ཕྱི་ཚེས་ ༡༣ ཉིན་ཨི་རན་དང་ཨི་རག་ནས་བྲོས་བྱོལ་དུ་ཡོང་མཁན་གྱི་མཚོ་གྲུ་ཞིག་ཨོ་སི་ཊི་ལི་ཡའི་ས་ཁོངས་ཀྱི་མཚོ་གླིང་ཞིག་ནས་བྲག་ལ་བརྡབས་ཏེ། མཚོ་གྲུར་གཏོར་སྐྱོན་དང་གྲུ་ཐོག་གི་མི་ལ་ཤི་རྨས་ཚབས་ཆེན་ཐེབས་ཡོད་འདུག་པ་མ་ཟད། ལྷག་འཕྲོས་རྣམས་ཀྱང་ཆུར་བསྣུབས་ཏེ་ཤི་རྨས་ཀྱི་གྲངས་ཚད་ཉིན་རེ་བཞིན་འཕར་བཞིན་ཡོད་འདུག
མཚོ་གྲུ་དེ་ནི་སྐྱེལ་འདྲེན་དམངས་སྤྱོད་གྲུ་གཟིངས་ཤིག་ཡིན་ཞིང་། ཐེངས་འདིར་གྲངས་ཚད་ཏག་ཏག་ཅིག་བཤད་དཀའ་ཡང་ཚོད་དཔར་བྱས་པ་ལྟར་ན། གྲུ་སྟེང་དུ་ཨི་རན་དང་ཨི་རག་ནས་སྐྱབས་བཅོལ་དུ་ཡོང་པའི་བྲོས་བྱོལ་བ་ ༡༠༠ ཙམ་ཡོད་འདུག་ལ། དེ་རིང་ཚེས་ ༡༧ ཉིན་བར་ཚེ་སྲོག་ཤོར་པའི་གྲངས་ཚད་ ༣༠ ལ་བསླེབས་ཡོད་འདུག ཨོ་སི་ཊི་ལི་ཡའི་གཞིས་སྤོར་བློན་ཆེན་ཁུརེ་སི་བྷོ་ཝན་གྱིས། ཡིད་སྐྱོ་དགོས་པ་ཞིག་ལ། ང་ཚོའི་འཚོལ་བཤེར་ཁྲོད་རྙེད་སོན་བྱུང་ཚང་མ་བེམ་པོ་ལས་གསོན་པོར་གནས་ཡོད་པ་ཧ་ཅང་ཉུང་ཉུང་རེད། ཅེས་ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་རླུང་འཕྲིན་ཁང་དུ་བརྗོད་འདུག
གསར་འགོད་པ། བནྡེ་སྐྱབས།
སེམས་ལྡན་དེ་ཚོ་བཤད་ཅི་དགོས། སེམས་མེད་འབྱུང་བ་འདི་ཚོ་ཡངས་མི་ཉམ་ཆུང་ལ་བསྡང་གི་ཡ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲངས།