བོད་ཁྱིམ་སློབ་ཟུར་མཉམ་འཛོམས་ཀྱི་དུས་སྟོན་དང་བསྟུན་ཏེ། འདས་པའི་མི་ལོ་ལྔ་བཅུ་ལྷག་གི་བོད་ཕྲུག་ཁྱིམ་སྡེ་ཡི་གྲུབ་འབྲས་དང་འཐུས་ཤོར། དེ་བཞིན། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ད་ལྟའི་གནས་སྟངས་སོགས་སྤྱི་བྱེ་བྲག་གི་གནད་དོན་མང་པོ་ཞིག་གི་ཐད་བཀའ་ཟུར་རྗེ་བཙུན་པདྨ་མཆོག་་བཅར་འདྲི་བྱས་ཡོད།
དྲི་བ། ཐེངས་འདིའི་བོད་ཁྱིམ་སློབ་ཟུར་མཉམ་འཛོམས་ཀྱི་དུས་སྟོན་ཐོག་ཨ་མ་ལགས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་དང་། མ་འོངས་པར་འཁྲུངས་སྐར་སྲུང་གཙིའི་ཐད་ལའང་གྲོས་བསྡུར་བྱས་ཡོད་ཀྱང་། ཨ་མ་ལགས་ཀྱིས་མོས་མཐུན་གནང་མེད་སྐོར་གོ་སོང་། དེ་དག་གི་སྐོར་ལ་དགོངས་ཚུལ་ཞིག་གསུངས་དང་།
ལན། སྔོན་མ་ནས་བོད་ཁྱིམ་སློབ་ཟུར་ཚོགས་པ་ཞིག་བལ་ཡུལ་དང་ས་གནས་ཁག་ཅིག་ཏུ་གསར་འཛུགས་བྱས་འདུག་ལ། ད་རེབ་བོད་ཁྱིམ་གྱི་མི་ལོ་ལྔ་བཅུའི་དུས་དྲན་དང་སྟབས་བསྟུན་དེ་སློབ་ཟུར་མང་པོ་ཞིག་འདིར་འཛོམས་སོང་། སྐབས་དེར་ང་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་སྤྲོད་རྒྱུ་ཡིན་ཞེས་བརྗོད་བྱུང་། ངས་ང་ལ་གཟེངས་རྟགས་དགོས་པ་མ་རེད་ལབ་པ་ཡིན། གང་ཡིན་ཞེ་ན། ངས་ག་དུས་ཡིན་ཡང་བོད་ཀྱི་རྩ་དོན་ལ་ཕན་པའི་ལས་དོན་ཞིག་དང་སྐུ་མདུན་ལ་ཞབས་ཞུ་སྒྲུབ་བཞིན་པའི་བསམ་བློའི་ཐོག་ལས་ཀ་བྱེད་ཀྱིན་ཡོད་སྟབས། གཟེངས་རྟགས་དེ་འདྲ་དགོས་ཀྱི་མེད་ཅེས་བཤད་དེ་སྤྲོད་དུ་བཅུག་མེད་ལ། སྐྱེས་སྐར་སྲུང་བརྩི་བྱ་འཆར་ཡོད་པ་དེར་ཡང་ངོས་ལེན་བྱས་མེད། ང་ཚོ་སུ་ཡིན་ཡང་རང་ཉིད་བོད་པ་ཞིག་ཡིན་ཕྱིན་རང་གི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་དགོས་པ་རེད། དེ་བསྒྲུབ་མཁན་ཚང་མར་གཟེངས་རྟགས་དང་སྐྱེས་སྐར་སྲུང་བརྩི་སོགས་བྱས་ཚེ་རྫོགས་རྒྱུ་མེད་པ་ཞིག་ཆགས་འགྲོ་བ་རེད། ༸གོང་ས་མཆོག་དང་བླ་ཆེན་རྣམ་པའི་དུས་དྲན་དང་འཁྲུངས་སྐར་སོགས་གནས་ཚུལ་གཞན་ཞིག་རེད་ཅེས་ལབ་པ་ཡིན། ད་ལྟ་ང་ཚོ་དམངས་གཙོའི་ལམ་སྲོལ་ཐོག་འགྲོ་བཞིན་པའི་སྐབས་འདིར་ང་ཚོས་མི་བྱེ་བྲག་པ་ཞིག་ལ་ཞེ་དྲག་ཆེ་བསྟོད་བྱེད་པ་དེར་འདོད་པ་མེད། ད་ཆར་ང་ལ་དེ་འདྲ་མི་དགོས་ལ། ངའི་དཔར་གང་སར་སྦྱར་བ་དེ་འདྲ་ཡང་མ་བྱེད་རོགས། མ་འོངས་པར་ང་ཤི་ཚར་རྗེས་ཁྱེད་རང་ཚོས་ཅི་བྱེད་ཀྱང་བྱ་ཆོག་གི་རེད་ཅེས་ལབ་པ་ཡིན། བོད་པ་ཞིག་ཡིན་ཕྱིན་རང་གི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་རེད། ༸གོང་ས་མཆོག་གིས་ནམ་རྒྱུན་བོད་ཀྱི་རྩ་དོན་ཐད་བོད་མི་ཚང་མར་འགན་ཡོད་པ་རེད་ཅེས་གསུངས་ཀྱི་ཡོད། ང་ཚོས་གང་བསྒྲུབ་ཐུབ་པ་དེ་བསྒྲུབ་དགོས་པ་རེད་མ་གཏོགས། བསྒྲུབས་ཟིན་པ་དེ་ཞེ་བོ་ཡིན་མདོག་བྱས་ན་དེ་ལ་རིན་ཐང་མེད། གལ་སྲིད། ཁྱེད་རང་ཚོ་ང་ལ་དགའ་དད་སྤྲོ་གསུམ་ཡོད་ན། ས་གནས་གང་སར་ཡོད་པའི་རྒན་གསོ་ཁང་དུ་ཕྱིན་ཏེ། རྒན་པ་དེ་དག་ལ་ཞལ་ལག་དང་ལེགས་སྐྱེས་རེ་འབུལ་འཐུབ་ན་ཡག་པོ་འདུག་ཅེས་ལབ་པ་ཡིན།
དྲི་བ། བོད་ཁྱིམ་གྱི་སློབ་ཟུར་ཚོགས་པས་ཨ་མ་ལགས་དགེ་རྩ་ཚོགས་པ་ཞིག་གསར་འཛུགས་གནང་འཆར་ཡོད་པའི་ཐད། སྐུ་ཉིད་ལ་སྤྱི་ཡོངས་ནས་དགོངས་འཆར་གང་འདྲ་ཡོད་དམ།
ལན། བྱ་བ་དེའི་ཐད་ངས་ལབ་རྒྱུ་བྱུང་། ས་གནས་མང་པོའི་ནང་ཡོད་པའི་སློབ་ཟུར་ཚོ་མཚམས་རེར་མཉམ་འཛོམས་བྱས་ཏེ། སྤྱི་བའི་ལས་དོན་ཐད་ཉམས་མྱོང་བརྗེ་རེས་དང་གོ་བསྡུར། འགྲེལ་བཤད་སོགས་བྱ་རྒྱུ་གལ་ཆེན་པོ་རེད། ང་ཚོ་ས་གནས་གང་སར་ཚོགས་པ་ཡོད་མེད་དེ་གལ་ཆེན་པོ་མ་རེད། ཕྱི་རྒྱལ་དུ་བོད་རིགས་སྤྱི་མཐུན་ཚོགས་པ་གལ་ཆེན་པོ་རེད། བོད་གཞུང་གལ་ཆེན་པོ་རེད། དེ་ག་དུས་ཡིན་ཡང་སྒང་ལ་བཞག་སྟེ། མ་བརྗེད་པ་བྱ་དགོས། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ཚོགས་པ་སྐྱིད་སྡུག་མང་པོ་ཡོད་སྟབས། མི་རེ་ཟུང་གིས་ཚོགས་པ་སྐྱིད་སྡུག་མ་གཏོགས་སྤྱི་བ་དང་རྒྱ་ཆེ་སར་བསམ་བློ་གཏོང་ཐུབ་ཀྱིི་མི་འདུག བསམ་བློ་གཏོང་མ་ཐུབ་པའི་དབང་གིས་ནང་ཁུལ་དུ་འཁོན་འཛིན་མང་པོ་ཞིག་ཡོང་གི་ཡོད། ཡིན་ནའང་། དུས་རྒྱུན་སྤྱི་བ་དེ་གལ་ཆེན་པོ་ཡིན་པ་སེམས་ལ་འཛིན་དགོས་ཞེས་བཤད་པ་ཡིན་ལ། ཚོགས་པ་གཞན་ནང་འཛུལ་ཞུགས་གནང་མི་ཆོག་ཅེས་ངས་ལབ་ཀྱི་མེད། ཁྱེད་རང་ཚོར་རང་དབང་ཡོད་པ་རེད། ཚོགས་པ་གང་འདྲ་ཞིག་ཏུ་འཛུལ་ཡང་ཐོག་མར་ཚོགས་པའི་དམིགས་ཡུལ་དང་ལངས་ཕྱོགས། དེ་སྤྱི་ལ་ཕན་མིན་སོགས་ལ་ཞིབ་འཇུག་བྱས་རྗེས་འཛུལ་དགོས་པ་རེད། གང་ལྟར། ང་ཚོའི་སྤྱི་ཚོགས་ནང་ཚོགས་པ་མང་དྲགས་འདུག་བསམ་གྱི་ཡོད། ང་ཚོར་ཚོགས་པ་ཉུང་ཉུང་ཞིག་དང་སྲ་ཐག་ཐག་ཅིག་ཡོད་ན་ནུས་ཤུགས་བསླེབ་ཀྱི་རེད། ཚོགས་པ་མང་པོ་བྱས་ཏེ་རང་སར་བཀྲམས་བསྡད་ན་ནུས་ཤུགས་བརླག་འགྲོ་གི་ཡོད། དགེ་རྩ་ཚོགས་པར་མཚོན་ནའང་དམིགས་ཡུལ་གཙོ་བོ། བོད་ཁྱིམ་གྱི་སློབ་མ་གང་དུ་ཡོད་ཀྱང་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་སྟབས། མ་འོངས་པར་སྤྱི་ཚོགས་གང་འདྲ་ཞིག་ཏུ་ཡོད་ཀྱང་། ཕན་ཚུན་ལ་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུའི་འདུ་ཤེས་ཡུན་གནས་བྱ་ཆེད་གསར་འཛུགས་གནང་བ་ཞིག་རེད།
དྲི་བ། སྐུ་ཉིད་ཀྱིས་བོད་ཕྲུག་ཁྱིམ་སྡེ་ཡི་འདས་པའི་མི་ལོ་ལྔ་བཅུའི་རིང་གི་གྲུབ་འབྲས་ཟེར་ན་འདྲ། གང་ལྟར་བོད་ཁྱིམ་གྱིས་བོད་པའི་སྤྱི་ཚོགས་ལ་ནུས་པ་ཐོན་ཡོད་ས་གཙོ་བོ་གང་དག་གཟིགས་ཀྱི་ཡོད་པ་དང་། འཐུས་ཤོར་དང་ནོར་འཆུག་བྱུང་བའི་ཆ་གང་དག་མཐོང་གི་ཡོད་དམ།
ལན། བོད་ཕྲུག་ཁྱིམ་སྡེར་མཚོན་ན་ད་ལྟའི་བར་སློབ་མ་མང་པོ་ཞིག་བསྐྱེད་སྲིང་བྱས་ཡོད། དེའི་ཁྲོད་ཀྱི་ཁ་ཤས་བོད་ཁྱིམ་ཐོན་རྗེས་མུ་མཐུད་སློབ་གྲྭར་འགྲིམས་ཏེ་ཚད་མཐོན་པོར་བསླེབས་ཡོད། ཕྱི་ཚོགས་ནང་ཞུགས་པ་དང་ཕྱི་རྒྱལ་ཁག་ཏུ་ཕྱིན་པ་ཡང་མང་པོ་ཡོད། བོད་ཁྱིམ་ནས་སློབ་མཐར་ཕྱིན་པའི་སློབ་ཟུར་ཚོར་མཚོན་ན། སྤྱི་བའི་བསམ་བློ་དེ་ཧ་ཅང་ཤུགས་ཆེན་པོ་རེད། དཔེར་ན། ཨ་རི་དང་ཕྱི་རྒྱལ་ཡུལ་གྲུ་གང་སར་ཕྱིན་ཡོད་པའི་བོད་མི་དག་གི་ཁྲོད་སྔོན་མ་རྒྱལ་བསྡུ་མ་དངུལ་མ་སྤྲད་པའི་རིགས་མང་པོ་ཡོད་སྟབས། སློབ་ཟུར་ཚོས་ཨ་རིའི་དོན་གཅོད་དང་མཉམ་འབྲེལ་གྱིས་རྒྱལ་བསྡུ་མ་དངུལ་སྤྲོད་དགོས་པའི་ཐད་འབོད་སྐུལ་དང་ནུས་པ་བཏོན་ཏེ་མཐར་སྤྲོད་དགོས་འཁེལ་ཡོད། སྤྱི་ཚོགས་ནང་སླེབས་སྐབས་ཀྱང་སེམས་ཤུགས་ཆེན་པོ་རེད། སློབ་ཟུར་ཁག་ཅིག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་གསར་འཛུགས་གནང་བར་མ་ཟད། མི་སྒེར་གྱི་ཐོག་ནས་བོད་པའི་རྩ་དོན་ཐོག་ལས་ཀ་ཤུགས་ཆེན་པོ་བྱེད་ཀྱི་ཡོད། སྤྱི་འཐུས་ནང་དུའང་ཁ་ཤས་ཡོད། ད་ལྟའི་བོད་ཁྱིམ་གྱི་དགེ་ལས་བརྒྱ་ཆའི་དྲུག་ཅུ་སློབ་གྲྭ་རང་ནས་ཐོན་པའི་སློབ་ཟུར་རྐྱང་རེད། འདི་ལྟར་བལྟས་ན། ད་ལྟའི་བར་ང་ཚོས་གང་ལ་གང་འཚམས་འཇོན་འདུག
ཡང་ཕྱོགས་གཞན་ཞིག་ནས་བཤད་ན། རིགས་གཅིག་རྐང་འཛིན་གྱི་ཐོག་ནས་མཐར་འཁྱོལ་བ་ཞིག་དང་སྤྱི་ཚོགས་ཀྱི་ལས་དོན་གལ་ཆེན་སྟེང་སྲ་ཐག་ཐག་དེ་འདྲ་བགྲང་རྒྱུ་ཁག་པོ་འདུག དེའི་ཐད་༸གོང་ས་མཆོག་གིས་ཀྱང་རིགས་གཅིག་རྐང་འཛིན་གྱི་ཐོག་ལ་ཤུགས་རྒྱག་དགོས་པའི་བཀའ་སློབ་གནང་མུས་རེད། འོན་ཀྱང་གཙོ་བོ་མི་སོ་སོ་རང་ཉིད་ལའང་རག་ལས་ཡོད་པ་རེད། མ་གཞི་ནས་ང་ཚོའི་སྤྱི་ཚོགས་ཀྱི་ལྟ་སྟངས་དེ་དངུལ་འཚོལ་སྒྲུབ་དང་རྫིག་པོ་ཡོང་བར་བྱ་རྒྱུའི་ཐད་ཤུགས་ཆེ་སྟབས། རིགས་གཅིག་རྐང་འཛིན་ཐོག་ཕྱིན་ཏེ་སློབ་སྦྱོང་ཚད་མཐོན་པོར་སླེབས་མཁན་ཧ་ཅང་དཀོན་པོ་རེད། མ་འོངས་པར་ང་ཚོས་དེའི་ཐོག་ལ་ཤུགས་བསྒྲིལ་དགོས་བསམ་གྱི་ཡོད། གང་ཡིན་ཞེ་ན། མིའི་ལྗིད་ཁོག་དེ་དངུལ་གྱི་སྤྲོད་ཐུབ་ཀྱི་མེད་པར། ལྗིད་ཁོག་ངོ་མ་དེ་ཤེས་ཡོན་སློབ་སྦྱོང་གིས་སྤྲོད་ཀྱི་ཡོད། ཤེས་ཡོན་སློབ་སྦྱོང་གལ་ཆེན་པོ་ཡིན་པ་དང་། མིའི་ལྕི་ཡང་འཇལ་བྱེད་གཙོ་བོ་དེ་དངུལ་མིན་པར་སེམས་དང་ཀླད་པའི་གནས་སྟངས་ཚད་མཐོ་བོར་བསླེབས་ཡོད་མེད་ཀྱི་ཐོག་ནས་འཇོག་དགོས། ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་དེ་ཤེས་ཀྱི་མི་འདུག མི་ཚང་མས་ཁྲ་ཁྲ་ཟང་ཟིང་དང་དངུལ་ཏོག་ཙམ་ཡོད་ན་ཆེན་པོར་རྩི་བཞིན་ཡོད། དེ་ནི་སྔོན་མ་སྐྱོ་བོའི་གནས་སྟངས་འོག་བོད་ནས་ཚུར་ཡོང་། དེ་ནས་དངུལ་ཏོག་ཙམ་རག་ཏེ་གང་འཚམ་འཛོམས་དུས་ཞེ་དྲག་ཅིག་ཡིན་བསམས་པ་རེད། དེའི་ཐོག་ནས་མགོ་སྐོར་མ་ཐེབས་པ་ཞིག་དགོས་པ་རེད། གནས་སྟངས་དེ་དག་ཤེས་པའི་ཐོག་ནས་མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་ལྕི་ཡང་ཡོད་པ་ཞིག་དང་། ལྕི་ཡང་དེའང་སློབ་སྦྱོང་གི་ཐོག་ནས་ཡོང་དགོས་པ་ཞིག་ལ་ཤུགས་རྒྱག་དགོས་ཀྱི་འདུག
དྲི་བ། འདས་པའི་མི་ལོ་ལྔ་བཅུའི་རིང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཧ་ཅང་མང་པོ་ཞིག་བསྐྱེད་སྲིང་བྱས་ཡོད་ཀྱང་། དེ་དག་ཁྲོད་འབུར་དུ་ཐོན་པ་ཞིག་བགྲང་རྒྱུ་ཁག་པོ་ཆགས་ཡོད་པའི་འགག་རྩ་གཙོ་བོ་གང་ལ་ཐུག་ཡོད་པར་དགོངས་ཀྱི་ཡོད་དམ།
ལན། སློབ་གྲྭ་འདིར་ད་བར་སློབ་ཕྲུག་གྲངས་སྟོང་ཕྲག་ ༥༠ ཙམ་ཞིག་བྱུང་འདུག དེའི་ཁྲོད་འཛིན་རིམ་བཅུ་བ་དང་བཅུ་གཉིས། ལག་ཤེས་བཅས་ནས་ཁྱོན་བསྡོམས་སློབ་ཕྲུག་སྟོང་ཕྲག་ ༣༧ ལྷག་སློབ་མཐར་ཕྱིན་ཡོད། གྲངས་འབོར་ལ་བསམ་བློ་བཏང་ན་ཧ་ཅང་ཆེན་པོ་རེད། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་སུ་སློབ་ཕྲུག་སྟོང་ཕྲག་ ༢༧ དང་། དེའི་ཐོག་བོད་ཁྱིམ་ཕྱི་ལོགས་སུ་སློབ་གྲྭར་འགྲོ་བཞིན་པའི་སློབ་མ་སྟོང་ཕྲག་ ༣ ལྷག་ཡོད། ད་དུང་ང་ཚོའི་ཁྱབ་ཁོངས་སུ་སློབ་མ་སྟོང་ཕྲག་ ༡༤ མ་ཟིན་ཙམ་ཡོད། དེ་གཉིས་བསྡོམ་ན་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་སློབ་ཕྲུག་གི་བརྒྱ་ཆ་ ༥༣ ཙམ་ང་ཚོའི་ཁྱབ་ཁོངས་སུ་ཡོད། གནས་སྟངས་འདི་ལ་བལྟས་ཡོང་ན་ང་ཚོའི་འགན་དེ་ཧ་ཅང་ཆེན་པོ་རེད་ལ། གྲུབ་འབྲས་ཤིག་ཀྱང་སྟོན་རྒྱུ་དགོས་ཀྱང་། ༸གོང་ས་མཆོག་གིས་རེ་བ་བསྐྱོན་པ་ལྟར་ང་ཚོས་སྟོན་ཐུབ་ཀྱི་ཡོད་པ་མ་རེད། དཔེར་ན། རིགས་གཅིག་རྐང་འཛིན་གྱིས་མཚོན་པའི་ཚན་རིག་དགེ་རྒན་སོགས་ཀྱང་ང་ཚོའི་སྤྱི་ཚོགས་ནང་འདང་གི་ཡོད་པ་མ་རེད། དེ་ང་ཚོས་མ་འཇོན་པ་ཞིག་ལ་ཆ་འཇོག་བྱེད་ཀྱི་ཡོད། ང་ཚོས་མ་འཇོན་པ་ཤེས་པའི་ཐོག་མས་མ་འོངས་པར་ཤུགས་རྒྱག་དགོས་པ་རེད་དྲན་ཡོད། སོ་སོས་ལས་ཀ་གང་བྱས་ཀྱང་དེ་ལ་ཕྱིར་བལྟས་བྱས་ཏེ། ད་ལྟའི་བར་འགྲིག་ཟིན་པ་གང་དང་མ་འགྲིག་པ་གང་ཡིན་གསལ་བོར་མཐོང་དགོས་པ་རེད། དེ་མཐོང་བ་ཡིན་ན་འགྲིག་པར་བཟོ་བའི་གོ་སྐབས་ཡོང་གི་རེད། དེ་མ་ཡིན་པར། ང་ཚོས་བསྒྲུབ་པ་ཡོང་རྫོགས་འགྲིག་ཡོད་དང་ཡག་པོ་ཡོད་ཟེར་ན་སོ་སོ་རང་ཉིད་ལ་མགོ་སྐོར་གཏོང་གི་ཡོད། དེའི་ཐད་༸གོང་ས་མཆོག་གིས་ཀྱང་བསྟོད་པ་གཞན་ལ་གཏོང་དུ་ཆུགས། སྐྱོན་དང་ནོར་འཁྲུལ། འཐུས་ཤོར་སོགས་རང་གིས་གླེང་དགོས་པ་རེད། ཅེས་བཀའ་གནང་ཡོད།
“>www.youtube.com/v/jqiFCBqGKzcདྲི་བ། བཙན་བྱོལ་ནང་ལ་མཚོན་ན་ ༢༠༠༤ ལོར་སྤྱི་འཐུས་གྲོས་ཚོགས་ནང་ཤེས་ཡོན་སྲིད་བྱུས་གསར་བ་གཏན་འབེབས་བྱས་ཏེ། ༢༠༠༥ ལོར་དཔེ་སྟོན་སློབ་གྲྭ་གསར་འཛུགས་ཀྱིས་ལག་བསྟར་བྱས་ཡོད། ༢༠༠༦ ལོར་སམ་བྷོ་ཊའི་ཁྱབ་ཁོངས་དང་བོད་ཁྱིམ་བྱང་ཐང་བཅས་སུ་ལག་བསྟར་བྱེད་མགོ་བརྩམས་ཡོད་ཀྱང་། ཕྱིས་སུ་དཀའ་ངལ་ཞིག་གི་དབང་གིས་ད་ཆར་བོད་ཁྱིམ་གྱིས་ལག་བསྟར་བྱེད་ཀྱི་མེད་པའི་སྐད་ཆ་ཞིག་འདུག་སྟབས་འདིའི་ཐད་དགོངས་ཚུལ་ག་འདྲ་ཡོད་དམ།
ལན། ང་ཚོས་ཐག་བཅད་དེ་ལག་བསྟར་བྱ་རྒྱུ་མིན་ཞེས་བཤད་ཡོད་པ་མ་རེད། ང་ཚོ་བོད་ཁྱིམ་གྱིས་རྐང་པ་ཉིས་འཛུགས་ཐོག་འགྲོ་བཞིན་ཡོད། བོད་ཁྱིམ་གྱིས་ཤེས་ཡོན་སྲིད་བྱུས་ངོས་འཛིན་བྱེད་ཀྱིན་མི་འདུག་ཅེས་ལབ་ན་ཏག་ཏག་བསྡད་ཡོད་པ་མ་རེད། གང་ཡིན་ཞེ་ན། འཛིན་གྲྭ་དང་པོ་ནས་ལྔ་པའི་བར་གྱི་སློབ་ཚན་ཆ་ཚང་བོད་ཡིག་ཐོག་མགོ་འཛུགས་བྱེད་མཁན་ང་ཚོ་རེད། ༡༩༧༢ ལོ་ནས་བཟུང་༸གོང་ས་མཆོག་གིས་བོད་པའི་སློབ་གྲྭ་ཁག་ཏུ་རིམ་གྱིས་བོད་ཡིག་ཐོག་སློབ་སྦྱོང་སྤྲོད་ཐུབ་གསུངས་པ་ལྟར། མ་དངུལ་དང་མིའི་ནུས་ཤུགས་ཀྱིས་མ་འདང་བར་ལོ་མང་པོ་ཞིག་ལ་ལྷག་ཡོད་ཀྱང་། ༡༩༨༤ ལོ་ནས་བཟུང་ང་ཚོས་སློབ་ཚན་ཚང་མ་དབྱིན་ཡིག་ནས་བོད་ཡིག་ཐོག་བསྒྱུར་མགོ་བརྩམས་པ་རེད་ལ། ༡༩༨༦ ལོ་ནས་འཛིན་རིམ་དང་པོ་ནས་ལྔ་པའི་བར་གྱི་སློབ་ཚན་ཆ་ཚང་བོད་ཡིག་ཐོག་བསྒྱུར་ཏེ་སློབ་འཁྲིད་བྱས་པ་རེད། རྒྱ་གར་གཞུང་གིས་རོགས་སྐྱོར་བྱེད་ཀྱིན་པའི་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ལ་བོད་ཡིག་གི་སློབ་ཚན་འཁྲིད་ཐུབ་པའི་ལས་ཀ་དེ་ཡང་། ང་རང་ཤེས་རིག་བཀའ་བློན་ཡིན་སྐབས་ངས་ཤུགས་བརྒྱབ་པའི་འབྲས་བུ་ཡིན་དྲན་ཡོད། སྐབས་དེར་ང་རྒྱ་གར་གྱི་ཤེས་རིག་བློན་ཆེན་ལ་མཇལ་ཏེ། ༡༩༦༣ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱིས་པའི་ཐོབ་ཐང་གཏན་འབེབས་བྱས་སྐབས། རྒྱ་གར་གཞུང་གིས་ཀྱང་ཕྲུ་གུར་ཆུང་དུས་ནས་རང་གི་མ་སྐད་ཐོག་སློབ་སྦྱོང་སྤྲོད་དགོས་པའི་གཏན་འབེབས་ལ་མཚན་རྟགས་བཀོད་ཡོད་པ་ལྟར། ང་ཚོའི་བོད་གཞུང་གི་གཏན་སློབ་ C T S ཁག་ཏུ་འཛིན་རིམ་དང་པོ་ནས་ལྔ་བའི་བར་དུ་མ་སྐད་ཐོག་སློབ་སྦྱོང་སྤྲོད་རྒྱུའི་ཐོབ་ཐང་དགོས་པའི་རེ་སྐུལ་ཞུས་པར། ཕྱིས་སུ་ཤེས་རིག་བློན་ཆེན་དང་དྲུང་ཆེ་རྣམ་གཉིས་ཀྱིས་བཀའ་འཁྲོལ་ཐོབ་པ་རེད་ལ། ༡༩༩༤ ལོར་ང་བཀའ་བློན་ནས་དགོངས་པ་ཞུས་རྗེས་ཤེས་རིག་གི་ཁྱབ་ཁོངས་སུ་ལག་བསྟར་བྱས་པ་རེད། ད་ལྟའི་ཆར་བོད་གཞུང་གི་གཏན་སློབ་ཁག་ཏུ་ཡོད་པའི་སློབ་གྲྭ་ཁག་ཡོངས་ལ་བོད་ཡིག་གི་སློབ་ཚན་འཁྲིད་ཀྱི་ཡོད། གལ་སྲིད་ངར་སློབ་ཕྲུག་ཚོར་བོད་ཡིག་འཁྲིད་འདོད་མེད་མཁན་ཞིག་ཡིན་ན། བྱ་བ་དེ་འདྲ་བསྒྲུབ་དོན་ཡོད་པ་མ་རེད། ཡིན་ནའང་། ད་ལྟའི་ང་ཚོའི་སྲིད་བྱུས་དེའི་ནང་སློབ་ཚན་ཆ་ཚང་བོད་ཡིག་ཐོག་ཁྲིད་དེ་དབྱིན་ཡིག་དང་ཧིན་རྡུ་སོགས་གཅིག་ཀྱང་བསླབ་རྒྱུ་མིན་ཞེས་སྲིད་བྱུས་དམ་པོ་ཞིག་གཏན་འབེབས་བྱས་འདུག དེ་འདྲའི་རིགས་ལ་ང་མོས་མཐུན་མེད། གང་ཡིན་ཞེ་ན། ཤེས་རིག་ལས་ཁུངས་ཀྱིས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བའི་སྐབས་སུ་ངས་ཁོང་ཚོར། ང་ཚོ་སོ་སོའི་ལུང་པར་ཡོད་ན་སྒྲུབ་སྟངས་འདི་འགྲིག་གི་རེད། ཡིན་ནའང་། ང་ཚོ་ད་ལྟ་རྒྱ་གར་སྐྱབས་བཅོལ་ལུང་པར་ཡོད། ང་ཚོའི་སློབ་མ་ཚོ་བོད་ཡིག་གཅིག་པུའི་སྒང་ལ་ཕྱིན་ན། ཁོང་ཚོ་མ་འོངས་པར་མཐོ་རིམ་སློབ་གྲྭ་གང་ལ་འགྲོ་དགོས་པ་རེད། དབྱིན་ཡིག་དང་ཧིན་རྡུ་མ་བསླབས་ན། རྒྱ་གར་གཞུང་གི་གཏན་འབེབས་ལྟར་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཇི་ལྟར་གཏོང་དགོས་པ་རེད་ཅེས་ལབ་རྒྱུ་བྱུང་། ང་ཚོས་རྒྱུ་མཚན་དང་གནས་སྟངས་མང་པོ་ཞིག་ལ་བརྟེན་ཏེ་ཁས་ལེན་བྱས་མེད།
དེའི་རྗེས་ཀྱི་ཤེས་རིག་ཚོགས་ཆེན་སྐབས་སུ་ཡང་། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པ་ཡིན་ན། འཛིན་རིམ་བཅུ་གཉིས་བར་གྱི་སློབ་ཚན་དེ་དག་སུས་བསྒྱུར་རྒྱུ་ཡིན་མིན་དང་། བོད་ཁྱིམ་གྱི་ངོས་ནས་འཛིན་རིམ་དང་པོ་ནས་ལྔ་པའི་བར་གྱི་སློབ་ཚན་བསྒྱུར་བའི་ཐད་ལོ་མང་ཕྱིན་པ་མ་ཟད། འགྲོ་སོང་ཡང་ཕོན་ཆེན་ཕྱིན་ཡོད། གལ་སྲིད། ཤེས་རིག་ལས་ཁུངས་ཀྱི་འཛིན་རིམ་བཅུ་གཉིས་བར་གྱི་སློབ་དེབ་ཆ་ཚང་བསྒྱུར་བ་ཡིན་ན་དེའི་འགྲོ་གྲོན་སུས་གཏོང་རྒྱུ་ཡིན། ཀློག་དེབ་ཚང་མ་གྲ་སྒྲིག་གནང་ཐུབ་ཀྱི་ཡོད་དམ་ཞེས་དྲིས་པ་ཡིན། ད་ཆར་ཡང་འཛིན་རིམ་དགུ་བ་བཅུ་བ་དང་བཅུ་གཅིག་བཅུ་གཉིས་བར་གྱི་ཀློག་དེབ་གྲ་སྒྲིག་ཡོད་པ་མ་རེད། གཏན་འབེབས་ག་རེ་བྱེད་ཀྱང་ཡིག་ཐོག་ཏུ་ཡོད་པ་དེ་བསྒྲུབ་དགོས་པ་རེད་ཅེས་བཤད་རྒྱུ་ལས་སླ་བོ་རེད་དེ། ལག་ལེན་དངོས་ཀྱི་སྟེང་འགྲོ་དུས་རྒྱུ་ཆ་ཚང་དགོས་པ་རེད། རྒྱུ་ཆ་མ་ཚང་བར་དེའི་ཐོག་ལ་འགྲོ་དགོས་ཞེས་ལབ་ན་ཁག་པོ་རེད། ད་ལྟའི་དུས་འདིར་ཤེས་རིག་ལས་ཁུངས་ཀྱི་འཛིན་རིམ་དྲུག་ནས་བདུན་པའི་བར་གྱི་ཀློག་དེབ་བཟོ་བཞིན་ཡོད་པ་རེད། འཛིན་གྲྭ་ག་ཚོད་ཅིག་གི་བར་ཀློག་དེབ་གྲ་སྒྲིག་ཟིན་མིན་ངས་ཤེས་ཀྱི་མེད། ང་ཚོའི་ངོས་ནས་ལ་དྭགས་དང་ལུང་ཁུག་ཁག་ཏུ་ཡོད་པའི་སློབ་ཕྲུག་ཚོས་སོ་སོའི་མ་སྐད་མ་གཏོགས་ཕྱིའི་སྐད་ཡིག་སྦྱོང་རྒྱུའི་ཁོར་ཡུག་མེད་སྟབས། ལ་དྭགས་ཁུལ་གྱི་སློབ་གྲྭ་བཞི་ལྔ་ཞིག་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ཏེ་ཚོད་ལྟ་བྱེད་ཀྱི་ཡོད། དེ་ཡག་པོ་འགྲོ་ཐུབ་པ་ཡིན་ན་ཚང་མ་བསྒྱུར་རྒྱུ་དཀའ་མོ་མ་རེད། ང་ཚོས་བརྟན་པོ་བཟོ་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཞེ་ན། ང་ཚོས་ཕྲུ་གུའི་མི་ཚེ་ལ་ལག་པ་འཆང་གི་ཡོད་པ་རེད། ཁོང་ཚོའི་མི་ཚེ་དེ་སྲ་ཐག་ཐག་ཞིག་དང་ཡག་པོ་ཞིག་བཟོ་མ་ཐུབ་པ་ཡིན་ན། ཕ་མ་དང་སྤྱི་ཚོགས་ཀྱིས་སྐད་ཆ་འདྲ་མིན་ལབ་ཡོང་གི་རེད་ལ། བོད་ཡིག་གཅིག་པུས་མ་འོངས་པར་ལས་ཀ་ག་རེ་སྤྲོད་ཐུབ་ཀྱི་རེད་དམ། དེ་ལ་བསམ་བློ་གཏོང་དགོས་པ་རེད། ང་སྔོན་མ་ནས་ཤེས་ཡོན་ཐོག་ཕྱག་ལས་གནང་མྱོང་མཁན་དང་མཁས་དབང་མང་པོའི་སར་ཕྱིན་ཏེ་བཀའ་འདྲི་ཞུས་སྐབས། ཁོང་ཚོས་སློབ་ཕྲུག་ལ་ཤེས་ཡོན་སློབ་སྦྱོང་གང་འདྲ་ཞིག་སྤྲོད་ཀྱིན་ཡོད་ཀྱང་། རྒྱ་ཁབ་རང་ཉིད་ཀྱི་དཔལ་འབྱོར་སྲིད་ཇུས་གཞིར་བཞག་སྟེ། སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་རེད། མ་འོངས་པར་སློབ་མ་ཚོ་སློབ་གྲྭ་ལས་ཐོན་རྗེས་ཡི་གེའི་འབྲི་ཀློག་ཙམ་ཤེས་ཀྱང་ལས་ཀ་མ་རག་པ་ཡིན་ན། སློབ་སྦྱོང་སྤྲོད་སྟངས་ནོར་བ་རེད། ཅེས་བཤད་ཀྱི་འདུག སློབ་སྦྱོང་ཟེར་བ་གང་འདྲ་ཞིག་དགོས་པ་རེད་ཞེ་ན། མི་སོ་སོ་རང་ཉིད་ཀྱི་རྐང་པའི་སྒང་ལ་ལངས་ཐུབ་པ་ཞིག་དང་སོ་སོ་རང་ཉིད་ལ་ཆེ་མཐོང་ཡོད་པ་ཞིག་དགོས་པ་རེད། སློབ་སྦྱོང་བྱས་རྗེས་སྤྱི་ཚོགས་ཁྲོད་ཀྱི་ལས་ཀ་མ་རག་པ་དང་ལྟོ་གོས་ཙམ་ཡང་བསྒྲུབ་མ་ཐུབ་པ་ཞིག་ཆགས་ན། སྤོབས་པ་ཡོད་པའི་མི་ཞིག་ཆགས་ཐུབ་ཀྱི་མ་རེད། དེར་བརྟེན། ང་ཚོ་ཚང་མས་ཕྱོགས་ཡོངས་ལ་བསམ་བློ་བཏང་སྟེ་ལག་ལེན་བསྟར་དགོས་པ་རེད། ང་ཚོ་བོད་པ་ཚང་མས་བོད་ཡིག་ཡག་ཐག་ཆོད་ཅིག་སྦྱང་། མི་ཡ་རབས་ཤིག་བཟོས་རྗེས་སྒོམ་བརྒྱབ་ཏེ་འདུག་ཐུབ་ཀྱི་མེད། སྒོམ་རྒྱག་མཁན་ཞིག་ཡིན་ནའང་ཟ་མ་བཟའ་དགོས་པ་རེད། དེ་འདྲའི་ཐོག་ནས་མཚམས་ལ་རེར་ང་ཚོའི་མཁས་པ་ཁ་ཤས་ཚད་མཐོ་ཐག་ཆོད་དེ། འོག་གི་གནས་སྟངས་ལ་རིག་གི་མི་འདུག ཕྱོགས་ཡོངས་ཀྱི་མི་ཚེ་སྐྱེལ་སྟངས་ལ་གཟིགས་དགོས་པ་རེད། ང་ལ་མཚོན་ན་ཁ་ཡོད་ལག་ཡོད་ཐོག་དཀའ་ལས་བརྒྱབ་སྟེ་འགྲོ་མཁན་ཞིག་ཡིན། ང་ཚོའི་ཀླད་པ་གཅིག་པུ་ཡར་རྒྱས་གཏོང་བའི་ཕྱོགས་སུ་ཕྱིན་ཏེ། མིའི་འཚོ་བ་སོགས་ཕྱོགས་ཡོངས་ལ་བསམ་བློ་མ་བཏང་བ་ཡིན་ན། སྤྱི་ཚོགས་དཀའ་ལས་ཁག་པོ་ཆགས་ཀྱི་རེད། མིའི་མི་ཚེ་ཟེར་བ་དེ་དཀར་པོ་དང་ནག་པོ་ཁོ་ནའི་གྲུབ་པ་ཞིག་མ་རེད། དེར་མཚོན་ཁྲ་འདྲ་མིན་གྱི་གྲུབ་པ་ཞིག་རེད།
དྲི་བ། ཨ་མ་ལགས་ཀྱི་སྣེ་ཁྲིད་འོག་ ༢༠༠༦ ལོ་ནས་མགོ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་གྲོང་ཁྱེར་མཐའ་རུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཞུ་བ་ཞིག་བརྒྱབ་སྟེ། ༢༠༠༨ ལོ་ནས་སྐབས་དང་པོའི་སློབ་མ་བསྡུ་ལེན་བྱས་ཡོད་པ་རེད། ད་ལྟའི་ཆར་མཐོ་སློབ་དེ་ཉིད་ཀྱི་འཛུགས་སྐྲུན་དང་སློབ་གསོའི་གནས་སྟངས་གང་འདྲ་ཆགས་ཡོད་དམ།
ལན། མཐོ་སློབ་དེའི་ད་ལྟའི་གནས་སྟངས་ལ་ཆ་བཞག་ན། ༧གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་རྣམ་གཉིས་གཙོས། ཕྱི་རྒྱལ་གྱི་རོགས་ཚོགས་མང་པོས་ཐུགས་འཁུར་རྒྱབ་སྐྱོར་ལ་བརྟེན་ཏེ། ད་ཆར་ཕྱིའི་འཛུགས་སྐྲུན་གྱི་ཕྱོགས་ནས་སྤུས་དག་པོ་དང་ཧ་ཅང་ཡག་པོ་ཡོད། ཡིན་ནའང་། ང་ཚོར་ཕྱིའི་འཛུགས་སྐྲུན་སོགས་ཀྱི་སྒྲོམ་གཞི་ཡག་པོ་གང་འདྲ་ཡོད་ཀྱང་ནང་དུ་སློབ་སྦྱོང་ཡག་པོ་ཞིག་སྤྲོད་མ་ཐུབ་ན་ཕྱི་རྫིག་ནང་སྟོང་རེད། དེར་བརྟེན། ད་ཆར་བོད་ཡིག་ལ་མཁས་པ་དང་། དབྱིན་ཡིག་ལ་མཁས་པ་སོགས་ཀྱི་དགེ་རྒན་འཚོལ་བཞིན་ཡོད། སློབ་གྲྭའི་ནང་གི་སློབ་གཉེར་གྱི་གནས་ཚད་མཐོ་ས་ཞིག་ལ་སྐྱེལ་དགོས་པ་ལས་ཕྱིའི་སྒྲོམ་གཞི་གཙོ་བོ་མ་རེད། དངུལ་ཐབས་འཚོལ་དང་འཆར་གཞི་སྒྲིག་སྟངས། སྒྲོམ་གཞི་བཟོ་སྟངས་སོགས་ང་རང་གིས་གང་འཚམ་ཤེས་ཀྱི་ཡོད། འོན་ཀྱང་སློབ་སྦྱོང་ག་རེ་སྤྲོད་མིན་དང་། མ་འོངས་པར་གནས་རིམ་གང་འདྲ་ཞིག་ལ་བསྐྱལ་མིན་ཐད་ངའི་ནུས་པའི་འདང་གི་མ་རེད། ངས་ནམ་རྒྱུན་འདི་ལྟར་བཤད་ཀྱི་ཡོད། ད་ལྟ་ང་ཚོའི་མཐོ་སློབ་ཀྱི་མིང་ལ་ཏཱ་ལའི་བླ་མའི་མཐོ་སློབ་ཅེས་བཏགས་ཡོད། མ་འོངས་པར་ང་ཚོས་ཚད་ངེས་ཅན་ཞིག་ལ་བསྐྱལ་མ་ཐུབ་ན་ཞབས་འདྲེན་ཞུས་པ་རེད་ཟེར་གྱི་ཡོད། ད་སྔ་མཁས་དབང་དང་བཀའ་སློབ་གནང་མཁན་ཡག་པོ་ཁ་ཤས་ཡོད། ཨ་རིའི་ཧ་ཝར་ཌི་མཐོ་སློབ་ནས་ཐོན་པའི་མཁས་དབང་གི་གནས་རིམ་ཐོན་པའི་རྒན་ངག་དབང་རྡོ་རྗེ་ལགས་དང་། གཞན་ཨ་རི་ནས་ཤེས་ཡོན་སློབ་སྦྱོང་རང་གི་ཐོག་འབུམ་རམས་པ་ཐོན་པའི་སློབ་ཟུར་གཅིག་བཅས་ཡོད། མ་འོངས་པར་གནས་རིམ་གང་འདྲ་ཞིག་ལ་བསྐྱལ་མིན་དེ་ཁོང་ཚོར་ཐུག་ཡོད་པ་རེད། མཐོ་སློབ་འདིར་དེང་དུས་ཀྱི་སློབ་སྦྱོང་དང་བོད་ཡིག་གཙོས་པའི་བོད་པའི་ཆོས་དང་རིག་གཞུང་ཆ་ཚང་ཡོད་པ་ཙམ་དུ་མ་ཟད་ཚད་མཐོན་པོར་བསྐྱལ་ཐུབ་པ་ཞིག་ལ་བསམ་བློ་གཏོང་གི་ཡོད།
དྲི་བ། བཙན་བྱོལ་ནང་བོད་ཡིག་ཆེད་སྦྱོང་བྱེད་སའི་མཐོ་སློབ་ཁག་ཅིག་ཡོད་བཞིན་དུ་འདི་ལྟ་བུའི་མཐོ་སློབ་ཅིག་རྒྱག་དགོས་པའི་རྒྱུ་མཚན་གཙོ་བོ་གང་ལ་མིགས་པ་ཡིན་ནམ།
ལན། བཙན་བྱོལ་ནང་ཝར་ཎ་མཐོ་སློབ་དང་ས་རཱ་མཐོ་སློབ་དང་བཅས་མཐོ་སློབ་ཁག་ཅིག་ཡོད་པ་རེད། ཡིན་ནའང་། ཝར་ན་མཐོ་སློབ་དུ་སློབ་མ་ ༤༥༠ ལས་ལྷག་པ་ཞིག་ཤོང་གི་ཡོད་པ་མ་རེད། ང་ཚོ་བོད་ཁྱིམ་གྱི་འཛིན་རིམ་བཅུ་གཉིས་ལས་མཐར་ཕྱིན་ཏེ་ཝར་ན་མཐོ་སློབ་དུ་འཛུལ་སྐབས། སློབ་མ་སུམ་བཅུ་སོ་གྲངས་ཕྱིན་པ་ཡིན་ན་དེའི་ཁྲོད་ཀྱི་བཅུ་ལས་ཚུད་ཐུབ་ཀྱི་མི་འདུག དེ་བཞིན་ས་རཱ་མཐོ་སློབ་ལ་མཚོན་ནའང་། ས་མིག་གང་འཚམ་ཡོད་ཀྱང་། མུ་མཐུད་ཚན་རིག་དང་གློག་ཀླད་སོགས་ཀྱི་ཐོག་ལ་སློབ་སྦྱོང་ཚད་ལོངས་པ་ཞིག་བྱས་ཏེ། རྒྱ་གར་རྒྱལ་ཡོངས་ཀྱི་ངོས་འཛིན་ཡོད་པའི་སློབ་སྦྱོང་སྤྲོད་ཐུབ་ཀྱིན་ཡོད་པ་མ་རེད། ཏཱ་ལའི་བླ་མ་མཐོ་སློབ་ལ་མཚོན་ན། དེ་ལྟར་མ་ཡིན་པར་གློག་ཀླད་དང་དགེ་རྒན་འོས་སྦྱོང། ཚན་རིག བོད་ཡིག་བཅས་ལ་སློབ་སྦྱོང་བྱས་ཏེ་འབུམ་རམས་པའི་གནས་རིམ་བར་སློབ་སྦྱོང་བྱས་ཏེ་ལག་འཁྱེར་སྤྲོད་ཐུབ་པར་བཟོས་ཏེ། བོད་པའི་མཐོ་སློབ་གཞན་གྱིས་གནང་མ་ཐུབ་པ་ཞིག་ང་ཚོས་གནང་རྒྱུའི་བསམ་བློ་ཡོད།
དྲི་བ། གོ་ཐོས་སུ་སློབ་གྲྭ་དེ་ནས་ཐོན་པའི་སློབ་མ་ཚོའི་ཕྱག་འཁྱེར་ལ་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པ་མ་རེད་ཟེར་བ་དེའི་གནས་སྟངས་གང་འདྲ་ཡིན་པ་ད་། མ་འོངས་པར་ངོས་འཛིན་རག་ཐབས་འདྲ་གནང་གི་ཡོད་དམ།
ལན། ད་ལྟའི་ཆར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ཕྱག་འཁྱེར་ལ་རྒྱ་གར་རྒྱལ་ཡོངས་ཀྱིས་ངོས་ལེན་ཡོད་པ་མ་རེད་ཟེར་བ་དེ་བདེན་པ་རེད། འདིའི་ཐད་མི་མང་པོ་ཞིག་གིས་ང་ནོར་བ་རེད་ཅེས་ལབ་ཀྱི་ཡོད་པ་རེད། གང་ཡིན་ཞེ་ན། ང་ཚོ་ཝར་ཎའི་ཁྱབ་ཁོངས་སུ་ཕྱིན་པ་ཡིན་ན་ངོས་འཛིན་རག་གི་ཡོད་ཀྱང་ཕྱིན་ཡོད་པ་མ་རེད། དེ་གང་ཡིན་ཞེ་ན། ང་རང་གི་ཉམས་མྱོང་ཐོག་ནས་ཞུས་ན། སློབ་ཕྲུག་ཚོར་སློབ་སྦྱོང་དང་འགྲོ་སྟངས་གང་འདྲ་ཞིག་བཟོ་བསམ་ཡང་། དེ་བཟོ་ཐུབ་དང་མི་ཐུབ་ང་ཚོར་རང་དབང་ཆ་ཚང་ཞིག་ཡོད་མེད་ལ་ཐུག་འདུག ང་ཚོའི་ལག་འཁྱེར་ལ་ངོས་འཛིན་རེག་ཐུབ་པར་བྱས་པ་ཡིན་ན། ང་ཚོར་རང་དབང་ག་ཚོད་ཅིག་ལྷག་གི་རེད་དམ། ང་ཚོས་བོད་རང་གི་ཆོས་དང་རིག་གཞུང་ཆ་ཚང་བ་ཞིག་སྤྲོད་རྒྱུར་རང་དབང་ཆ་ཚང་ཡོད་པ་ཞིག་ལ་བསམ་བློ་གཏོང་གི་ཡོད། ད་ལྟའི་ཆར་ངོས་འཛིན་དང་རང་དབང་གཉིས་ཆ་ཐོབ་རྒྱུ་ཧ་ཅང་ཁག་པོ་རེད། བོད་ཁྱིམ་ལ་མཚོན་ན། གཞི་རིམ་ནས་སློབ་ཚན་དང་འགྲོ་ལུགས་འགྲོ་སྟངས་གང་འདྲ་ཞིག་གི་འོག་ནས་སྐྱེད་སྲིང་བྱས་པ་དེ་བཞིན་དུ། མཐོ་སློབ་སྐབས་སུ་ཡང་གཅིག་མཚུངས་ཀྱིས་འགྲོ་མ་ཐུབ་པ་ཡིན་ན་ངས་བསྒྲུབ་ཀྱི་མིན་ལ། ང་རང་བསྡད་པའི་རིང་ལ་མཐོ་སློབ་ཀྱི་ལས་ཀ་དེ་རྒྱ་གར་གྱི་འཛིན་སྐྱོང་འོག་ནས་བསྒྲུབ་རྒྱུ་མིན། ང་ཤི་རྗེས་ཁྱེད་ཚོས་ཇི་ལྟར་བསྒྲུབ་ཀྱང་འགྲིག་གི་རེད་ཟེར་ནས་ལབ་བསྡད་ཡོད། ད་ལྟའི་ཆར་ང་ཚོས་བརྒྱུད་ལམ་གྱི་ཐོག་ནས་སློབ་སྦྱོང་བྱས་ཏེ། འཛམ་གླིང་གང་ས་ནས་ལག་འཁྱེར་ལེན་ཆོག་གི་ཡོད་སྟབས། དེའི་སྒང་ལ་ཤུགས་རྒྱག་གི་ཡིན་ཞེས་བཤད་ཀྱི་ཡོད་ལ། དེ་བཞིན། ཡིག་འབྲེལ་གྱི་ཡིག་རྒྱུགས་ཀྱང་ག་ས་གང་དུ་ཡོད་པ་རེད། ང་ཚོ་རང་གི་སློབ་གྲྭ་ནས་སློབ་སྦྱོང་སྤྲོད་དགོས་པ་དེ་དག་སྤྲད་རྗེས་རབ་འབྱམས་པའི་ཡིག་འབྲེལ་གྱི་ཡིག་རྒྱུགས་བཏང་བ་ཡིན་ན། དེ་ལ་མ་འགྲིག་པ་གང་ཡང་ཡོད་པ་མ་རེད། ལས་ཀ་བཙལ་དུ་འགྲོ་དུས་ཀྱང་ཁྱེད་ཀྱི་ལག་འཁྱེར་དེ་ཡིག་འབྲེལ་ཡིག་རྒྱུགས་ཀྱི་ལག་འཁྱེར་རེད་ཟེར་མཁན་ཡོད་པ་མ་རེད། སློབ་གྲྭ་འདི་ནས་ངོས་འཛིན་མ་རག་ཀྱང་། ངོས་འཛིན་གཞན་ནས་འཚོལ་ཆོག་གི་རེད།
དྲི་བ། ཉེ་ཆར་བོད་ནང་གི་མཚོ་སྔོན་ཕྱོགས་ཀྱི་སློབ་ཕྲུག་ཚོས་བོད་སྐད་ཡིག་སྲུང་སྐྱོབ་དང་། མི་རིགས་ཀྱི་ཐོབ་ཐང་ཆེད་ཁྲོམ་སྐོར་བྱེད་ཀྱི་ཡོད་པའི་ཐད་གཟིགས་ཚོར་གང་འདྲ་ཡོད་དམ།
ལན། དེ་ནི་རྒྱ་ནག་གཞུང་རྩ་བ་ནས་ནོར་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྲུ་གུ་ཚོར་ཆུང་དུས་ནས་རང་གི་མ་སྐད་ཐོག་སློབ་སྦྱོང་སྤྲོད་དགོས་པའི་གཏན་འབེབས་ཡིག་ཆ་བཟོས་ཡོད་པ་རེད། རྒྱ་ནག་གཞུང་ཡང་མཉམ་འབྲེལ་རྒྱལ་ཚོགས་ནང་ཡོད། ང་ཚོས་དེའི་ཐོག་ནས་བཤད་ཐུབ་དགོས་པ་རེད། སོ་སོར་རྒྱལ་ཁབ་ཡོད་པ་དང་བོད་པ་ཚོ་བོད་ནང་བསྡད་ཡོད་བཞིན་དུ་རང་གི་སྐད་ཡིག་སློབ་འཁྲིད་བྱ་མི་ཆོག་ཅེས་པ་དེ་ནོར་འཁྲུལ་རེད་ལ། སུ་དང་གང་གིས་ཀྱང་ཁས་ལེན་བྱ་ཁག་པོ་རེད། བྱེད་སྟངས་འདིས་ང་ཚོར་མཐོང་ཆུང་བྱེད་ཀྱི་ཡོད་པ་རེད། དེའི་ཐད་ང་ཚོའི་ཕན་ཚུན་ལ་ཡིག་འབྲེལ་དང་སྐད་འབོད་བྱས་ཏེ། ཤུགས་ཆེན་པོའི་ཐོག་ནས་བཤད་དགོས་པ་རེད་བསམ་གྱི་འདུག
དྲི་བ། ཐེངས་འདིར་བོད་ནང་གི་སློབ་ཕྲུག་ཚོས་ངོ་རྒོལ་བྱེད་དོན་གཙོ་བོ། རྒྱ་གཞུང་གིས་བོད་ཁུལ་དུ་རྒྱ་ཡིག་གཙོ་བོ་དང་བོད་ཡིག་ཕལ་བར་འཇོག་པའི་སྲིད་ཇུས་ཤིག་བཟོས་ཡོད་པ་དེ་རེད། དེ་དང་འདྲ་བར་བཙན་བྱོལ་ནང་ནས་ཀྱང་། དབྱིན་ཡིག་གཙོ་བོ་དང་བོད་ཡིག་ཕལ་བའི་ཚུལ་དུ་སློབ་ཀྱི་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། ངས་གོང་དུ་ཞུས་པ་བཞིན་སོ་སོར་ལུང་པ་ཡོད་ན། སོ་སོའི་ཕྲུ་གུར་སོ་སོའི་སྐད་ཡིག་ཐོག་བསླབ་དགོས་པ་རེད། དེ་ང་ཚོའི་ཐོབ་ཐང་རེད། བོད་ནང་གི་བོད་མི་ཚོའི་སྟེང་ལ་རྒྱ་ནག་གཞུང་གིས་བཙན་དབང་བྱེད་ཀྱི་ཡོད་པ་རེད། ༸གོང་ས་མཆོག་གིས་རྒྱ་ནག་གིས་བོད་ནང་གི་རིག་གཞུང་གཏོར་བཤིག་གཏོང་གི་འདུག་གསུང་གི་ཡོད་པ་དེའི་བདེན་དཔུང་རེད། འོན་ཀྱང་། སྐྱབས་བཅོལ་ལུང་པའི་བོད་མི་ཚོ་དང་བོད་ནང་གི་བོད་མི་ཚོ་བསྡུར་ན་འགྲིག་གི་ཡོད་པ་མ་རེད། ང་ཚོའི་གནས་སྟངས་ཁ་ཁ་རེད། ང་ཚོས་ཀྱང་གང་ཐུབ་ཀྱིས་བོད་ཡིག་ཐོག་ནུས་ཤུགས་འདོན་གྱི་ཡོད་པ་རེད། དཔེར་ན། ཨ་རི་དང་ཕྱི་རྒྱལ་ཁག་ཏུ་བོད་མི་ཉུང་ཉུང་ཞིག་ལས་མེད་ཀྱང་། བོད་ཡིག་གི་སློབ་གྲྭ་དང་བོད་རིགས་ཚོགས་པ་བཙུགས་ཡོད་པ་རེད། བོད་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་ཐོག་ཤུགས་རྒྱག་གི་ཡོད་པ་རེད། ང་ཕྱི་རྒྱལ་ཁག་ཏུ་སྐྱོད་སྐབས། བོད་པའི་ཕྲུ་གུའི་བོད་སྐད་མ་བརྗེད་པ་བྱ་དགོས་པ་མ་ཟད། བོད་ཡིག་ཡག་པོ་ཞིག་མ་ཤེས་ཀྱང་བོད་སྐད་ཡག་པོ་ཞིག་ཤེས་དགོས་པ་རེད་ཟེར་ནས་ལབ་ཀྱི་ཡོད།
གསར་འགོད་པ། དོན་གོ་དང་ཚེ་རིང་རྒྱལ།
མིའི་མི་ཚེ་ཚོན་མདོག་ཁྲ་ཁྲ་རེད་ལ། དེ་ལས་ཀྱང་བརྩན་བྱོལ་བའི་སློབ་ཕྲུག་ཚོའི་མི་ཚེ་ནི་ཁྲ་ཁྲ་ཁྲ་རྐྱང་རེད། ཁོང་ཚོས་བོད་ཡིག་བོད་སྐད་རེ་སྐྱ་འཕེར་བ་ཤེས་ཀྱི་མེད་ལ། དབྱིན་འཇིའི་སྐད་ཡིག་ཡང་རེ་སྐྱ་འཕེར་བ་ཞིག་ཤེས་ཀྱི་མེད། ལོ་ངོ་ལྔ་བཅུ་ང་གྲང་རིང་བརྩན་བྱོལ་བའི་སློབ་མའི་ཤེས་ཚད་འདི་ལྟ་བུར་གྱུར་པ་དེ་བོད་ཡིག་སྦྱད་རྒྱུ་མང་སོང་བས་ཡིན་ནམ། མི་ལ་ལམ་འགྲོ་རྒྱུག་ན་རང་གིས་གང་བྱེད་པ་དེ་ཡང་དག་པ་ཡིན་པར་སེམས་ལ། དེའི་སྐབས་སུ་རང་གི་སྐྱོན་དེ་ཚོ་ཏན་ནས་མཐོང་མི་སྲིད། དེས་ན་སྤྱི་ཚོགས་ཁྲོད་ནུས་པ་ཆེན་པོ་ཡོད་མཁན་གྱི་མི་དེ་ཚོས་མཛུབ་མོ་ནང་ལ་བཀུག་ནས་བསམ་བློ་ཡག་པོ་མ་བཏང་ན། ནོར་འཕྲུལ་དེ་མི་གཅིག་གི་ནོར་འཕྲུལ་ཡིན་ཡང་། གྱོང་རྒུད་དེ་མི་རིགས་དང་རྒྱལ་ཁབས་ལ་ཕོག་ངེས།
ཁ་ལ་ས་མཚམས་མེད་པའི་ཁ་ནག་ཁ་ཤས་ཀྱིས་གང་བྱུང་བཤད་ཀིན་འདུག ཨ་མ་ལགས་ཀྱིས་གསུངས་བ་བཞིན་མ་བྱས་པར་སློབ་ཚན་བོད་ཡིག་གཅིག་བུ་བྱས་ན་བོད་པའི་སློབ་གྲྭ་སྟོང་རྒྱུ་ཡིན་པའང་མི་ཤེས་སམ། ཕྱིས་སུ་སྐད་ཆ་བཤད་ན་བསམ་བློ་ཞིག་བཏང་ནས་བཤད་ན་བཟང་། རང་མཚམས་གང་ཏུ་ཡོད་པ་དང་སྐད་ཆ་ལ་ས་མཚམས་དགོས།
ཨ་མ་ལགས་བཀའ་དྲིན་ཆེ།
སློབ་གྲྭ་དེ་དག་ནས་རིགས་གཅིག་རྐང་འཛིན་སོགས་མཐུས་ཤོར་སོང་ཡོད་པ་དག་ཨ་མ་ལགས་ལ་འཁེངས་ར་བཤད་ཡག་མེད།
དེ་འོག་མི་འགའ་མ་བྱུང་བ་རེད་
བཀའ་དྲིན་ཆེ་ཨ་མ་ལགས།
གཤམ་གྱི་དྲྭ་ཐག་འདིར་གཟིགས་དང། ང་ཚོ་བོད་མི་ཚོས་རྟག་ཏུ་འགྲོ་འདོད་དང་རྨི་ལམ་ནང་རེ་སྒུག་བྱེད་གཞིན་པའི་དག་ཞིང་ན་ཁྲག་གི་རྒྱ་མཚོ་ཁོལ་གྱི་འདུག
http://www.binscorner.com/pages/d/denmark-is-a-big-shame.html
གང་འདྲ་བཤད་ན་མ་བཤད་ན་བོད་ཁྱིམ་གྱིས་བོད་ཡིག་ཐོག་ལ་ཕན་ཐོག་ཡོད་པ་མ་རེད། འདིའི་ནང་གི་སློབ་ཕྲུག་མང་པོ་ཞིག་འཚོ་བའི་ཆེད་ཡོང་བ་མ་རེད་ལ།ཕ་མ་ཚོས་ཡང་དམིགས་ཡུལ་དེ་འདྲ་བཅིངས་ཡོད་པ་མ་རེད། རྒྱ་ནག་གི་འོག་ནས་བསྡད་ནས་རྒྱ་ཡིག་དང་རྒྱ་སྐད་སྤྱངས་ན་འཚོ་བ་རྒྱ་གར་ལས་ཡག་ག་ཡོང་གི་རེད།
མི་མང་པོ་ཞིག་གིས་བོད་མི་ཕྱིས་སུ་ཕེབས་མཁན་ཚོ་ཁོ་ཚོའི་འཚོ་བའི་ཆེད་ཡོང་བ་རེད་བསམ་གི་ཡོད་པ་རེད།དེ་སྤད་དེ་ནོར་བ་རེད། ཁོ་ཚོ་བོད་པའི་རིག་གཞུང་གི་ཆེད་དུ་ཕེབས་པ་ཤེས་དགོས། ལྷག་པར་བོད་ཡིག་དང་བོད་སྐད་ཆེད་ཡོང་བ་ཤེས་དགོས།
ཨ་མ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ།།
དགོན་པའི་སློབ་གྲྭ་ལས་གཞན་པའི་བཙན་བྱོལ་བའི་སློབ་གྲྭ་ཁག་གིས་བོད་ཕྲུག་རྣམས་ལ་བོད་ཀྱི་རིག་གཞུང་གི་སློབ་སྦྱོང་ཚད་ལྡན་ཞིག་སྤྲོད་ཐུབ་མེད་པ་འདས་པའི་ལོ་དུས་ཀྱིས་གསལ་སྟོན་བྱེད་བཞིན་རེད། བོད་ཁྱིམ་ལ་ཡང་གཅིག་མཚུངས་ལོས་ཡིན། ཡིན་ཡང་ཨ་མ་ལགས་ཀྱིས་མུ་མཐུད་ཐུགས་ཁུལ་བཞེས་པ་ལ་རྗེས་སུ་ཡི་རང་ཡོད།
རྨོའོ་ལགས་ཁྱེད་ཀྱིས་བཀའ་བཤག་གི་ཤེས་ཡོན་སྲིད་ཇུས་འཛིན་གྲྭ་དང་པོ་ནས་དྲུག་པར་བར་བོད་ཡིག་རྐྱང་པ་བསླབ་རྒྱུའི་སྲིད་ཇུས་དེ་ལ་རྒྱབ་སྐྱོར་མི་གནང་པའི་རྒྱུ་མཚན་གང་ཡིན།
ཨ་མ་ལགས། བཀའ་དྲིན་ཆེ། ང་ཡང་བོད་ཡིག་ལ་དགའ་བོ་མེད། དེའི་ཕྱིར་ཤེས་ཡོན་སྲིད་ཇུས་རྩ་བ་ནས་ལག་ལེན་མ་བསྟར་རོགས། ད་སྐབས་བོད་ཡིག་ལ་སློབ་སྦྱང་བྱ་འདོད་ཡོད་མཁན་དག་ནི་བོད་ཕྲུག་གླེན་པ་དག་རེད། ཁོ་ཚོས་༸གོང་ས་མཆོག་གི་ཐུགས་དགོངས་དང་བཙན་བྱོལ་བོད་མིའི་འདོད་དོན། གཞིས་ལུས་བོད་མིའི་རེ་བ་རྒྱལ་སྤྱིའི་སྒང་ལ་བསྐྱལ་མི་ཐུབ་པས་བོད་ཡིག་སློབ་པ་ནི་དུས་ཚོད་ཆུད་ཟོས་སུ་བཏང་བ་རེད།
ཨ་མ་རྗེ་བཙུན་པདྨ་མཆོག་ལ་བཀྲིས་བདེ་ལེགས་ཞུ། ཨ་མ་ལགས་ཀྱིས་བོད་སྤྱི་བའི་དོན་དུ་དཀའ་ལས་གང་མང་བསྐྱོན་དང་སྐྱོན་བཞིན་ཡོད་པ་ཀུན་གྱིས་ཤེས་སྲིད་ལྟར་རེད། བྱས་རྗེས་ཀྱང་མི་དམན་པ་ཡོད་བ་རེད། ཡིན་ན་ཡང་ཁོང་ཚང་ལ་ནག་ཉེས་ཚབས་ཆེན་གཅིག་ཡོད་བ་རེད། སུས་ཤེས་ཀྱིན་ཡོད?
ད་དུང་སྐད་ཡིག་ཚགས་པར་འདོན་མཁན་འབྲོག་རུ་ཆོས་གྲགས་ལ་དེ་དང་དེ་འདྲའི་མཚུངས་སའི་ཆ་མང་པོ་ཡོད་པས། ཅི་ཁེབ?
ཨ་མ་རྗེ་བཙུན་པདྨ་མཆོག་ལ་བཀྲིས་བདེ་ལེགས་ཞུ། ཨ་མ་ལགས་ཀྱིས་བོད་སྤྱི་བའི་དོན་དུ་དཀའ་ལས་གང་མང་བསྐྱོན་དང་སྐྱོན་བཞིན་ཡོད་པ་ཀུན་གྱིས་ཤེས་སྲིད་ལྟར་རེད། བྱས་རྗེས་ཀྱང་མི་དམན་པ་ཡོད་བ་རེད། ཡིན་ན་ཡང་ཁོང་ཚང་ལ་ནག་ཉེས་ཚབས་ཆེན་གཅིག་ཡོད་བ་རེད། སུས་ཤེས་ཀྱིན་ཡོད?
ད་དུང་སྐད་ཡིག་ཚགས་པར་འདོན་མཁན་འབྲོག་རུ་ཆོས་གྲགས་ལ་དེ་དང་དེ་འདྲའི་མཚུངས་སའི་ཆ་མང་པོ་ཡོད་པས། ཅི་ཁེབ?
ཨ་མ་རྗེ་བཙུན་པད་མ་ནི། བོད་ཀྱི་གསོན་དྭ་རྣམས་ཀྱི་མིང་དོན་མཐུན་པའི་ཨ་མ་ཞིག་རེད། མ་འོང་པར་བོད་ཀྱི་སློབ་གྲྭ་རྣམས་ཀྱིས་གཙོས་པས་དུས་དྲན་བརྩི་སྲུང་དགོས་ངེས་ཀྱི་བོད་ཀྱི་མི་སྣ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
བཙན་བྱོལ་དུ་ཡོད་པའི་རང་དབང་ཅན་གྱི་མིས་དབྱིན་ཡིག་དང་ཧིན་དྷི་ལ་གཙོ་བོར་མ་བྱས་ན། འདུན་ལམ་མེད་པ་ནང་བཞིན་བོད་ནང་དུ། རྒྱ་ཡིག་ལ་གཙོ་བོར་མ་བྱས་ན་འདུན་ལམ་དེ་ལས་མེད་པ་ཞིག་ཆགས་ཡོད་པའི་གནས་ཚུལ་འདི་ནི་དངོས་གནས་བོད་ཀྱི་མི་རིགས་དང་སྐད་ཡིག་ལ་ཐེབས་པའི་སྐྲན་ནད་ལྟ་བུ་ཞིག་ཡིན།
གུས་པ་རྗེ་བཙུན་པད་མ་ལགས་ཀྱིས་བལྟ་སྐྱོངས་འོག་ནས་ཚར་བའི་བཙན་བྱོལ་གྱི་གཞོན་སྐྱེས་མིན་ནའང། རྗེ་བཙུན་ལགས་ཀྱིས་གསུང་པ་བཞིན་བོད་མི་ཞིག་ཡིན་པའི་ལས་འགན་དེ། འཛམ་གླིང་གི་རྒྱལ་ཁབ་གང་དུ་ཕྱིན་ན་ཡང་ཁྱེར་ནས་སྡད་མཁན་ཞིག་དང་། མ་འོང་བོད་ཀྱི་འདུན་ལམ་དེ་སློབ་གྲྭ་ཁག་ནས་སྤྲད་པའི་ཤེས་ཡོན་དང་། སློབ་གསོ་དང་གཏན་གཏན་རག་ལས་པ་ཤེས་ནས་དེའི་ཐད་མཐུན་རྐྱེན་ཡར་རྒྱས་གང་དགོས་དང་། འགལ་རྐྱེན་ནུས་པས་སྤོང་ཐུབ་པ་གང་འདུག་ཞིབ་འཇུག་བྱས་མཁན་ཞིག་ཡིན།
འགྲོ་བ་མི་ཞིག་ཡིན་ནས་རང་དོན་གཙོ་བོར་མི་བྱེད་མཁན་དཀོན། ཤེས་ཡོན་ལ་སློབ་སྦྱོང་བྱེད་པ་དེ་འང་རང་གི་དམིགས་ཡུལ་དང་འབྲེལ་ནས་སྡད་ཡོད། ང་ཚོས་ཤེས་ཡོན་སྤྲད་སའི་སློབ་གྲྭ་མ་ཉུང་བ་ཞིག་བསྐྲུན་ཐུབ་ཡོད་ཀྱང་། སློབ་ཐོན་བྱུང་སྐབས་ཤེས་ཡོན་ཚད་མཐོའི་སྐུབ་སྟེགས་འོས་མཚམས་ཞིག་མེད་རྐྱེན་ཀྱིས། སློབ་ཕྲུག་མང་ཆེ་བ་ལ་ནད་གཡོག་བྱེད་པའི་ལས་ཀ་ལས་དམིགས་ཡུལགཞན་སེམས་དུ་འཇོག་ཐུབ་ཀྱི་་མེད།
རང་རེས་ཁ་ཡོད་ལག་ཡོད་ཀྱིས་གོ་སྒྲིགས་ཞུ་ཐུབ་པའི་ཚད་མཐོའི་སྐུ་སྟེགས་དེ། དགེ་རྒན་ཆེན་མོའི་སྐུབས་སྟེགས་དེ་རེད། དགེ་རྒན་ཆེན་མོའི་སྐུབས་སྟེགས་ལ། ཆུང་ས་ནས་ཟླ་ཕོག་ཧིན་སྒོར་ཁྲི་ལྔ་ལྷག་དང་། དགེ་རྒན་ཟིང་ལ་ཁྲི་གསུམ་ལྷག་སྤྲད་ཐུབ་པའི་སྐུབས་སྟེགས་ཤིག་གོ་སྒྲིགས་ཞུས་ཐུབ་ན། སློབ་ཕྲུག་རྣམས་ཀྱི་དམིགས་ཡུལ་དེ་ཚད་མཐོ་རུ་འགྲོ་བས། སློབ་སྦྱོང་ཡང་དེ་དང་མཐུན་པའི་ཤེས་ཚད་ཞིག་ཆགས་ཐུབ་པར་མ་ཟད། མ་འོང་པར་བོད་ཀྱི་སྤྱི་ཚོགས་དེ་ཡང་ཤེས་ཡོན་ཅན་ལ། བརྩི་མཐོང་བྱེད་མཁན་ཞིག་ཆགས་ཐུབ་པ་དང་། ཤེས་ཡོན་ཅན་གྱི་སྤྱི་ཚོགས་ཞིག་བསྐྲུན་ཐུབ་པའི་གོ་སྐབས་ཆེན་པོ་ཡོད་རེད།
ཧིན་སྒོར་འབུམ་ཚོ་བརྒྱས་སྐྲུན་པའི་སློབ་ཁང་བརྫིགས་པོ་ནི། ས་རྡོ་རེད་ལ། འབུམ་ཚོ་བརྒྱས་རྒན་པད་མ་རྒྱལ་མཚན་ལྟ་བུ་འམ། རྒན་པ་སངས་ལྟ་བུ་གཅིག་བཟོ་ཐུབ་ན་བོད་ལ་ཕན་ཆེ་བ་དེ་ངེས་པར་ཅན་དུ་ཐུགས་ལ་བཞགས་རོག་གནང་།