མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་པ་ཡང་བསྐྱར་བསྐོ་མིན་མི་མང་གི་ལག་ཏུ་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་ཁོང་གི་སྐུ་དབང་ཡོད་ཚད་མི་མང་གིས་བདམས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་དག་ལ་བགོ་བཤའ་རྒྱག་དགོས་པའི་གསུང་འཕྲིན་བསྩལ་བ་ལྟར། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་བཏོན་པའི་སྙན་ཐོ་དེ་འགྲེམས་སྤེལ་བྱས་རྗེས། མི་མང་ནང་གླེང་སློང་དང་དོགས་པ་སྣ་ཚོགས་ཤིག་ཡོང་གི་ཡོད་པའི་གནད་དོན་ཁག་ཅིག་གི་ཐད། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་བྱས་ཡོད།

 

དྲི་བ། བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་གྲུབ་ཆ་དང་ལས་རིམ་གྱི་ཐད་ནས་གསལ་བཤད་སྙིང་བསྡུས་ཤིག་གནང་རོགས།

ལན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་སྐབས་ ༡༡ པའི་ཐོག་གི་གྲོས་ཆོད་བཞག་པ་ལྟར། ཚོགས་གཙོ་སྦྲེལ་པོ་གཉིས་དང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས། སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས་བཅས་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བཙུགས་པ་རེད། ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ནས་ཕྱི་ཟླ་ ༤ ཚེས་ ༡༡ པར་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་དོན་ཚན་རེ་རེ་བཞིན་ཞིབ་བསྡུར་བྱས་ཏེ་སྔོན་མའི་ཟིན་བྲིས་ལ་སྣོན་འཕྲི་སྤོར་གཅོག་དང་། ལྷག་པར་དུ་ཁྲིམས་ལུགས་མཁས་དབང་གདན་འདྲེན་གྱིས་ལམ་སྟོན་ཞུས་ཏེ། ད་ལྟ་བཀྲམས་ཟིན་པའི་ཟིན་བྲིས་དེ་གྲུབ་པ་རེད། དེའང་ལས་འཆར་ཚོགས་ཆུང་གི་སྙན་ཐོའི་ནང་གང་འཁོད་པ་དེར་གྲོས་ཚོགས་འཐུས་མིའི་མང་མོས་རྒྱབ་སྐྱོར་བྱུང་བ་གཞིར་བཟུང་། བཅའ་ཁྲིམས་བསྐྱར་བཅོས་ཟུར་འཛར་དང་པོ་གཞིར་བྱས་ཏེ་བཟོས་ཡོད། དེའི་ནང་སྔོན་གླེང་དང་དོན་ཚན་དང་པོ་གསར་འཇུག་བྱས་ཡོད་པ་དེ་ཟིན་བྲིས་གཉིས་ཀའི་ནང་གཅིག་གྱུར་རེད། ཡིན་ནའང་། རྒྱལ་ཁབ་ཀྱི་དབུ་ཁྲིད་ཅིག་མི་དགོས་པའི་ཐོག་ནས།  ༸གོང་ས་མཆོག་གི་སྐུ་དབང་དང་མཛད་འགན་གང་ཡོད་པ་དག  དམངས་གཙོའི་ཀ་བ་གསུམ་ལ་བགོ་བཤའ་བརྒྱབ་སྟེ་བཟོས་པ་དེར་མང་མོས་བྱུང་བ་རེད། གཉིས་པ།  མི་རིགས་ཀྱི་འགན་འཛིན་ཞིག་དགོས་པའི་ཆ་རྐྱེན་འོག བཅའ་ཁྲིམས་དོན་ཚན་ ༡༩ པའི་ནང་གི་༸གོང་ས་མཆོག་གི་སྐུ་དབང་དེ་དག  མི་རིགས་འགན་འཛིན་དང་བཀའ་བློན་ཁྲི་པ། སྤྱི་འཐུས་ཚོགས་གཙོ་བཅས་ལ་བགོ་བཤའ་རྒྱག་རྒྱུའི་ཟིན་བྲིས་གཉིས་པ་ཞིག་བཟོས་ཡོད་པ་རེད། ད་ལྟ་མི་མང་ལ་བཀྲམས་ཡོད་པ་དེ་ནི་ཟུར་འཛར་དང་པོའི་ནང་ཡོད་པ་དེ་དག་དང་། ལྷག་པར་དུ་༸གོང་ས་མཆོག་གི་གསུང་འཕྲིན་དང་གྲོས་ཚོགས་ནང་ལ་བགྲོ་གླེང་བྱུང་བའི་གནད་དོན་ཁག་ལ་གཞི་བཅོལ་བའི་ཐོག་ནས།  འགྱུར་བ་ཕྱིན་པའི་རིགས་ཟུར་དུ་བཏོན་ཞིང་། མི་མང་ལ་གཟིགས་བདེ་བའི་ཆེད་དུ་ཟུར་འཛར་གསུམ་པ་ཞིག་བཟོས་ཏེ།  ཕྱི་ཟླ་ ༤ པའི་ཚེས་ ༡༡ ཉིན་ཚོགས་དྲུང་ལས་ཁུངས་ལ་གཏན་འབེབས་དུས་ཚོད་ལྟར་ཕུལ་པ་དེ་རེད། 

 

དྲི་བ། དགོས་པ་རྒྱུ་མཚན་གང་དག་ལ་བརྟེན་ནས་གྲོས་ཚོགས་ཀྱི་ཁྲིམས་འཆར་དག་ཁྲིམས་ཀྱི་ངོ་བོ་ཆགས་པར་སྤྱི་འཐུས་ཚོགས་གཙོས་ཚད་འཛིན་མིང་རྟགས་འགོད་དགོས་པ་བཟོས་པ་ཡིན་ནམ།

ལན། ད་ལྟའི་བར་ཁྲིམས་བཟོ་རྒྱུ་དེ་སྤྱི་འཐུས་ལྷན་ཁང་ནས་བཟོ་བཞིན་ཡོད་པ་དང་། སྤྱི་འཐུས་ལྷན་ཁང་ནས་གཏན་འབེབས་བྱས་པའི་ཁྲིམས་འཆར་དེ་ཁྲིམས་ཀྱི་ངོ་བོར་འགྲོ་བར་༸གོང་ས་མཆོག་གིས་མཚན་རྟགས་བསྐྱོན་དགོས་ཀྱི་ཡོད།  མ་འོངས་པར་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅིག་མེད་པའི་གནས་སྟངས་འོག་གདམ་ཀ་གསུམ་མ་གཏོགས་ཡོད་པ་མ་རེད། ཁྲིམས་འཆར་ཁྲིམས་སུ་འགྲོ་རྒྱུར་མཚན་རྟགས་འགོད་མཁན་དེ་ཁྲིམས་ཞིབ་པ་ཆེ་བ་དང་། བཀའ་བློན་ཁྲི་པ། སྤྱི་འཐུས་ཚོགས་གཙོ་གང་རུང་ཞིག་ཆགས་དགོས་པ་རེད།  ཁྲིམས་ཞིབ་པ་ཆེ་བས་མཚན་རྟགས་སྐྱོན་པ་ཡིན་ན། མ་འོངས་པར་ཁྲིམས་གཏན་འབེབས་བྱེད་སྟངས་དང་ཁྲིམས་ཀྱི་ཚིག་དོན་ལ་འགྲེལ་བཤད་རྒྱག་སྟངས་མ་འདྲ་བ་བྱུང་སྐབས། རང་བཙན་རྒྱལ་ཁབ་ཁག་ཅིག་ནང་བཅའ་ཁྲིམས་ཀྱི་ཁྲིམས་ཁང་ཟེར་ནས་ཟུར་དུ་འགྲེལ་བརྗོད་པ་ཡོད་ཀྱང་། རྒྱ་གར་དང་ང་ཚོར་མཚོན་ན་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་འགྲེལ་བརྗོད་མ་འདྲ་བ་ཡོང་སྐབས། ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་དགོས་ཀྱི་ཡོད། ཁྲིམས་འཆར་ཞིག་ཁྲིམས་ཀྱི་ངོ་བོར་འགྲོ་རྒྱུར་མཚན་རྟགས་སྐྱོན་མཁན་དང་ཁྲིམས་ཐག་གཅོད་མཁན་གཉིས་ཆ་ཁྲིམས་ཞིབ་པ་ཆགས་པ་ཡིན་ན། དེ་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད། གཉིས་པ། བཀའ་བློན་ཁྲི་པའི་མཚན་རྟགས་སྐྱོན་ན་གང་འདྲ་ཡོང་མིན་དེ་རེད།  ཁྲིམས་གཏན་འབེབས་སྐབས་གྲོས་ཚོགས་ནང་བཀའ་བློན་ཁྲི་པ་ཡོད་པ་མ་ཟད། བཀའ་ཤག་གིས་ཁྲིམས་འཆར་འཁྱེར་ཡོང་ཆོག་གི་རེད་ལ། དེ་ལ་བགྲོ་གླེང་གི་ཆ་ཤས་ཆ་ཚང་ལེན་ཆོག་གི་ཡོད། དེ་འདྲ་ཞིག་ལ་གྲོས་ཚོགས་ནས་གཏན་འབེབས་བྱས་ཏེ། བཀའ་བློན་ཁྲི་པས་མཚན་རྟགས་སྐྱོན་པ་ཡིན་ན། ཁྲིམས་འཆར་དེར་བསྐྱར་སློག་བྱེད་པའི་ཆ་རྐྱེན་ཡོད་སྟབས་བཀའ་བློན་ཁྲི་པས་ཁྲིམས་འཆར་བསྐྱར་སློག་བྱས་པ་ཡིན་ན། གྲོས་ཚོགས་དང་བཀའ་ཤག་བར་འགལ་ཟླ་ཤུགས་ཆེན་པོ་ཞིག་ཡོང་སྲིད་པ་རེད།  སི་ཝེ་ཌེན་སོགས་འཛམ་གླིང་རྒྱལ་ཁབ་ཁ་ཤས་ནང་གྲོས་ཚོགས་ཀྱི་ཁྲིམས་འཆར་ཁྲིམས་སུ་བཅས་པར་གྲོས་ཚོགས་ཚོགས་གཙོས་མཚན་རྟགས་སྐྱོན་གྱི་ཡོད་པ་རེད། དེ་ལྟར་བྱས་ན། ཁྲིམས་འཆར་བསྐྱར་སློག་བྱེད་པའི་ཆ་རྐྱེན་དེ་མེད་པ་ཆགས་འགྲོ་བ་རེད། གལ་སྲིད་བསྐྱར་སློག་གི་ཆ་རྐྱེན་ཡོད་པའི་དབང་དུ་བཏང་ཡང་། རྒྱ་གར་ལྟ་བུར་མཚོན་ན། སྲིད་འཛིན་གྱིས་ཐེངས་གཅིག་ལ་བསྐྱར་སློག་བྱ་ཆོག་གི་རེད། གྲོས་ཚོགས་ཀྱིས་ཡང་བསྐྱར་དེ་ག་རང་གཏན་འབེབས་བྱས་པ་ཡིན་ན།  དེ་བསྐྱར་དུ་བསྐྱར་སློག་གི་ལམ་ཁ་ཡོད་པ་མ་རེད། དེ་བརྟེན། དམིགས་བསལ་གྱི་འགལ་ཟླ་དེ་འདྲ་ཆགས་ཀྱི་ཡོད་པ་མ་རེད།

 

དྲི་བ། བཅའ་ཁྲིམས་ནང་སྔར་ཡོད་ཀྱི་ཚིག་བརྗོད་ལས་བཙན་བྱོལ་བོད་གཞུང་གི་ཚབ་ཏུ། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་བསྒྱུར་དགོས་དོན་གང་ལ་ཐུག་ཡོད་དམ།  

ལན། འགྱུར་བ་གཙོ་བོ་དེ་བཙན་བྱོལ་བོད་གཞུང་དེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་བ་དེ་རེད། དེ་དང་འབྲེལ་བའི་ཐོག་ནས་ཚིག་བརྗོད་གཞན་དག་ལའང་འགྱུར་བ་ཕྱིན་པ་རེད། ང་ཚོ་བཙན་བྱོལ་ལ་བསླེབས་པ་ནས་བཟུང་བཙན་བྱོལ་བོད་གཞུང་དང་བཀའ་ཤག་གི་ཡིག་ཆའི་ནང་། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་བེད་སྤྱོད་བཏང་ཡོད། ཡིན་ནའང་། བཅའ་ཁྲིམས་ནང་ལ་ད་ལྟའི་བར་དུ་བཙན་བྱོལ་བོད་གཞུང་ཞེས་འཁོད་བསྡད་ཡོད་པ་རེད།  བོད་ཟླ་ ༡ ཚེས་ ༡༥ ཉིན་ ༸གོང་ས་མཆོག་གི་གསུང་ཆོས་ཤིག་དང་འབྲེལ་ཏེ་མང་ཚོགས་ལ་བཀའ་སློབ་ཅིག་གནང་བའི་ནང་། ང་ཚོས་ངོས་ནས་བཙན་བྱོལ་བོད་གཞུང་༼government༽ཞེས་ལབ་ཀྱི་མེད་པར། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་༼ Central Tibetan Administration ༽ཞེས་ལབ་ཀྱི་ཡོད་པ་དང་།  བོད་པའི་ཚིག་གི་ནང་གཞུང་ཟེར་བ་ལ་གོ་དོན་འདྲ་མི་འདྲ་མང་པོ་ཞིག་ཡོད་པས། མཐའ་གཅིག་ཏུ་༼ government ༽ལ་གོ་མི་དགོས་པའི་བཀའ་སློབ་ཅིག་གནང་ཡོད་པ་རེད། གཉིས་པ། གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་བཀའ་བློན་ཁྲི་པས་གྲོས་ཚོགས་ནང་ལ་གསལ་བཤད་ཅིག་གནང་ཡོད་པའི་ནང་།  དེང་སང་རྒྱ་ནག་གི་བརྒྱུད་སྐུལ་དང་ཡང་ན་ཡུལ་མི་སོ་སོའི་རང་མོས་ཀྱི་ཐོག་ནས་ཡིན་མིན་གང་ལྟར་ཀྱང་། བོད་པའི་དར་ཆ་སྒྲེངས་བ་དང་འབྲེལ་བའི་ཐོག་ནས། བཙན་བྱོལ་གཞུང་ཞེས་པ་དེ་འགྲིག་མིན་ཐད་གནས་ཚུལ་མང་པོ་ཞིག་ཡོང་བཞིན་ཡོད་པ་དང་། ལྷག་པར་དུ་ཁྲིམས་ལ་གཏུགས་བཞག་པའི་གནས་ཚུལ་ཡང་ཡོང་གི་ཡོད་པ་རེད། དེའི་ཐད། རྒྱ་གར་གཞུང་གི་ངོས་ནས་དགག་བྱ་བཏོན་བཞག་པ་དེ་འདྲ་ཡོད་པ་མ་རེད། 

 ཡིན་ནའང་། སྔོན་མ་ང་ཚོ་བཙན་བྱོལ་ལ་བསླེབས་པའི་སྐབས་སུ། རྒྱ་གར་སྲིད་བློན་དང་པོ་ནེ་རུ་ཡིས་བཙན་བྱོལ་གཞུང་ཞེས་ལབ་ན་ཏག་ཏག་བསྡད་ས་མ་རེད་ཅེས་པའི་དགོངས་ཚུལ་ཞིག་གསུངས་ཡོད་པ་རེད།  ད་ལྟའི་གནས་སྐབས་ལ་ཁྲིམས་ལ་གཏུག་མཁན་གྱི་གནས་ཚུལ་ཁ་ཤས་ཡོང་གི་འདུག  དེ་བཞིན། རྒྱ་གར་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་ཁག་ཅིག་གིས་ཀྱང་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་གྱི་གྲོས་ཚོགས་ཞེས་མིང་བཏགས་པ་ཡིན་ན། རྒྱ་དཀར་ནག་གཉིས་ཀྱི་གྲོས་མཐུན་ཡིག་ཆ་དེ་ཚོ་དང་འགལ་བསྡད་ཡོད་པའི་སྐོར་གྱི་བསམ་ཚུལ་ཤུགས་ཆེན་པོ་གསར་འགོད་བརྒྱུད་ལམ་ཁག་ནང་ཐོན་བསྡད་ཡོད། དེར་བརྟེན། མ་འོངས་པར་ཁྲིམས་ཁང་ཞིག་ནས་བཙན་བྱོལ་གཞུང་ཞེས་བེད་སྤྱོད་གཏོང་ཆོག་གི་མ་རེད་ཅེས་བཤད་པ་ཡིན་ན།  སྐབས་དེར་རང་བཞིན་གྱིས་དཀའ་ངལ་ཞིག་འཕྲད་ཡོང་གི་རེད།  དེར་མ་ཟད། བཀའ་ཁྲི་མཆོག་གིས་གྲོས་ཚོགས་ནང་འགྲེལ་བཤད་སྐྱོན་པའི་ནང་། གནད་དོན་གཞན་ཞིག་ནི་རྒྱ་ནག་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོར་བོད་དོན་དང་འབྲེལ་བའི་སྐད་ཆ་བཤད་སྐབས། ཁྱེད་ཚོས་༸རྒྱལ་བ་རིན་པོ་ཆེར་རྒྱབ་སྐྱོར་བྱས་པ་ཡིན་ན་ཁ་བྲལ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་རེད་ཅེས་བརྗོད་དེ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལུང་འདྲེན་བྱེད་བཞིན་པའི་གནས་ཚུལ་མང་པོ་ཡོང་གི་ཡོད་པ་རེད། བོད་མིའི་རྩ་དོན་ལ་གནོད་པ་སྐྱེལ་འདོད་ཡོད་མཁན་ཚོར་ལག་པ་འཆང་ས་མེད་པ་བཟོ་བའི་གནས་སྟངས་ཤིག་གི་འོག་ནས། བཙན་བྱོལ་བོད་གཞུང་དེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ལ་བསྒྱུར་དགོས་པའི་གནད་དོན་དེ་འདྲ་ཞིག་རེད།

 

དྲི་བ།  དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཚབ་ལ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་བཀོད་འདུག་པས་ན། བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པ་འདིས་གཞུང་ཞིག་གི་ངོ་བོ་གསལ་བོར་མཚོན་ཐུབ་ཀྱི་ཡོད་དམ།   

ལན། འདིའི་ཐད་ལ་ཡིག་ངག་གཉིས་ཐོག་ནས་བསམ་ཚུལ་གསུང་མཁན་མང་པོ་འབྱོར་སོང་། ཡིན་ནའང་། མཐའ་མ་ག་འདྲ་ཞིག་གཏན་འབེབས་ཡོང་མིན་དེ་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དང་གྲོས་ཚོགས་ཀྱི་སྐབས་ལ་གཏན་འབེབས་ཡོང་གི་རེད།  ཚོགས་ཆུང་གི་ངོས་ནས་རྒྱ་གར་གཞུང་གི་རྒྱལ་རྟགས་ནང་། ནང་པའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་༼སཱའ་ངྷེ་ནའེ། ཇཱ་ཡའེ་ཏཱེ་༽ཞེས་བཀོད་ཡོད་པས།  ང་ཚོ་བོད་པའི་འཐབ་རྩོད་ཀྱང་བདེན་པའི་འཐབ་རྩོད་ཡིན་སྟབས། བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་བཞག་པ་རེད། དེ་མིན་༼ བོད་མང་གཙོའི་གཞུང་རྒྱལ་གྱུར་ཅིག ༽ ༼ བོད་ཆོས་སྲིད་གཉིས་ཀྱི་མང་གཙོའི་གཞུང་རྒྱལ་གྱུར་ཅིག༽ ལ་སོགས་པའི་བསམ་ཚུལ་མང་པོ་འདུག  དགའ་ལྡན་ཕོ་བྲང་ནི་རྒྱལ་བ་རིན་པོ་ཆེའི་བླ་བྲང་གི་མཚན་ཡིན་ལ། དགའ་ལྡན་ཕོ་བྲང་གི་གཞུང་དེ་བཅའ་ཁྲིམས་བསྐྱར་བཅོས་སྐབས་འགྱུར་བ་འགྲོ་དགོས་པ་དེ་རྒྱལ་བ་རིན་པོ་ཆེས་བཀའ་གནང་ཡོད་པས། སྐུ་སྒེར་ཡིག་ཚང་ཡང་དགའ་ལྡན་ཕོ་བྲང་བླ་བྲང་ལ་བསྒྱུར་དགོས་པ་དང་། བཙན་བྱོལ་བོད་གཞུང་གི་རྒྱལ་རྟགས་སྟེང་གི་ཚིག་ལའང་འགྱུར་བ་གཏོང་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཡོད་པ་རེད། དེའི་ཚབ་ལ་ཚིག་བརྗོད་གང་ཞིག་འོས་མིན་ཐད་ཚོགས་ཆུང་གི་ངོས་ནས་ད་ལྟའི་གནས་སྐབས་ལ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པའི་བསམ་ཚུལ་འདི་བཏོན་པ་རེད།  ཡིན་ནའང་། མང་ཚོགས་ནང་བསམ་ཚུལ་མང་པོ་ཡོང་གི་ཡོད་པར་བརྟེན། གྲོས་ཚོགས་ནང་ཚིག་བརྗོད་གང་གི་ཐོག་བསམ་ཚུལ་མང་པོ་སྤུངས་ཐུབ་མིན་གྱི་སྟེང་ནས་གཏན་འབེབས་བྱ་དགོས་པ་རེད།

 

དྲི་བ། ༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བ་མེད་པའི་འོས་བསྡུའི་ལས་རིམ་གྱི་དུས་ཡུན་དང་ཁྲིམས་ཞིབ་པའི་ལས་ཡུན་གཉིས་ལའང་འགྱུར་བ་བཏང་འདུག  དེར་དགོས་པ་རྒྱུ་མཚན་ཅི་ཞིག་ཡོད་དམ།

ལན། སྔོན་མ་ལྕགས་དཔར་ནང་འཇུག་སྐབས་ཉི་མ་ ༡༢༠ དེ་ ༡༣༠ ལ་ནོར་བ་མིན་ནམ་བསམ་གི།  དམིགས་བསལ་ཉི་མ་ ༡༣༠ འཇོག་དགོས་དོན་མི་འདུག  ད་ཐེངས་ཚོགས་ཆུང་ནང་ཉི་མ་ ༡༢༠ བྱས་ན་མ་འགྲིག་མི་འདུག་པའི་བསམ་ཚུལ་བྱུང་སྟེ་ཟླ་བ་ ༤  ཡུན་ཚད་ལྟར་བཞག་པ་རེད།  ད་ལྟའི་གནས་སྟངས་མང་པོ་ཞིག་ལ་བལྟས་ནའང་། འོས་བསྡུའི་ལས་རིམ་འགྲོ་སྟངས་དང་།  ས་གནས་སོ་སོ་ནས་གྲངས་བཤེར་གྱིས་འོས་གྲངས་ཡར་སླེབས་ཏེ་ཕྱོགས་བསྡོམས་བྱེད་པའི་བར་དུས་ཚོད་མང་པོ་ཞིག་ལྷག་ཡོད་པ་དང་། གསང་བ་ཉར་མ་ཐུབ་པའི་གནས་སྟངས་སོགས་ཀྱི་རྐྱེན་པས།  ཉི་མ་ཉུང་རུ་གཏོང་དགོས་པའི་བསམ་ཚུལ་དེ་འདྲ་ཡོང་གི་འདུག  དེར་བརྟེན།  སྤྱི་འཐུས་འོས་བསྡུ་ཆེན་མོ་དང་འཕར་མའི་འོས་བསྡུ། བཀའ་བློན་ཁྲི་པའི་འོས་བསྡུ་ཆེན་མོ་དང་འཕར་མའི་འོས་བསྡུ་བཅས་ཉི་མ་ ༡༢༠ ནང་ཚུད་གནང་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། གཉིས་པ། ཁྲིམས་དཔོན་ཅིག་བསྐོ་བཞག་བྱེད་པར་རང་ལོ་ ༥༠ ལོན་དགོས་པ་དང་། དེང་དུས་ཀྱི་ཁྲིམས་ལུགས་གཙུག་ལག་ཁང་ཆེན་པོ་ཞིག་ནས་ཁྲིམས་རྩོད་པའིི་ལག་འཁྱེར་ཐོབ་མཁན། དེ་མིན་ཁྲིམས་ཞིབ་ཁང་དུ་ཁྲིམས་དཔོན་གྱི་ལས་ཀ་ལོ་བཅུ་ལ་བྱས་མྱོངས་མཁན་དེ་འདྲ་ཞིག   ད་ལྟ་ཡིན་ནའང་།  ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་སྟོན་རྒྱུ་མེད་པའི་གནས་སྟངས་ཆགས་འདུག་པའི་རྐྱེན་གྱིས།   སྤྱི་འཐུས་གྲོས་ཚོགས་སྐབས་ ༡༡ ཐོག་ལོ་ ༥ འཕར་འགྱངས་ཀྱི་བསྐྱར་བཅོས་གྲོས་འཆར་ཅིག་ཁྲིམས་ཞིབ་ཁང་ནས་བསྣམས་ཕེབས་པ་རེད། ཡིན་ནའང་། དེ་གྲོས་ཚོགས་ནང་གཏན་འབེབས་བྱེད་ཐུབ་མེད་པ་རེད།  ལོ་ ༥ གཏན་འབེབས་མ་ཐུབ་པ་དེ་རང་འཇགས་ཁྱེར་ཡོང་བ་ཡིན་ན། སྔོན་གྱི་གྲོས་ཚོགས་ཀྱི་ལས་རིམ་དེ་བསྐྱར་ཟློས་བྱས་པ་ཞིག་མ་གཏོགས་མེད་པས་རྐྱེན་གྱིས་ལོ་ ༡༠ བྱས་ཏེ་ཁྱེར་ཡོང་བ་རེད།  

 

དྲི་བ། བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་ནང་དུ། ཡུན་ཚད་གཉིས་བསྟུད་མར་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ། ཞེས་པའི་འོས་ཆོས་དེ་ཕྱིར་བསྡུ་བྱེད་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ།

ལན། ཚོགས་ཆུང་གི་བསམ་ཚུལ་ནི་ད་ལྟ་ཁྱོད་རང་གིས་བཤད་པ་དེ་དང་། བཀའ་བློན་ཁྲི་པའི་ལས་རོགས་བཀའ་བློན་དག་གི་འོས་གཞི་གྲོས་ཚོགས་ནང་འཁྱེར་མི་དགོས་པར།  བཀའ་བློན་ཁྲི་པ་རང་གིས་བསྐོ་བཞག་བྱེད་ཆོག་པ་བཟོས་ཡོད་པ་དེ་གཉིས་ཀར་འབྲེལ་བ་ཡོད་པ་རེད། ཚོགས་ཆུང་གི་བསམ་ཚུལ་ནི། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་བཞིན་ཡོད་པས། ཁོང་གི་ལས་དོན་ཚགས་ཚུད་པོ་ཡོང་ཆེད་བཀའ་བློན་ལས་རོགས་རྣམས་ཁོང་གི་འདོད་པ་གཞིར་བཟུང་བསྐོ་དགོས་པ་དེ་གལ་ཆེན་པོ་རེད།  བཀའ་བློན་ཁྲི་པར་མི་མང་གི་དབང་ལུང་ཡོད་ནའང་།  ཁོང་གིས་འོས་བབས་ཆེ་ཤོས་སུ་མཐོང་གི་ཡོད་པའི་གང་ཟག་དེ་གྲོས་ཚོགས་ཀྱིས་བཀག་པ་ཡིན་ན། མ་འོངས་པར་བཀའ་ཤག་གི་ལས་དོན་མ་འགྲུབ་པའི་གནས་སྟངས་བྱུང་སྐབས། བཀའ་ཤག་གི་ངོས་ནས་གྲོས་ཚོགས་ལ་ཁག་འགེལ་གྱིས་རྒྱུ་མཚན་འདྲེན་སྲིད་པ་རེད།  དེར་བརྟེན། བཀའ་བློན་ཁྲི་པ་ཁོ་རང་གི་འདོད་པ་ཡོད་པའི་མི་ཞིག་བསྐོ་ཐུབ་པ་ཡིན་ན།  བཀའ་ཤག་ཚགས་ཚུད་པོ་དང་དོན་འགྲུབ་པ་ཞིག་ཡོང་གི་རེད་བསམ་ནས། བཀའ་བློན་ཁྲི་པས་བཀའ་བློན་ལས་རོགས་རྣམས་ཐད་ཀར་བསྐོ་བཞག་བྱ་ཆོག་པ་བཟོས་པ་རེད། དེ་དང་འབྲེལ་ཡོད་ཀྱི་བཀའ་བློན་ཁྲི་པ་བསྟུད་མར་ཐེངས་གཉིས་བྱས་པའི་རྗེས་ལ་ཡང་བསྐྱར་བསྐོ་བཞག་བྱེད་འོས་མིན་གྱི་གནད་དོན་དེ། བཀའ་བློན་ཁྲི་པ་དེའི་འཇོན་ཐང་དང་ལས་དོན་འགྲུབ་མིན་ལ་རག་ལས་ཡོད་པ་དང་། ཡང་བསྐྱར་བསྐོ་བཞག་བྱ་མིན་དེ་མི་མང་གི་ལག་ན་ཡོད་པ་རེད། བཀའ་བློན་ཁྲི་པའི་ངོས་ནས་བཀའ་བློན་བསྟུན་མར་ཐེངས་གཉིས་གནང་མྱོང་མཁན་ཞིག་ཡང་བསྐྱར་བསྐོས་ན་ཕན་ཐོགས་འདུག་པའི་བསམ་ཚུལ་ཡོད་ཚེ། དེ་བསྐྱར་དུ་བསྐོ་ཆོག་པའི་ལམ་ཁ་ཞིག་འཇོག་པའི་ཆེད་དུ།  འོས་ཆོས་ནང་གསེས་དོན་ཚན་༼ཇ༽དེ་ཕྱིར་འཐེན་བྱས་པ་རེད། ཡིན་ནའང་། གཏན་འབེབས་བྱེད་ཐུབ་མིན་དེ་གྲོས་ཚོགས་ནང་འགྲོ་དགོས་པ་རེད་མ་གཏོགས། བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གིས་གང་བཟོས་པ་ཚང་མ་གཏན་འབེབས་གནང་ཟིན་པ་དེ་འདྲ་མ་རེད།
 

 དྲི་བ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་༸གོང་ས་མཆོག་གི་སྐུ་དབང་དང་ཐད་ཀར་འབྲེལ་བ་མེད་པའི་དོན་ཚན་རེ་འགར་བསྒྱུར་བཅོས་གནང་འདུག་སྟབས།   ད་ཐེངས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ལ་དེ་དག་བསྒྱུར་བཅོས་གཏོང་བའི་དབང་ཚད་ཡོད་དམ། 

ལན། བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་ལས་དོན་གྱི་གཞི་འཇོག་ས་གཙོ་བོ་དེ། ༸གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བ་ཡོད་པའི་ཐོག་ནས་རེད། ཡིན་ནའང་། བཅའ་ཁྲིམས་བསྐྱར་བཅོས་འགྲོ་དགོས་ཀྱི་ཡོད་སྟབས། གནད་དོན་གཞན་ཁ་ཤས་བསྐྱར་བཅོས་བྱ་ཆོག་པ་དེ་ལས་འཆར་ཚོགས་ཆུང་གི་སྙན་ཐོའི་ནང་ཡོད་པ་རེད། གཞན་དག་གྲོས་ཚོགས་ནང་བགྲོ་གླེང་བྱུང་ཟིན་པའི་གནད་དོན་ཁག་རེད།  ཡིན་ནའང་། གྲོས་ཚོགས་ནང་ལ་བགྲོ་གླེང་བྱུང་ཟིན་པའི་གནད་དོན་ཆ་ཚང་ལ་ང་ཚོས་ལག་པ་འཆང་རྒྱུ་ཡོད་པ་མ་རེད། གནད་དོན་འགའ་ཤས་ལ་ད་ཐེངས་ལག་པ་འཆང་བ་ཡིན་ན།  སྤྱིར་བཏང་གི་བཅའ་ཁྲིམས་བསྐྱར་བཅོས་གནང་བར་དོ་ཕོག་འགྲོ་སྲིད་པ་དེ་འདྲའང་ཡོད་པ་རེད། འབྲེལ་བ་ཡོད་མེད་ཀྱི་གནད་དོན་དེ་ནི།  ལྟ་སྟངས་མ་འདྲ་བ་གཉིས་དང་། འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་གཉིས་ཀྱི་ཐོག་ནས་བཤད་དགོས་པ་རེད། ཚོགས་ཆུང་གི་ལྟ་སྟངས་ནི་བཀའ་བློན་ཁྲི་པ་ཐད་ཀར་མི་མང་གིས་འོས་འདེམས་བྱས་པ་ནས་བཟུང་།  ད་བར་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་འགྱུར་བ་ཕྱིན་ཡོད་པ་མ་རེད། ད་ལྟ་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་སྐུ་དབང་རྩིས་སྤྲོད་བྱ་དགོས་ཀྱི་ཡོད་སྟབས། མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ཀྱི་སྐུ་དབང་ལ་ཡང་འགྱུར་བ་གཏོང་དགོས་པ་ཞིག་ཆགས་ཡོད་སྟབས། བཅའ་ཁྲིམས་བསྐྱར་བཅོས་ཁྲོད་དེ་དག་ཁྱེར་ཡོང་བ་ཞིག་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༥ སྔོན་ལ།

མཆན། 11

  1. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    ནད་པ་ལགས་ཀྱི་གསུང་བ་ལ་རྒྱུ་མཚན་དང་དཔྱོད་རྒྱུ་འདུག ངས་ཀྱང་དེ་འདྲ་རང་བསམ་བསྡད་ཡོད། བཀའ་ཁྲི་ཕྱག་རོགས་བཀའ་ཁྲིས་གང་འདེམ་གྲོས་ཚོགས་ནས་བགག་བྱ་བྱས་མི་མཆོག་ན་བཀའ་ཁྲིས་ཀྱི་རང་གི་སྤུན་མཆེད་དགའ་ཉེ་རྐྱང་འདེམས་ན་གང་བྱེད། བཀའ་ཁྲི་མི་དམངས་ཀྱི་འདེམས་པ་རྒྱུ་མཚན་དུ་བྱས་ནས་བཀའ་ཁྲིས་གང་བྱེད་ནའང་རང་དབང་མ་རེད་། ༧གོང་ས་མཆོག་གི་མཚན་གནས་དང་འབྲེལ་བ་མེད་པ་འདི་དག་ག་རེ་བྱས་ནས་འགྱུར་བ་གཏོང་དགོང་རེད། བཅའ་ཁྲིམས་དང་པོ་ཟིན་བྲིས་ཚོགས་ཆུང་དུའང་ཟམ་གདོང་ཡོད་པ་རེད། དེ་དུས་རྒྱུ་མཚན་ཞིག་ལ་བརྟེན་ནས་བཀོད་པ་ཡིན་རྒྱུ་རེད། ད་ཡང་རྒྱུ་མཚན་སྙན་མོ་ཞིག་བཤད་ནས་སྒྱུར་དགོས་ཚུལ་བཤད་ཀྱི་འདུག ནད་པ་ལགས་ཀྱི་བཤད་པ་དངོས་གནས་རྒྱུ་མཚན་འདུག

    Reply
  2. ནད་པ says:
    ལོ་ 14 སྔོན།

    བཀའ་བློན་ཡུན་ཚད་བསྟུད་མར་ག་ཚོད་ཐུབ་ཐུབ་བྱེད་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབ་བྱེད་བཞིན་པ་དེ་སྲིད་དབང་སྒེར་གཅོད་ཅན་ཞིག་གིས་བྱེད་སྟངས་རེད། དེའི་ནང་བཀའ་བློན་གྱི་ལས་ཡུན་ཐེངས་གཉིས་བསྟུད་མར་གནང་མཁན་ཚོགས་ཆུང་ནང་དུ་བཀའ་བློན་ཐུབ་བསྟན་ལུང་རིགས་ཚུད་ཡོད།

    དེ་བཞིན་ད་རེས་བཀའ་ཁྲི་གསར་པས་ཕྱག་རོགས་བཀའ་བློན་རྣམས་ཐད་ཀར་བདམས་ནས་གྲོས་ཚོགས་སུ་མང་མོས་ཀྱིས་གསུམ་ཆ་གཉིས་ཀྱི་བརྒྱབ་སྐྱོར་མི་དགོས་པ་བཟོས་པ་དེ་ཡང་ཐད་ཀར་བཤད་ན་ཚོགས་གཙོ་སྤེན་པ་ཚེ་རིང་སྔོན་མ་བཀའ་བློན་དུ་བདམས་ཀྱང་སྟབས་མ་འགྲིག་པར་གྲོས་ཚོགས་ནས་དགའ་བྱས་པའི་གནད་དོན་དེ་ཚོར་ཐུག་ཡོད།

    བསྐྱར་བཅོས་དེའི་ནང་དུ་ད་དུང་སྨྲ་དབང་ཞེས་བོད་མིའི་མགྲིན་ཚབ་ཟེར་བའི་ཁུལ་བྱས་ཏེ་༸ གོང་ས་མཆོག་སྐུ་དབང་དང་གནས་བབ་མ་དགོས་ནའང་སྐུ་ཚབ་ཚོའི་གནས་བབ་དེ་མུ་འཐུད་དེ་རྒྱུན་འཛིན་དགོས་པའི་བཟོ་དྲ་པོ་ཞིག་བཀོད་འདུག་དེ་ཡང་ཚོགས་ཆུང་དེའི་ནང་དུ་རྒྱ་རི་སྒྲོལ་མ་ཚུད་ཡོད།

    གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་དག་གིས་བགྱིའོ། །ཞེས་དམ་བཅའ་ཞིག་བཞག་ན་ཚོགས་ཟུར་པདྨ་འབྱུང་གནས་ལའང་ཟུར་དུ་སྐུ་གྱོང་མི་རག་པའི་གདམས་ངག་ཟབ་མོའི་ཞལ་བཞེས་ཞིག་ཟམ་དོང་རིན་པོ་ཆེས་གནང་ཡོད་སྲིད་པ་རེད།

    བཙན་བྱོལ་བོད་གཞུང་གི་ཁྲིམས་ཁང་ནང་དུ་ཁྲིམས་ཞིབ་པ་ཆེ་བས་གཙོས་པའི་ཁྱོན་ལས་བྱེད་མི་ ༡༤༣ ཙམ་ཞིག་ཡོད་ཀྱང་ད་བར་ཁ་མཆུ་མི་འདྲ་གསུམ་ཙམ་བྱུང་ཀྱང་དྲང་བདེན་གྱིས་ཁྲིམས་ཐག་བཅད་པ་ཞིག་རྩ་ནས་བྱུང་མེད།

    དེས་རྐཡེན་བྱས་ཏེ་རྡ་སའི་ཟླ་བ་ཚེ་རིང་གིས་རྒྱ་གར་གྱི་ཁྲིམས་ཁང་དུ་ཁ་མཆུ་བཙུགས་ནས་བོད་གཞུང་གི་དངུལ་འབུམ་མང་པོ་ཞིག་དོན་འཕྲོ་བརླག་གཏོང་བཞིན་ཡོད།

    ད་བར་ཁྲིམས་ཁང་དུ་ཁ་མཆུ་མི་འདྲ་བ་ཆེ་རིགས་གཉིས་བྱུང་ཀྱང་གནད་དོན་ཐག་གཅོད་བྱེད་ཐུབ་པ་གཅིག་ཀྱང་མེད། དེ་མིན་ལས་ཀ་གཞན་ཅི་ཡང་མེད།

    ཡིན་ནའང་ད་ལོའི་ལོ་གཅིག་གི་སྔོན་རྩིས་འགྲོ་སོང་ལ་གཅིག་བལྟས་ན་དགྲ་དགའ་གཉེན་སྡུག་པའི་གནས་སྟངས་ཞིག་ཆགས་ཡོད།

    དེ་དང་འདྲ་མཚུངས་ཕྱི་རྒྱལ་དོན་གཅོད་ཁག་གི་སྔོན་རྩིས་ལ་བལྟས་ན་གཅིག་མཚུངས་སུ་གྱུར་ཡོད། ༸ གོང་ས་མཆོག་གིས་ཀྱང་སྐབས་ཤིག་ངའི་སྐུ་ཚབ་ཚོས་ཁང་པ་སྲུང་བཞིན་ཡོད་ཅེས་གསུངས་ཡོད། བཀའ་སློབ་དེའི་ཚོའི་བརྒྱབ་ལྗོངས་ལ་རྒྱུ་མཚན་ཆེན་པོ་ཡོད།

    Reply
  3. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་ནས་དགའ་ལྡན་ཕོ་བྲང་ཞེས་བ་དེ་བརྗེ་བོ་རྒྱག་རྒྱུ་ལས་བཙན་བྱོལ་བོད་གཞུང་ཞེས་བ་དེ་བརྗེ་དགོས་གསུང་མེད་པ། ༧གོང་ས་མཆོག་གི་དགོངས་པ་དགའ་ལྡན་ཕོ་བྲང་་་་་ཞེས་བ་དགེ་ལུགས་པའི་མིང་ཡིན་པར་མ་ཟད་དབུས་གཙང་ཁོ་ན་ཙམ་ལ་ཁྱབ་པ་ལས་བོད་སྤྱི་ལ་ཁྱབ་མེད། དེ་ཕྱིར་བོད་སྤྱི་ལ་ཁྱབ་པའི་མིང་ཞིག་འཇོག་དགོས་པ་དེ་རེད། བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་ན་མིང་མ་རེད་དེ་སྨོན་ཚིག་ཅིག་རེད། ཆོལ་ཁ་གསུམ་གྱི་ཚོན་དོན་ཞིག་ནི་དེ་བས་ཀྱང་མ་རེད།

    Reply
  4. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ད་དུང་ཧ་གོ་མི་འདུག་། གནད་འགག་ངོ་མ་འདི་རེད་། གལ་སྲིད་བདེན་པ་བོད་གཞུང་ལ་ཡོད་པ་ཁྲིམས་ཁང་ནས་ཤེས་ཀྱང་།་། ཁྲིམས་ཁང་གིས་བོད་གཞུང་ལ་བདེན་པ་ཡོད་པའི་ཡི་གེ་་ན་གཅིག་སྤྲད་མི་ཐུབ་རེད་། གང་ཡིན་ཟེར་ན་། ཁྲིམས་ཁང་ནས་བོད་གཞུང་ཞེས་པ་དེ་ཁས་མི་ལེན་པས་རེད་འདུག་།། གནད་འགག་དེ་རེད་།། ཧ་གོ་པའི་རེ་བ་ཡོད་།།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    སྤྱིར་རྩ་ཁྲིམས་དང་བཅའ་ཁྲིམས་གང་ཡང་ཡིན་ཡང་། མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཐག་གཅོད་དང་གཏལ་ལ་འབེབ་རྒྱུ་ཞིག་རེད་མ་གཏོགས། མི་མང་གི་བསམ་ཚུལ་བསྡུ་ལེན་བྱེད་དགོས་རྒྱུ་ཞིག་མ་རེད། གང་ཡིན་ཟེར་ན་གྲོས་ཚོགས་ནི་གཞུང་དམངས་གཉིས་ཀྱི་འཐུས་ཚབ་ངོ་མ་དེ་ཡིན་པས། གལ་སྲིད་གྲོས་ཚོགས་ལ་ཡིད་མི་ཆེས་པའི་མི་མང་ཞིག་ཡོད་ན་མི་མང་དེར་དམངས་གཙོའི་གོ་རྟོགས་རྣལ་མ་ཞིག་མེད་པ་མ་ཟད། ཕ་རོལ་པ་འཐབ་ཕྱོགས་གཅིག་གྱུར་གྱི་གཡོ་འོག་དང་དཀྲུགས་ཤིང་དྲ་བར་ཚུད་པའི་ཉེན་ཁ་ཡོད་པས། བཙན་བྱོལ་བ་ཡོངས་ཀྱིས་བཀའ་སྤྱི་གཉིས་ལ་ཡིད་ཆེས་བརྟན་པོ་བྱེད་རྒྱ་གལ་ཆེ་བ་ལས། སྨྲ་བརྗོད་ཀྱི་རང་དབང་ཡོད་པ་ཙམ་གྱིས་གནས་ལུགས་དང་རྒྱུ་མཚན་མེད་ན་རང་སྣང་གང་ཤར་གྱིས་སྤྱི་ཚོགས་ལ་གནོད་པ་ལས་ཕན་པ་མེད་པར་མཐོང་།

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    ཨ་ལེ། ཉི་ཟླ་སྐར་གསུམ་གྱིས་བཤད་ཡ་དེ་གསར་པ་རེད། གལ་སྲིད་རྒྱ་གར་ཁྲིམས་ཁང་ནས་བཙན་བྱོལ་བོད་གཞུང་ངོས་ལེན་མ་བྱས་པ་ཡིན་ན། གཏུགས་མཁན་ལ་གྱོང་རེག་ཡོད་པ་ལས་གཞུང་ལ་གྱོང་རེག་གི་མེད་པས། མིང་བསྒྱུར་དགོས་ཡ་མི་འདུག ཡིན་ནའི། བཀའ་ཁྲི་ཟམ་གདོང་དང་བོད་གཞུང་གཏུགས་མཁན་གཉིས་ལག་འབྲེལ་བྱེད་ཀྱི་ཡོད་ན་འདི་ལྟར་མིང་བརྗེ་བོ་རྒྱག་སྲིད་པ་རེད། ད་ཡིན་ན། བཙན་བྱོལ་བོད་གཞུང་འདིའང་མཐོ་རིམ་མི་སྣ་རེ་ཟུང་གི་ཚོང་རྫས་ལྟ་བུ་ཞིག་མ་རེད་དམ།

    Reply
  7. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    ཁྲིམས་ཁང་ན་གཏུག་ཡོད་ན་མིང་བསྒྱུར་བ་ཙམ་གྱིས་ཆོག་ན་ལས་སླ་པོ་རེད། ཧཧཧ འཛམ་གླིང་འདིའི་སྟེང་ཁྲིམས་ལ་ཐོགས་པའི་མི་ཆ་ཚང་གིས་མིང་མ་བསྒྱུར་ནས་གང་བྱས་པ་ཡིན་ན། གཞུང་མ་དགོས་ན་རྡ་སའི་ལས་བྱེད་ཚོ་དགོངས་པ་ཞུ་རོགས་ཀྱིས། རྒྱ་ནག་ལ་ལོག་འགྲོ་རྒྱུ་ཡིན་ཞེས་གང་མགྱོག་ཐག་གཅོད་གནང་རོགས་མ་གཏོགས་བོད་ནས་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ་རེད། ཁོ་ཚོས་གཞུང་ཞིག་དགོས་བསམ་ནས་ལུས་མེ་བསྲེགས་བཏང་ཡིན་ས་རེད་ད། ད་དུང་གྱེན་ལང་་་་་་་་་་་་་

    Reply
  8. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ཁྱོད་ཚོས་ག་རེ་བཤད་གི་ཡོད་། དོན་དག་ཧ་མ་གོ་བའི་ཐོག་ལ་ཐག་ཆོད་ཀྱི་སྐད་ཆ་མ་བཤད་ན་བཟང་། ངས་ཚར་ཁ་ཤས་བྲིས་ཚར་བ་ཡིན་། བཙན་བྱོལ་བོད་གཞུང་ཞེས་པའི་མིང་དེ་སྒྱུར་དགོས་དོན་ནི་། བོད་མི་རྒེར་པ་འགས་བཙན་བྱོལ་བོད་གཞུང་རྒྱ་གར་ཁྲིམས་ཁང་ནང་ལ་ཁྲིམས་བཏུགས་ཡོད་པས་། ཁྲིམས་ཁང་ནས་བཙན་བྱོལ་བོད་གཞུང་ཟེར་བ་ཁས་མི་ལེན་དུས་། ང་ཚོའི་གཞུང་གི་མིང་མ་སྒྱུར་རང་སྒྱུར་ཐུག་པ་རེད་།
    གནད་འགག་དེ་འདྲ་རེད་། བཙན་བྱོལ་བོད་གཞུང་མེད་པ་བཟོ་མཁན་ད་ལྟ་རྒྱ་གར་ནང་ལ་ཡོད་རེད་།། ཁྲིམས་བཏུག་བྱེད་མཁན་རྣམས་རེད་།
    དེ་ཚོ་ལ་ག་རེ་བཤད་རྒྱུ་ཡོད་བཤད་རེན་འདུག་།།

    Reply
  9. གནས་ཚང་། says:
    ལོ་ 14 སྔོན།

    བཙན་བྱོལ་བོད་གཞུང་གི་མཚན་གནས་དོར་ཟིན་པའི་ཕྱི་ཉིན། བཀའ་བློན་ཁྲི་བ་དང་སྤྱི་འཐུས་ཚོགས་གཙོ། ཁྲིམས་ཞིབ་པ་ཟེར་བ་སོགས་ཀྱི་མིང་ལའང་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད་ལ། སྒྲིག་འཛུགས་སྤྱི་བ་དང་སྒྲིག་འཛུགས་འཐུས་མི། སྒྲིག་འཛུགས་ཞིབ་དཔྱོད་པ་ལྟ་བུར་འགྱུར་དགོས་རྒྱུ་རེད།

    Reply
  10. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    གཞོན་ནུ་ཚོགས་པས་ལྡི་ལི་རང་སྲོག་བློས་གཏོང་གིས་ཟས་བཅད་ངོ་རྒོལ་དང་། དཔའ་བོའི་ཐུབ་བསྟན་དངོས་གྲུབ་དང་གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་བཏང་བ་དང་། གཞན་ཡང་གཞིས་ལུས་ཀྱི་བོད་མི་མང་པོ་ཞིག་གིས་ངོ་རྒོལ་བྱས་བསྡད་པ་དེ་དག་ཞུང་ཞིག་སེམས་ལ་བརྣག་ནས་ལོས་ཡིན། རྡ་སའི་ལས་བྱེད་དེ་ཚོས་ཉིན་རེ་ཉིན་རེ་ནས་གཞུང་མེད་པ་བཟོ་འཆར་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་ནང་དུ་ལོག་འགྲོ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་པ་རེད། སུ་བདེན་སུས་བརྗོད་ནུས།

    Reply
  11. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    གཞུང་ཞེས་པ་མེད་པ་བཟོས་ནས་སྒྲིག་འཛུགས་ཞེས་བསྒྱུར་བ་དེ་རྒྱ་ནག་ནང་དུ་ལོག་ལ་ཉེ་བའི་རྟགས་རེད། བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པ་དེ་བོང་བུའི་མགོ་ལ་གཡག་གི་རྭ་སྦྱར་བ་དང་འདྲ་བ་ཞིག་ལས་གང་ཡང་གོ་རྒྱུ་མི་འདུག བླ་མ་མཁྱེན་ད་ནི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese