ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཁང་གི་བོད་ཀྱི་བདུན་ཕྲག་ཐེངས་བཅུ་གཅིག་པའི་མཛད་སྒོ་དེ། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་སློབ་གྲྭ་དེར་དངོས་སུ་མགོ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་དང་། བོད་གཞུང་སྨན་རྩིས་ཁང་གི་སློབ་སྤྱི་སྨན་པ་མཁྱེན་རབ། དེ་བཞིན་ཤིམ་ལ་གཏན་སློབ་ཀྱི་སློབ་སྤྱི་པདྨ་རྒྱལ་མཚན་ལགས་གཙོས་པའི་སློབ་གྲྭ་དེའི་འབྲེལ་ཡོད་ལས་བྱེད་དང་སློབ་ཕྲུག ས་གནས་མང་ཚོགས་བཅས་ཁྱོན་མི་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད། ཐེངས་འདིའི་དུས་སྟོན་སྐབས་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་། སྒྱུ་རྩལ། ཆབ་སྲིད་བཅས་མང་ཚོགས་ལ་ངོ་སྤྲོད་བྱེད་ཀྱིན་ཡོད་པ་རེད།
བདུན་ཕྲག་གཅིག་རིང་གི་དུས་སྟོན་དེར་བོད་ཀྱི་དགེ་འདུན་པ་ཚོས། རྡུལ་ཚོན་དཀྱིལ་འཁོར་བཞེངས་སྟངས་དང་དེའི་མཚོན་དོན་ངོ་སྤྲོད། རི་མོ་བ་བསོད་ནམས་དར་རྒྱས་ལགས་ཀྱིས་སྣེ་ཁྲིད་པའི་དགེ་འདུན་པ་ཚོས། བོད་ཀྱི་མར་རྒྱན་དང་མེ་ཏོག་མཆོད་པ་བཞེངས་སྟངས་དང་མར་བརྙན་སྒྱུ་རྩལ་ངོ་སྤྲོད། འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་ཀྱིས། ཚད་མ་རིག་པའི་ལམ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྟགས་གསལ་གཏོང་སྟངས། གཞས་པ་བཀྲས་ཆུང་ལགས་ཀྱིས་བོད་ཀྱི་གླུ་གཞས་བཅས་ངོ་སྤྲོད་བྱེད་ཀྱིན་ཡོད་འདུག གཞན་ཐེངས་འདིར་ཨེ་མོ་རི་དང་བོད་ཀྱི་ཚན་རིག་དགེ་རྒན་དང་ལོ་ཙྰ་བ། སློབ་ཕྲུག་བཅས་བར། བོད་བརྒྱུད་ནང་བསྟན་དང་ཚན་རིག་བར་བགྲོ་གླེང་གནང་རྒྱུ་ཡིན་པར་མ་ཟད། ནེའུ་ཡོག་དོན་གཅོད་བློ་བཟང་སྙན་གྲགས་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་སོགས་ཀྱིས། བོད་གསོན་གནས་ཐུབ་མིན་གྱི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱང་སྤེལ་རྒྱུ་རེད་འདུག
གསར་འགོད་པ། དཔལ་ལྡན།