མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་ཞིག་ཡོད་དམ། – ལུང་རིགས་རྒྱལ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

༧སྐུ་མདུན་གྱིས་ནམ་རྒྱུན་ཁོང་གི་ཐུགས་རེ་ཆེན་པོ་རེ་གསུང་གི་ཡོད། ཐུགས་རེ་གང་ཡིན་ནའང་ཁོང་གིས་ཡེ་ཤེས་དབྱིངས་དཔྱད་ནས་གཟིགས་ཏེ་གསུང་གི་ཡོད་སྟབས་བླ་ན་མེད་པ་རེ་ཡིན་ལ། དེ་དུས་བོད་པ་ཚོས་ལག་པ་སྙིང་ཁར་བཅིངས་ཤིང་། གང་ནུས་ཅི་ཐུབ་ཀྱིས་ཁོང་གི་བཀའ་གསུང་ཇི་བཞིན་སྒྲུབ་ཀྱིན་ཡོད། ལྟོས་འཇོག་གིས་བཤད་ན། དེང་སང་། སྐུ་མདུན་གྱི་མཛད་པ་འཕྲིན་ལས་རྒྱས་ཤིང་། བོད་མི་རིགས་ཀྱི་ཁ་ལས་རླུང་རྟ་དར་བཞིན་པ་འདི་ཡང་རྟེན་འབྲེལ་འདི་ལ་འབྲེལ་བ་མེད་ཅེས་སུས་སྨྲ་ཐུབ།

ཡིན་ཡང་། སྐུ་མདུན་གྱི་ཐུགས་རེ་གཅིག་ནི་བོད་མི་རིགས་ཀྱིས་ད་བར་དུ་དང་ལེན་བྱས་མེད་ལ། གནད་དོན་དེ་སྐུ་མདུན་དང་བོད་མི་རིགས་གཉིས་ཀྱི་བར་ན་མུ་མཐུད་ནས་ལྷག་བསྡད་ཡོད། ད་དུང་བར་འདི་ན་སྣང་བར་འགྲོ་ས་རེ་ཡོད་པ་ནི། བོད་མི་རིགས་ཀྱིས་གནད་དོན་དེར་ཁ་གཅིག་གྲགས་ཀྱིས་ངོས་ལེན་མི་བྱེད་པའི་རྣམ་པ་ནི་དམངས་གཙོ་ཡང་དག་ཅིག་གི་ཚད་གཞི་ལྟར་ཡོད་ལ། སྐུ་མདུན་གྱིས་འདི་ལ་བཀའ་ལན་གནང་སྐབས་སུ། ཁོང་ལ་ཡང་འགྲོ་བ་མིའི་ཐོབ་ཐང་དགོས་པ་རེད་ཅེས་སྐུ་རྩེད་དང་བཅས་གསུང་སྟངས་དེ་ཡང་ཡིད་དབང་འཕྲོག་པ་ཞིག་ཡིན། འོན་ཏེ། ད་ནི་ང་ཚོས་དངོས་གནས་ཅི་ཞིག་བྱེད་དགོས་རེད།

ཡང་མིན་ན། བར་འདི་ན་དབུ་མའི་ལམ་འདྲ་ཡོད་དམ།

ང་ཚོས་མཐའ་གཅིག་ཏུ་འདི་རེད་དང་དེ་མ་རེད་ཀྱི་གནས་ལུགས་ཆེན་པོ་དེ་ཚོ་གནས་སྐབས་རིང་ཕར་བཞག་སྟེ། ཅུང་བསམ་བློ་ཐོངས་ས་ནས་བལྟས་ན། སྐུ་མདུན་གྱིས་ཁོང་བགྲེས་ཡོལ་ཆ་ཚང་གནང་གི་ཡིན་ཅེས་གསུངས་པ་ནི་ཁོང་གི་ཐུགས་ཕམ་དང་སྐུ་ཚེགས་ཀྱི་དབང་གིས་མིན་པར། ཁོང་གི་ཐུགས་ཁྲལ་དང་དེ་ལ་དཔག་པའི་གྲ་སྒྲིག་གི་ངོས་ནས་རེད་འདོད། དེ་དང་འདྲ་བར། བོད་མི་རིགས་ཀྱིས་ཁོང་བགྲེས་ཡོལ་མི་གནང་རྒྱུའི་གསོལ་བ་མཐའ་གཅིག་ཏུ་འདེབས་བཞིན་པ་ནི། ཞེད་སྣང་ལ་འབྲེལ་བ་ཡོད་ནི་ཡོད་རུང་། གཙོ་བོ་ནི་ངོ་ཚ་དང་བཟང་སྤྱོད་ཅེས་པའི་སྲོལ་རྒྱུན་གྱི་རྫུ་བག་མཐུག་པོ་དེའི་དབང་གིས་རེད། མདོར་ན། ཁོང་སྐུ་དྲིན་ཆེན་པོ་ཡིན་པ་དྲན་སྟངས་ཤིག་ལ་འབྲེལ་བ་འདུག་སྙམ། མ་མཐར་ཡང་ང་རང་གིས་དེ་ལྟ་བུ་ཞིག་ཡང་ཡང་དུ་ཚོར་མྱོང་།

ང་ཚོ་ཚང་མས་ཤེས་གསལ་ལྟར། སྐུ་མདུན་གྱིས་ཁོང་ཉིད་བགྲེས་ཡོལ་ཆ་ཚང་གནང་རྒྱུ་ཡིན་གསུངས་པ་དེ་སྲིད་ཕྱོགས་ནས་རེད་མ་གཏོགས། ཆོས་ཕྱོགས་ནས་ག་ལ་ཡིན། ཁོང་གི་ཐུགས་རེ་འདི་ནི་ཕྱག་ལེན་རིགས་ཤིག་ཡིན། དཔེར་ན། ཁོང་གིས་ནམ་རྒྱུན་བོད་པ་ཚོར། ༼རེ་བ་ཡག་ས་ནས་རྒྱོབ། གྲ་སྒྲིག་སྡུག་ས་བྱོས།༽ ཞེས་གསུང་གིན་ཡོད། ཁོང་བགྲེས་ཡོལ་གནང་འཆར་འདི་ནི་ཁོང་གིས་ནམ་རྒྱུན་གྱི་གསུང་འདི་ཕྱག་ལེན་དུ་བསྟར་བ་རེད། ༧གོང་ས་མཆོག་གིས། གྲ་སྒྲིག་སྡུག་ས་ནས་གནང་གི་ཡོད་པ་རེད། ཡིན་ཡང་། བོད་པ་ཚོས་གྲ་སྒྲིག་སྡུག་ས་ནས་བྱེད་རྒྱུར་ག་གོར་དང་ཕྱིར་བཤོལ་མང་པོ་ཞིག་བྱེད་གི་འདུག ཐ་ན། སྐད་ཆ་བཤད་སྟངས་དང་ལས་ཀ་བྱེད་སྟངས་མང་པོ་ཞིག་ནི་ཁོང་གི་གྲ་སྒྲིག་འདིའི་ལྡོག་ཕྱོགས་སུ་འགྲོ་བཞིན་པ་ཡང་མང་པོ་རེད། ཁང་གསར་རྡོ་རྗེ་ལགས་ཀྱིས་ཉེ་ཆར་རྒྱ་རི་རིན་པོ་ཆེ་ཡིས་ཀུན་གླེང་ནང་དུ་བཀའ་མོལ་གནང་སྟངས་ཤིག་གསལ་བཤད་བྱས་པ་ལྟ་བུ་རེད།

དེས་མི་ཚད་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་ད་ལོའི་དམངས་གཙོའི་དུས་དྲན་གྱི་ཉིན་མོར་བཀའ་ཤག་གི་གསུང་བཤད་ནང་ནས་ང་ཚོར་བཀའ་བཀྱོན་ལྕི་ཐག་ཆོད་ཅིག་གནང་བྱུང་། བཀའ་ཁྲི་མཆོག་གི་ཐུགས་འཚབ་དེ་ནི་གུས་བཀུར་ཞུ་འོས་པ་ཞིག་རེད། ཡིན་ཡང་། ཅུང་ཧང་སངས་དགོས་པ་ཞིག་ལ་ཁོང་གིས་རྒྱ་ནག་གཞུང་གི་བཤད་སྟངས་ཤིག་དྲངས་ནས་བཀའ་བཀྱོན་གནང་བྱུང་། ང་ཚོ་ཆུང་དུས་འཚར་ལོངས་བྱུང་ཡོང་སྐབས་ནམ་རྒྱུན་འདི་འདྲ་ཞིག་གོ་རྒྱུ་ཡོད། ༼གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་༽ཟེར། སྔོན་ཆད་དེ་བདེན་བདེན་འདྲ་བསམ་ནས་ལོ་མང་པོ་ཕྱིན། ཕྱིས་སུ་དེ་མི་བདེན་པར་ཤེས་ནས་ཀྱང་ལོ་གང་འཚམ་ཕྱིན། གང་ལྟར། ཉེ་ཆར་བཀའ་ཁྲི་མཆོག་གིས་ཀྱང་། ༼༧གོང་ས་མཆོག་མེད་ན་བོད་ལ་དམངས་གཙོ་མེད་༽ཟེར་ནས་གསུངས་སྐབས་ལམ་སེང་རྒྱ་ནག་གཞུང་གི་བཤད་སྟངས་དེ་ཡང་སེམས་ལ་དྲན། སྐུ་མདུན་གྱི་བཀའ་དྲིན་ང་ཚོ་ཚང་མས་ཤེས་གི་རེད། ཡིན་ཡང་། བཀའ་ཁྲིའི་གསུང་འདི་ཅུང་ཐལ་ཆར་ཤོར་བའི་ཆབ་སྲིད་ཀྱི་སྐད་ཆར་ཚོར་བྱུང་། བཀའ་གསུང་འདི་འདྲ་ཞིག་གནང་བའི་དགོས་པ་རྒྱུ་མཚན་དེ་ཚོ་ཡང་གསལ་བོ་ཆགས་རྒྱུ་མི་འདུག་ལ། དེ་ལས་ལྡོག་སྟེ། བཀའ་མོལ་འདིའི་ཤུགས་ན་སྐུ་མདུན་གྱི་གྲ་སྒྲིག་ལ་མཐའ་གཅིག་ཏུ་རྒོལ་རྒྱུའི་བསམ་བློ་ཡང་སྐུང་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་སྐུ་མདུན་གྱི་སྐུ་ཚེ་ལ་ཚད་བཙུགས་ནས་བོད་དོན་བཤད་ཀྱིན་པ་ལྟར། ང་ཚོའི་ཕྱོགས་ནས་ཀྱང་གང་ལ་གང་འཚམ་གྱིས་སྐུ་མདུན་གྱི་སྐུ་ཚེ་རིང་ཐུང་ལ་ཚད་བཙུགས་ནས་ལས་དོན་སྒྲུབ་ཀྱི་ཡོད་པ་ལྟ་བུ་ཞིག་མཐོང་གི་འདུག དེས་ན། ཁ་སང་དེ་རིང་པེ་ཅིན་དང་ངྷ་རམ་ས་ལ་གཉིས་ཀྱི་ཚོད་དཔག་རྣོན་པོ་འདིའི་བར་ནས་ཚད་མེད་པའི་ཐུགས་ཕམ་མྱོང་མཁན་ནི་སྐུ་མདུན་གཅིག་པུ་མིན་ནམ།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་བོད་ཀྱི་དུས་བབ་གསར་ཁང་གི་དྲི་ལན་ཏུ། སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་མོལ་ལྟར། སྐུ་མདུན་ཐེངས་འདིའི་ཕྱོགས་ཕེབས་ནས་ཕྱིར་ཕེབས་མཚམས་ཚོགས་གཙོ་བགྲེས་གཞོན་གཉིས་ཡར་བཅར་ནས་མུ་མཐུད་དུ་མགོན་པོ་གང་ལ་སྐྱབས་འཇུག་ཞུ་རྒྱུ་ཡིན་སྐོར་བཤད་འདུག འདི་ཚོ་གོ་ཡོང་དུས་ད་ནི་སྐུ་མདུན་གྱི་དགོངས་བཞེད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་དགོས་པའི་དུས་ཤིག་མིན་ནམ་སྙམ།

འཆར་ལོར་༧གོང་ས་མཆོག་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ཏེ་མི་ལོ་ ༦༠ འཁོར་བ་ཡིན་ལ། གོ་སྐབས་དེ་དང་བསྟུན་བོད་གཞུང་དམངས་གཉིས་ཀས་ཁོང་ལ་བཀའ་དྲིན་རྗེས་དྲན་དང་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྗེས་གསོལ་འདེབས་འདི་ལྟ་བུ་ཞིག་འབུལ་དགོས་པ་འདྲ། ཇི་སྲིད་༧སྐུ་མདུན་གྱི་སྐུ་ཚེ་བརྟན་སོང་ན་དེ་སྲིད་དུ་བོད་དོན་གྱི་བདེན་མཐའ་མྱུར་ནས་མྱུར་ཏུ་གསལ་ཡོང་གི་རེད་ལ། ཇི་སྲིད་སྐུ་མདུན་གྱི་ཐུགས་དགོངས་རྒྱས་སོང་ན་དེ་སྲིད་དུ་བོད་མི་རིགས་ཀྱི་སེམས་པ་ཡང་བདེ་སོང་བ་ཡིན་ཅེས་ཞུ་དགོས་པ་དང་། ད་ནས་བཟུང་མགོན་པོ་གང་གི་ཐུགས་རེ་བཞིན། བོད་མི་རིགས་ཀྱི་སྲིད་ཕྱོགས་ཀྱི་ལས་འགན་ཡོངས་རྫོགས་བོད་མི་རིགས་རང་གིས་འཁུར་གི་ཡིན། ཡིན་ཡང་། མ་གྱུར་སེམས་ཅན་ཀུན་གྱི་དོན་དུ། གང་གིས་མུ་མཐུད་ནས་འཛམ་བུའི་གླིང་གི་སྐྱེ་རྒུ་ཀུན་ལ་ཆོས་ཕྱོགས་ཀྱི་མཛད་པ་འཕྲིན་ལས་སྐྱོང་རྒྱུ་དང་། བོད་མི་རིགས་ཀྱིས་ནམ་ཡང་གང་གི་མཛད་པ་འཕྲིན་ལས་ནམ་མཁའི་མཐའ་རུ་རྒྱས་རྒྱུར་གསོལ་བ་སྨོན་ལམ་དང་མཐུན་འགྱུར་གནང་རྒྱུ་ཡིན་ཅེས་དང་། ཡིན་ཡང་། མགོན་པོ་གང་ནི་མུ་མཐུད་ནས་བོད་མི་རིགས་ཀྱི་ངོ་ཚབ་དང་། མགྲིན་ཚབ་པ་གཉིས་སུ་མེད་པ་དེ་ཡིན་ཅེས་ཞུ་དགོས་པ་རེད།

སྐུ་མདུན་གྱི་བགྲེས་ཡོལ་ལ་བོད་མི་རིགས་ཀྱིས་ངོས་ལེན་བྱས་པ་ནས་བཟུང་གནད་དོན་རེ་ཟུང་ལ་མངོན་གསལ་གྱི་འགྱུར་བ་ཡང་འགྲོ་དགོས། དཔེར་ན། ༢༠༡༡ ལོར་ཁོང་གིས་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་མཐའ་མ་དེ་བསྩལ་ཀྱང་ཆོག་གི་རེད། ཁོང་གིས་ཆོས་ལུགས་མ་གཏོགས། ཆབ་སྲིད་ཀྱི་མཛད་སྒོ་ཁག་གི་ནང་དུ་ཐུགས་འགན་མ་བཞེས་ན་ཡང་འགྲིག་གི་རེད། དེ་བཞིན་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་སྐུ་མདུན་གྱི་སྐུ་དབང་དེ་ཚོར་ཡང་བསམ་བློ་བཏང་ཆོག་གི་རེད། ཡིན་ཡང་། ཁོང་ནི་བོད་མི་རིགས་ཀྱི་ངོ་ཚབ་དང་མགྲིན་ཚབ་པ་གཉིས་སུ་མེད་པ་དེ་ཡིན་པ་ཇི་བཞིན། འདིའི་ཐད་ནས་མུ་མཐུད་དུ་ཐུགས་འགན་བཞེས་དགོས་སྐོར་ཞུ་དགོས་པ་རེད། འདི་ལ་༧སྐུ་མདུན་ཀྱང་ཐུགས་མོས་ཡོད་པ་ཁོང་གི་བཀའ་མོལ་གཞན་པ་དག་ན་གསལ་བོར་གསུངས་ཡོད། ད་ནས་བཟུང་བཀའ་ཁྲི་དང་ཁྲིམས་ཞིབ་པ། སྤྱི་འཐུས་ཚོགས་གཙོ་སོགས་ཀྱིས་ཀྱང་༧སྐུ་མདུན་གྱི་མདུན་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་དམ་འབུལ་མ་ཕུལ་ན་འགྲིག་གི་རེད།

དེ་ལྟར་ཕྱིན་པ་ཡིན་ན། སྐུ་མདུན་གྱི་ཐུགས་རེ་འགྲུབ་སོང་བ་རེད་ལ། བོད་མི་རིགས་ཀྱི་རེ་བ་ཡང་འགྲུབ་སོང་བ་རེད། འདི་ནི་སྙིང་རྗེ་ཚད་མེད་དང་དད་པ་ཚད་མེད་ཀྱི་དབང་དུ་གྱུར་བའི་༧སྐུ་མདུན་དང་བོད་མི་རིགས་བར་གྱི་དབུ་མའི་ལམ་ལྟ་བུ་ཞིག་ཀྱང་རེད། སྐབས་འདིར་རེ་བ་རྩ་ནས་མ་འགྲུབ་མཁན་དེ་རྒྱ་ནག་གཞུང་གཅིག་པུ་ཆགས་གི་རེད།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༦ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༧ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༠ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སེམས་དཔའ་ཆེན་པོ་གྷན་དྷི་ལ་ཆབ་སྲིད་ཀྱི་གོ་ས་མེད་ན་ཡང་། རྒྱ་གར་རང་བཙན་སྣེ་འཁྲིད་བྱུང་ཐུབ་ཡོད་པ་བཞིན། བོད་མི་ཚོས་ཀྱང་༧གོང་ས་མཆོག་ཆབ་སྲིད་ཀྱི་གོ་དབང་ལས་བགྲེས་ཡོལ་དུ་ཕེབས་ནའང་དབུ་མའི་ལམ་གྱི་དབུ་འཁྲིད་ཡང་དག་པ་གཅིག་ཏུ་རྩིས་མཐོང་ཡོང་མི་ཐུབ་བམ། ངེས་པར་དུ་ཡོང་སྲིད་པ་གཅིག་དང་། ཡོང་དགོས་པ་ཅིག་རེད།

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ང་ཚོ་བོད་པ་ནི་སྐྱབས་ལ་དུས་གནད་དུ་རེ་མཁན་ཞིག་ལས་སྐྱོབ་པ་པོར་འདོད་མཁན་ཞིག་ཡིན་མི་སྲིད། འདི་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་ཀྱང་ཡིན། ང་ཚོའི་རིག་གཞུང་ནི་སྐྱབས་གཙོ་བོར་སྟོན་པའི་རིག་གཞུང་ཞིག་ཡིན་སྟབས་དེ་ལ་འབྲས་བུ་ཡང་དེ་འདྲ་ཞིག་ལས་ཡོད་མི་སྲིད། དེའི་ཕྱིར་ང་ཚོ་ལ་ཨང་གཉིས་པ་བརྩོད་ལེན་བྱ་མཁན་གྱི་མི་རིགས་ཞེས་པའི་ཆོ་ལོ་ཡང་དེ་ནས་རེག་པ་རེད།

    Reply
  3. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    ཆོས་ཕྱོགས་ནས་བལྟས་ན། བླ་མ་མེད་པའི་གོང་རོལ་ཏུ། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་པ་ཞིག་ཡོད་པ་རེད། རྡ་ས་ན་ཡང་། གོང་གི་ཚིག་དེའི་ཁ་བསྒྱུར་ནས། གོང་ས་མེད་པའི་གོང་རོལ་ཏུ། །དམངས་གཙོ་བྱ་བའི་མིང་ཡང་མེད། །ཅེས་སྐྱོར་བཞིན་ཡོད་པ་རེད། གལ་སྲིད་བོད་མི་ཤོར་གོང་དུ་དམངས་གཙོའི་སྲིད་གཞུང་ཞིག་ཡོད་ན་དེ་གོང་ས་མཆོག་གི་སྐུ་དྲིན་དུ་བརྩིས་ཆོག་ཀྱང་། བོད་ཤོར་ནས་རྒྱ་གར་དམངས་གཙོའི་ལུང་པར་བསླེབས་ནས་བོད་མི་རྒན་གཞོན་སུ་ཡིན་ཡང་རྒྱ་གར་ལུང་པའི་དམངས་གཙོའི་འགྲོ་སྟངས་བཞིན་དམངས་གཙོ་མེད་ཀྱང་ཡོད་ཟེར་དགོས་ཤིང་དམངས་གཙོ་མིན་ཡང་ཡིན་ཟེར་ལོས་དགོས། ང་ཚོའི་དམངས་གཙོ་འདི་ནི་གོང་ས་མཆོག་གིས་བསྩལ་པ་ཙམ་ཞིག་མ་ཡིན་པར་འཛམ་གླིང་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་དང་ལྷག་པར་དུ་རྒྱ་གར་ལུང་པའི་ཆབ་སྲིད་ཀྱི་འགྲོ་སྟངས་དང་མ་བསྟུན་རང་བསྟུན་ཆགས་པ་ཞིག་རེད་བསམས། འདི་ནི་བོད་ས་རང་དུ་སྐུ་ཕྲེང་བཅུ་གསུམ་པའི་ཐུགས་རེ་བཞིན་མ་འགྲུབ་པའི་དངོས་ཡོད་གནས་ཚུལ་ལ་བལྟས་ན་ཤེས་ཐུབ།

    Reply
  4. རོང་རྒྱལ་ཐང༌། says:
    ལོ་ 15 སྔོན།

    བྱ་བ་ཆེ་ཕྲ་ཆུང་གསུམ་གང་ཡིན་ཡང་། དབུ་མའི་ལམ་གྱི་སྒང་དུ་སོང་ན་ཡག་པོ་ཞེ་དྲག་རེད་འདུག འདས་པའི་ཉམས་མྱོང་ལ་གཞི་བཅོལ་ཏེ་བཤད་ཀི་ཡོད། ལུང་རིགས་ལགས་ཤར་ནུབ་གང་ནས་བཞུགས་ཀྱང་མུ་མཐུད་བསམ་ཚུལ་ཡོང་རྒྱུའི་རེ་བ་ཡོད།

    Reply
  5. ནགས་མེ། says:
    ལོ་ 15 སྔོན།

    རྣམ་རིག་ཡོད་པའི་སྐད་ཆ་རེད། ང་ཚོས་སྐུ་མདུན་གསུང་གི་དགག་དགོས་ལ་ཉན་དགོས། མི་རྒན་རྙིང་པ་ཚོའི་བསམ་བློ་རྙིང་པ་ལ་མགོ་འཁོར་རྒྱུ་མེད། འཇོན་གི་ཡོད་ནའང་རུང་
    མེད་ཀྱང་རུང་སྟེ། རང་འགན་རང་གིས་འཁུར་དགོས་པ་རེད། དགུང་ལོ16ནས་བཟུང་སྟེ་
    76ལ་སླེབས་ཡོད་པ་རེད་དཱ། ད་ཁོང་ལ་དགོངས་པ་ཞིག་ས྄ྤྲོད་དགོས་ངེས་རེད།

    Reply
  6. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ཁོང་རིག་གིས་བགྲེས་ཡོལ་སྐོར་གྱི་གསུང་མོལ་གནང་ཐེངས་རེར། སྲིད་དོན་པ་ཚོ་འཁྲབ་ཀྱིན་འདུག་ལ། མང་ཚོགས་ཚོ་རྨོངས་ཡོང་གི་འདུག རྒྱ་ནག་ཀྱང་འདར་གྱིན་ཡོད་སྲིད།
    དུས་ཀྱི་དབང་དུ་བྱས་ན་ཁོང་རིག་བགྲེས་ཡོལ་དུ་ཕེབས་རན་རེད། གསུང་མོལ་དེ་ཁོང་གིས་ཚུར་གནང་རྒྱུ་ཞིག་མིན་པར་བོད་མི་མང་ཚོགས་ཀྱིས་ངོས་ནས་ཕར་ཞུ་རྒྱུ་ཞིག་ཀྱང་ཡིན་པ་འདྲ། ཇི་ལྟར་བཤད་རུང་མི་ལོ་དྲུག་ཅུར་ཉེ་བའི་རིང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ངལ་བསྐྱོན་བསྐྱོན་ལ་བཞུགས་སྟབས། ད་ནི་བསམ་ཤེས་མི་ཐུབ་ནའང་འདོད་པ་ཚིམ་ན་འགྲིག་པར་འདོད།
    ད་ལྟ་ངས་བསམ་ན་སྲིད་དོན་པ་ཚོ་ཇི་ལྟར་འཁྲབ་མིན་ལས་ཀྱང་མང་ཚོགས་ཚོ་རྨོངས་པ་ལས་སད་དགོས་པར་འདོད་ཅིང་། ཁོང་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་ནས་མང་ཚོགས་འདྲོགས་ལངས་ཉན་གི་མི་འདུག་ལ། བོད་གཞིས་སུ་རྒྱ་ནག་གིས་འདྲོགས་སློང་རྒྱུའི་ཉེན་ཁ་ཡང་འབྱུང་སྲིད། བར་འདི་ནས་ཁོང་གི་ཐུགས་འདུན་ངོ་མ་དེ་མང་ཚོགས་ལ་ངོ་གསལ་བོ་འཕྲོད་རྒྱུ་ནི་གནད་འགག་ཡོད་ཚད་ཀྱི་རྩ་བར་ཐུག་འདུག
    ཉེ་ཆར་རྒྱ་རི་རིན་པོ་ཆེས་གསུངས་པ་དེ་ཡང་བལྟས་ཚོད་ཚོད་ཀྱིས་བདེན་བདེན་འདྲ་ཞིག་འདུག་ཀྱང་། ཞིབ་ཏུ་བསམ་ན་དེ་ཡང་བདེན་རྒྱུ་མེད་དེ། ཁོང་གིས་སྐུ་མདུན་བགྲེས་ཡོལ་དུ་ཕེབས་རྗེས་ཁོང་གིས་ཀྱང་ལས་མཚམས་འཇོག་རྒྱུ་ཡིན་པ་འདྲ་ཞིག་གསུངས་པ་དེ་ཕར་ཞོག ད་དུང་ང་ཚོས་ཁོངས་འཁྱོལ་གི་རེད་དམ་མ་རེད་ཟེར་ནས་ཚུར་དྲིས་ཡོང་གི་འདུག དེའི་རིགས་མི་ལོ་དུ་མར་སྐུ་ཚབ་གནང་མྱོང་བའི་རྒྱ་རི་རིན་པོ་ཆེ་ལྟ་བུ་དག་ལ་ཕར་འདྲི་དགོས་པའི་དྲི་བ་ལས་ཚུར་མང་ཚོགས་ལ་འདྲི་རྒྱུའི་དྲི་བ་ཡིན་མི་འོས་པར་འདོད།
    སྐུ་མདུན་གྱི་སྐུ་ཚེ་འདིར་མི་ལོ་ལྔ་བཅུའི་རིང་བསྐྱངས་པའི་གཞུང་དང་སྒྲིག་འཛུགས་ལ་ད་དུང་ཡང་ཁོངས་འཁྱོལ་དང་མ་འཁྱོལ་གྱི་སྐད་ཆ་ཙམ་ལས་རེ་བ་མེད་ཚེ། སྐུ་འདུན་ཐུགས་ཕམ་ཚད་མེད་ཡོང་རྒྱུ་ཡིན་པ་ཕར་ཞོག ཁོང་གིས་ད་བར་ཉིན་མཚན་ལྟོས་མེད་དུ་སྐུ་ངལ་བསྐྱོན་པར་ཡང་འབྲས་བུ་མ་ཐོན་པ་མིན་ནམ། ཡིན་ནའང་། སྐུ་འདུན་གྱི་གསུང་མོལ་དག་ལས་ཇེ་གསལ་དུ་ཡོང་བཞིན་པ་ནི། བཙན་བྱོལ་གཞུང་མང་གིས་ལག་ལེན་དངོས་ཀྱི་སྟེང་ནས་ཁོང་མེད་པ་ནང་བཞིན་གྱིས་རང་མགོ་ཐོན་པ་དང་ཁོངས་འཁྱོལ་བ། གཞིས་ལུས་བོད་མིར་བློ་ཕམ་དུ་མི་འཇུག་པའི་བྱ་བ་ཞིག་བསྒྲུབ་རྒྱུ་དེ་ཁོང་རིག་གི་ཐུགས་རེ་ངོ་མ་དེ་རེད་འདོད།
    རྒྱ་ཆེའི་མང་ཚོགས་ཀྱིས་མཁྱེན་དགོས་པ་ཞིག་ནི་ཁོང་རིག་བགྲེས་ཡོལ་དུ་ཕེབས་ན་ཚུལ་ཅི་ལྟ་བུ་ཞིག་གི་སྟེང་ནས་ཕེབས་ཀི་རེད། ཁོང་བགྲེས་ཡོལ་གནང་རྗེས་ཆོས་ལུགས་ཀྱི་ཐད་ནས་མཛད་འཕྲིན་གང་དང་གང་བསྐྱང་གི་རེད། བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་དང་བོད་ཀྱི་བདེན་མཐའ་གསལ་ཆེད། ཡང་ན་བོད་མི་ཡོངས་ཀྱི་འདས་མ་ད་གསུམ་གྱི་ཆེད་དུ་བཀའ་སློབ་ལམ་སྟོན་གང་དང་གང་གནང་གི་རེད། དེ་བཞིན་ཁོང་བགྲེས་ཡོལ་དུ་ཕེབས་རྒྱུའི་ཐུགས་རེའི་ཕུགས་ན་གང་ཡང་བསྐོང་མེད་པར། ཇི་སྲིད་བསྐལ་བའི་བར་དུ་བོད་མི་རིགས་དང་འཛམ་གླིང་གི་དད་ལྡན་ནང་པ་བ་ཡོངས། མ་གྱུར་ནམ་མཁའི་མཐའ་དང་མཉམ་དུ་སེམས་ཅན་ཐམས་ཅད་བཅས་ནི་ཐུགས་ནས་འདོར་གི་མེད་པ་དེ་ཤེས་དགོས་ཀྱི་འདུག

    ད་དུང་ཚིག་འགའ་ཞུ་འདུན་འདུག་ཀྱང་ལས་བྲེལ་གྱི་རྐྱེན་པས་གཞུག་ནས་མཐུད་རྒྱུ་བྱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese