མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བའི་སྤྱན་རས་གཟིགས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བའི་སྤྱན་རས་གཟིགས།

 

                                         

                                                           ཨ་ཚོགས་ཀླུ་མཁར་བྱམས།

 

དང་པོ། སྤྱན་རས་གཟིགས་ཁྲིམས་སྒོར་མི་ཤོང།

 

 སྤྱན་རས་གཟིགས་མི་ཡི་ཤ་གཟུགས་སུ་བྱོན་མིན་གྱི་སྐད་ཆ་འདི་ཁྲིམས་ཀྱི་ངོ་བོ་ནས་གཏན་འཁེལ་བྱས་པ་ནི། གདུལ་བྱ་འདུལ་སླ་བའི་ཆེད་དུ་ཡིན་ངེས་མོད། དུས་རབས་ཀྱི་བློ་མིག་ཅན་ཚོས་ལས་འདི་ལྟར་བགྱི་མཁན་ལ་དྲི་བ་གཞན་ཞིག་འདྲི་ངེས།

དང་པོ། འཆར་ཟིན་སྔོན་གླེང་ནང་ྋགོང་ས་སྐྱབས་མགོན་ཆེན་པོ་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་བོད་མི་ཡོངས་ཀྱི་མགོན་སྐྱབས་དང༌། བླ་ན་མེད་པའི་དབུ་ཁྲིད་ཡིན་ཞེས་པར། ྋགོང་ས་མཆོག་ནི་བོད་མི་ཡོངས་ཀྱི་སྐྱབས་མགོན་དང༌། བླ་ན་མེད་པའི་དབུ་ཁྲིད་ཡིན་ཆོག་ལ། ཡིན་ཡང་ཡིན་ཁར། ཆོས་ཕྱོགས་ནས་བཤད་ན་སྤྱན་རས་གཟིགས་དབང་དུ་སྒྲུབ་པར་ང་ཚོར་དཀའ་ངལ་ཅི་གང་མེད་མོད། གང་ཉིད་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པའི་རྒྱུ་མཚན་གྱིས། ཁོང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཆགས་པ་རེད་ཟེར་ན། བཤད་སྟངས་འདི་ནི་བོད་རིགས་ནང་པ་ཚོ་ལས་ཁྱབ་མི་ཐུབ་ཁར། མ་གཞི་ྋགོང་ས་མཆོག་གི་ཐུགས་དགོངས་ལྟར་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་བཟོ་དགོས་ཕྱིན། སྤྱན་རས་གཟིགས་མིའི་ཤ་གཟུགས་སུ་བྱོན་མིན་ནི་སྒྲོམ་གཞི་དེའི་ནང་ཤོང་ཐུབ་པ་ཞིག་མིན།

གཉིས་པ། འཆར་ཟིན་སྔོན་གླེང་ནང༌། བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་བསྡོམས་རྒྱག་སྐབས། ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་སྒེར་རམ། ཡང་ན་དགའ་ལྡན་ཕོ་བྲང་དང༌། བཙན་བྱོལ་བོད་མིའི་གཞུང་ཟེར་བ་སོགས་སྒྲིག་འཛུགས་བྱེ་བྲག་པའམ། གང་ཟག་སྒེར་གཙོ་འདོན་བྱས་པ་ལས། རྒྱ་དམར་གཞུང་གིས་བོད་ལ་ཁྲིམས་འགལ་བཙན་འཛུལ་བྱས་པའི་རྐྱེན་གྱིས། བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་རྒོལ་ཚབས་ཆེན་བཏང་བ་དང༌། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་ཚེ་སྲོག་ཤོར་བ། དེང་སྐབས་ཀྱང་རྒྱའི་བཙོན་འོག་ན་བཙོན་པ་སྟོང་ཕྲག་ཁ་ཤས་ཡོད་པ་སོགས་མང་ཚོགས་རང་བཞིན་དང༌། གཞི་རིམ་ཀྱི་དཀའ་ངལ་རིགས་དམིགས་འདོན་མ་ཐུབ་པ་ནི་སྔོན་གླེང་དེའི་ཞན་ཆ་ཆེ་ཤོས་རེད།

གསུམཔ། འཆར་ཟིན་སྔོན་གླེང་ནང་དམངས་གཙོའི་སྐོར་ལ་འགྲེལ་བརྗོད་བྱེད་སྐབས། ྋགོང་ས་ཆེན་པོའི་ཐུགས་ལ་བརྣག་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་དབུ་འཛུགས་གནང་སྟེ་ཞེས་པའི་ཚིག་བརྗོད་ལྟ་བུ་དང༌། དེ་དང་འབྲེལ་བའི་ཁ་སྔོན་བགྲེས་ཡོལ་ཐད་ཀྱི་བཀའ་ཤག་གི་གསུང་བཤད་དང་བསྡོམས་ཚིག་ཟེར་བའི་ནང་དུ་འདས་པའི་མི་ལོ་ ༥༢ རིང་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་མདུན་བསྐྱོད་ཇི་ཙམ་བྱུང་བ་ཆ་ཚང་ྋགོང་ས་མཆོག་གི་དབུ་ཁྲིད་དང་ལམ་སྟོན་ཁོ་ན་ལས་བྱུང་བ་མ་གཏོགས། མང་ཚོགས་རང་ཉིད་ནས་འབད་བརྩོན་དང་གསར་བརྗེ་ལས་བྱུང་བ་གཅིག་ཀྱང་མེད་ཅེས་ཐ་ཚིག་གིས་བཅད་ཡོད། ྋགོང་ས་མཆོག་ནི་དམངས་གཙོ་རིང་ནས་ཐུགས་ལ་བརྣག་པའི་སྐྱེ་ཆེན་དམ་པ་ཞིག་ཡིན་པ་སྨོས་མེད་དང༌། བཙན་བྱོལ་ཁྲོད་ཀྱི་དམངས་གཙོ་ནི་གཞི་རྩའི་ཁོང་གི་དབུ་ཁྲིད་ལམ་སྟོན་འོག་བྱུང་བར་བཤད་ཆོག་ཀྱང༌། སྐབས་དེ་དག་ཏུ་བོད་གཞིས་བྱེས་གཉིས་དང་ཁྱད་པར་དུ་བཙན་བྱོལ་ནང་དམངས་གཙོར་འདུན་པ་ཅན་གྱི་མི་སྣ་ཡང་མང་ཉུང་ལ་མ་ལྟོས་པར་ཡོད་རང་དབང་དང༌། དམངས་གཙོའི་ཟེར་བའི་ཚགས་ཤོག་སྣ་ཚོགས་བཏོན་མྱོང་ཡོད་ཐག་ཆོད་དང༌། ཤེས་འཇོན་གཉིས་ལྡན་གྱི་མི་སྣ་མང་པོ་ཞིག་གིས་ཐོག་མཐའ་བར་གསུམ་དུ་ྋགོང་ས་མཆོག་གི་གཤམ་འོག་ནས་དམངས་གཙོ་བསྐུལ་འདེད་ཆེད་ལས་དོན་སྣ་ཚོགས་བསྒྲུབ་དང་སྒྲུས་མུས་ཡིན་ན། བཙན་བྱོལ་ནང་གི་དམངས་གཙོའི་འཕེལ་རིམ་ལ་བསྡོམས་རྒྱག་དགོས་ཕྱིན། གནས་ཚུལ་འདི་དག་གི་ཟུར་ཙམ་ཡང་མ་གླེང་བའི་ཁར་གཅིག་ཀྱང་མེད་ལབ་ན། དེ་ནི་སྤྱི་ཚོགས་འཕེལ་ཕྱོགས་ལ་གཟི་བོའི་བསྡོམས་ཅིག་མ་རེད་འདོད།

 བཞི་བ། གོང་ནས་བརྗོད་པ་ལྟར། འཆར་ཟིན་ནང་ྋགོང་ས་མཆོག་ནི་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང༌། བླང་དོར་གྱི་ལམ་སྟོན་པ། བོད་མི་རིགས་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས་ཡིན་ཞེས་འཁོད་པ་དག་ནི་ཁྲིམས་སྒྲིག་རང་བཞིན་གྱི་ཆེ་བསྟོད་ཅིག་ཡིན་ཕྱིན། དོན་ཚན་འདི་དག་གིས་འགྲིག་ཐག་ཆོད་ཡིན། འོན་ཀྱང་སྔོན་གླེང་ནང་མུ་མཐུད “ བོད་མི་ཡོངས་ཀྱི་སྨྲ་དབང༌། གནས་བབ་དེ་ནི་ལོ་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌། ལེགས་བྱང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་ཐུགས་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད” ཟེར་བ་འདི་རེད། ཚན་པ་འདི་ཡི་ནང་དོན་ཕར་ཞོག་དང་པོ་ཚིག་ངོས་ནས་ཀྱང་གོ་བརྡ་འཕྲོད་ཀྱི་མི་འདུག་མོད། གོང་འོག་གི་ཚིག་མདོ་བསྒྲིལ་ཏེ་ཨུ་ཚུགས་ཀྱིས་གོ་བ་ཞིག་བླངས་ན། དང་པོར་ྋགོང་ས་མཆོག་(གིས་བོད་མི་རིགས་ཀྱི་སྨྲ་དབང་དང༌། བོད་མི་རིགས། བྱུང་རབས། ལེགས་བྱང༌།  མངའ་དབང་བཅས་ཚང་མ་མཚོན་དགོས་ཡོད་ཟེར་བ་འདྲ་བོ་དང༌། ཡང་ན་ྋགོང་ས་མཆོག་གི་སྒང་(ལ་བོད་མི་རིགས་ཀྱི་སྨྲ་དབང་དང༌། བོད་མི་རིགས། བྱུང་རབས། ལེགས་བྱང་བཅས་ཀྱིས་སྐུ་དབང་འདི་དག་ཕར་སྐུལ་ཡོད་ཟེར་རེད་དམ། སྔ་མ་ཡིན་ནྋགོང་ས་མཆོག་གིས་བོད་མི་རིགས་ཀྱི་སྨྲ་དབང་མགྲིན་ཚབ་པ་ཡིན་པ་འདྲ་བྱུང་རབས་ལོ་རྒྱུས་ལ་ཟེར་བ་འདྲ་ལེགས་བྱང་དཔལ་ཡོན་ནམ། ཡང་ན་རིག་གནས་མངའ་དབང་བདག་དབང་གི་དོན་ཡིན་པ་འདྲ་ཚང་མ་མཚོན་ཐུབ་མིན་ལ་མ་ལྟོས་པར་ཁོང་སྐུ་རྐྱང་གིས་མཚོན་དགོས་དོན་མེད་ལ། གོང་གི་དམར་རྟགས་ཅན་གྱི་མིང་ཚིག་དག་མི་རེ་གཉིས་ཤིག་གི་ལོག་སྐད་ཡིན་སྟབས། བཅའ་ཁྲིམས་དང་ཡོངས་གྲངས་ཚིག་བརྗོད་སྤེལ་རྒྱུ་གལ་ཕྱི་མ་ལྟར་ན་བོད་མི་རིགས་ཀྱི་སྨྲ་དབང་དང༌། བོད་མི་རིགས། བྱུང་རབས། ལེགས་བྱང༌། མངའ་དབང་བཅས་ཀྱི་ངོས་ནས་བོད་དོན་གྱི་ཐུགས་འགན་ནི་བོད་ཀྱི་ཆབ་འབངས་སྤྱི་བོ་གནམ་བསྟན་ཚང་མར་ཡོད་པ་ལས། ྋགོང་ས་མཆོག་སྐུ་རྐྱང་ཁོ་ན་རང་ཆས་སུ་འཁྲི་དགོས་ཞིག་ག་ལ་ཡིན། གལ་སྲིད་སྔོན་གླེང་ནང་ཚིག་སྦྱོར་འདི་འདྲ་ཞིག་སྤེལ་དགོས་ཕྱིན། གཞུང་ས་དགའ་ལྡན་ཕོ་བྲང་གི་གཞུང་སྲིད་ལམ་ལུགས་དབུ་བརྙེས་པ་ནས་བཟུང༌། ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང༌། བླང་དོར་གྱི་ལམ་སྟོན་པར་ཁྲིམས་དང་སྲོལ་གཉིས་ཐད་ནས་གོང་བཀུར་བྱུང་ཞིང༌། ཁྱད་པར་དུ་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ནི་ཆོལ་གསུམ་བོད་འབངས་ཡོངས་ཀྱི་ཆོས་འཇིག་རྟེན་གཉིས་ཐད་ནས་ཆིག་སྒྲིལ་གྱི་མཚོན་རྟགས་ལྟ་བུར་གྱུར་ཡོད་ཅེས་འཁོད་པ་ཡིན་ན། ལོ་རྒྱུས་ཀྱི་ངོས་དང་ཤེས་རིག་གི་འཕེལ་འགྱུར་གང་ནས་དོན་དངོས་དང་མཐུན་པ་ཞིག་རེད།

 ལར་ནས་ཕྲན་གྱི་རེ་བ་ཡིན་ན། གོང་གི་ཡང་བསྐྱར་གསོལ་འདེབས་ཞུ་དགོས་ཟེར་བའི་བཅའ་ཁྲིམས་ཀྱི་སྔོན་གླེང་དང༌། དོན་ཚན་གསུམ་ཅན་འདི་ཇི་བཞིན་བཅའ་ཁྲིམས་ནང་བཀོད་མི་དགོས་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ལ། གལ་སྲིད་འགོད་དགོས་ཐུག་ཀྱང་དེ་ནི་བཅའ་ཁྲིམས་གསར་བའི་ཟུར་བརྒྱན་གྱི་ཁོངས་སུ་འགོད་རྒྱུའམ། འཛིན་སྐྱོང་གི་སྲིད་བྱུས་བཀའ་རྒྱའི་ངོ་བོ་དང༌། ཡང་ན་གྲོས་ཚོགས་ཀྱི་གྲོས་ཆོད་ངོ་བོ་ནས་སྐུ་མདུན་ལ་ཟུར་ཞུས་བྱས་ཀྱང་ཆོག དེ་བཞིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་བོད་གཞུང་བར་གྱི་འབྲེལ་བ་ནི་གལ་ཆེན་ཡིན་པ་སྨོས་མེད་ཀྱང༌། འབྲེལ་ལམ་དེ་དང་ྋ་གོང་ས་མཆོག་གི་སྐུའི་ཉེན་སྲུང་སྐོར་སོགས་གཞུང་གི་སྲིད་བྱུས་ཀྱི་ངོ་བོའི་ཐོག་ནས་སྐབས་བསྟུན་བབ་གཟིགས་གནང་རྒྱུ་ལས། བཅའ་ཁྲིམས་ཀྱིས་བསྐུལ་དགོས་པ་ཞིག་མིན་པར་འདོད།

 

གཉིས་པ། ཁ་བསྒྱུར་མིན་ནམ་སྙམ།

གསོལ་བ་སླར་ཡང་འདེབས་རྒྱུའི་དོན་ཚན་གསུམ་པོ་དེ་ནི་གཡག་ལ་མ་གཅེས་ཁྲག་ལ་གཅེས་ཟེར་པའི་དཔེ་བཞིན་ཞེ་འདོད་ངོ་མ་དེ་ཡིན་པ་དང༌། བཙན་བྱོལ་བོད་གཞུང་གི་མིང་བྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་རྒྱུ་དང༌། དགའ་ལྡན་ཕོ་བྲང་གི་ཚབ་ལ་བདེན་པ་གཉིས་སམ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་བ་སོགས་བྲིས་ནས་འུར་མགོ་བསླངས་བ་ནི། དོན་དངོས་ཁ་བསྒྱུར་བྱེད་པའི་སྒྱུ་རྩལ་ཅིག་མིན་འགྲོ་སྙམ།

གཅིག ད་ཐེངས་བཅའ་ཁྲིམས་ལ་འགྱུར་བ་གཏོང་རྒྱུ་འདི་ནི། གཞི་རྩའི་བཅའ་ཁྲིམས་ནང་འཁོད་པའི་ྋགོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ ( འོན་ཀྱང༌།ྋགོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་བྱས་པ་དང་འབྲེལ། ཁོང་གི་བླ་བྲང་དགའ་ལྡན་ཕོ་བྲང་གི་མིང་གནས་བོད་ཀྱི་གཞུང་ལ་འགེབ་པ་ནས་ངང་གིས་འཐེན་འགྲོ ) གནང་རྒྱུ་ཁོ་ནར་དམིགས་ན་འོས་པ་ལས། དབུ་མའི་ལམ་ནས་བོད་རྒྱ་ཞི་མོལ་ཡོང་མིན་དང༌། བཙན་བྱོལ་བོད་གཞུང་གི་མིང་གནས་ཕྱིར་བསྡུ་སོགས་ལ་འབྲེལ་བ་མེད་ཀྱང༌། ཁྲིམས་བཟོ་དབུ་ལས་རྣམས་ལ་བཅའ་ཁྲིམས་འདི་སྒོ་གང་ཐད་ནས་ལམ་དབུ་མ་དང་མཐུན་སྡེབ་ཡོང་ཐབས་ལ་ཐུགས་རེ་ཆེ་ཚོད་དང༌། ཁྱད་པར་དུ་འཆར་ཟིན་འདིའི་མགོ་ནས་མཇུག་བར་བཙན་བྱོལ་བོད་གཞུང་འབྲི་བའི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་སོགས་ཚིག་གསར་རྐྱང་སྤེལ་ཡོད།

ཁ་ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་གཞུང་གི་མིང་བྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་དགོས་པའི་སྒྲུབ་བྱེད་དུ། བོད་གཞུང་གི་མཚན་གནས་དང་འབྲེལ་བའི་ཁ་མཆི་གཉིས་ཁྲིམས་ཁང་ག་གེ་མོའི་ནང་ཡོད་སྐོར་དང༌། དེང་སྐབས་རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཁུར་ནས་ཁྱོད་ཚོས་རང་བཙན་རྩོད་ཀྱིན་འདུག བཅའ་ཁྲིམས་ནང་རྒྱལ་ཁབ་འདུག་ལབ་ནས་སྐྱོན་བརྗོད་བྱེད་མཁན་བྱུང༌། སོང་ཙང་བོད་གཞུང་གི་མིང་གནས་འགྱུར་བ་མ་བཏང་རང་བཏང་རེད་ཟེར། དང་པོ་ཁ་མཆི་དེ་འདྲ་ཡོད་སྲིད་ཀྱང་ཁ་མཆུ་ནི་ཁ་མཆུ་རང་ཡིན་སྟབས། བཟང་ཐག་ངན་ཐག་ཆད་རགས་བར་དུ་སྒུག་རྒྱུ་ཞིག་དང༌། གཉིས་པར་རྒྱ་གཞུང་གིས་ཅིག་ལབ་ཚུལ་ལ་བཞུགས་ནས་འགྱུར་བ་གཏོང་དགོས་ན། ང་ཚོར་འཚོ་གནས་བྱེད་སའི་ས་ཁོད་ཅིག་མེད་པ་ལོ་རྒྱུས་ཀྱི་ཉམས་མྱོང་ལོས་ཡོད། མ་གཞི་ཁོ་བོ་རང་ཉིད་བོད་རང་བཙན་རྩོད་མཁན་ཞིག་ཡིན་མིན་ལ་མ་ལྟོས་པར༌། བཞེངས་ཕྱོགས་འདིའི་ལམ་དབུ་མ་དོན་དངོས་བོད་དོན་འཐབ་རྩོད་ཀྱི་ངོ་བོར་ཁེ་ཕན་ཡོད་པར་ངེས་འཛིན་གྱིས་ལམ་དེར་བསྐྱོད་མཁན་ཚོར་ཡང་གྱོང་ལས་ཁེ་མེད་པར་འདོད།

མ་ཟད་དེ་བས་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་ཚིག་བརྗོད་འདི་དག་སྤེལ་པ་ནི། མི་མང་གི་མཐོང་ཕྱོགས་ཁ་བསྒྱུར་བྱ་རྒྱུའི་ཆེད་དུ་རེད་ཅེས་མཐའ་གཅིག་ཏུ་ཀུན་སློང་ལ་སྐྱོན་འཛུགས་མིན་མོད། དཔེར་ན་མང་ཚོགས་ནང་ད་ཆ་འུར་མགོ་ལངས་བཞིན་པ་ནི་བོད་གཞུང་གི་མིང་བྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་རུང་མིན་གྱི་སྐོར་ཡིན་སྟབས། བཅའ་ཁྲིམས་གསར་བའི་སྔོན་གླེང་ནང་ྋགོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུའི་དོན་ཚན་གསུམ་ཅན་འཁོད་པ་འདི་བཞིན། སླར་ཡང་ཡར་འབུལ་རུང་མིན་བཅས་ཀྱི་དོན་དངོས་གནད་དོན་ཐོག་མང་ཚོགས་ཀྱི་དོ་སྣང་སླེབས་ཐུབ་ཀྱི་མེད་སྟབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བའི་ཚིག་སྦྱོར་འདི་དག་གིས་གནད་དོན་ཁ་བསྒྱུར་བྱས་འདུག་སྙམ།

ཡང་དེ་ཙམ་མ་ཡིན་པར་༡འཆར་ཟིན་ནང་བཅའ་ཁྲིམས་ལ་འགྱུར་བ་གཏོང་སྐབས་སྤྱི་ལྷན་གྱིས་ཁ་ཐུག་བཏང་ཆོག་པ། གཉིས་པ། བཀའ་ཁྲིས་གཙོས་བཀའ་བློན་ལས་རོགས་རྣམས་ཀྱི་ལས་ཡུན་རྒྱས་བཅད་མེད་པ། གསུམ་པ། གྲོས་ཚོགས་ཀྱིས་བཟོས་པའི་ཁྲིམས་སྒྲིག་གི་མཐའ་མའི་གཏན་འབེབ་གྲོས་ཚོགས་རང་ལ་ཡོད་པ། བཞི་བ། བཀའ་བློན་ཁྲི་བར་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་བཅས་འབྲི་རྒྱུའི་ཚབ་ལ་(འཛིན་སྐྱོང་གི་འགན་འཛིན)ཙམ་ཞིག་བཀོད་པ་བཅས་ནི་ཞར་ཞོར་གྱི་སེམས་འཚབ་དུ་འཁུམས།

 

གསུམ་པ། གྲུབ་ཆ་འདིའི་འདི་གསལ་བཤད་ཅིག

 

ཟིན་བྲིས་ཚོགས་ཆུང་དེ་དབང་ཤུགས་ཀྱིས་གྲུབ་ཡོད། བླ་མ་ཟམ་གདོང་ཚང་གིས་རི་བོ་དགེ་ལྡན་པའི་ཞེ་འདོད་འབུར་གཟུགས་སུ་བསྣམས་ཡོང་བ་ནི། ྋགོང་ས་མཆོག་དང་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་གཉིས་ངོ་བོ་དབྱེར་མེད་དུ་སྒྲུབ་ནས་བཅའ་ཁྲིམས་ནང་འཇུག་ཐུབ་ན་དེ་ལས་གཞན་པའི་ལས་དོན་ནི་སྒྲུབ་ཆོག་ཆོག་ཡིན། སྒྲོལ་མ་རྒྱ་རིའི་རྒྱབ་ལྗོངས་ཨ་ཅང་ཅང༌། བཅའ་ཁྲིམས་གསར་བའི་ནང་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་མུ་མཐུད་འཁོད་རྒྱུ་ཞིག་བྱུང་དགོས་ལ། དོན་ཆེན་འདིའི་ཆེད་དུ་སྒྱུ་རྩལ་གྱི་རྣམ་གྲངས་ལ་ཐོག་པ་མེད། དེ་ལས་ལྷག་པའི་ཚོགས་ནི་ཚོགས་གཙོ་སྤེན་ཚེ་དང༌། བཀའ་བློན་ལུང་རིགས་སོགས་ཀྱིས། གཞས་གདངས་ལ་རམ་འདེགས་ཐུབ་ན་སྐྱབས་འོག་ནས་མི་དོར་བའི་ཉམས་མྱོང་ཡོད།

  

སྐབས་བབ་ཀྱི་བརྗོད་སྙིང་ནི་ྋགོང་ས་མཆོག་གིས་སྐུ་དབང་མར་བསྩལ་བ་ནས། གང་ཉིད་བགྲེས་ཡོད་ལ་ཕེབས་པའི་སྐོར་འགྲིག་མིན་གྱི་སྐད་ཆ་བཤད་རྒྱུ་ལྷག་མེད་ལ། ང་ཚོས་མདུན་དུ་ལྷག་པའི་ལས་དོན་ནི་སྐུ་དབང་མར་ལེན་པ་ལ་ལེན་སྟངས་ཤིག་དང༌། སྐུ་དབང་ཕྱིར་བསྡུ་དང་འབྲེལ་བའི་ཁྲིམས་སྒྲིག་བཟོ་བཅོས་རྒྱག་སྐབས། ཆེ་ས་ནས་བོད་ཀྱི་རྒྱལ་བསྟན་སླར་གསོའི་ཆེད་ཆར་པ་ཆུ་གྲོགས་ཀྱི་མཐུན་རྐྱེན་ལ་འགྲོ་ཐུབ་པ་ཞིག་དང༌། རྒྱ་ཆུང་ས་ནས་བཙན་བྱོལ་གཞུང་མུ་མཐུད་གནས་ཐུབ་པ་ཞིག་ལ་དམིགས་དགོས་ཕྱིན། ལས་དོན་འདིའི་ནང་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་འཕྱར་གྲུ་མཉམ་འདེགས་དགོས་པ་ཧ་ཅང་གལ་ཆེ་ལ། འདི་ནས་ཆེད་དུ་ཞུ་འདོད་པ་ནི་ཁྲིམས་ཀྱི་དམིགས་སྒོ་ནི་དྲང་ཤིང་སྙོམས་པ་ཞིག་ཡོང་དགོས་པ་དེ་ཡིན་ན། ཁྲིམས་དྲང་པོ་ཡོང་མིན་གྱི་འགག་རྩ་ནི་ཁྲིམས་བཟོ་མཁན་གྱི་སྐྱེས་བུ་དེ་དག་ཆོས་ལུགས་གང་རུང་གི་དད་ཞེན་ཅན་དང༌། ཆབ་སྲིད་དམ་ཁེ་ཕན་སྟོབས་ཤུགས་འདྲ་མིན་གྱི་ངོ་ཚབ་པ་སོགས་ཤུགས་རྐྱེན་ཅི་རིགས་འོག་ཚུད་མེད་པའི་མི་གཙང་མདང་ཆེད་ལས་པ་རྐྱང་ཡིན་དགོས་པ་དེ་ཡིན།

མདོར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཞིན་ཁྲིམས་སྒྲིག་གཞི་ལས་བརྒལ་བའི་ཁྲིམས་སྒྲིག་འདི་ཚོའི་ནང་ཆོས་ལུགས་བྱེ་བྲག་པ་དང༌། ཆབ་སྲིད་སྟོབས་ཤུགས་འདྲ་མིན་གྱི་མངོན་འདོད་མི་སླེབས་རྒྱུ་ཧ་ཅང་གལ་ཆེ་ལ། ཁྱད་པར་དུ་ཁྲིམས་ཀྱི་ཚིག་སྤྱོར་སྤེལ་སྐབས་ལུང་སྐད་བྱེ་བྲག་དང༌། ཚོར་བའི་རང་བཞིན་དང༌། རྒྱན་ཚིག་རང་བཞིན་སྤྱན་རས་གཟིགས་མིའི་ཤ་གཟུགས་སུ་བྱོན་པ། བདེན་པ་ཉིད་རྒྱལ་གྱུར་ཅིག འདི་ལྟ་བུའི་སྐད་ཆ་མི་བསླེབ་རྒྱུ་གཙོར་འདོན་བྱ་དགོས། དེ་བས་ཕྲན་གྱིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་དོན་འདིའི་ནང༌། ཆོས་ལུགས་དབང་ཤུགས་དང༌། ཆབ་སྲིད་ཕྱོགས་གཏོག་གི་རྒྱབ་ལྗོངས་ཅན་གྱི་མི་སྣ་ཉུང་ཙམ་དང༌། ཆེད་ལས་རང་བཞིན་དང༌། ཀུན་སྙོམས་རང་བཞིན་གྱི་ངོ་བོ་འབུར་དུ་ཐོན་ཐུབ་པའི་རེ་བའང་བྱེད་ཀྱི་ཡོད། དེ་ལྟར་བྱས་ན་ྋརྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་དགོངས་འགྲུབ་ཐུབ་ལ། བོད་མི་རིགས་ཀྱི་འཕྲལ་ཕུག་ཀུན་ལ་དགེ་བའི་རྒྱུ་རུའང་འགྱུར་སྲིད།།

 

                        སྤྱི་ལོ་ ༢༠༡༡ ཟླ་ ༥ ཆེས་ ༡༧ ཉིན།

འབྲེལ་ཡོད་གསར་འགྱུར།

U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གླེང་སློང་གནང་། 

ཆུ་ཚོད་ ༢༠ སྔོན་ལ།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

༢༠༢༥/༡༠/༢༩
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་། (ཁ་སྣོན།)

༢༠༢༥/༡༠/༢༨
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ་གྱི་འདུག

༢༠༢༥/༡༠/༢༨

མཆན། 9

  1. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་ཟེར་བ་འདིས་རང་ཉིད་བོད་ཀྱི་གསར་བརྗེ་བ་དམིགས་བསལ་ཞིག་བྱ་འདོད་ཡོད་པ་ཡིན་ནམ། དངོས་གནས་བྱས་ན་སྔར་གྱི་ཀྲུང་གོའི་གསར་བརྗེ་བ་ཚོ་ནི་ནམ་ཡང་མི་མང་གི་རྒྱབ་ཏུ་ལངས་རྐྱང་བྱས་པ་དང་། མི་མང་ཁ ་ལ་འཁུར་རྐྱང་བྱས་ཏེ་མི་མང་གི་བདེ་སྡུག་ལ་ལྟ་མཁན་ཞིག་ཡིན་ཟེར་ནས་ནས་ནམ་ཡང་མི་མང་གཅིག་སྒྲིལ་ལ་འབད་ཡོད། ཁོ་ཚོས་མི་མང་གི་གཅིག་སྒྲིལ་གང་དུ་ཡོད་ན་དེར་རྒྱལ་ཁ་ཡོད་པ་ཤེས་ཀྱིན་ཡོད། ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀར་༸གོང་ས་མཆོག་གང་དུ་ཡོད་ས་དེར་བོད་མི་མང་གི་ཞེན་ཆགས་ཡོད་པ་དང་། ༸གོང་ས་མཆོག་གཅིག་པུ་ནས་བོད་གཅིག་སྒྲིལ་བྱེད་ཐུབ་ཀྱིན་ཡོད་པ་འདི་ལ་ཀླུ་མཁར་བྱམས་ཅན་ནས་དགོངས་པ་བཞེས་ན་ཡག་པོ་འདུག། ༸གོང་ས་མཆོག་དང་ཁ་བྲལ་བའི་གཅིག་སྒྲིལ་གང་དུ་ཡོད། རྒྱ་གཞུང་གིས་ཀྱང་འདི་ཤེས་ཏེ་བོད་ནང་གནད་དོན་གང་ལྷགས་ཀྱང་༸གོང་ས་མཆོག་ནས་བརྒྱུད་བསྐུལ་བྱས་པ་རེད་ཅེས་ཟེར་བཞིན་མི་འདུག་གམ། ཁ་ཞེ་གཉིས་མེད་ཀྱི་བོད་ཀྱི་གནད་དོན་འཐབ་རྩོད་པ་ཞིག་ཡིན་ན་བོད་ཀྱི་གཅིག་སྒྲིལ་ནི་སྲོག་ཏུ་བཟུང་དགོས། གཅིག་སྒྲིལ་ལ་གཏོར་གཤིག་ཐེབས་པའི་བྱ་སྤྱོད་ཀུན་ལ་ང་ཚོས་ངེས་པར་དུ་དོ་སྣང་བྱེད་དགོས། ལར་ནས་ང་ཚོས་ད་ལྟར་རྒྱ་གཞུང་ལ་ཁ་གཏད་ནས་རང་དབང་རྩོད་དགོས་པ་དང་། རྒྱ་གཞུང་ལ་ཁ་གཏད་ནས་རྩོམ་ཡིག་བྲི་དགོས་པ་ལས་ནང་ལ་ཁ་གཏད་དེ་རྩོམ་ཡིག་སྤེལ་ག་ལ་རུང་། ང་ཚོའི་ཁ གཏད་རྒྱ་ནག་ཡིན་པས་རྒྱ་ནག་གིས་སུ་ཞིག་དགྲ་བོའི་དྭངས་མར་རྩིས་ན་དེ་ང་ཚོར་དགོས་པ་དང་རྒྱ་ནག་ལ་མི་དགོས་པ་དེ་མ་ཡིན་ནམ། ༸གོང་ས་མཆོག་ཡོད་ན་ང་ཚོས་རང་དབང་མྱུར་དུ་རྩོད་ཐུབ་པའི་དགོས་པ་ཡོད་ཅིང་། རང་དབང་ཐུབ་ཚར་ནས་ང་ཚོས་ནང་འཁྲུགས་རྒྱག་ཆོག། །

    Reply
  2. ནད་པ says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ཟེརབ་འདི་ལའང་ཟམ་དོང་བླ་མའི་རང་གཤིས་མཁྲེགས་པོ་དེ་ཏོག་ཙམ་འགོས་ཡོད་པ་འདྲ། གང་ཡིན་ཟེར་ན་དོན་ཚན་དང་པོའི་ནང་དུ་གོ་རྒྱུ་མེད་པའི་བརྗོད་ཚིག་བྱུང་རབས་དང་བྱུང་རབས་ཟེར་བའི་མིང་ཚིག་གཉིས་བཀོད་ཁུལ་བྱས་འདུག

    ཟམ་དོང་རིན་པོ་ཆེ་སྤྱིར་བཏང་མཁས་པ་ཞིག་ཡིན་པ་རྩོད་མེད་ཡོངས་གྲགས་རེད། ཡིན་ནའང་མཚམས་ལ་ལར་ཁོང་ཉིད་མཁས་པར་རློམ་དྲགས་ནས་བླུན་པོ་ང་འདྲ་བའི་མི་རྣམས་མགོ་འཐོམ་ཞིང་ཡོད།

    གཤམ་གསལ་དཔེར་མཚོན་ཁ་ཤས་དྲན་ཐོག་ཞུས་ན་ནི། ཝ་ར་ཎ་སིའི་འགན་འཛིན་ཟེར་བའི་ཚབ་ཏུ་ངེས་སྟོན་པ་ཟེར་བ་འདྲ་པོས་གོ་རྒྱུ་མེད། ཉེ་བའི་རིགས་བདག་ཟེར་བ་ཡང་གོ་རྒྱུ་ཞིག་མེད། སངས་རྒྱས་ཆོས་ལུགས་ནང་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཟེར་བ་དེ་འདྲ་ཡོད་ཀྱང་ཝ་ཎའི་ཉེ་བའི་རིགས་བདག་ཟེར་བ་དེ་རྡོ་རྗེ་འཆང་ཡིན་མིན་ཅི་ཞིག

    བྱུང་རབས་ཟེར་བ་དེ་ཕལ་ཆེར་འདས་པའི་ལོ་རྒྱུས་ལ་ཟེར་གྱིན་ཡོད་པ་འདྲ། དཔེར་ན་བོད་པའི་སྤྱི་ཚོགས་ནང་གྲོང་གསེབ་དཀྱུས་མའི་ཡིག་རྨོངས་ཞིག་ལ་ཁྱེད་རང་གི་ལོ་རྒྱུས་ཏོག་ཙམ་བཤད་རོགས་ཟེར་ན་འཕྲད་མར་གོ་ཐུབ་ཀྱང་ཁྱེད་ཀྱི་བྱུང་རབས་གཅིག་བཤད་རོསག་ཟེར་ན་ག་རེ་ཟེར་གྱིན་ཡོད་མེད་ཤེས་ཀྱིན་མེད།
    དེ་ནི་སྤྱི་ཚོགས་དང་འགྲོ་བ་མིའི་འཚོ་གནས་དངོས་དང་ཁ་བྲལ་སོང་བའི་མིང་ཚིག་ཞིག་ཆགས་ཡོད།

    ད་དུང་བཅའ་ཁྲིམས་གསར་པའི་ནང་དུའང་སྨྲ་དབང་ཟེར་བའི་མིང་ཚིག་གཅིག་ཐོན་འདུག ཕལ་ཆེར་ཚོད་དཔག་བྱས་ན་བོད་ཀྱི་མགྲིན་ཚབ་ཟེར་བ་ཡིན་ཁུལ་འདྲ། བོད་མི་རྣམས་ཀྱི་བོད་པའི་མགྲིན་ཚབ་ཟེར་ན་གོ་དོན་རྟོགས་ཐུབ་ཀྱང་སྨྲ་དབང་ཟེར་ན་གང་ཞིག་ཟེར་གྱིན་ཡོད་མེད་ཤེས་ཀྱི་མ་རེད། སངས་རྒྱས་ཆོས་ལུགས་པའི་ནང་དུ་རྗེ་བཙུན་འཇམ་དཔལ་དབྱངས་ལ་སྨྲ་བའི་དབང་ཕྱུག་ཟེར་བ་དང་ཡང་མཚན་བརྗོད་ལས། སྨྲ་བའི་དབང་ཕྱུག་སྨྲ་བའི་རྒྱལ། །སྨྲ་བའི་སེང་གེ་འཚུགས་པ་མེད། །ཟེར་བའི་ཚིག་ཡོད་ཀྱང་འཇམ་དཔལ་དབྱངས་ཡིན་མིན་མི་ཤེས།

    དེ་ནས་ལེགས་བྱང་ཟེར་བའི་མིང་ཚིག་ཞིག་མཐོང་རྒྱུ་ཡོད། དེ་ཡང་ཕལ་ཆེར་ཚོད་དཔག་བྱས་ན་རིགས་གནས་སམ་རིག་གཞུང་ཟེར་ཁུལ་ཡིན་པ་འདྲ། བོད་མི་ཞིག་ལ་ཁྱེད་ཀྱི་བོད་པའི་ལེགས་བྱང་གང་འདྲ་རེད་དམ་ཞེས་དྲིས་ན་གོ་མི་ཐུབ་ལ་ཁྱེད་ཀྱི་བོད་པའི་རིག་གཞུང་གང་འདྲ་རེད་དམ་ཟེར་ན་འཕྲལ་མར་གོ་ཐུབ་པ་རེད།

    ད་དུང་བོད་ཀྱི་དམངས་གཙོ་ཟེར་བའི་བརྗོད་ཚིག་ཚད་ལྡན་གཅིག་ལ་བོད་པའི་མང་གཙོ་ཞེས་བཏགས་ཡོད། དེ་ནི་སྤྱི་ཚོགས་དང་ལོ་རྒྱུས་འཚོ་བཅས་གསུམ་གྱི་ནང་དུ་བཀོད་སྤྱོད་བྱེད་པའི་སྐབས་སུ་དཔེར་ན། སྒྱུ་རྩལ་སྐབས་སུ་བོད་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ལྟ་བུ་ལས་བོད་པའི་མང་ཁྲོད་ཀྱི་སྒྱུ་རྩལ་ཟེར་ན་གོ་རྒྱུ་མེད་ལ་བརྗོད་བདེ་འདྲེན་པ་འང་མེད།

    ཡང་སྐབས་ལ་ལར་དེ་བྱུང་རིག་པ་ཟེར་བ་ཡང་མཐོང་རྒྱུ་ཡོད། དེ་ནི་ཅི་ཞིག་ཟེར་གྱིན་ཡོད་མེད་ངས་ད་དུང་ཤེས་ཀྱི་མེད། ངས་དེ་བྱུང་རིག་པ་ཟེར་བ་དེའི་གོ་དོན་གང་ཡིན་མིན་མི་གཞན་དག་ལའང་སྐད་ཆ་མང་པོ་དྲིས་ཀྱང་ཁོང་ཚོས་ཀྱང་ཤེས་ཀྱིན་མིན་འདུག

    དེ་ལ་སོགས་པའི་མིང་ཚིག་རྟགས་ཅན་མང་པོ་མཐོང་རྒྱུ་ཡོད་ཀྱང་རེ་ཞིག་དེ་ཙམ་ཡིན། ད་ཡང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཟེར་བའི་ཚབ་ཏུ་བདེན་པ་ཉིད་རྒྱལ་རྒྱུར་ཅིག ཅེས་པའི་མིང་ཚིག་ཆོ་མེད་ཅན་ཞིག་གིས་བཙན་གནོན་བྱེད་བཞིན་འདུག

    དེ་ཡང་རྒྱ་གར་བའི་དངུལ་གྱི་ནང་དུའང་བདེན་པ་ཉིད་རྒྱལ་རྒྱུར་ཅིག་ཅེས་བཀོད་ནས་མེས་པོ་གྷན་དྷིས་བདེན་དོན་འཐབ་རྩོད་བྱས་པའི་ལོ་རྒྱུས་ཤིག་ཡོད་པ་འདྲ། ཡིན་ནའང་ང་ཚོ་བོད་ཡུལ་ལམ་གངས་ཅན་ཟེར་བའི་ཡུལ་བྱེ་བྲག་པ་ཞིག་ནས་བྱུང་བའི་མི་རིགས་ཡང་བོད་རིགས་གཅིག་ཡིན་པར་སོང་བོད་ཀྱི་ཕྱི་ནང་སྣོད་བཅུད་གཉིས་དང་འབྲེལ་བའི་མིང་ཚིག་གཅིག་བཀོད་དགོས་པ་ལས་གནའ་བོའི་སངས་རྒྱས་ཆོས་ལུགས་ཀྱི་མིང་ཚིག་གམ་ཡང་ན་གནའ་རབས་རྒྱ་གར་བའི་མིང་ཚིག་དོན་དང་འདྲ་བ་དེ་འདྲ་བཀོད་དགོས་པའི་རྒྱུ་མཚན་ཡེ་ནས་མེད།

    བེདན་པ་གཉིས་ཟེར་ན་དོན་དམ་བདེན་པ་དང་ཀུན་རྗོབ་བདེན་གཉིས་རེད། བདེན་པ་ཉིད་རྒྱལ་རྒྱུར་ཅིག་ཅེས་ན་ནི། རྒྱ་གར་བའི་བདེན་པ་ཉིད། རྒྱ་ནག་གི་བདེན་པ་ཉིད། ཨ་རའི་བདེན་པ་ཉིད། བོད་པའི་བདེན་པ་ཉིད། སུའི་བདེན་པ་ཉིད་སུའི་ཆེད་དུ་རྒྱལ་རྒྱུའི་དོན་རེད་དམ།

    སྔོན་མ་སངས་རྒྱས་ཆོས་ལུགས་ཀྱི་མིང་ཚིག་དབུ་མའི་ལམ་ཟེར་བའི་ཚིག་དེས་བོད་ཕྱི་ནང་གི་བོད་མི་མང་ཆེ་བ་མགོ་རྦད་དེ་འཐོམ་རུ་བཅུག་སོང་ལ་དེ་བཞིན་གྲོས་ཚོགས་ནང་དུའང་ཟམ་དོང་བླ་མས་དབུ་མའི་མཐའ་རྣམ་པ་གཉིས་དང་། མཐའ་རྣམ་པ་བརྒྱད་དང་། མཐའ་རྣམ་པ་བཅུ་དྲུག་སོགས་འགྲེལ་བཤད་བརྒྱབ་ནས་ཚང་མ་མགོ་རྨོངས་སུ་བཅུག་སོང་།

    དེས་རྐྱེན་བྱས་ཏེ་ཨ་ཁུ་ཁྲ་དང་འདྲ་བའི་སྤྱང་གྲུང་ལྡན་པའི་རྒྱ་འདྲེ་དམར་པོ་དེ་ཡང་མགོ་འཐོམ་རུ་བཅུག་ནས་མཐར་ཁྱེད་ཚོས་དེའི་བརྒྱབ་ཏུ་སྦས་པའི་རང་བཙན་དང་། ཕྱེད་རང་བཙན། མངོན་པར་མི་གསལ་བའི་རང་བཙན་འདུག་ཅེས་ཨུ་ཚུགས་བརྒྱབ་ནས་གསལ་བཤད་བྱེད་རུ་བཅུག་སོང་ལ་ད་དུང་ཡང་དེའི་ཐོག་ལ་རྟག་པར་དོགས་པ་ཟ་བཞིན་ཡོད་སྟབས་ག་དུས་ཕར་ཕྱིན་ཀྱང་དོན་དག་གཅིག་ཀྱང་ཡོང་གི་མེད་ཁར་རྒྱ་ནག་གཞུང་གིས་འདི་འདྲ་བཤད་ཀྱིན་འདུག་ད་ཟེར་བའི་ལན་ཡང་གསལ་པོ་ཞིག་ཁྱོན་ནས་འཁྱེར་ཡོང་ཐུབ་ཀྱི་མེད།

    ད་རྗེས་མ་ཡང་བདེན་པ་གཉིས་སམ་བདེན་རྒྱལ་རྒྱུར་ཅིག་ཅེས་བཀོད་འདུག་པས་ད་ཡང་ཡུལ་གྱར་སྲིད་གཞུང་གིས་མགོ་སྐོར་གཏོང་ཆེད་ཡང་སྐྱར་སངས་རྒྱས་ཆོས་ལུགས་དང་རྒྱ་གར་བའི་རང་བཙན་འཐབ་རྩོད་གཉིས་བརྒྱབ་ཏུ་འཁྱེར་ནས་རྒྱལ་རྒྱུ་ཅིག་ཅེས་བཀོད་འདུག་དེ་ཕལ་ཆེར་བོད་རང་བཙན་རྒྱལ་རྒྱུར་ཅིག་ཅེས་དང་བོད་རྒྱལ་རྒྱུར་ཅིག་ཅེས་ཟེར་གྱིན་འདུག སྔོན་མ་ཁོང་ཚོས་གཉིས་ཕན་ཡིན་ཟེར་གྱི་ཡོད་ཀྱང་ད་ཆ་ཁོང་ཚོས་ཡང་བོད་རྒྱུར་ཅིག་ཅེས་བཀོད་འདུག་པས་དེར་བརྟེན་ནས་ང་ཚོ་ཞི་འགྲིག་ཡོང་ཐབས་མེད་ཅེས་ཕལ་ཆེར་བཤད་རྒྱུ་ཐག་ཆོད།

    སེར་སྨད་བློ་དགའི་རྩོ་ཡིག་འདི་བཀླགས་མ་ཐག་ཏུ་བསམས་ཚུལ་ཁ་ཤས་དྲན་ཐོག་དེར་ཞུས་པ་ཡིན།
    དགོངས་པ་ཡག་པོ་བཞེས་རོགས་གནང་།

    Reply
  3. གནས་ཚང་། says:
    ལོ་ 14 སྔོན།

    རྩོམ་ཡག་པོ་ཞེ་དྲག་རེད། ཡིན་ནའི། ཨ་མདོ་ནང་ཁུལ་ད་དུང་ཡང་འཆམ་པོ་བྱུང་གི་མེད་རྟགས་གཅིག་དེ་གོང་གི་བགྲོ་གླེང་ལས་མཐོང་ཐུབ་ཀྱི་འདུག སྐབས་འདིར་གུས་པས་ཁ་བརྡ་དྲ་བ་ལས་མཆན་ཡིག་ཅིག་ལྷན་རྒྱས་སྤྱན་བསྟར་ཞུ་རྒྱུ་ཡིན་ལ། དོགས་པ་ཡོད་རིགས་སེལ་ཐུབ་ཤག་རེད་འདོད།

    ༣༠༽ ལྷ་སྡེ་གནམ་ལོ་ཡག་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༧ གི་ཆུ་ཚོད་ ༡༣ སྐར་མ་ ༠༨
    བགྲོ་གླེང་ལྷུག་པོ་གནང་གི་འདུག དེ་ཧ་ཅང་གི་གལ་ཆེན་རེད་ལ། དོན་ཆེན་ཡང་རེད། ཡིན་ནའང་། རྩོམ་ཡིག་དང་མཆན་སོགས་ཞིབ་ཀློག་བྱེད་ཁོམ་མ་བྱུང་བས། གོང་འཁོད་རྩོམ་ཡིག་དང་མཆན་ཐད་བསམ་ཚུལ་ག་ལེར་བཤད་ཆོག འདིར་ཁ་སང་གྲགས་པ་ལགས་ཀྱིས་ང་ལ་འདྲི་ཚིག་ཅིག་དྲིས་འདུག་པས། དེའི་ལན་འདིར་འགོད་ཀྱི་ཡིན་ལ། ཚང་མས་འདི་ལའང་དོ་སྣང་དང་དགོངས་ཚུལ་གླེང་རོགས་ཞུ།

    གྲགས་པ་ལགས།

    དྲི་བ་བཏོན་པར་ཐུགས་རྗེ་ཆེ།

    ༡ ཀླུ་མཁར་བྱམས་ཀྱིས་དུས་བབ་ནང་མཆན་ཞིག་འདེབས་སྐབས། རྒྱལ་བ་རིན་པོ་ཆེ་ལ༼བླ་རྒན༽ཞེས་པའི་ཚིག་ཅིག་བཀོལ་སོང་ཞེས་སྐྱོན་འཛུགས་བྱེད་ཀྱི་འདུག་མོད། དོན་དངོས་སུ་དེ་འདྲའི་ཚིག་ཅིག་ཀླུ་མཁར་བྱམས་ཀྱི་ངོས་ནས་བྲིས་ཡོད་མེད་བོད་གཞུང་གནད་ཡོད་མི་སྣས་དོན་རྐྱེན་འདིར་གྲོས་བསྡུར་བྱེད་སྐབས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཁུངས་སྐྱེལ་བྱེད་ཐུབ་མི་འདུག

    ཕྱོགས་གཞན་ཞིག་ནས་བཤད་ན། ཕྱི་ལོ ༢༠༠༡ལོར་བཀའ་ཁྲི་ཐད་ཀར་མང་ཚོགས་ཀྱིས་འོས་ཤོག་འཕངས་ནས་འདེམས་མཚམས་རྒྱལ་བ་རིན་པོ་ཆེ་ནས་གསར་འགོད་པར་༼ངོས་གཞོན་སྐྱེས་ཤིག་ལ་རེ་བ་བརྒྱབ་ཡོད་ཀྱང་ཡང་ང་ལྟ་བུའི་བླ་རྒན་མགོ་དཀར་ཞིག་འདེམས་འདུག༽ཅེས་གསུངས་པར་གཞིགས་ན། ༼བླ་རྒན༽ཞེས་པའི་ཚིག་འདིའང་མ་གུས་པའམ་སྨོད་ཚིག་ཅིག་ཡིན་མི་སྲིད་པ་ཞིག་རེད།

    ༢ ཀླུ་མཁར་བྱམས་ཀྱི༼ལ་མོ་ཕར་རྒྱབ་ཚུར་རྒྱབ། ལས་ཀ་རྒྱལ་གཅེས་ཆོས་གཅེས༽ཞེས་པའི་རྩོམ་ཡིག་ནང་ཤུགས་ལྡན་གྱི་སྐོར་བཀོད་ཡོད་པ་རེད་ལ། དེའང་རྒྱ་ནག་གཞུང་གིས་བོད་ལ་སྲིད་ཇུས་འཛིན་བཞིན་པ་ལྟར་རྨེག་མེད་ཀྱི་ལས་སུ་འཇུག་མི་རུང་ཞིང་། གྲོས་མོལ་གྱིས་ཆེན་པོ་ནས་ཆུང་བ། ཆུང་བ་ནས་མེད་པར་གཏོང་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་བྱས་ཡོད་པས། མི་རེ་གཉིས་ཤིག་གིས་དེའང་མ་འགྲིག་པ་ཞིག་ལ་བཤད་ཀྱི་ཡོད་པ་རེད། ཡིན་ནའང་། རྒྱལ་བ་རིན་པོ་ཆེ་ནས་དུས་རབས ༢༡འདི་བཞིན་གྲོས་མོལ་གྱི་དུས་རབས་ཤིག་ལ་ངོས་འཛིན་གནང་བཞིན་པར་ཡོངས་སུ་མཐུན་པ་ཞིག་ཡིན་པས། གཞན་སྟེང་ལ་གྲོས་མོལ་དང་རང་སྟེང་ནས་དྲག་པོ་བྱེད་མི་འོས་པའང་གསལ་བོ་གསལ་རྐྱང་ཆགས་ཡོད།

    ༣ ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་གཞན་གཅིག་གི་ནང་དུ་པཎ་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཕེབས་སྐབས། བོད་མི་ཚོས་དར་ནག་ཕྱར་ནས་ངོ་རྒོལ་བྱས་པའི་སྐོར་བཀོད་ཡོད་པ་རེད་ལ། དེར་གནད་ཡོད་མི་སྣ་རེ་གཉིས་ཤིག་གིས་ངོ་རྒོལ་རིགས་རྩ་བ་ནས་བྱུང་མེད་ཚུལ་བསྒྲུབ་བཞིན་པའི་ཁར་ཀླུ་མཁར་བྱམས་ཁྲིམས་ལ་གཏུགས་ཀྱི་ཡིན་ཟེར་གྱི་ཡོད་པ་རེད། འོན་ཀྱང་། སྐུ་ངོ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་པེ་ཅིན་ནས་པཎ་ཆེན་རིན་པོ་ཆེ་ལ་བལ་ཡུལ་དུ་བྱུང་བའི་དོན་རྐྱེན་ཐད་རང་གཞན་གཉིས་ལ་བློ་ཕམ་ཡོད་ཚུལ་དང་། དེང་ཕྱིན་རིན་པོ་ཆེ་ནས་བོད་རྒྱ་ཁོངས་རེད་ཅེས་མ་གསུངས་རོགས་ཞེས་ཞུས་ཡོད་པས། དོན་ལ་དོན་རྐྱེན་འདིའང་གསལ་བོ་ཆགས་ཟིན་པ་རེད།

    གནས་སྐབས་བདེ་མོ། དྲི་བ་ཡོད་ན་འདྲི་རྐྱང་གནང་རོགས།

    Reply
  4. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    ༡༽ སྤྱན་རས་གཟིགས་ཁྲིམས་སྒོར་ཤོང་མི་ཤོང་གི་སྐད་ཆ་འདི་ཁྱོད་གཅིག་པུའི་བསམ་ཚུལ་རེད། ཡང་གཅིག་བཤད་ན་སྤྱན་རས་གཟིགས་དང་༸གོང་ས་མཆོག་གཉིས་གཅིག་པ་མ་རེད། དེ་བས་འུ་ཚོའི་མིའི་ཁྲིམས་ནང་ལ་དེ་གླེང་ནས་ཅི་བྱེད།
    ༢༽དགའ་ལྡན་ཕོ་བྲང་ལོ་རྒྱུས་ཀྱི་ངོས་ནས་དགེ་ལུགས་པ་ཁོ་ནའི་གཞུང་ཆགས་ཀྱིན་མེད་ཚུལ་ངས་སྔ་ས་ནས་གླེང་ཚར། ཁྱོད་ཀྱིས་མ་མཐོང་བ་འདྲ།
    ༣༽མ་འོངས་པ་ཟེར་བ་ནམ་ཡང་གོར་གོར་རམ་གྲུ་བཞི་ཁོ་ན་ཞིག་མ་རེད། ལྷག་པར་འཛམ་གླིང་གི་མ་འོངས་པ་ནི་མི་རིགས་སྒེར་ཚུགས་ཅན་དང་རྒྱལ་ཁབ་ཟུར་སྡོད་ཀྱི་རྣམ་པ་ལས་གོ་ལ་གཅིག་གྱུར་གྱི་ཁྱིམ་ཚང་ཆེན་པོར་ཕྱོགས་ཡོད་པས། ངས་གཡག་སྣ་ཁུ་ཚུར་བྱེད་འདོད་མེད།
    ༤༽བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཅེས་ཁ་གསལ་བས་འབྱུང་འགྱུར་སྐུ་ཕྲེང་ཞིག་བཅའ་ཁྲིམས་ཀྱི་དོན་ཚན་གང་ན་ཡང་འཛུལ་ས་མི་འདུག ནན་ཏན་གྱིས།
    ༥༽ངས་མང་གཙོ་ཡང་དག་མིན་སྐོར་ཅང་བཤད་མེད། ང་ཚོའི་ཚད་མའི་སྐྱེས་བུས་གསུངས་པ་མི་འགྲིགས་ན། ཁྱོད་ཀྱི་ཚད་མའི་སྐྱེས་བུས་ཅི་གསུངས་ཡོད། ངས་མང་གཙོའི་གཞི་རྩའི་ཐོབ་ཐང་སྨྲ་བརྗོད་རང་དབང་འདུག་ཚུལ་ཙམ་བཤད་ཡོད། ཡང་བསྐྱར་ལྟོས།
    ༦༽ཁྱོད་༸གོང་ས་མཆོག་གི་ཁ་ལ་མི་ཉན་མཁན་དང་མི་བརྩི་མཁན་ཞིག་ཡིན་པ་ཚང་མས་ཤེས་ཡོད། དད་པ་ཡོད་མེད་ང་ལ་ཁྱད་པར་གང་ཡང་མེད། དྲིན་ཆེན་ལ་དྲིན་ལན་དང་གཡང་ལ་ལ་རྡོ་ཁ་བྱས་ན་རང་ལ་གནོད་ཅིང་གཞན་ལ་མི་ཕན།
    བཀུར་འོས་པ་ལ་བཀུར་སྲོལ་ཞིག་ཡོད་པ་རེད། གལ་ཏེ་ཁྱོད་ཀྱིས་མཐོ་རྒྱག་དམའ་རྒྱག་མང་པོ་བྱས་མེད་ན་ཁྱོད་སྤྱི་འཐུས་སུ་སླེབས་ཡོད་ངེས། མི་ལ་བསྟུན་མ་ཤེས་ན་མི་དོན་སྒྲུབ་མི་ཐུབ། གནས་ལུགས་འདི་ཁྱོད་ཀྱིས་གཞི་ནས་ཤེས་ཀྱིན་ཡོད་པ་འདྲ། གལ་ཏེ་ཁྱོད་རང་སྲིད་དོན་པ་ཞིག་བྱེད་འདུན་ཡོད་ན་བཀའ་ཁྲི་གསར་པ་ལ་མིག་དཔེ་ལྟོས། ཁྱོད་དྲང་མོ་འདྲ་ཞིག་ཡིན་པས་ངས་ཀྱང་དྲང་བཤད་བྱས་པའི་ཁུལ་ཡིན། གལ་ཏེ་ཁྱོད་དེ་འདྲ་ཞིག་མིན་ན་འཚིག་པ་མ་ཟ།
    གང་ལྟར་ངས་ཁྱོད་དང་བསམ་ཚུལ་གླེང་འདོད་ཆེ། ཁྱོད་འདི་གཅིག་བྱས་ན་མྱི་ལྟང་སྐྱིད་པོ་ཞིག་ཡིན་པ་འདྲ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༢༠༡༡་༣་༡༤ནས་བཟུང་༸གོང་ས་མཆོག་ལ་འབྱུང་འགྱུར་ཆབ་སྲིད་སྐོར་ལ་ཟུར་ཟ་ཕྱ་དམོད་བྱ་རྒྱུའི་ཐོབ་ཐང་བོད་སུ་གང་ལ་ཡང་ཡོད་མ་རེད་སྙམ་ལགས།

    Reply
  6. བོད་པ་ says:
    ལོ་ 14 སྔོན།

    ཀླུ་བྱམས་ལགས།
    བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་ཟེར་བ་འདི་ཆོས་ཕྱོགས་ཙམ་མ་ཡིན་པར་བོད་བཙན་པོའི་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཞིག་རེད་། སྲོང་བཙན་ནས་བཟུང་བཙན་པོ་ལྷ་རུ་བཀུར་བའི་འདུ་ཤེས་ཀྱི་སྙིང་སྟོབས་ལས་ལྷ་དམག་བྱེ་བས་སུམ་གཉིས་ས་ལ་དབང་བསྒྱུར་བ་མ་རེད་དམ། ཐབས་བཅོས་དེ་ནི་ཨ་རིས་ལྷའི་བདེན་པའི་ནུས་མཐུ་དཔུང་ལ་ཤེར་ནས་དམར་ཕྱོགས་ཀྱི་གྲང་དམག་ལས་རྒྱལ་བ་དང་འདྲ་བོ་མི་འདུག་གམ། སྤྱིར་ཁོང་སྤྱན་རས་གཟིགས་ཡིན་མིན་ནི་དད་པ་ཡོད་མེད་ཀྱི་སྐད་ཆ་ཞིག་མ་རེད། བོད་མི་རྣམས་གཅིག་སྒྲིལ་དང་བོད་མིའི་སྙིང་སྟོབས་ལ་ངར་ཁ་ལྡུད་པའི་ཐབས་བཅོས་ཤིག་རེད། འདི་མང་གཙོའི་རྒྱལ་ཁབ་ཚང་མའི་ནང་གི་དམངས་ཀྱི་བསམ་བློ་གཞིར་གཞག་བྱས་པའི་མང་གཙོའི་་རྣོ་ངར་གྱི་མཚོན་ཆ་ཞིག་རེད།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སྐུ་སྐྱིད་ཧམ་པ་ཤོད། རྐུ་མ་རྐུས། འཇག་པ་རྒྱོབས། མི་གསོད། འོན་ཀྱང་བོད་རིགས་གཅིག་གིས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ལ་ཁ་མ་གཏོང་ཞུ་རྒྱུ་ལས་ང་ལ་ཅང་ལྷག་མི་འདུག་ལགས།

    Reply
  8. ཀླུ་མཁར་བྱམས། says:
    ལོ་ 14 སྔོན།

    དྲ་གྲོགས་ལྷ་མོ་དོན་འགྲུབ་ལགས། དབུག་པ་ཁྱེར་ནས་རྡུང་གི་ཡིན་ན་ང་དེ་ཚོའི་ཐག་ཉེ་སར་བཅར་རྒྱུ་བློ་ཁོག་མེད། འོན་ཀྱང་སྨྱུ་གུ་བཟུང་ནས་བགྲོ་གླེང་རྩིས་ཡིན་ན། ཚིག་ལན་ཚིག་གིས་ལོས་འཇལ།
    མ་གཞི་འུ་ཚོས་མིའི་སྐྱོན་མཐོང་ན་སྐྱོན་བརྗོད་བྱེད་ཆོག་ལ། སྐྱོན་བརྗོད་ནི་སྐྱོན་བརྗོད་ཁ་ནའི་ཆེད་དུ་མ་ཡིན་པར། གཞན་གྱི་སྐྱོན་འདོན་པ་དང་མཉམ་དུ་རང་ལུགས་ཀྱང་འཇོག་དགོས་ནི་རེད། མ་གཏོག་ལྟ་གྲུབ་རང་བཞིན་གྱི་ཚོད་གཞིའི་ཐད་མི་ལ་ཁ་མིང་སྣང་བཏགས་བསྡད་ན་ཡོང་རྒྱུ་རྐང་གཅིག་ཡོད་པ་མ་རེད། སོང་ཙམ་ཁྱོད་ཀྱི་སྐྱོན་བརྗོད་འདི་གཞི་རྩའི་བསམ་ཚུལ་གྱི་ཁོངས་སུ་གཏོག་པའི་ན། དེར་ངས་སླར་ཡང་གསལ་བཤད་འགའ་བྱེད་མདུན་བྱུང་།

    ༡༽ ཐོག་མར་ང་ཚོའི་སྣང་ངོར་གྲུབ་པའི་སྤྱན་རས་གཟིགས་ལབ་ན་ལྷ་ཡིན་སྟབས་མིའི་ཁྲིམས་སྒོར་མི་ཤོངས་བ་དང་། ༸གོང་ས་མཆོག་མི་ཡིན་སྟབས་ཁྲིམས་སྒོར་ཤོངས་དང་ཤོགས། འདི་གཉིས་ཀྱི་ས་མཚམས་ཁྱེད་ཀྱིས་ནོར་བ་ལས་ང་ནོར་མེད།
    ༢༽ དགའ་ལྡན་ཕོ་བྲང་དགེ་ལུགས་པའི་གཞུང་ཡིན་པར་བཤད་མཁན་ང་མིན། གཅིག་ནས་ལོ་རྒྱུས་ཡིན། གཉིས་ནས་སྐུ་མདུན་རང་ཡིན། ཁྱེད་ལ་བསམ་འཆར་ཡོད་ན་ཡར་ཞུ་རུ་སོང་།
    ༣༽ མ་འོངས་བར་མགོ་རྒྱ་ལ་མ་བཏེག་པར་འགྲོ་ས་མེད་པ་དེ་ཁྱེད་དང་ཁྱེད་ཚོའི་ངོར་གྲུབ་ཡོད་མོད། ང་དང་ང་ཚོས་གཏན་ནས་ཁེ་མི་ལེན།
    ༤༽ ཏྰ་ལའི་བླ་མའི་མཚན་གནས་བཅའ་ཁྲིམས་ནང་འཁོད་རྒྱུ་འདི་ཏྰ་ལའི་བླ་མ་སྐུ་ཐོག་འདིའི་གནད་དོན་ཞིག་མ་རེད། དེ་ནི་སྐུ་རབས་རིམ་བྱོན་གྱི་སྐད་ཆ་ཤིག་རེད། ཏྰ་ལའི་བླ་མ་སྐུ་ཐོག་འདི་བ་རང་གི་ཤེས་འཇོན་ལ་བརྟེན་ནས་གྲུབ་མཐའ་རུས་མེད་ཀྱིས་བཀུ་བསྟི་བྱེད་ཡུལ་ཅིག་ཡིན་མོད། སྐུ་ཕྲེང་རྗེས་མ་རྣམས་འདི་ནོ་རྐྱང་རྐྱང་ཡོང་ནི་མ་རེད། དེ་དུས་བླ་བྲང་དགའ་ལྡན་པོ་བྲང་ནི་དགེ་ལུགས་པའི་བླ་བྲང་ཞིག་དང་། ཏཱ་ལའི་བླ་མའང་དགེ་ལུགས་པའི་བླ་སྤྲུལ་ཞིག་རེད།
    ༥ ༽དམངས་གཙོ་ཡང་དག་ཆགས་ཡོད་མེད་སྤྱི་ཚོགས་ཀྱི་ངོ་གདོང་ཙམ་ལ་བལྟ་མི་ཉན། ཆགས་ཡོད་ས་བཤད་ན་ཡོད་ལ། མེད་ས་བཤད་ན་མེད། འོ་ན་ཁྱེད་ཅག་གི་ཚད་མའི་སྐྱེ་བུ་༸གོང་ས་མཆོག་གིས་ཀྱང་དམངས་གཙོའི་ཆ་ལགས་ཡོངས་སུ་རྫོགས་པ་ཞིག་ཡོང་ཆེད་བཅའ་ཁྲིམས་པ་འགྱུར་བ་གཏོང་དགོས་སྐོར་གསུངས་བ་ཨེ་གོ་ཐལ།
    ༦༽ངས་བླ་རྒན་ཡིན་ན་ཅིག་བྲིས་འདུག་ཟེར། དེ་བས་ང་དད་པ་མེད་མཁན་ལ་སྒྲུབ། ཡང་ངས་རྒྱལ་ཐམས་ཅན་མཁྱེན་པ་བྲིས་འདུག དེ་བས་ང་དད་པ་ཡོད་མཁན་ལ་སྒྲུབ། དེ་ནི་སྒྲུབ་མཁན་ཚོས་རྣམ་རྟོགས་རེད་མ་གཏོག་ངའི་སེམས་འགྱུ་རྟོགས་པའི་དན་རྟགས་ག་ལ་ཡིན། ངས་ཁྱོད་ཚོར་ཁ་གསེངས་ན། ང་ནི་༸གོང་ས་མཆོག་གི་གསུངས་ཚུལ་པོ་སྒྲ་ཅི་བཞིན་དུ་དད་མཁན་ཞིག་དང་བརྩི་མཁན་ཞིག་མིན། དཔེར་ན། རང་བཙན་དང་ལམ་དབུ་མ་ལྟ་བུ་རེད། འོན་ཀྱང་། ཁོང་བགྲོས་ཡོད་ལ་ཕེབས་རྒྱུའི་ཐུགས་འདུན་འདིར་ང་བརྒྱ་ཆ་བརྒྱ་ཐམ་པ་བརྒྱབ་སྐྱོར་ཡོད། མདོར་ན་༸གོང་ས་མཆོག་དང་ངེད་གཉིས་ཀྱི་བར་མཚམས་འདི་འདྲ་ཞིག་ཡིན༌༌༌༌༌༌༌༌༌

    Reply
  9. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    ཁྱོད་ཀྱིས་རང་གི་ས་ནས་འགན་ཞིག་ཁུར་ནས་སྐད་རེ་རྒྱག་པ་འདི་མང་གཙོའི་འོས་འགན་ཞིག་ལོས་ཡིན། མང་པོ་ཞིག་གི་རྣ་བར་གཟན་མོད་དོན་ཕན་ཡང་མེད་པ་ཞིག་མ་རེད། བསམ་ཚུལ་མི་མཐུན་པ་འགའ་ཡོད་དེ།
    གཅིག སྤྱན་རས་གཟིགས་ཁྲིམས་སྒོར་ཤོང་མིན་གྱིས་ཅི་བྱ། ང་ཚོའི་༸གོང་ས་མཆོག་དང་ཁྱོད་ཀྱི་བླ་རྒན། ཡང་ན་ཨ་མའི་བུ་ཞིག་ཡིན་པས་ཁྲིམས་སྒོར་ཤོང་ངེས།
    གཉིས། སྔར་གྱི་བོད་རྒྱལ་ཁབ་དེང་སང་མེད། མ་འོངས་པར་ཀྲུང་གོའི་མངའ་ཁོངས་སུ་སྡོད་དགོས་ཆགས་པའམ་སྡོད་རྒྱུ་གཏན་འཁེལ་ན། ད་དུང་མིང་སྐམ་པོ་ཞིག་ཞེན་ཆགས་རྒྱུ་ཡིན་ནམ།
    གསུམ། བོད་མི་མང་ངོས་ནས་གསར་བརྗེ་དང་དཀའ་སྤྱད་ཀྱིས་དམངས་གཙོ་བརྩོན་ལེན་བྱས་པ་གང་ཡང་མེད་པ་ཤིན་ཏུ་བདེན། ཁོང་གི་ལམ་སྟོན་འོག་རིམ་པས་ཁྱོད་དང་ང་འདྲ་བའི་དམངས་གཙོ་དོན་གཉེར་རེ་འབྱུང་གིན་ཡོད་ཀྱང་བྱས་པའི་རྗེས་ཆུང་བས་གླེང་རིན་ཅང་མེད།
    བཞི། དགེ་ལུགས་པའི་ཞེ་འདོད་འབུར་གཟུགས་སུ་འདོན་ཐབས་ཟེར་བ་སོགས་ཉོག་བཤད་ཤ་སྟག་རེད། ད་ལྟ་བསྐྱར་བཅོས་བཅའ་ཁྲིམས་ཀྱི་ཟིན་བྲིས་མང་ཚོགས་ཀྱི་ལག་ལ་འཇོག་གི་ཡོད་པས། དོན་ཚན་གང་དང་གང་ནས་དགེ་ལུགས་པའི་ཕྱོགས་ཆགས་ཚུལ་ཐེར་འདོན་བཟོ་བཅོས་བྱོས།
    ལྔ། ཏཱ་ལའི་བླ་མ་ནི་བོད་མིའི་མགོན་སྐྱབས་དང་དབུ་ཁྲིད་བླ་མེད་ཡིན་ཚུལ་ཁྲིམས་དང་སྲོལ་གཉིས་ནས་གྲུབ་ཡོད་ན། དེ་ལ་ཆེ་མཐོང་དང་མཚན་གནས་འགའ་ཁྲིམས་སུ་འགོད་རྒྱུ་དེར་དགེ་ལུགས་པའི་ཕྱོགས་ཞེན་ཟེར་ན། ད་དྲང་བདེན་ཟེར་བ་ཞིག་མེད་ཐག་ཆོད།
    དྲུག དེང་སང་མང་གཙོའི་དྲིན་ལ་ང་དང་ཁྱོད་འདྲ་བ་མང་པོས་་་མི་སྐད་་ཁྱི་སྐད་་་སྣ་ཚོགས་རྒྱག་ཆོག་གི ད་དུང་ཀུན་སྙོམས་རང་བཞིན་ཅན་མིན་ནམ།
    བདུན། དེང་སང་ཁྱོད་ཀྱིས་་༸རྒྱལ་དབང་ཐམས་ཅད་མཁྱེན་པ་་་ཞེས་མཚན་འབོད་གནང་བ་འདི་ཁ་ཙམ་མིན་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese