མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སྲིད་དབང་འགྱུར་དཀའ། – ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོའི་ཁ་གཏད་རྒྱ་ནག་ཡིན་པས། ངས་ནམ་རྒྱུན་རྒྱ་ནག་གི་གནས་ཚུལ་ལ་དམིགས་བསལ་དོ་སྣང་བྱས་པ་མ་ཟད། རྒྱ་རིགས་གང་མང་མང་དང་འབྲེལ་བ་བཙུགས། བརྒྱུད་རིམ་དེའི་ཁྲོད་ནས་ང་ལ་རྒྱུས་ལོན་ཁག་ཅིག་བྱུང་།

བོད་མི་སྤྱི་དང་སྒོས་སུ་ཕྱི་ཕྱོགས་སུ་འཚར་ལོངས་བྱས་པའི་བོད་པ་ཚོས། རྒྱ་ནག་ནི་འཐོར་ཆོག་ཆོག་ཅིག་དང་། དམར་པོའི་གཞུང་ནི་འབོ་ལུག་ཆོག་ཆོག་ཅིག་ཏུ་རྩི་བཞིན་ཡོད། ཡིན་ནའང་དོན་དངོས་སུ་དེ་ལྟར་ཡིན་དཀའ་བར་འདུག དེ་ལའང་གཤམ་གསལ་རྒྱུ་མཚན་ཡོད།

༡) རྒྱ་མི་རྣམས་ལོ་ངོ་བརྒྱ་ཕྲག་མང་བོ་ཞིག་གི་རིང་། སོག་པོ་དང་དབྱིན་ཇི། མན་ཇུ། ཉི་ཧོང་(རི་པིན་)བཅས་ཀྱི་འོག་ཏུ་དཀའ་སྡུག་ཡོད་ཚད་མྱོང་དགོས་བྱུང་མཐར། གུང་ཁྲན་ཏང་གི་སྐབས་སུ་ད་གཟོད་མགོ་བོ་འདེགས་ཐུབ་པ་བྱུང་སྟེ། སྟོབས་ཆེན་ཨ་རི་སོགས་ལའང་དོ་དོ་ཚད་ཚད་བྱེད་བཞིན་ཡོད། རྒྱ་མི་ཚོས་འདི་ནི་ལོ་ངོ་སྟོང་ཕྲག་རིང་གི་རེ་སྨོན་མངོན་དུ་གྱུར་བ་ཞིག་ཏུ་བརྩི་བཞིན་འདུག་པ་ལས། རྒྱ་ནག་དམར་ཤོག་གི་འོག་ཏུ་བསྡད་པའི་ངོ་ཚ་ཞིག་ལ་བརྩི་གི་མི་འདུག

༢) སྤྱིར་བཏང་རྒྱ་རིགས་ཤེས་ཡོན་ཅན་གྱི་ནང་དུ་རྒྱ་ནག་དམར་གཞུང་གི་བྱེད་སྟངས་ལ་མི་དགའ་མཁན་ངེས་ཅན་ཞིག་ཡོད་ཀྱང་། ཁོང་ཚོ་མང་ཆེ་བས། རྒྱ་ནག་དམར་གཞུང་འདི་གློ་བུར་མགོ་རྟིང་ལོག་ན།  རྒྱ་ནག་ཡོངས་ད་ལྟ་བཞིན་གཅིག་སྒྲིལ་བྱེད་ཐུབ་པའི་གཞུང་ཞིག་ཡོང་དཀའ་ལ། ནུབ་ཕྱོགས་རྒྱལ་ཁབ་ཚོས་གོ་སྐབས་དེ་བཟུང་སྟེ། རྒྱ་ནག་ལངས་རྒྱུ་མེད་པ་བཟོ་ངེས་ཡིན་པར་ངོས་འཛིན་བྱེད་བཞིན་འདུག བསམ་ཚུལ་དེའི་འོག་ནས། རྒྱ་རིགས་ཤེས་ཡོན་ཅན་ཚོས། རྒྱ་ནག་དམར་གཞུང་ལ་མ་འདོད་པ་ཡོད་ཀྱང་མགོ་རྟིང་སློག་འདོད་མི་འདུག  དཔེར་ན། ༢༠༠༨ ལོར་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་འཚོཊ་སྐབས་དེ་གོ་སྐབས་བཟང་ཤོས་ཤིག་ཡིན་རུང་། རྒྱ་རིགས་ཤེས་ཡོན་ཅན་དང་། དམངས་གཙོ་དོན་གཉེར་ཚོས་ངོ་རྒོལ་ཤུགས་ཆེ་བྱས་མེད་བ་མ་ཟད། ཐ་ན་ཆོས་འཁོར་སྒོམ་སྒྲུབ་པ་(ཧྥ་ལུང་ཀུང་)ཚོར་འབྲེལ་བ་བྱས་ནའང་། ངོ་རྒོལ་ནང་མཉམ་ཞུགས་བྱེད་ཀི་མི་འདུག

༣)  བོད་དང་ཤིན་ཅང་ལྟ་བུའི་ཚོར་བ་སྐྱེན་པའི་ས་ཁུལ་ཕུད། རྒྱ་ནག་རང་གི་ས་ཁུལ་དུ་ སྔོན་ཆད་དང་བསྡུར་ན། ཕྱོགས་མང་པོ་ཞིག་ནས་རང་དབང་གི་གོ་སྐབས་ཆེ་རུ་སོང་འདུག  རང་དབང་ཡོད་པ་ཞིག་མེད་པ་བཟོས་ན། མིའི་སེམས་ནང་མི་འདོད་པ་འབྱུང་གི་ཡོད་ཀྱང་། རང་དབང་མེད་པའི་རིག་གནས་གསར་བརྗེ་སོགས་ཀྱི་དུས་སྐབས་ནས། རིམ་པས་རང་དབང་ཇེ་ཆེར་བཏང་དུས། རྒྱ་མི་དཀྱུས་མ་ཚོས་རང་ཉིད་ཀྱི་རང་དབང་ཆེ་རུ་སོང་བ་ལས་ཆུང་དུ་སོང་བར་བརྩི་གི་མི་འདུག

༤)  རྒྱ་ནག་དམར་གཞུང་གི་བྱེད་སྟངས་ཀྱང་ཧ་ཅང་མཁས་པ་རེད་འདུག སྤྱིར་བཏང་དབང་ཆ་གཙོ་བོ་རྣམས་དམར་གཞུང་གིས་བཟུང་ཡོད་ཀྱང་། རྒྱ་མིའི་རྫོང་དང་ས་ཁུལ་གྱི་རིམ་པའི་དཔོན་རིགས་མང་པོ་ཞིག་མང་ཚོགས་ཀྱིས་རང་མོས་འདེམས་ཤོག་འཕངས་ཏེ་འདེམས་བསྐོ་བྱེད་བཞིན་འདུག རྒྱ་ནག་རང་གི་ནང་སྤྱི་ཚོགས་ནང་དྲང་བདེན་མ་ཡིན་པའི་གནས་ཚུལ་བྱུང་སྐབས། ས་གནས་ཀྱི་ཚགས་པར་སོགས་སུའང་གླེང་སློང་ཡོང་གི་འདུག

༥)  དྲྭ་རྒྱ་སོགས་ལ་བཀག་རྒྱ་ངེས་ཅན་ཡོད་ཀྱང་། རང་དབང་ཡང་ངེས་ཅན་འདུག སྤྱོད་རྒྱ་ཆེ་བའི་དྲྭ་རྒྱ་གང་ཞིག་བཀག་འགོག་བྱས་ཚེ།   དེའི་ཚབ་ལ་གཞན་ཞིག་ཡོད་པ་བཟོ་བཞིན་ཡོད་ལ། དྲྭ་ལམ་དུ་གཞུང་ལ་གནོད་པའི་གླེང་ཕྱོགས་ཤུགས་ཆེ་ཞིག་ཐོན་ཚེ། གཞུང་གིས་སྒྲིག་འཛུགས་བྱས་བའི་མི་སྟོང་ཕྲག་ཁ་ཤས་ཀྱིས། རྫུ་འཕྲུལ་བསྟན་པ་བཞིན་དྲྭ་ལམ་གྱི་གླེང་ཕྱོགས་བསྒྱུར་བཞིན་འདུག

༦) རྒྱ་ནག་གི་ནང་དུ། ལས་འགུལ་ཤུགས་ཆེ་སྤེལ་ཐུབ་པའི་སྒྲིག་འཛུགས་ཤིག་མངོན་ལྐོག་གཉིས་ཀ་ནས་འཛུགས་ཐུབ་པ་ཧ་ཅང་དཀའ་ཞིང་། རྒྱ་ནག་གི་ཕྱི་རོལ་ཏུ། རྒྱ་མི་རྣམས་གཅིག་འོག་གཅིག་ཏུ་སྡོད་འདོད་མེད་པའི་ཆ་ནས། ནུས་ཤུགས་ཆེ་བའི་ཚོགས་པ་འཛུགས་ཐུབ་ཐབས་བྲལ་འདུག

༧) སྔོན་ཆད། རྒྱ་ནག་གི་སློབ་གྲྭ་ཁག་ཏུ་ལག་ལེན་ལས་གཞུང་ལུགས་གལ་ཆེ་བར་བརྩི་བཞིན་ཡོད་ཅིང་། དེང་སྐབས་དེ་ལས་ལྡོག་སྟེ། གཞུང་ལུགས་ལས་ལག་ལེན་གལ་ཆེ་བར་བརྩི་བཞིན་འདུག  དེས་ཕྱོགས་གཅིག་ནས་རྒྱ་ནག་ནང་ཁ་ཡོད་ལག་ཡོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐུབ་པ་དང་། ཕྱོགས་གཞན་ནས་གསར་བརྗེ་ཡོང་ཉེན་ཆེ་བའི་ལྟ་བའི་རྣམ་གཞག་ལ་གཡོལ་ཐུབ་ཀི་འདུག

༨) རྒྱ་ནག་ལ་ས་ཡོམ་དང་། ཆུ་ལོག་སོགས་རང་བྱུང་གནོད་འཚེ་ཡང་ཡང་འབྱུང་གི་ཡོད་ཅིང་། རང་བྱུང་གནོད་འཚེ་ཡོང་ཐེངས་རེ་རེར་རྒྱ་ནག་གཞུང་གིས་དམག་དཔུང་མངགས་ཏེ། མང་ཚོགས་ལ་རོགས་བྱེད་པ་དང་། དེ་པར་བླངས་ཏེ་དྲིལ་བསྒྲགས་བྱས་ནས་སྲིད་གཞུང་ལ་ཡིད་ཆེས་བསྐྲུན་ཐབས་བྱེད་བཞིན་འདུག

༩)  རྒྱ་རིགས་ཚོར། རང་གི་མི་རིགས་ཆེ་རློམ་གྱི་བསམ་བློ་ཤུགས་ཆེན་པོ་འདུག བསམ་བློ་དེ་ནི་ཐ་ན་ཐེ་ཝན་གྱི་རྒྱ་མི་མང་པོ་ལའང་འདུག དེའི་ཐོག་རྒྱ་མི་རིགས་དེ། རང་བཞིན་གྱིས་ས་ཆ་རྒྱ་ཆེན་པོ་དང་མིང་རྫིག་པོ་ལ་དགའ་མཁན་ཞིག་རེད། རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་འདུག་ཀྱང་། རྒྱ་གར་དང་པ་ཀི་སེ་ཏན། ཐའི་ལན་སོགས་དང་མི་འདྲ་བ་ཞིག་ནི། ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དེ། དམའ་རིམ་ལས་བྱེད་དང་དམའ་རིམ་དཔོན་རིགས་ནང་མཐོང་དཀོན་པ་དེ་རེད། དེའི་དབང་གིས་སྤྱི་ཚོགས་ནང་མངོན་གསལ་དོད་པོ་མ་རེད།

༡༠)  རྒྱ་ནག་གི་ལོ་རྒྱུས་ནང་། སྲིད་དབང་འཕོ་འགྱུར་ཤུགས་ཆེ་ཤོས་དང་མང་ཤོས་ཀྱི་རྒྱུ་རྐྱེན་ནི། མཐོ་རིམ་དཔོན་རིགས་བར་གྱི་འགལ་ཟླ་ཡིན།  འགལ་ཟླ་དེ་ཚོ་ནང་ཁུལ་དང་ཕྱི་མིས་བེད་སྤྱོད་བཏང་སྟེ་རྙོག་དྲ་ཆེར་སྐྱེད་བྱེད་བཞིན་ཡོད། ཡིན་ནའང་། ད་ལྟའི་རྒྱ་ནག་དམར་ཤོག་གི་སྒྲིག་འཛུགས་དང་སྒྲོམ་གཞི་ཚགས་ཚུད་ཅིང་། དེ་ལ་ཕྱི་མིས་ཐེ་ཇུས་བྱེད་ཐུབ་པ་ལྟ་ཅི། ཕྱི་མིས་ཚོད་དཔག་ཙམ་ལས། ཡང་སྙིང་སུ་སུའི་ཕྱོགས་གཏོགས་ཡིན་པ་དང་། སུ་དང་སུའི་བར་འགལ་ཟླ་ཡོད་པ་ཙམ་ཡང་ཤེས་དཀའ་བ་ཡིན།

གོང་གསལ་རྒྱུ་མཚན་བཅུའི་ཆ་ནས་བལྟས་ན། རྒྱ་ནག་ནང་གློ་བུར་འགྱུར་བ་ཤུགས་ཆེན་པོ་ཡོང་དཀའ་ལ། སྲིད་དབང་ལོ་གཅིག་གཉིས་ནང་མགོ་རྟིང་ལོག་པའི་གནས་ཚུལ་དེ་བས་ཀྱང་འབྱུང་དཀའ་བར་མངོན། །

འབྲེལ་ཡོད་གསར་འགྱུར།

ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༢ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢
Mobile App

གཏམ་གླེང་དམར་རྗེན་མ།

༢༠༢༥/༠༥/༢༢
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡

མཆན། 14

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ངས་ལན་དྲུག་པོ་ཚར་ཅིག་བྲིས་ཚར་ན་ཡང་ཐོན་ཐུབ་མི་འདུག་པས། ལན་ཕྱི་མ་༥མདོར་བསྡུས་ཀྱིས་འཐུས་པ་བྱས་ན།
    ༦ རྒྱ་ནག་ནང་ལ་ལས་འགུལ་སྤེལ་མི་ཐུབ་པའི་རྒྱ་མཚན་མེད་ལ། བདུག་རྩུབ་འདི་ཕར་ཞོགས་དང་། དེ་ནས་མཐོང་ཐུབ།
    ༧ ལག་དམར་བའི་བྱས་རྗེས་ཨང་དང་པོ་མྰའོའི་དཔར་རིས་རྒྱ་དངུལ་ལ་བཙན་པོས་ལག་ལེན་ལྟར་བས་གསར་བརྗེ་མ་ཐུབ་པ་དང་། དཔལ་འབྱོར་ནི། ཁོར་ཡུག་རྩིས་མེད། གཏེར་ཁ་བསྔོགས་བཏོན་ཆེ་དྲགས་པ་དང་། རྒྱ་དངུལ་གྱི་ཛ་ཐང་ཡང་མ་འཚམ་པའི་རྩོད་པ་ཅན་སོགས་དང་། འཇག་ཕྲུག་འཇག་དཔོན་ལ་གུས་རྩི་ཙམ་གྱིས་གཞུང་ཅིག་ཁུངས་ག་ལ་འཁྱོལ་ཐུབ་བམ།
    ༨ ས་གཡོམ་འབྱུང་འཁྲུགས་སོགས་ལ་དྲིལ་བསྒྲགས་རྫུན་མ་མང་པོས་མི་མང་རྨོངས་སུ་འཇུག་ཐབས་ལ་ལམ་ལྷོངས་བྱུང་བ་ཙམ་ལས། མི་མང་ལ་ཕན་ཐོགས་དེ་ཙམ་བྱུང་མེད་པ་ཤེས་ལྡན་ཚང་མས་ཤེས་ཐུབ།
    ༩ དམར་པོ་མུ་མཐུད་ཡོང་ཕྱིར་དངོས་དངུལ་ལྐོག་ཟ་རུལ་སུངས་ལས། ཁྲིམས་མེད་ལུགས་མེད་རྫུབ་མོ་གར་བསྟན་ཤར་ཡིན་དགོས་པའི་བདུག་རྩུབ་དང་། གཡོ་ཆེ་དྲགས་པས་མི་མང་གིས་རང་གི་གཞུང་དེ་ཡག་པོ་མེད་ན་ཡང་ཡོད་མདོག་མདོག་མ་བྱས་རང་བྱས་ཆགས་བསྡད་ཡོད་རེད།
    ༡༠ འགལ་ཟླ་གྲངས་མེད་པ་ཅིག་བྱུང་ཟིན་ན་ཡང་། མངོན་མི་ཐུབ་པ་ནི། རང་གི་མི་སེར་དམར་གསོད་གཏོང་དུས་ཀྱང་། ང་ཚོའི་ནང་སྲིད་ལ་ཐེ་འཇུས་བྱེད་མི་ཆོག་སོགས་ཀྱིས་དུས་ཚོད་གང་འཁྱོལ་བྱས་ནས་དུས་འདའ་བ་རེད། རྒྱ་གཞུང་མ་རབ་སྙིང་རྗེས་ཨང་།
    འདུས་བྱས་ཐམས་ཅད་མི་རྟག་པས། །
    རྒྱ་གཞུང་འདུས་བྱས་མི་རྟག་ཉིད། །
    ངན་རྩུབ་ཐམས་ཅད་འཇིག་འགྱུར་ཅིག །
    ཞི་བདེ་དགའ་བདེ་རྒྱས་པར་སྨོན། །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལན་ཕྱི་མ་༥ནི།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་ནག་གི་སྲིད་དབང་འགྱུར་དཀའ་བ་མ་ཡིན་པའི་ལན་དང་པོ་༥ནི།
    ༡ མི་མང་གིས་རང་དང་རང་གི་གཞུང་གི་སྐྱོན་མ་མཐོང་བས་ངོ་མི་ཚ་བ་རེད།
    ༢ ཕྱི་རྒྱལ་བཙན་འཛུལ་བས་ནང་སྲིད་ལ་བྱུས་གཏོགས་མེད། ཅེས་པ་ནི། རང་གི་གཡོ་སྒྱུ་དང་མི་མང་མགོ་སྐོར་གཏོང་སྟངས་ཅིག་རེད།
    ༣ དེ་ཡང་མི་མང་རྣམས་མགོ་རྨོངས་སུ་བཅུགས་པས་རེད།
    ༤ གསར་འགྱུར་བཀག་འགོག་རྫུ་འཕྲུལ་མིན་པར་བདུག་རྩུབ་ཆེ་དྲགས་པས་རེད།
    ༥ མངོན་ལྐོག་ལས་འགུལ་བཙུགས་མེད་པ་ཡང་། གཡོ་དང་དྲག་ཤུགས་ཆེ་དྲག་པས་རེད།
    གཡོ་དང་བདུག་རྩུབ་ནི། འགྱུར་སྲིད་པ་ཅིག་ཡིན་པས་་་་་་

    Reply
  4. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    མི་འགྱུར་བྱ་དངོས་གང་ཡང་ཡོད་པ་མིན། བཙན་པོའི་ཁྲིམས་སྲོལ་ལྷག་པར་འགྱུར་བར་ངེས། འོན་ཀྱང་ལོ་རྒྱུས་འཁོར་ལོ་རང་འཁོར་མིན། ཇི་ལྟར་སྐོར་བའི་ཐབས་ཚུལ་ཤེས་པ་གནད།

    Reply
  5. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    རྒྱ་ནག་གི་སྲིད་དབང་ངེས་པར་འཕོ་འགྱུར་འགྲོ་རྒྱུ་ཡིན་པའི་བདེན་དཔང་གསལ་ཤོས། གཤམ་གྱི་དྲྭ་ཐག་ལ་གཟིགས།

    http://www.youtube.com/watch?v=6inWKFKv9UA

    Reply
  6. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ཆབ་སྲིད་ཀྱི་འཕོས་འགྱུར་ནི་དུས་ཚོད་ངེས་མེད་ཀྱི་རང་བཞིན་ལས་མ་འདས་པ་ཞིག་རེད།
    བརྗོད་པར་དཀའ་ཞིང་རྟོགས་པ་དང་ཚོད་དཔག་དེ་བས་དཀའ་བའི་རང་བཞིན་རེད།
    རྒྱུ་མཚན་དེས་ན་རྒྱ་ནག་གི་ཆབ་སྲིད་ཀྱི་ལམ་ལུགས་དེ་འགྱུར་བ་མི་འགྲོ་བའི་རྟག་པའི་རང་བཞིན་དུ་གནས་ཐབས་གཏན་ནས་མེད།རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དེ་ལོ་རེར་བཟང་ཕྱོགས་སུ་འགྱུར་བ་འགྲོ་བཞིན་པ་ནི་གསལ་པོ་རེད་མོད།འོན་ཀྱང་རྒྱ་ནག་གཞུང་མགོ་རྟིང་ལོག་བ་ལས་སླ་པོ་ཞིག་མེད་པ་ནི་འགྲེན་བཤད་མང་པོ་རྒྱག་མི་དགོས།་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོས་དབང་ཆ་དང་གོ་གནས་བློ་གཏོང་མི་ཕོད་པ་དང་མགོ་རྟིང་ལོག་བའི་རྗེས་སུ་དབང་འཛིན་པ་ཚོ་ལ་གཉེན་ཁ་ཡོད་པ་ཤེས་པ་དེ་ཁོ་ན་ལ་ཐུག་ཡོད།
    རྒྱ་ནག་གི་ཆ་སྲིད་དེ་མགོ་རྟིང་ལོག་དཀའ་བ་ཡིན་པ་ནི་ཚིག་དེ་གཉིས་ཀྱི་སྡོམ་ཚིག་རྒྱག་ཐུབ།
    ཡིན་ན་ཡང་ཁང་གསར་ལགས་ཀྱིས་མགོ་རྟིང་ལོག་དཀའ་བའི་སྒྲུབ་བྱེད་དུ་དཀོད་པ་རྣམས་སྒྲུབ་བྱེད་ཡག་དག་དུ་མི་འགྲོ་བ་མ་ཟད་འགྱུར་བ་སྒྲུབ་པའི་སྒྲུབ་བྱེད་ཤ་སྟག་རེད།རྒྱ་ནག་གཞུང་གི་དཔོན་རིགས་རྣམས་ཀྱིས་གཏམ་བཤད་བྱས་སྐབས་དམངས་གཙོ་ཞེས་ཚིག་ཡང་ཡང་བེད་སྤྱོད་བྱས་པ་དང་བྱེད་བཞིན་པའི་རྒྱུ་མཚན་དེ་དག་ལ་བསམ་ན་འཛམ་གླིང་སྤྱི་མོས་བྱུང་བའི་དམངས་གཙོ་ལམ་ལུགས་ཐོག་ནམ་ཞིག་འགྲོ་དགོས་ངེས་རེད།རྒྱ་ནག་གི་ནང་ལ་དཔལ་འབྱོར་གྱིས་ཐོག་ནས་མི་སེམས་འགུགས་ཐབས་སུ་དམིགས་ཏེ་གང་ལ་གང་འཚམས་ཡར་རྒྱས་ཀྱི་རྣམ་པར་མཐོང་རྒྱུ་ཡོད་པ་བཟོས་ཡོད་པ་མ་ཟད་ཕྱིའི་དཔལ་ཡོན་ཨ་རི་དང་ཡོ་རོབ་སོགས་ཡར་རྒྱས་ཅན་རྣམས་ལ་འགྲན་ཁུལ་བྱེད་བཞིན་ཡོད།ཡིན་ན་ཡང་རྒྱ་ནག་དམར་གཞུང་གི་ཆབ་སྲིད་ལ་འགྱུར་བ་མ་གཏོང་བར་མི་རིགས་འདྲ་མཉམ་དང་།ཆོས་ལུགས་རང་དབང་དང་བསམ་བློ་རང་དབང་།མ་བརྗོད་རང་དབང་དང་གཏམ་བརྗོད་རང་དབང་གི་སེམས་པའི་དཔལ་ཡོན་བསྐྲུན་མི་ཐུབ།
    མི་དམངས་ལ་རང་དབང་དེ་དག་ལོངས་སྤྱོད་ཀྱི་གོ་སྐབས་སྤྲོད་མི་ཐུབ་ན་དམར་གཞུང་གི་ཆབ་སྲིད་བརྟན་པོ་གནས་ཐབས་མེད།གོ་སྐབས་དེ་དག་སྤྲོད་དགོས་དེ་མིན་དམར་གཞུང་མགོ་རྟིང་ལོག་རྒྱུའི་དུས་ཚོད་ལ་ངེས་པ་མེད།
    མི་དམངས་ཀྱི་བསམ་བློ་གུ་ཡངས་དང་སེམས་པའི་དཔལ་ཡོན་སྐྲུན་དགོས་ན་དམར་གཞུང་གི་ཆབ་སྲིད་ལ་ངེས་པར་དུ་འགྱུར་བ་འགྲོ་དགོས་པ་ཆགས་ཡོད།རྒྱ་མཚན་དེ་དག་ལ་གཞིགས་ན་དམར་གཞུང་གི་བཙན་དབང་གི་ཁྲིམས་ལུགས་དང་སྲིད་བྱུས་ལ་འགྱུར་བ་འགྲོ་མི་འགྲོ་ཐེ་མཚོ་མེད།ཡིན་ན་ཡང་ཁང་གསར་རྡ་རྡོརྗེ་ནས་བརྗོད་པ་བཞིན་བོད་ཀྱི་གཞིས་རིམ་མང་ཚོགས་དང་དཔོན་རིགས་རྣམས་ཀྱིས་སླ་ལ་པོ་མགོ་རྟིང་ལོག་རྒྱུར་རེ་བ་དང་ཡིད་ཆེས་ཚོད་དཔག་བྱས་མྱོང་མེད་གཏན་ནས་མེད།

    ཆབ་སྲིད་ཀྱི་འཕོས་འགྱུར་ནི་དུས་ཚོད་ངེས་མེད་ཀྱི་རང་བཞིན་ལས་མ་འདས་པ་ཞིག་རེད།
    བརྗོད་པར་དཀའ་ཞིང་རྟོགས་པ་དང་ཚོད་དཔག་དེ་བས་དཀའ་བའི་རང་བཞིན་རེད།
    རྒྱུ་མཚན་དེས་ན་རྒྱ་ནག་གི་ཆབ་སྲིད་ཀྱི་ལམ་ལུགས་དེ་འགྱུར་བ་མི་འགྲོ་བའི་རྟག་པའི་རང་བཞིན་དུ་གནས་ཐབས་གཏན་ནས་མེད།རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དེ་ལོ་རེར་བཟང་ཕྱོགས་སུ་འགྱུར་བ་འགྲོ་བཞིན་པ་ནི་གསལ་པོ་རེད་མོད།འོན་ཀྱང་རྒྱ་ནག་གཞུང་མགོ་རྟིང་ལོག་བ་ལས་སླ་པོ་ཞིག་མེད་པ་ནི་འགྲེན་བཤད་མང་པོ་རྒྱག་མི་དགོས།་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོས་དབང་ཆ་དང་གོ་གནས་བློ་གཏོང་མི་ཕོད་པ་དང་མགོ་རྟིང་ལོག་བའི་རྗེས་སུ་དབང་འཛིན་པ་ཚོ་ལ་གཉེན་ཁ་ཡོད་པ་ཤེས་པ་དེ་ཁོ་ན་ལ་ཐུག་ཡོད།
    རྒྱ་ནག་གི་ཆ་སྲིད་དེ་མགོ་རྟིང་ལོག་དཀའ་བ་ཡིན་པ་ནི་ཚིག་དེ་གཉིས་ཀྱི་སྡོམ་ཚིག་རྒྱག་ཐུབ།
    ཡིན་ན་ཡང་ཁང་གསར་ལགས་ཀྱིས་མགོ་རྟིང་ལོག་དཀའ་བའི་སྒྲུབ་བྱེད་དུ་དཀོད་པ་རྣམས་སྒྲུབ་བྱེད་ཡག་དག་དུ་མི་འགྲོ་བ་མ་ཟད་འགྱུར་བ་སྒྲུབ་པའི་སྒྲུབ་བྱེད་ཤ་སྟག་རེད།རྒྱ་ནག་གཞུང་གི་དཔོན་རིགས་རྣམས་ཀྱིས་གཏམ་བཤད་བྱས་སྐབས་དམངས་གཙོ་ཞེས་ཚིག་ཡང་ཡང་བེད་སྤྱོད་བྱས་པ་དང་བྱེད་བཞིན་པའི་རྒྱུ་མཚན་དེ་དག་ལ་བསམ་ན་འཛམ་གླིང་སྤྱི་མོས་བྱུང་བའི་དམངས་གཙོ་ལམ་ལུགས་ཐོག་ནམ་ཞིག་འགྲོ་དགོས་ངེས་རེད།རྒྱ་ནག་གི་ནང་ལ་དཔལ་འབྱོར་གྱིས་ཐོག་ནས་མི་སེམས་འགུགས་ཐབས་སུ་དམིགས་ཏེ་གང་ལ་གང་འཚམས་ཡར་རྒྱས་ཀྱི་རྣམ་པར་མཐོང་རྒྱུ་ཡོད་པ་བཟོས་ཡོད་པ་མ་ཟད་ཕྱིའི་དཔལ་ཡོན་ཨ་རི་དང་ཡོ་རོབ་སོགས་ཡར་རྒྱས་ཅན་རྣམས་ལ་འགྲན་ཁུལ་བྱེད་བཞིན་ཡོད།ཡིན་ན་ཡང་རྒྱ་ནག་དམར་གཞུང་གི་ཆབ་སྲིད་ལ་འགྱུར་བ་མ་གཏོང་བར་མི་རིགས་འདྲ་མཉམ་དང་།ཆོས་ལུགས་རང་དབང་དང་བསམ་བློ་རང་དབང་།མ་བརྗོད་རང་དབང་དང་གཏམ་བརྗོད་རང་དབང་གི་སེམས་པའི་དཔལ་ཡོན་བསྐྲུན་མི་ཐུབ།
    མི་དམངས་ལ་རང་དབང་དེ་དག་ལོངས་སྤྱོད་ཀྱི་གོ་སྐབས་སྤྲོད་མི་ཐུབ་ན་དམར་གཞུང་གི་ཆབ་སྲིད་བརྟན་པོ་གནས་ཐབས་མེད།གོ་སྐབས་དེ་དག་སྤྲོད་དགོས་དེ་མིན་དམར་གཞུང་མགོ་རྟིང་ལོག་རྒྱུའི་དུས་ཚོད་ལ་ངེས་པ་མེད།
    མི་དམངས་ཀྱི་བསམ་བློ་གུ་ཡངས་དང་སེམས་པའི་དཔལ་ཡོན་སྐྲུན་དགོས་ན་དམར་གཞུང་གི་ཆབ་སྲིད་ལ་ངེས་པར་དུ་འགྱུར་བ་འགྲོ་དགོས་པ་ཆགས་ཡོད།རྒྱ་མཚན་དེ་དག་ལ་གཞིགས་ན་དམར་གཞུང་གི་བཙན་དབང་གི་ཁྲིམས་ལུགས་དང་སྲིད་བྱུས་ལ་འགྱུར་བ་འགྲོ་མི་འགྲོ་ཐེ་མཚོ་མེད།ཡིན་ན་ཡང་ཁང་གསར་རྡ་རྡོརྗེ་ནས་བརྗོད་པ་བཞིན་བོད་ཀྱི་གཞིས་རིམ་མང་ཚོགས་དང་དཔོན་རིགས་རྣམས་ཀྱིས་སླ་ལ་པོ་མགོ་རྟིང་ལོག་རྒྱུར་རེ་བ་དང་ཡིད་ཆེས་ཚོད་དཔག་བྱས་མྱོང་མེད་གཏན་ནས་མེད།

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེས་རྒྱུས་ཡོད་ཀྱི་སྐད་ཆ་འདིའི་ང་ལ་ཡང་དྲན་སྐུལ་དང་བཅས་འཇིགས་སྣང་ཞིག་ཀྱང་སླེང་བྱུང་།

    Reply
  8. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    ཁང་གསར་ལགས་ཀྱིས་དངོས་ཡོད་གནས་ཚུལ་མང་པོ་ཞིག་ལ་བསམ་བློ་བཏང་འདུག འོན་ཀྱང་རྒྱ་ནག་གི་སྲིད་དབང་ལ་འགྱུར་བ་འགྲོ་ཁག་པོ་ཡིན་པ་ལས་འགྱུར་བ་འགྲོ་མི་སྲིད་པ་མ་རེད་བསམས། ཐུགས་རྗེ་ཆེ།

    Reply
  9. གངས་ཆབ། says:
    ལོ་ 14 སྔོན།

    ཁང་གསར་རྗོ་རྗེ་ལགས་ཀྱིས་ད་རས་རྒྱ་ནག་དམར་པོའི་གཞུང་གི་ཐོག་ལ་དངོས་ཡོད་དང་རྒྱུ་མཚན་ལྡན་པའི་ཞིབ་དཔྱད་ལེགས་པོ་ཞིག་གནང་འདུག་པར་ལ་དགའ་པོ་བྱུང་བ་ལས་འགྲེལ་བརྗོད་འཕར་མ་གང་ཡང་ཞུ་རྒྱུ་མེད།རྗེས་ཕྱོགས་ཡང་གང་མང་སྤེལ་གནང་ཡོང་བར་དགའ་བསུ་ཞུ།

    ད་དུང་ཞུ་འདོད་པ་ཞིག་ལ།
    དྲ་གྲོགས་ནད་པ་ལགས་ཀྱིས་ཞིབ་དཔྱད་དང་འབྲེལ་ནས་འགྲེལ་བརྗོད་འཕར་མ་ཞིག་གནང་འདུག་པ་ལ་སྤྲོ་བ་རབ་ཏུ་འཕེལ།རྒྱ་མཚན་ནི།མ་འོངས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་སྒྲུབ་ཕྱོགས་ཐད།ང་ཚོས་ལང་ཕྱོགས་འཛིན་སྟངས་གང་འདྲ་ཞིག་བྱ་དགོས་མིན་ཐོག་ཕན་ཐོག་ཡོད་པས་སོ།

    Reply
  10. གནས་ཚང་། says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་གིས་ཀྱང་རྒྱ་ནག་ལ་འགྱུར་བ་ཐེབས་དཀའ་བ་དེ་བརྗོད་ཀྱིན་ཡོད་པའི་མ་ཟད། འཛམ་གླིང་ལ་བསྒྲགས་ཀྱིན་འདུག སྐུ་ངོ་ཁང་གསར་གྱིས་དེ་བདེན་པ་རེད་གསུངས་ཀྱི་འདུག དེ་ན། བོད་ལ་རང་དབང་ཟེར་བ་ཞིག་ཐོབ་བམ་མི་ཐོབ། དེར་འགྲེལ་ཞིག་བསྐྱོན་རོགས།

    Reply
  11. ཟླ་བ་ཚེ་རིང་། says:
    ལོ་ 14 སྔོན།

    དེང་སང་རྒྱ་ནག་ནང་སྤྱི་ཡོངས་ཀྱིས་ཚིག་གཉིས་བེད་སྤྱོད་ཤུགས་ཆེན་བྱེད་ཀི་ཡོད། བརྒྱད་ཅུའི་རྗེས། དགུ་བཅུའི་རྗེས་ཟེར་བ་འདི་གཉིས་རེད། འདི་ལ་བརྒྱད་ཅུ་དགུ་བཅུའི་རྗེས་ཀྱང་ཟེར་གི་འདུག འདི་རྒྱ་ནག་གི་མ་འོངས་པར་འགྱུར་བ་གཏོང་མཁན་དེ་ཡིན་པའི་སྔོན་དཔག་དང་རེ་བ་བྱེད་ཀི་ཡོད། ཕལ་ཆེར་དམར་ཤོག་གི་འགོ་འཁྲིད་ཚོས་ཀྱང་དེ་ལྟར་བྱེད་ཀི་ཡོད་ཚོད་འདུག

    བརྒྱད་ཅུ་དགུ་བཅུའི་རྗེས་ཟེར་བ་འདི་རྒྱ་ནག་གི་མི་རབས་ངོས་འཛིན་བྱེད་སྟངས་ཤིག་རེད། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་དང་དགུ་བཅུའི་ནང་ངམ། ལོ་གྲངས་དེ་རྗེས་སུ་སྐྱེས་པའི་མི་རབས་གསར་པ་ཚོར་ཟེར་གི་ཡོད་པ་རེད། འདི་སྔོན་མ་ང་ཚོ་ཆུང་ཆུང་ཡིན་དུས་ཏང་ཡོན་དང་ཐོན་ཡོན། གདོང་ལེན་རུ་ཁག་ཟེར་བ་དང་འདྲ་བོ་རེད། དེ་དུས་ཏང་ཡོན་དང་ཐོན་ཡོན། བྱིས་པ་ཞིག་གདོང་ལེན་རུ་ཁག་ནང་ཞུགས་ཐུབ་པ་ཡིན་ནའང་གཟི་བརྗེད་ལྟ་བུ་ལ་རྩི་གི་ཡོད། མི་དེའི་གོ་གནས་དང་རིན་ཐང་། དེ་ལ་ཤེས་ཡོན། དེ་སྔོན་ཐོན་ཡིན་མིན་ཡང་ཚད་ཐིག་འདིའི་སྟེང་ནས་བལྟས་པ་རེད། དེང་སང་རྒྱ་ཕྲུག་ཅིག་གི་ཚད་ཐིག་བརྒྱད་བཅུ་དགུ་བཅུའི་རྗེས་ཀྱི་མི་རབས་ཚོའི་བསམ་བློ་དང་ལངས་ཕྱོགས། ལྟ་སྤྱོད་ཁུར་སྟངས། དར་སྲོལ་སྙེག་སྟངས་ཡོད་མེད་ཀྱི་ཐོག་ནས་ལྟ་གི་ཡོད་པ་རེད།

    བྱིས་པ་བསམ་མེད་ཅིག་མ་གཏོགས། དེང་སང་ཏང་ཡོན་དང་ཐོན་ཡོན་ཡིན་ཟེར་ན་མི་དེ་རྗེས་ལུས་དང་། མཁྲེགས་འཛིན། གུ་དོགས། ཐ་ན་བསམ་མེད་ཅིག་ལ་ངོས་འཛིན་བྱེད་ཀི་ཡོད་པ་རེད། འདི་བརྒྱད་ཅུ་དགུ་བཅུའི་རྗེས་རབས་པ་ཚོའི་ཐུན་མོངས་ཀྱི་ངོས་འཛིན་ཞིག་རེད། ནམ་རྒྱུན་རྒྱ་ནང་གི་དྲ་རྒྱ་དང་བརྙན་འཕྲིན་ཁག་ནང་རྒན་རབས་པ་དང་བརྒྱད་ཅུ་དགུ་བཅུའི་རྗེས་རབས་པ་ཚོའི་བར་བགྲོ་གླེང་དང་རྩོད་གླེང་རིགས་གང་མང་བྱེད་ཀི་ཡོད། གནད་དོན་ག་རེ་སྒང་ལ་ཡིན་ནའང་བགྲོ་གླེང་དང་རྩོད་གླེང་བྱེད་བཅུག་གི་རེད། རྗེས་རབས་ཚོས་རྒྱལ་ཞེན་དང་ཏང་ཞེན། རིགས་ཞེན་ལས་དར་སྲོལ་རྩ་ཆེན་དུ་བརྩི་གི་ཡོད། ཁོང་ཚོའི་བསམ་བློ་དང་ལངས་ཕྱོགས། མི་ཚེའི་རིན་ཐང་། ལྟ་སྤྱོད་ཁུར་སྟངས། དར་སྲོལ་སྙེག་སྟངས་སོགས་གང་ཅི་ཐད་ནས་ནུབ་ཕྱོགས་ཀྱི་ལོ་གཞོན་ཚོ་ནང་བཞིན་ཧ་ཅང་གི་གུ་ཡངས། རང་དབང་། གཏིང་ཟབ། ཚད་མཐོ་བོ་ཡིན་པ་མ་ཟད། རྒན་རབས་པ་ཚོ་ནང་བཞིན་གཞན་ལ་དགྲ་འཛིན་གྱི་འདུ་ཤེས་དང་བསམ་བློའི་ནད་རྙིང་ཡང་དེ་ཙམ་ཤུགས་ཆེན་པོ་མི་འདུག ཏང་དང་རྒྱལ་ཁབ་ཟེར་ན་ཁོ་ཚོར་ལོ་རབས་བཞི་བཅུ་ལྔ་བཅུའི་ནང་གི་སྒྲུང་རྙིང་ཞིག་བཤད་ཀི་ཡོད་པ་ལྟ་བུའི་ཚོར་བ་སྟེར་གི་རེད། ཁོ་ཚོའི་བསམ་བློའི་ནང་རང་ཉིད་འཚོ་ས་དང་འཚར་ས་ནི་ཏང་གི་འོག་ནས་ཡོད་པའི་བསམ་བློ་དང་འདུ་ཤེས་མེད་པའི་ཚོར་ཤུགས་སྟེར་གི་རེད།

    ཁོར་ཡུག་འདི་ནས་འཚར་བཞིན་པ་འདི་དག་ད་ལྟ་ཧ་ཅང་ཆེ་ན་ལོ་སུམ་ཅུ་ཡས་མས་ཙམ་རེད། མང་ཤོས་ལོ་ཉི་ཤུའི་ནང་རེད། སྟོབས་ཤུགས་གསར་པ་འདིས་ཁོ་ཚོ་ཆབ་སྲིད་ལ་དང་དོད་ཡོད་པའི་ལོ་ཚད་ལ་སླེབས་དུས་རྒྱ་ནག་ལ་བསམ་གཟས་ནས་འགྱུར་བ་མི་གཏོང་ནའང་། རང་བཞིན་གྱི་འགྱུར་བ་ཞིག་ཏག་ཏག་ཐེབས་ཡོད་པ་རེད། རྒྱ་ནག་གི་འགྱུར་བ་ལ་རེ་བ་རྒྱག་སྟངས་འདི་འདྲ་ཞིག་མིན་འགྲོ དེ་མ་གཏོགས་ལོ་གཅིག་གཉིས་ཤིག་གི་རིང་ལ་འགྱུར་བ་འགྲོ་རྒྱུ་ཁང་གསར་གྱིས་གསུངས་པ་ལྟར་རེད་འདོད།

    Reply
  12. ནད་པ says:
    ལོ་ 14 སྔོན།

    ཁང་གསར་ལགས་ཐུགས་རྗེ་ཆེ།
    ༡ ཁྱེད་ཀྱིས་གསུངས་པ་ལྟར་ཕྱི་རྒྱལ་བཙན་འཛུལ་བ་དག་གིས་རྒྱ་ནག་མི་དམངས་རྣམས་ལ་སྔོན་དུས་མི་དང་མིའི་འདུ་ཤེས་མེད་པར་མཐོང་ཆུང་དང་ཁྱད་གསོད་ཚད་ལས་འདས་པ་བྱས་ཏེ་་་་་་་ཁྱི་དང་རྒྱ་མི་ནང་དུ་མ་གཏོང་་་་ཞེས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་སྐྲུན་ཡོད།
    ༢ ད་ལྟའི་རྒྱ་ནག་དམར་ཤོག་གི་གཞུང་དེ་མགོ་རྟིང་སློག་ན་རྒྱ་ནག་རྒྱལ་ཁབ་དེ་གཅིག་སྒྲིལ་ཕར་བཞག་ཐ་ན་རྒྱལ་ནང་གི་མི་དམངས་རྣམས་ཀྱི་ཉིན་རེའི་འཚོ་བའི་གནས་སྟངས་འཁོལ་ཐུབ་དང་མ་ཐུབ་ཀྱི་གནས་སུ་གྱར་ངེས་ཡིན་སྟབས་གཞུང་དེ་མགོ་རྟིང་ལོག་མི་ཐུབ།
    ༣ བོད་དང་ཤིན་ཅང་སོགས་རྒྱལ་ནང་གི་མི་རྣམས་ཀྱིས་རྒྱ་གཞུང་དེ་ཉིད་མགོ་རྟིང་སློག་ཐུབ་པའི་ནུས་པ་རྩ་བ་ནས་མེད།
    ༤ རྒྱ་ནག་གཞུང་གིས་སྲིད་ཇུས་དེས་མི་དམངས་ཀྱི་ཉིན་རེའི་འཚོ་བའི་དགོས་མཁོ་བསྐོང་ཐུབ་ཀྱི་ཡོད་པ་མ་ཚད་ཡར་རྒྱས་དང་སྟོབས་ཆེན་ཞིག་ཏུ་གྱུར་པ་དེ་རེད།
    ༥ རྒྱལ་སྤྱི་རྒྱལ་ནང་གི་གནས་ཚུལ་གང་ཞིག་ཡིན་ཀྱང་དུས་ནས་དུས་སུ་ཐོག་བརྒྱབ་པ་ལྟར་ཕྲལ་མར་ཞི་འཇམ་གཏོང་ཐུབ་པའི་ནུས་པ་ལྡན་འདུག
    ༦ སྲིད་དབང་མགོ་རྟིང་སློག་པར་མངོན་ལྐོག་གཉིས་གཉིས་ཀྱིས་སྒྲིག་འཛུགས་དགོས་ཀྱང་དེ་ལྟར་ཡོང་ཐུབ་རྒྱུ་ལས་ལྡོག་ཏེ་ཐ་ན་ཕྷ་ལུང་ཀོན་ཆོས་ཚོགས་ལྟར་རྩ་མེད་གཏོང་བཞིན་ཡོད།
    ༧ སྔོན་ཆད་འཚོ་བའི་གནས་སྟངས་སྐྱོ་པོ་ཡིན་ཀྱང་ད་ཆ་མི་དམངས་ཀྱི་ཤེས་ཚད་དང་འཚོ་བ་ཧ་ཅང་གི་ཡར་རྒྱས་སུ་འགྲོ་བཞིན་པར་བརྟེན་སྤྱི་ཡོངས་ནས་སྲིད་དབང་མགོ་རྟིང་ལོག་ཐབས་བྲལ་བ་རེད།
    ༨ རང་བྱུང་གི་གནོད་འཚེས་ས་གཡོམས་དང་ཆུ་ལོག་སོགས་གང་བྱུང་ཡང་རྒྱ་ནག་གཞུང་གིས་རོགས་རམ་དང་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད་ད་དུང་གནོད་འཚེ་ཕོག་ཁུལ་སར་ཆེད་དུ་ཡར་རྒྱས་གཏོང་ཐུབ་ཀྱི་ཡོད།
    ༩ རྒྱ་གར་དང་མི་འདྲ་བར་རྒྱ་ནག་གཞུང་གིས་ངོས་ནས་ལྐོག་ཟ་དང་རུལ་སུངས་མཁན་ལ་བརྡུང་འདེགས་ཚ་ནན་གཏོང་ཐུབ་པ་མ་ཟད་ཐ་ན་ཉེ་བའི་ཆར་རྒྱལ་ཁབ་རིམ་པའི་གནས་ཡོད་ཀྱི་མགོ་ཁྲིད་མང་དག་གཅིག་ལ་ཁྲིམས་ཆད་དང་བཙོན་བཅུག་ཚེ་བཙོན་སོགས་ཁྲིམས་དང་སྒྲིག་གཞི་སྲ་བརྟན་ཡོད་པའི་གཞུང་ཞིག་ཆགས་འདུག
    ༡༠ སྲིད་དབང་འཕོ་འགྱུར་ཡོང་སའི་རྒྱུ་རྐྱེན་གཙོ་བོ་དེ་མཐོ་རིམ་དཔོན་རིགས་ཀྱི་འགལ་ཟླ་ནས་ཡོང་བཞིན་ཡོད་པའི་ལོ་རྒྱུས་དང་ཉམས་སོགས་ཚད་ལྡན་ཡོད་སྟབས། དཔེར་ན། ཏིང་ཞོག་ཕིང་གིས་རང་ཉིད་སྒེར་གྱི་ལས་ཤག་ཏུ་ཅང་ཙེ་མིན་སོགས་ཆེད་བསྐོངས་བྱས་ཏེ་དབུས་རྒྱུན་ལས་མི་དགུ་པོ་དག་བློ་མཐུན་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས་པའི་བསླབ་བྱ་ལྟར་ཅང་དང་ཝུ་སོགས་ཀྱི་སྲིད་དབང་སྣེ་འཁྲིད་ཡང་དག་བྱེད་ཐུབ་ཡོད།
    དེར་བརྟེན་ངས་རྒྱ་ནག་འདི་ཆེས་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་ཏུ་འགྱུར་ཐུབ་པའི་ཡིད་ཆེས་བྱེད་པ་ལས་སྲིད་དབང་མགོ་རྟིང་སློག་ཐུབ་མཁན་གྱི་ཕྱི་བཙན་འཛུལ་དང་ནང་གི་མི་དམངས་རྩ་འཛུགས་སོགས་ཅི་ཡང་མེད་སྟབས་རྒྱ་ནག་འདི་མུ་མཐུད་འཕེལ་རྒྱལ་ཚད་མེད་འགྲོ་རྒྱུར་མདུན་ལམ་དང་དེང་ཚོད་ལྡན་པ་ཞིག་ཡོད་པར་མངོན།

    ང་ཚོས་ཀྱང་༸ གོང་ས་མཆོག་གི་བཀའ་སློབ་ལྟར་སོ་སོའི་ནུས་ཤུགས་དང་སྟོབས་ཤུགས་ལ་རང་ཉིད་སུ་ཞིག་ཡིན་མིན་དེ་ངོ་ཤེས་དགོས་ལ་རང་ཉིད་ཀྱི་གནས་བབ་ངོས་འཛིན་ཐུབ་པའི་ཐོག་ནས་གོམ་པ་ཇི་ལྟར་སྤོས་ནས་འགྲོ་དགོས་མིན་དེ་གནད་འགག་ཆེ་ཤོས་ཤིག་ཆགས་ཡོད།

    རྒྱ་བོད་མཛའ་མཐུན་ཁྲི་ལོར་བརྟན་པར་ཤོག

    Reply
  13. འཇམ་མགོན། says:
    ལོ་ 14 སྔོན།

    སྐུ་ཞབས་ཁང་གསར་ལགས། ཉིད་ཀྱི་དཔྱད་ཞིབ་དེའི་བློ་བསྐྱེད་དང་དྭོགས་གཅོད་གང་མང་ཞིག་ཡོང་ཐུབ་པ་འདུག་ལ། ལྷག་དོན་རྒྱ་ནག་གི་ལངས་ཕྱོགས་ཤིག་དང་དམིགས་ཡུལ་ཞིག་ཀྱང་ངང་ངམ་གྱིས་རྟོགས་ཐུབ་པ་བྱུང་སོང་བས་སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།
    ལག་པའི་ཕྱི་ནང་ཤ་ཞེས་པའི་དཔེ་བཞིན་རྒྱ་ནག་ལ་ཡང་མངོན་ལྐོག་གཉིས་ནས་འགྱུར་བ་ཞིག་འགྲོ་བཞིན་ཡོད་པ་རེད། དེ་ནི་སྤྱིར་འཛམ་གླིང་གི་རང་བཞིན་འགྱུར་འགྲོས་ཅན་ཞིག་ལ་སྤོ་བཞིན་ཡོད་སྟབས་རྒྱ་ནག་རང་ཉིད་མཁྲེགས་འཛིན་གྱི་ལྟ་བ་ཞིག་གི་ལམ་སློང་བྱུང་མི་སྲིད་པ་ཁོ་ཚོས་ཤེས་བཞིན་ཡོད། དེ་བས་བསྟུན་ཤེས་དང་འགྲོ་ཤེས་ཀྱི་སྒོ་ནས་ཁོ་ཚོ་གང་ལྟར་འགྱུར་བ་ཞིག་འགྲོ་བཞིན་ཡོད་པ་རེད། ལོ་རབས་བཞི་བཅུ་ནས་ད་ལྟའི་བར་ཧེ་བག་དང་འགྱུར་བ་གང་ལ་གང་འཚམས་ཤིག་ཕྱིན་ཡོད་པ་དེའི་རྟགས་མཚན་ནི་རྒྱ་ནག་གཞུང་འགྱུར་བཞིན་པའི་བརྡ་རྟགས་ཤིག་ཡིན་པས། འགྱུར་མི་སྲིད་ཞེས་ཁ་མཚོན་གཅོད་ཁག་པ་མི་འདུག་གམ། དཔེར་ཉིན་ནས་༼ བོད་དང་ཤིན་ཅང་ལྟ་བུའི་ཚོར་བ་སྐྱེན་པའི་ས་ཁུལ་ཕུད། རྒྱ་ནག་རང་གི་ས་ཁུལ་དུ་ སྔོན་ཆད་དང་བསྡུར་ན། ཕྱོགས་མང་པོ་ཞིག་ནས་རང་དབང་གི་གོ་སྐབས་ཆེ་རུ་སོང་འདུག རང་དབང་ཡོད་པ་ཞིག་མེད་པ་བཟོས་ན། མིའི་སེམས་ནང་མི་འདོད་པ་འབྱུང་གི་ཡོད་ཀྱང་། རང་དབང་མེད་པའི་རིག་གནས་གསར་བརྗེ་སོགས་ཀྱི་དུས་སྐབས་ནས། རིམ་པས་རང་དབང་ཇེ་ཆེར་བཏང་དུས། རྒྱ་མི་དཀྱུས་མ་ཚོས་རང་ཉིད་ཀྱི་རང་དབང་ཆེ་རུ་སོང་བ་ལས་ཆུང་དུ་སོང་བར་བརྩི་གི་མི་འདུག

    ༤) རྒྱ་ནག་དམར་གཞུང་གི་བྱེད་སྟངས་ཀྱང་ཧ་ཅང་མཁས་པ་རེད་འདུག སྤྱིར་བཏང་དབང་ཆ་གཙོ་བོ་རྣམས་དམར་གཞུང་གིས་བཟུང་ཡོད་ཀྱང་། རྒྱ་མིའི་རྫོང་དང་ས་ཁུལ་གྱི་རིམ་པའི་དཔོན་རིགས་མང་པོ་ཞིག་མང་ཚོགས་ཀྱིས་རང་མོས་འདེམས་ཤོག་འཕངས་ཏེ་འདེམས་བསྐོ་བྱེད་བཞིན་འདུག རྒྱ་ནག་རང་གི་ནང་སྤྱི་ཚོགས་ནང་དྲང་བདེན་མ་ཡིན་པའི་གནས་ཚུལ་བྱུང་སྐབས། ས་གནས་ཀྱི་ཚགས་པར་སོགས་སུའང་གླེང་སློང་ཡོང་གི་འདུག
    ༽ བརྗོད་ཡོད་པ་འདི་མཐའ་དག་རྒྱ་ནག་འགྱུར་འགྲོས་འགྲོ་བཞིན་པའི་མངོན་རྟགས་དང་ཐད་ཀར་བཤད་ན་གསལ་གསལ་ཐིང་ཐིང་རེད་ཞེས་ལབ་འདོད་བྱུང་། དེ་བས་ངའི་ཚོད་བགམ་ལྟར་ན་རྒྱ་ནག་དམར་ཕྱོགས་ཀྱི་མིང་མ་འགྱུར་རུང་དེའི་སྒྲིག་གཞི་དང་མི་དམངས་ལ་བསྟུན་མཁས་ཀྱི་ལས་བསྒྲུབ་སོགས་ངེས་པར་འགྱུར་འགྲོ་ངེས་ཡིན།

    Reply
  14. གངས་ཅན་པ། says:
    ལོ་ 14 སྔོན།

    རྒྱུ་མཚན་འདུག་ལ་སེམས་ཡང་བཏང་དགོས་ཞིག་རེད་འདུག དེ་འདྲ་ཡིན་དུས་ང་ཚོས་ཐབ་ལམ་ཡག་ཤོས་ཡིན་དབུ་ལམ་གྱི་བོད་རྒྱ་འབྲེལ་དེ་ཡག་རེད་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese