མེད་པ་བཞེས་ནས་ད་ཆ་ཁོང་དབུ་སྐྲ་དཀར་པོར་གྱུར་པ་དེ་དང་གསུམ།
ཡིན་ནའང་ཉེ་བའི་ཆར་གང་ཉིད་ཟླ་ཤས་རྗེས་ནས་ང་རྒན་ཡོལ་ཆ་ཚང་ལ་འགྲོ་རྒྱུའི་ཐོབ་ཐང་ཡོད་པ་རེད་ཅེས་གསུངས་ཡོད།
༸ རྒྱལ་བའི་བཀའ་ལ་གང་ཐུབ་ཀྱིས་ཅི་གསུངས་བཀའ་བཞིན་སྒྲུབ་མ་ཐུབ་ན་བཙན་བྱོལ་གཞུང་དང་། གཞུང་འབྲལ་མིན་པའི་ཚོགས་པ་ཁག སློབ་གྲྭ་ཁག གཞིས་ཆགས་ཁག དགོན་སྡེ་ཁག ཁ་ཐོར་བོད་པའི་སྤྱི་ཚོགས་དང་གཞི་བྱེས་བོད་འབངས་ཡོངས་ལ་ ༸ རྒྱལ་བ་རིན་པོ་ཆེ་འཕགས་པ་ཐུགས་རྗེ་ཆེན་པོའི་ལ་གཡོག་མིག་གིས་མདུན་སར་བརྒྱབ་ཏེ་ལས་འབྲས་དང་བསྐོར་གྱིས་ཚིག་ཏེ་ཐ་མ་དེར་ཅི་བྱ་གཏོལ་མེད་ཀྱིས་གནས་སུ་གྱར་མི་སྲིད་པའི་ངེས་པ་མེད།
༸ མགོན་པོ་གང་ཉིད་ཀྱིས་སྐུ་ཚེའི་ཚེ་འཇུག་ཏུ་ང་ཚོས་གཟབ་གཟབ་བྱས་ཏེ་༸ རྒྱལ་བའི་ཐུགས་དགོངས་དང་མི་འགལ་བར་གང་ཐུབ་ཀྱིས་ཅི་གསུངས་བཀའ་བཞིན་བསྒྲུབ་ཐུབ་པ་བྱེད་དགོས།
༼དེ་རིང་ང་ལ་མང་པོ་བཤད་རྒྱུ་མེད། བཤད་ནས་ཕན་ཐོགས་ཀྱང་གང་ཡང་མི་འདུག ལོ་འདི་འགའི་རིང་ལ་མང་བོ་བཤད་ཡོད། བཤད་པ་དག་ཡིག་ཉོག་གི་བཟོ་བྱས་ཏེ་བསྡད་ཚེ་དགོས་པ་གང་ཡང་མི་འདུག༽ བཀའ་སློབ་འདིའི་ཐོག་ནས་༸གོང་ས་མཆོག་ཐུགས་ཕམ་ཡོད་པ་གསལ་པོ་རེད་འདུག
དེར་བརྟེན་ང་ཚོའི་གཞུང་གི་ལྷན་ཁང་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་ཚོས་ཕྱི་ཚུལ་འདྲ་ཆག་ཆག་གི་མཆོད་པ་བརྟན་བཞུགས་འབུལ་བ་ལས་བཀའ་བཞིན་སྒྲུབ་པའི་མཆོད་པ་ཞིག་འབུལ་ན་ལེགས་སྙམ།
བོད་ཁྱིམ་སློབ་གྲྭ་དེ་ད་ཡིན་བོད་གཞུང་གི་ཁ་གཏད་འདྲ་པོ་ཆགས་ཡོད་རེད། ད་ཡིན་གོང་ས་མཆོག་གི་བཀའ་ལ་བརྩི་སྲུང་བྱེད་ཀྱི་མེད་པའི་ཚོ་བ་ཞིག་སླེབས་སོང༌། གང་ཡིན་ཟེར་ཁོང་བཀའ་སློབ་གསུང་སྟངས་ལ་གཞིགས་ན། ཨ་མ་ནི་བཙན་བྱོལ་བོད་གཞུང་ལ་བརྩི་བཀུར་མ་བྱེད་མཁན་ཞིག་ཡིན་པ་མ་ཟད། བཙན་བྱོལ་བོད་གཞུང་གི་གཏན་ལ་ཕེབས་པའི་ཤེས་ཡོན་སྲིད་བྱུས་ལ་ངོས་ལེན་རྩ་བ་ནས་མི་བྱེད་མཁན་ཞིག་ཡིན་པ་ཡོངས་གྲགས་རེད། ལྷག་པར་བོད་རང་བོད་སྐད་ཡིག་ལ་དེ་བས་བརྩི་ཐོང་མི་བྱེད་མཁན་ཞིག་རེད། དེ་འདྲ་སོང་ཙམ་བོད་ཁྱིམ་སློབ་འཛིན་གྲྭ་བཅུ་གཉིས་ཐོན་པ་དག་གིས་གཏོང་ཡིག་ཡག་པོ་ཞིག་འབྲི་མི་ཤེས་པའི་གནད་དོན་དེ་བྱུང་བ་རེད། སློབ་ཕྲུག་སྟོང་ཕྲག་མང་པོ་མཐོ་སློབ་ཐོན་བྱུང་ཡོད་ནའང་བཙན་བྱོལ་བོད་གཞུང་ལ་ཞབས་ཕྱི་ཞུ་མཁན་གནས་རིམ་མཐོ་བའི་ལས་བྱེད་ཟུང་དྲུང་གཅིག་མ་གཏོགས་ཡོད་པ་མ་རེད། དེ་ངོ་ཚ་དགོས་པ་ཞིག་མ་རེད་དམ། གང་ཡིན་ཟེར་བོད་ཁྱིམ་སློབ་དེ་བཙན་བྱོལ་བོད་མིའི་སློབ་གྲྭ་ཆེ་ཤོས་དང་རྙིང་ཤོས་ཡིན་དུས། བོད་གཞུང་ནང་གནས་རིམ་ཡོད་པའི་ལས་བྱེད་གཅིག་པུར་རེད། ཉེ་བའི་ལོ་ཤས་ནས་གཟུང་དགུན་དུས་སློབ་གྲྭའི་གོང་སེང་རྗེས་བོད་ཁྱིམ་སློབ་དགེ་རྒན་ཡག་བ་ཚང་མ་སློབ་གྲྭ་ནས་ཐོན་ཏེ་བོད་གཞུང་གི་གཞུང་ཞབས་ལ་འཛུལ་མགོ་ཚུགས་ཡོད་ལ། གང་ཡིན་ཟེར་ན་ལས་བྱེད་ཚོར་གླ་ཕོགས་ཡག་པོ་དང་དགེ་རྒན་ལ་བརྩི་ཐོང་མེད་པའི་རྐྱེན་གྱི་ཡིན་པ་རེད། བོད་ཁྱིམ་མཐོ་རིམ་ལས་བྱེད་དང་ཨ་མ་ལགས་ཁོང་ཚོར་ཕྱི་རྒྱལ་དང་རྒྱ་གར་གྱི་ས་མང་པོ་ས་ཁང་མང་དག་ཡོད་ཅིང་དེའི་འབྱུང་ཁུངས་དེ་བརྩད་གཅོད་བྱེད་པའི་དུས་སླེབས་འདུག གོ་ཐོས་ལ་ལོ་སྔོན་མ་ཁྱིམ་སློབ་གྲྭ་ལ་དཔེ་ཤག་མང་གྲགས་པའི་རྐྱེན་གྱི་རྒྱ་གར་གཞུང་ལ་དངུལ་ཁྲལ་ཧིན་སྒོར་ས་བརྒྱ་ལྷག་ཤོར་ཡོད་པ་རེད། ད་ཐེངས་དེ་ཙམ་རྗེས་སུ་དགོས་མཁོ་བྱུང་ན་མང་ཙམ་ཞུ་རྒྱུ་ཡོད།
དྲ་གྲོགས་lobsang་ལགས། མ་གཞི་ནས་འདི་ཚང་རིག་གཞུང་རྒྱུད་འཛིན་གྱི་ལྟེ་གནས་ཤིག་ལ་དངོས་འཛིན་བྱས་པ་ཁྱེད་རང་གི་ནོར་འཁྲུལ་རེད། པདྨ་དང་རྒད་པོ་མགོ་སེ་གཉིས་ཀྱིས་ཀྱང་རང་གི་རིག་གཞུང་གི་རིན་ཐང་མི་ཤེས་པས་རེ་བའི་མིག་འབུར་གཏོད་ས་མེད། དེ་ལས་དང་པོ་ཉིད་ནས་སློབ་གྲྭ་འདིར་སྤྲ་འཆལ་མང་བའི་གནས་སྟེང་རྟོགས་སུ་ཆུགས་དང་དེས་་་་
བོད་ཁྱིམ་སློབ་གྲྭའི་མཛད་སྒོའི་ཉིན་༸གོང་ས་མཆོག་གིས་བཀའ་སློབ་སྐབས་སྐད་པར་སོགས་ཀྱི་གྲ་སྒྲིག་ལེགས་པོ་མེད་པ་དངོས་གནས་ཐབས་སྐྱོ་བོ་རེད་སྙམ་པ་དང། འཕྲེད་དར་སོགས་ཀྱི་ཐོག་བོད་ཡིག་ཚིག་གཅིག་བྲིས་མེད་པ་མཐོང་དུས་བོད་ཀྱི་སློབ་གྲྭ་ཆེན་མོ་འདི་འདྲ་ཞིག་གི་ནང་ལ་ཡང་བོད་ཡིག་བཀོལ་སྤྱོད་མེད་པ་མཐོང་དུས་སེམས་པ་སྐྱིད་མ་སོང།
དེ་རིང་ང་ལ་མང་པོ་བཤད་རྒྱུ་མེད། བཤད་ནས་ཕན་ཐོགས་ཀྱང་གང་ཡང་མི་འདུག ལོ་འདི་འགའི་རིང་ལ་མང་བོ་བཤད་ཡོད། བཤད་པ་དག་ཡིག་ཉོག་གི་བཟོ་བྱས་ཏེ་བསྡད་ཚེ་དགོས་པ་གང་ཡང་མི་འདུག ཅེས་གསུང་བ་དེ་དངོས་ཡོད་གནས་ཚུལ་རེད། ལུས་སྲོག་ལ་མི་ལྟ་བར་ཁྱེད་གི་བཀའ་གསུང་སྒྲུབ་གི་ཡིན་ཟེར་མཁན་དང་། ཐ་ན་བརྟན་བཞུགས་ཀྱི་སྐབས་སུའང་ཁྱེད་གི་ཅི་གསུང་བཀའ་སྒྲུབ་བྱེད་རྒྱུ་ཡིན་བདག་གི་མཁན་རིན་པ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཅིག་ཅིག་མིག་མིག་ཟེར་མཁན་དགི་གིས་ཀྱང་རང་དོན་ལ་ཐུག་ན་ཉིད་ཀྱི་བཀའ་མི་སྒྲུབ་པས་འདི་ལྟར་ལབ་ན་ཡག་ཤོས་རེད། དེ་ནས་བཀའ་སློབ་འདི་དགོན་པ་གྲྭ་ཚང་རེ་ཟུང་ལ་གནིང་ནི་ཡིན་ན་དགའ་བ་ལ།
དྲ་གྲོགས་བསྟན་འཛིན་ཚེ་དཔག་གིས་གསུངས་པ་ལྟར་རེད། ཆོས་རིག་བཀའ་བློན་གྱིས་ལྷན་ཁང་བརྒྱད་ཀྱིས་བྱེད་ལས་དང་གྲུབ་འབྲས། དེ་བཞིན་བོད་གཞུང་གི་ལང་ཕྱོགས་དང་དམངས་གཙོ་ཚད་ལྡན་གྱི་ལམ་ནས་གོམ་གང་མདུན་བསྐྱོད་གནང་གི་ཡོད་ཚུལ་སོགས་ཞིབ་ཅིང་རྒྱས་པ་གསུངས་སོང་། དེའི་རྗེས་༸གོང་ས་མཆོག་གིས་དེར་བསྔགས་བརྗོད་དང་འབྲེལ་ཆོས་རིག་བཀའ་བློན་གྱིས་གསུངས་པ་ལས་ལྷག་པའི་ང་ལ་བཤད་རྒྱུ་ཚིག་གཅིག་མེད་ཅེས་གསུངས་སོང་། གསར་འགོད་པས་དེའི་སྐོར་རྒྱས་ཙམ་འགོད་ཐུབ་ན་ཡག་པོ་འདུག
དེའི་ཉིན་གྱི་སྔ་ལོགས་དེ་མ་ཐག་༸མགོན་པོ་མཆོག་ཨ་རིའི་ཡུལ་གྲུ་སོགས་སུ་བདུན་ཕྲག་གསུམ་རིང་མཛད་འཕྲིན་བསྐྱངས་ནས་རྡ་སར་ཕེབས་མ་ཐག་ཡིན་སྟབས་སྐུ་ངལ་ཡོད་པའི་རྣམ་པ་འདུག་ལ་ཐུགས་ཕམ་ཡོད་པའི་རྣམ་པ་ཡང་གསལ་པོ་འདུག
དེ་ཡང་མགོན་པོ་མཆོག་གིས། དེ་རིང་ང་ལ་མང་པོ་བཤད་རྒྱུ་མེད། དེ་སྔ་ནས་མང་པོ་བཤད་ཚར་པ་རེད། བཤད་ནས་ཕན་ཐོགས་ཀྱང་མི་འདུག བཤད་པ་དེ་དག་ཡིག་ཉོག་གི་བཟོ་བྱས་ཏེ་བསྡད་ན་དགོས་པ་གང་ཡང་མི་འདུག ཅེས་དང་། མཛད་སྒོ་དངོས་གཞི་གྲུབ་ན་ང་ལོག་འགྲོ་གི་ཡིན། ཁ་ས་ཁ་ཉིན་ནུབ་ཕྱོགས་ཁུལ་ནས་བསླེབས་ཚར་ཚོད་ཡིན་སྟབས་དཀའ་ལས་གཏོགས་ཙམ་འདུག ཅེས་བཀའ་ཕེབས་སོང་།
བསམ་ཚུལ་ཐུང་ཙམ་ཞུ་རྒྱུར། སྤྱིར་བོད་ཁྱིམ་སློབ་གྲྭ་འདི་ལྟབུ་བོད་ཕྲུག་མང་པོར་ཤེས་ཡོན་གྱི་མིག་སྦྱིན་མཁན་གྱི་ཚོགས་པ་གལ་ཆེ་ཞིག་དང་། བྱས་རྗེས་ཅན་ཞིག་ཡིན་སྟབས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོར་༸གོང་ས་མཆོག་གདན་ཞུ་གནང་བ་འོས་ཞིང་འཚམས་པ་ཞིག་ཡིན་ཀྱང་། དགུང་གྲངས་བདུན་ཅུ་དོན་ལྔར་ཕེབས་པའི་མགོན་པོ་མཆོག་ནུབ་ཕྱོགས་ཁུལ་དུ་མཛད་འཆར་གཅིག་འཇུག་གཉིས་མཐུད་ཀྱིས་བར་མི་ཆད་དུ་བསྐྱངས་ཏེ་འདི་གར་ཕེབས་མ་ཐག་ཡང་བསྐྱར་འདི་གར་ཕྱག་ལས་བསྐུལ་ན་འོས་དང་མི་འོས་ཐུགས་བསམ་བཞེས་རྒྱུ་དངོས་གནས་གལ་ཆེན་པོ་རེད།
༸གོང་ས་མཆོག་གིས་ལན་གཅིག་ལན་གཉིས་མིན་པར་གལ་སྲིད་འགྲོ་བ་མིའི་ཐོབ་ཐང་ཡོད་ན། ང་ལ་ཡང་བགྲེས་ཡོལ་གྱི་ཐོབ་ཐང་དགོས་ཀྱི་འདུག་ཅེས་གསུངས་པར་རྒྱུ་མཚན་མང་པོ་ཡོད་པ་སྨོས་མེད་རེད།
དེར་བརྟེན་འབྲེལ་ཡོད་ཚང་མས་རྒྱ་ཆེ་ས་ནས་དགོངས་པ་བཞེས་རྒྱུ་ཧ་ཅང་གི་གལ་ནད་ཅིག་ཏུ་མཐོང་གི་འདུག།
འཇིག་རྟེན་ཁ་དཔེར། ནོར་བུ་རང་ལ་ཡོད་དུས་ནོར་ཉམ་མ་ཆོད་ན། ནོར་བུ་གཞན་ལ་ཤོར་དུས་འགྱོད་པའི་གནས། ཞེས་པ་ལྟར་མིག་རྒྱང་བསྲིང་རྒྱུ་གལ་ཆེ་ཞིག་མ་ཡིན་ནམ། དྲ་གྲོགས་ཚོ་དེའི་སྐོར་ལ་བསམ་ཚུལ་གསུངས་དང་།།
༸གོང་ས་མཆོག་གིས།
༼དེ་རིང་ང་ལ་མང་པོ་བཤད་རྒྱུ་མེད། བཤད་ནས་ཕན་ཐོགས་ཀྱང་གང་ཡང་མི་འདུག ལོ་འདི་འགའི་རིང་ལ་མང་བོ་བཤད་ཡོད། བཤད་པ་དག་ཡིག་ཉོག་གི་བཟོ་བྱས་ཏེ་བསྡད་ཚེ་དགོས་པ་གང་ཡང་མི་འདུག༽
ཅེས་གསུང་ཕེབས་འདུག ད་ནི་གཞུང་གི་དབུ་ཁྲིད་དང་ལྷག་དོན་ཤེས་རིག་བཀའ་བློན་དང་དྲུང་ཆེ་ཆུང་གིས་མཚོན་པའི་དབུ་འཛིན་རྣམ་པས་འཐུས་ཤོར་གཏོང་བའི་གོམས་གཤིས་དེ་བསྒྱུར་དགོས་པར་འདུག་ལ། དགེ་རྒན་དག་དང་སློབ་མ་དག་གིས་ཀྱང་འཆར་ཅན་གྱི་གོམ་འགྲོས་དེ་བསྒྱུར་གནང་དགོས་པར་འདུག གང་གིས་ན། ད་ནི་དངོས་འབྲེལ་ཐུགས་ཕམ་གནང་དགོས་པ་ཞིག་གི་ཚད་དུ་བསྐྱལ་ཏེ་ཡོད་པ་འདི་འདྲ་ན། གཟབ་བརྩོན་ཅིག་གནང་དགོས་ནས་འདུག་ཨང་།
གསར་འགོད་པ་ལགས།
༼མཆན་འདི་དྲ་ངོས་སུ་གསལ་མ་དགོས་པ་བྱ་འཐུས༽
དུས་དྲན་མཛད་སྒོའི་བཀའ་སློབ་སྒྲ་ཕབ་དག་གི་ནང་ན། ༸གོང་ས་མཆོག་གིས་ཆོས་དོན་བཀའ་བློན་གྱི་གསུང་བཤད་ལ་བསྔགས་བརྗོད་གནང་འདུག་པ་ཉན་རྒྱུ་འདུག དྲ་ངོས་ཀྱི་གསར་འགྱུར་འདིའི་ནང་༸གོང་ས་མཆོག་གིས་སྔོན་ལ་བཀའ་སློབ་གནང་། དེ་ནས་ཆོས་དོན་བཀའ་བློན་གྱིས་གསུང་བཤད་གནང་བ་འདྲ་ཞིག་བཀོད་འདུག འདི་ཚོའི་གྲས་དྲ་རྒྱ་ཀློག་མཁན་ཚོས་ཁུངས་བཅོལ་ཞུ་ཡུལ་དུ་བྱ་རྒྱུར་བརྟེན། གསར་འགོད་སྐབས་གཞུང་འབྲེལ་མཛད་རིམ་ལ་བཟོ་བཅོས་སོགས་མ་གནང་ན་ལེགས་པར་མཐོང་ནས་ཞུ་ཡི་ཡོད་ལགས་སོ།།
དེའི་རྗེས་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་་་་་་་ཞེས་པའི་༼དེའི་རྗེས༽ཟེར་བ་དེ་བསུབ་པ་དང་། ཡང་ན་འགྲེལ་བརྗོད་བྱ་སྟངས་གཞན་ཞིག་སྤྱད་ན་གང་འདྲ་འདུག བསམ་ཚུལ་ཙམ་ཡིན།