ཕྱི་ཚེས་ ༡༧ ཉིན་ཉི་ཧོང་ཆའོ་པའོ་གསར་ཤོག་སྟེང་གནས་ཚུལ་སྤེལ་དོན། ཉེ་ལམ་ཉི་ཧོང་ཕྱི་མིའི་སློབ་ཕྲུག་དོ་དམ་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ཏེ། ཕྱི་རྒྱལ་ནས་སློབ་ཕྲུག་གི་མིང་ཐོག་ནས་ཉི་ཧོང་ཆིན་ཐེན་སློབ་གྲྭ་ཆེན་མོའི་ནང་ཡོང་རྗེས། ཁྲིམས་འགལ་ཐོག་དངུལ་འཚོལ་སྒྲུབ་བྱེད་མཁན་སློབ་མ་ ༡༢༠ ཙམ་ཤེས་རྟོགས་བྱུང་ཡོད་ལ། དེ་དག་མང་ཆེ་བ་རྒྱ་ནག་ནས་རེད། ཞིབ་བཤེར་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ ལོའི་བར་སློབ་མའི་མིང་ཐོག་ནས་ཉི་ཧོང་དུ་ཡོང་སྟེ། ཁྲིམས་འགལ་ཐོག་དངུལ་འཚོལ་མཁན་རྒྱ་རིགས་སློབ་མ་ ༡༤༠ ལྷག་ཤེས་རྟོགས་བྱུང་སྟེ་སློབ་གྲྭ་ནས་ཕྱིར་ཕུད་བཏང་ཡོད་འདུག
ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་ཉི་ཧོང་ཆིན་ཐེན་སློབ་ཆེན་གྱིས་རྒྱ་ནག་གི་སློབ་མ་བསྡུ་བའི་ལས་འཆར་དེ་མགོ་བཙུགས་ཡོད་འདུག་ལ། དེ་ཡང་གཙོ་བོ་ནང་སོག་དང་པེ་ཅིན་གྱི་ཉི་ཧོང་སྐད་ཡིག་སློབ་སའི་སློབ་གྲྭ་ཁག་གསུམ་ལ་དམིགས་ཏེ་མཉམ་འབྲེལ་ཆིངས་ཡིག་འོག པེ་ཅིན་གྱི་སློབ་གྲྭ་དེ་དག་ནས་ཉི་ཧོང་སྐད་ཡིག་ཐོན་པ་དག་ཚད་གཞིར་བཟུང་སྟེ་བསྡུས་ཡོད་འདུག འོན་ཀྱང་འདས་པའི་ལོ་ལྔའི་ནང་སློབ་གྲྭ་དེ་དག་ནས་ཡོང་བའི་སློབ་མ་རྣམས་ནི་སློབ་སྦྱོང་གི་ཆེད་དུ་ཡོང་བ་མ་ཡིན་པར། སློབ་ཡུན་གྱི་དུས་ཚོད་བེད་སྤྱད་དེ་དངུལ་གསོག་ཏུ་ཡོང་བ་ཤ་སྟག་ཆགས་ཡོད་སྟབས། ཉི་ཧོང་ཆིན་ལེན་སློབ་ཆེན་གྱིས་རྒྱ་ནག་གི་སློབ་གྲྭ་དེ་དག་ནས་སློབ་མ་བསྡུ་བའི་ལས་གཞི་དེ་ཕྱིར་འཐེན་བྱས་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།