ཕྱི་ལོ་ ༢༠༠༦ ལོར་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་བརྩམས་པའི་ ༼བོད་ལྗོངས་དྲན་ཐོ ༽ཞེས་པའི་དཔེ་དེབ་དེ་སུད་སི་གནས་སྡོད་ཀྲང་ལིས་དང་སྐུ་ཞབས་ཆི་ལགས་རྣམ་གཉིས་ཀྱིས་ལོ་ངོ་གསུམ་ལྷག་གི་འབད་བརྩོན་བརྒྱུད་ཧྥ་རན་སིའི་སྐད་ཡིག་ཐོག་བསྒྱུར་ཏེ། ཉེ་ཆར་ཧྥ་རན་སིའི་གྷལ་ལེ་མེལ་ཌི་ Gallimard ཞེས་པའི་དཔར་བསྐྲུན་ཁང་གིས་དཔར་འགྲེམས་བྱས་ཡོད་འདུག
དཔེ་དེབ་དེ་ནི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ཕ་ལགས་ཀྱིས་རིག་གནས་གསར་བརྗེ་སྐབས་ལྷ་སར་བརྒྱབ་པའི་པར་བརྒྱ་ཕྲག་ལྷག་དང་། ཁོ་མོ་རང་ཉིད་ལྷ་ས་དང་པེ་ཅིན་སོགས་སུ་ལོ་དྲུག་རིང་བསྡད་སྐབས་བཅར་འདྲི་དང་ཞིབ་འཇུག འབྲི་རྩོམ། མི་སྣ་ ༧༠ ལྷག་དང་གླེང་མོལ་བྱས་པའི་གནས་ཚུལ་ཁག་ཕྱོགས་བསྡོམས་ཀྱིས་ ༼ གསར་བརྗེ ༽ དང་༼ བོད་ལྗོངས་དྲན་ཐོ ༽ ཞེས་པའི་དེབ་ཕྲེང་གཉིས་ཐེ་ཝན་ནས་པར་བསྐྲུན་བྱས་ཡོད་ཅིང་། དེའི་ཁྲོད་ཀྱི་༼གསར་བརྗེ༽ ཞེས་པར་རིག་གནས་གསར་བརྗེའི་སྐབས་ལྷ་སའི་ལོ་རྒྱུས་དང་རིས་མང་པོ་ཞིག་བསྡུས་ཡོད། དེབ་དེ་བོད་ཡིག་དང་རྒྱ་ཡིག་གཉིས་གཙོས། ཉི་ཧོང་དང་དབྱིན་ཡིག་སོགས་སུའང་བསྒྱུར་ཡོད་འདུག
༼བོད་ལྗོངས་དྲན་ཐོ༽ ཞེས་པའི་དཔེ་དེབ་དེ་ནི། ཁོ་མོས་རིག་གནས་གསར་བརྗེའི་སྐབས་ཀྱི་འཚོ་བ་དངོས་སུ་མྱངས་ཟིན་པའི་དམག་མི་དང་བགྲེས་ཡོལ་བ། བཟོ་བ། གཞུང་ཞབས་པ། ཤེས་ལྡན་པ། གྲྭ་པ། སྐབས་དེའི་དམར་སྲུང་དམག་མི་དང་གསར་བརྗེ་ངོ་ལོག་པ། སྔོན་ཐོན་མི་སྣ་བཅས་མི་སྣ་མང་པོར་བཅར་འདྲི་དང་གླེང་མོལ་བྱས་པའི་ངག་ཐོག་གི་ལོ་རྒྱུས་ཟིན་ཐོ་ཞིག་ཡིན། དཔེ་དེབ་དེ་རྒྱ་ཡིག་གི་མ་དཔེ་ལས་སྐད་ཡིག་གཞན་ནང་བསྒྱུར་མེད་ཀྱང་། ཐེངས་འདིར་ཤོག་ངོས་ ༥༦༥ ཡོད་པའི་དཔེ་དེབ་དེ་ཧྥ་རན་སིའི་སྐད་ཡིག་ཐོག་བསྒྱུར་ཏེ་དཔར་འགྲེམས་བྱས་ཡོད་འདུག
གསར་འགོད་པ། དོན་གོ