མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་གཅོད་གསར་བསྐོ་ཕྱིར་བསྡུའམ་ལས་བཅར་ཕྱིར་འགྱངས།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༤ ཚེས་ ༢༩ ཉིན་བཀའ་དྲུང་ཡིག་ཚང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཕྱག་རྟགས་ཞུས་དགོངས་ལྟར། ཧྥ་རན་སིར་གནས་བཞུགས་ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་དང་འབྲེལ། ཕྱི་ཟླ་ ༦ ཚེས་ ༡ ཉིན་ནས་ལས་བཅར་མགོ་འཛུགས་ཞུ་དགོས་པའི་བཀོད་རྒྱ་ཞིག་ཕེབས་ཡོད་ནའང་། ཕྱི་ཟླ་ ༥ ཚེས་ ༣༡ ཉིན་དེ་སྔའི་བཀོད་རྒྱའི་ནང་འཁོད་ལྟར་ཕྱི་ཟླ་ ༦ ཚེས་ ༡ ནས་ཕྱག་ལས་དབུ་འཛུགས་མ་དགོས་པ་དང་། ཞིབ་ཆའི་གནས་ཚུལ་རྗེས་སུ་འབུལ་རྒྱུ་དགོངས་འཇགས་དགོས་སྐོར་གྱི་བཀོད་རྒྱ་གསར་པ་ཞིག་ཕེབས་ཡོད་འདུག

འདི་གའི་གསར་འགོད་པས་བཀོད་རྒྱ་འདི་བཞིན་དོན་གཅོད་གསར་བསྐོ་ཕྱིར་བསྡུའམ་ལས་བཅར་ཕྱིར་འགྱངས་གང་ཡིན་དང་། ཞིབ་ཕྲའི་གནས་ཚུལ་ཅི་ཡིན་ཐད་འབྲེལ་ཡོད་བཀའ་དྲུང་ཡིག་ཚང་དང་ཕྱི་དྲིལ་ལས་ཁུངས། སྦར་སིལ་སྐུ་ཚབ་དོན་གཅོད་ཁང་བཅས་ལ་བཀའ་འདྲི་བྱས་པར། བཀའ་དྲུང་ཡིག་ཚང་ལ་ཁ་པར་བརྒྱུད་འབྲེལ་ལམ་ཞུས་ནའང་འབྲེལ་གཏུགས་ཐུབ་མ་སོང་ལ། ཕྱི་དྲིལ་ཟུང་འབྲེལ་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ཀྱིས་༼ དེའི་སྐོར་ཁ་སང་བཀའ་དྲུང་ཡིག་ཚང་ནས་བཀོད་རྒྱ་ཞིག་གནང་ཚར་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་གང་ཡིན་སྐུ་ངོ་དྲུང་ཆེས་མཁྱེན་གྱི་ཡོད་ན་མ་གཏོགས་ངས་གསལ་བོ་ཤེས་མ་སོང་། སྐུ་ངོ་དྲུང་ཆེ་དེ་རིང་སང་ཉིན་གྲོས་ཚོགས་ལ་ཕེབས་ཀྱི་ཡོད་པ་རེད། ༽ཅེས་ཁོང་གིས་དེའི་སྐོར་མཁྱེན་རྟོགས་གང་ཡང་མེད་པའི་འགྲེལ་བརྗོད་གནང་སོང་། སྦར་སིལ་སྐུ་ཚབ་དོན་གཅོད་ལས་རོགས་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དོན་གཅོད་ཁང་ལ་ད་དུང་ཞིབ་ཕྲའི་གནས་ཚུལ་གང་ཡིན་གྱི་བཀོད་ཁྱབ་སོགས་འབྱོར་མེད་ཅིང་། ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ཡོད་ཚེ་བཀའ་དྲུང་ཡིག་ཚང་ངམ་ཐུབ་བསྟན་རྒྱ་མཚོ་སྒེར་ངོས་ལ་འབྲེལ་བ་གནང་ན་གསལ་བོ་ཡོད་ཚུལ་དང་། བཀའ་ཤག་དང་ཐུབ་བསྟན་རྒྱ་མཚོ་གཉིས་ཉེ་སྔོན་མཇལ་འཕྲད་ནང་མོལ་གནང་ཡོད་པ་རེད། ཅེས་གསུངས་བྱུང་།



ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་སྐུ་སྒེར་ཡིག་ཚང་བརྒྱུད་༧གོང་ས་མཆོག་ལ་མཚན་འཁོད་སྙན་ཞུ་ཞིག་ཕུལ་ཡོད་འདུག་ལ། སྙན་ཞུའི་ནང་ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་དང་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེར་ནང་མོལ་མཇལ་འཕྲད་སྐབས་ཀྱི་བྱུང་རིམ་གསལ་བཤད་དང་འབྲེལ། མཇལ་འཕྲད་སྐབས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཁོང་ལ་སྒེར་གྱི་དཀའ་ངལ་ཡོད་པའམ། དོན་གཅོད་གླ་བབ་འདོད་བློ་ཁེངས་བ་ཞིག་མེད་པའི་རྒྱུ་མཚན་གང་རུང་བགྲངས་ཏེ། དོན་གཅོད་གསར་བསྐོའི་ལས་གནས་ནས་དགོངས་པ་ཞུ་རོགས་ཞེས་གསུངས་ཚུལ་བཀོད་ཡོད། སྙན་ཞུའི་ནང་འཁོད་དོན། ༼ ཕྲན་ཉེ་ཆར་བཞུགས་སྒར་རྡ་རམ་སྰ་ལར་བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པར་བཅར་ཤུལ་དུ། ས་གནས་བོད་མི་བསམ་མེད་རེ་ཟུང་དང་། ཕྱི་གླིང་བ་ཁ་ཤས་མཉམ་འབྲེལ་ཐོག་ངའི་སྐོར་ལ་ཡིག་འཁྱམས་འདྲ་མིན་བོད་གཞུང་གི་ལས་ཁུངས་ཁག་ལ་བཏང་ཡོད་འདུག ཐོག་མར་རྡ་སར་འབྱོར་སྐབས་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་འབྱུང་འགྱུར་སྐུ་ཚབ་དོན་གཅོད་ཀྱི་ལས་ཀ་བྱ་ཕྱོགས་ཐད་ལམ་སྟོན་དང་འབྲེལ་ལམ་ཡོང་ཆེད་སྔོན་ནས་དུས་ཚོད་བཟོས་ཡོད་པ་ལྟར། ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤར་ཐུག་འཕྲད་དུ་ཕྱིན་པ་ཡིན། ཕྲན་ལས་ཁུངས་ནང་འབྱོར་མ་ཐག་ཨ་ཏི་ཤས་ང་ལ་གསུངས་དོན། ཁྱོད་ཉེ་ཆར་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་བྱས་ཀྱང་། ཕྱོགས་མང་བོའི་ཆ་ནས་བསམ་འཆར་ཡི་གེ་མང་པོ་འབྱོར་གྱིན་ཡོད་སྟབས། དོན་གཅོད་ལས་ཀ་ནས་དགོངས་པ་ཞུ་དགོས་ཀྱི་འདུག དེ་བཀའ་ཤག་གི་དགོངས་གཞི་ཡང་རེད་ཅེས་གསུངས་བྱུང་། ༽ ཅེས་དང་། ༼ ༧གོང་ས་མཆོག་དང་བོད་གཞུང་བཀའ་ཤག་ཟུང་འབྲེལ་གྱི་སྒོ་ནས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ་དང་། གནས་ཚུལ་འདིའི་ཐད་བཀའ་མོལ་ཞིབ་ཚགས་ཡོང་ཕྱིར་བཀའ་བློན་ཁྲི་བ་དང་ལྷན་དུ་གང་མགྱོགས་མཇལ་འཕྲད་ཀྱི་དུས་ཚོད་བཟོ་རོགས་ཞེས་ཞུས། ཟླ་བ་ ༥ ཚེས་ ༢༢ ཉིན་གྱི་ཞོགས་པ་དུས་ཚོད་ ༨ དང་སྐར་མ་ ༣༠ ཐོག་དཔལ་ལྡན་རང་གཞུང་བཀའ་ཤག་ནང་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་དང་མཇལ་འཕྲད་བྱུང་། བཀའ་བློན་ཁྲི་བ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལམ་སེང་ཕྲན་ལ་གསུངས་དོན། ངས་ཁྱེད་རང་ཏོག་ཙམ་མ་གཏོགས་ངོ་ཡག་པོ་ཤེས་ཀྱི་མེད། ཁྱེད་རང་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་པ་ནས་བཟུང་སྟེ་ཡི་གེ་མང་པོ་ཞིག་བཀའ་ཤག་ལ་འབྱོར་སོང་། ད་ཁྱེད་རང་ལས་ཀ་དེ་ནས་དགོངས་པ་ཞུ་རོགས་ཞེས་གསུངས་བྱུང་། ཕྲན་གྱིས་རིན་པོ་ཆེར་ངས་སྐུ་ཚབ་དོན་གཅོད་ཀྱི་ལས་ཀ་མགོ་བཙུགས་མེད་ལ། ནོར་འཁྲུལ་དང་གནོངས་སོགས་གང་ཡང་མེད་པས་ཇི་ལྟར་དགོངས་པ་ཞུ་དགོས་སམ། ཞེས་དྲིས་པའི་ལན་དུ་བཀའ་ཁྲི་མཆོག་གིས། ཁྱེད་རང་གིས་ང་ལ་སྒེར་གྱི་དཀའ་ངལ་ཞིག་འདུག་ལབ་ནས་དགོངས་པ་ཞུ་བའམ། ཡང་ན་སྦར་སིལ་དོན་གཅོད་ཀྱི་གླ་ཕོགས་ཡུ་རོབ་ནང་གི་མཐོ་རིམ་ལས་བྱེད་གླ་ཕོགས་ནང་བཞིན་བོད་གཞུང་གིས་སྤྲོད་ཐུབ་ཀྱི་མེད་ཙང་། ཁྱེད་རང་གིས་རྒྱུ་མཚན་དེར་བརྟེན་ནས་དོན་གཅོད་ལས་ཀ་ནས་དགོངས་པ་ཞུ་རོགས་ཅེས་སྐུལ་སློང་བྱས་བྱུང་།༽ ཞེས་དང་། ཡང་སྙན་ཞུའི་ནང་མུ་མཐུད་དུ། ༼ ཕྲན་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དང་། གུས་པའང་ད་བར་དུ་བོད་སྤྱི་བའི་ལས་དོན་ཐད་ལྷག་བསམ་རྣམ་དག་གི་སྒོ་ནས་ཞབས་ཞུ་བསྒྲུབས་པ་ལ་གནོངས་ཉེས་ཅི་ཡང་མེད་པས་རིན་པོ་ཆེའི་བཀའ་གསུང་དེར་ཚོར་སྣང་དམིགས་བསལ་བ་ཞིག་སྐྱེས།༽ ཞེས་སོགས་བཀོད་ཡོད་པ་དང་། སྙན་ཞུའི་མཇུག་ཏུ་ཁོང་སྐུ་ཚབ་དོན་གཅོད་ལ་མུ་མཐུད་བསྐོ་འཇོག་གནང་མིན་ཇི་ལྟར་ཡང་། མ་ཉེས་ཁ་གཡོགས་དང་མི་ཚེར་དྲང་བདེན་མིན་པའི་ནག་ཉེས་བཙུགས་པ་ལ་དགོངས་བཞེས་གནང་དགོས་ཚུལ་བཀོད་འདུག ཕྱི་ ༥ ཚེས་ ༢༧ ཉིན་དེ་མཚུངས་ཀྱི་སྙན་ཞུ་ཞིག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་མཚན་ཐོག་ཏུའང་ཕུལ་ཡོད་འདུག

 

ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གསལ་བསྒྲགས་གནང་བ་ནས་སྤྱི་ཚོགས་ཐོག་གླེང་སློང་སྣ་ཚོགས་བྱུང་ཡོད་ལ། ཧྥ་རན་སིར་གནས་སྡོད་བོད་མི་སྒེར་བ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་རེ་ཟུང་། དེ་བཞིན་བོད་མི་དང་ཡུལ་མི་འགས་ཐུན་མོང་ཐོག་སྐུ་སྒེར་ཡིག་ཚང་དང་བཀའ་ཤག བཀའ་དྲུང་ཡིག་ཚང་། སྤྱི་འཐུས་ལྷན་ཚོགས། བོད་གཞུང་ཕྱི་དྲིལ་ལས་ཁུངས། ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་བཅས་ལ་དྲ་ལམ་ནས་མཚན་འཁོད་སྙན་ཞུ་ཕུལ་ཏེ། སྐུ་ཚབ་དོན་གཅོད་གསར་བསྐོ་འདི་འོས་འཚམ་མིན་པ་དང་ཐག་གཅོད་འདི་དང་ལེན་མི་ཐུབ་པའི་རྣམ་འགྱུར་བསྟན་ཡོད། ཧྥ་རན་སིར་གནས་བཞུགས་རེ་བྷེ་ཀ་དང་འཇིགས་མེད་གཉིས་ཀྱི་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་གྱི་མཚན་འཁོད་སྙན་ཞུའི་ནང་ ༼ ང་ཚོ་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ཡུ་རོབ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བར་ཧ་ཅང་གི་བློ་ཕམ་བྱུང་། སྐུ་མདུན་བགྲེས་ཡོལ་དུ་ཕེབས་སྐབས་འདིར་བོད་གཞུང་གི་རྩ་བའི་སྲིད་བྱུས་འཛིན་ཕྱོགས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་རེད་དམ། ཡང་ན་བོད་གཞུང་དེ་ཨ་ཧྥུ་རི་ཀའི་Banana Republic གཞུང་སྲིད་ཁག་ནང་བཞིན་ལྐོག་ཟ་རུལ་སུངས་ཀྱི་སྲིད་གཞུང་ཞིག་ཆགས་པ་ཡིན། གང་ལྟར་ཐག་གཅོད་འདིས་ང་ཚོར་བོད་གཞུང་གི་ནུས་འཇོན་ལ་དོགས་པ་ཟ་རུ་བཅུག་སོང་། ཐུབ་བསྟན་རྒྱ་མཚོར་སྐུ་ཚབ་དོན་གཅོད་གནང་ཐུབ་པའི་ཤེས་འཇོན་མེད་ཅིང་། བོད་ལ་ཕན་པའི་ལས་ཀ་སྒྲུབ་མི་ཐུབ་པ་དེར་དོགས་པ་གང་ཡང་མེད། ཐུབ་བསྟན་རྒྱ་མཚོར་སྐྱོན་ཆ་གང་ཡོད་ང་ཚོ་གཅིག་བུ་མིན་པར་ཧྥ་རན་སིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གང་མང་ཞིག་གི་མཐོང་ཆོས་སུ་ཡོད། སུ་ཞིག་གིས་ཐུབ་བསྟན་རྒྱ་མཚོ་དོན་གཅོད་དུ་འོས་སྦྱོར་གནང་བ་ནི་ང་ཚོའི་བློ་ངོར་མི་ཤོང་བ་ཞིག་རེད། ༽ ཅེས་དང་། བོད་མི་བསྟན་འཛིན་ལྷུན་གྲུབ་འབོད་པ་ཞིག་གིས་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་ཕུལ་བའི་མཚན་འཁོད་སྙན་ཞུའི་ནང་ ༼ ང་བོད་པ་གཞོན་སྐྱེས་ཤིག་ཡིན། ད་ལྟ་ཧྥ་རན་སིར་གནས་སྡོད་བྱེད་ཀྱི་ཡོད་ལ། ཧྥ་རན་སིའི་ France télécom orange ནང་ལས་ཀ་བྱེད་ཀྱི་ཡོད། ངའི་མི་ཚེའི་དམིགས་ཡུལ་ནི་བོད་གཞུང་ནང་ལས་ཀ་བྱེད་རྒྱུ་དེ་ཡིན། ཡིག་རྒྱུགས་ཐེངས་གཉིས་བཏངས་ཀྱང་གཞུང་ཞབས་ནང་ཚུད་མེད། ཡིན་ནའང་ང་ལ་བློ་ཕམ་གང་ཡང་བྱུང་མ་སོང་། དེས་ང་ལ་བོད་གཞུང་ནང་ཕྱག་ལས་གནང་མཁན་ཚོ་ནི་ཡག་ཤོས་དང་རྩེ་དྲགས་ཡིན་པའི་ངེས་ཤེས་སྤྲད་བྱུང་། དེ་ལྟར་ཡང་ཉེ་ཆར་ཐུབ་བསྟན་རྒྱ་མཚོ་ལགས་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ་དེས་བོད་པ་གཞན་པ་ཚོ་ནང་བཞིན་ང་རང་ཧ་ཅང་ཧང་སངས་སུ་བཅུག ནམ་རྒྱུན་ང་རང་བོད་གཞུང་ལ་གང་བྱུང་ཞུ་སྙན་འབུལ་མཁན་དེ་འདྲ་མིན་ལ། ཐུབ་བསྟན་རྒྱ་མཚོ་དང་ངེད་གཉིས་བར་དམིགས་བསལ་སྒེར་འཁོན་གླེང་རྙོག་གང་ཡང་མེད། རང་ཉིད་བོད་པ་ཞིག་ཡིན་པའི་འགན་ཁུར་ནས་ཞུ་སྙན་འདི་འབུལ་གྱི་ཡོད་ལ། ཤེས་འཇོན་དབེན་པའི་མི་ཞིག་སྐུ་ཚབ་ཏུ་བསྐོ་བཞག་གནང་མཁན་ཚོས་ཐུགས་གཟབ་གནང་རྒྱུ་གལ་ཆེ། སྦར་སིལ། ལིག་སུམ་བྷོག སུ་ཊ་སི་བྷོག་བཅས་ནི་ཡུ་རོབ་མཐུན་ཚོགས་ཀྱི་ལས་ཁུངས་མ་ལག་ཚུགས་ཡུལ་གཙོ་བོར་སོང་། རྒྱ་ནག་མདུན་ནས་ང་ཚོར་ཡུ་རོབ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པར་གལ་གནད་ཆགས་ཡོད་སྟབས་ཐག་གཅོད་འདི་ལ་ཐུགས་གཟབ་གནང་རོགས།  ཐུབ་བསྟན་རྒྱ་མཚོ་ནི་ཧྥ་རན་སི་གཞུང་ལ་རྙོག་དྲ་ཡོད་མཁན་ཞིག་དང་བོད་མི་དང་ཧྥ་རན་སིའི་མི་མང་ཚོར་ཤུགས་རྐྱེན་ངན་པ་ཡོད་པའི་མི་ཞིག་ཀྱང་རེད། ༽ཅེས་དང་། ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཧྥ་རན་སི་བོད་ཚོགས་པ་ Association France Tibet དང་མི་སྒེར་ཁག་ཅིག་ཐུན་མོང་ཐོག་ཕུལ་བའི་སྙན་ཞུའི་ནང་། ཐུབ་བསྟན་རྒྱ་མཚོ་དོན་གཅོད་དུ་བསྐོ་བཞག་གནང་བ་དེར་བསམ་ཡུལ་ལས་འདས་པའི་བློ་ཕམ་བྱུང་ཚུལ་དང་། ཁོས་བོད་རིགས་ཚོགས་པའི་ཚོགས་གཙོ་འཁུར་ཡུན་རིང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་ཉེས་འཛུགས་དང་མཐོང་ཆུང་། བར་ཐག་ཇེ་རིང་དུ་བཏང་བ་དང་། དེ་བཞིན་ཁོ་རང་དུས་རྒྱུན་སྤྱི་ཚོགས་འབྲེལ་ལམ་ཡག་པོ་མེད་པ་དང་། ལུས་ངག་གི་བྱ་སྤྱོད་རྩུབ་ཐོག་ཚོགས་པ་ཁག་གི་འབྲེལ་ལམ་ལ་བསམ་བློ་མི་གཏོང་མཁན་ཞིག་ཡིན་ཚུལ་དང་། འབྱུང་འགྱུར་སྐུ་ཚབ་ལས་འཁུར་སྐབས་ལས་འགུལ་མཉམ་རུབ་ལ་དཀའ་ངལ་འཕྲད་ངེས་ཡིན་ཚུལ་སོགས་བཀོད་དེ། ༼ ང་ཚོས་སྐུ་ཚབ་དོན་གཅོད་མི་བློ་རྒྱ་ཆེན་པོ་དང་། གཟིགས་རྒྱང་རིང་བོ། གུས་ཞབས་ཅན། མཚན་མཐོང་ཡོད་མཁན་ཞིག་བསྐོ་འཇོག་གནང་བའི་རེ་བ་འཛིན་གྱི་ཡོད། ༽ཅེས་འཁོད་ཡོད། གཞན་ཡང་བོད་མི་ཁག་ཅིག་དང་ཡུལ་མི་འགས་ཐུན་མོང་ཐོག་གོང་མཚུངས་མཚན་འཁོད་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་འདུག


སྤྱི་ཚོགས་ཐོག་བཀའ་ཤག་གིས་ཐུབ་བསྟན་རྒྱ་མཚོ་སྐུ་ཚབ་གསར་བསྐོའི་ལས་གནས་ནས་དགོངས་ཞུ་དང་། ཚོགས་པ་དང་མི་སྒེར་རེ་ཟུང་གིས་འབྲེལ་ཡོད་ལས་ཁུངས་ཁག་ལ་སྙན་ཞུ་ཕུལ་བའི་གནས་ཚུལ་ཁྱབ་སྐབས། ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཞན་ཁག་ཅིག་དང་། བོད་རིགས་ཚོགས་པའི་རྒྱུན་ལས་ལས་ཐོག་ཚོས་གནས་སྟངས་དེར་བློ་ཕམ་དང་། འབྲེལ་ཡོད་ལས་ཁུངས་ཁག་ལ་ཁོང་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ་དེར་འགྱུར་བ་མི་གཏོང་བའི་འབོད་སྐུལ་ཞུས་ཡོད་འདུག ཕྱི་ཟླ་ ༥ ཚེས་ ༢༨ ཉིན་APACT བོད་དོན་རྒྱབ་ཚོགས་པས་ཕུལ་བའི་སྙན་ཞུའི་ནང་༼ ཚོགས་པ་འདིས་མི་ལོ་ ༢༦ རིང་བོད་དང་བོད་མི་སྐྱབས་བཅོལ་བ་ཚོའི་ཆེད་དུ་ལས་ཀ་བྱས་པ་ཡིན། ད་ལྟ་ཚོགས་མི་ལྔ་བརྒྱ་ལྷག་ཡོད། ང་ཚོ་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་དང་ཕ་རི་སིའི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་གནང་བ་དེར་དགའ་སྤྲོ་སྐྱེ་བཞིན་ཡོད་ལ། ཁོང་ནི་ལས་གནས་འདི་ལ་ཆེས་རན་ཤོས་ཀྱི་མི་སྣ་དང་། ཁོང་ལ་དེ་ཐད་ཀྱི་ཉམས་མྱོང་ཕྱུག་པོ་ཡོད་པའི་ངོས་འཛིན་ཞུ་གི་ཡོད་། ༽ ཅེས་དང་། ཕྱི་ཟླ་ ༥ ཚེས་ ༢༩ ཉིན་ཧྥ་རན་སིའི་བོད་རིགས་ཚོགས་པའི་རྒྱུན་ལས་ལས་ཐོག་ཚོས་ཕུལ་བའི་སྙན་ཞུའི་ནང་ ༼ ཉེ་ལམ་དཔལ་ལྡན་རང་གཞུང་གིས་བརྟག་དཔྱད་དང་འདེམས་ཐོན་བརྒྱུད་ཧྥ་རན་སི་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཡུ་རོབ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བར་ས་གནས་བོད་རིགས་ཚོགས་པའི་ལས་ཐོག་རྒྱུན་ལས་རྣམས་ཀྱིས་དགའ་བསུ་དང་རྗེས་སུ་ཡི་རང་ཡོད། ཡིན་ཡང་སྐབས་འདིར་ས་གནས་འདི་གའི་མི་ཁ་ཤས་ཤིག་གིས་མི་སྒེར་བར་གྱི་དགའ་སྐྱོ་ལ་བརྟེན་ནས་ཁོང་ལ་སྐྱོན་བརྗོད་ཀྱི་ཡི་གེ་ཁ་ཤས་བཏང་ཡོད་པར་བརྟེན་རང་གཞུང་བཀའ་ཤག་གི་ངོས་ནས་ཁོང་ལ་དགོངས་པ་ཞུ་དགོས་ཞེས་གསུངས་འདུག་པའི་དངོས་དོན་དེ་ལ་བློ་ཕམ་དང་༽ ༼ རང་གཞུང་བཀའ་ཤག་གི་ངོས་ནས་མི་སྒེར་བའི་ན་ཚའི་ངོ་བོར་གྱུར་བའི་ཞུ་གཏུགས་ཡི་གེ་དེ་ཚོར་དབྱེ་ཞིབ་གང་ལེགས་ཀྱིས་ཐག་གཅོད་ཡོང་བའི་རེ་སྨོན་ ༽ཞེས་སོགས་བཀོད་ཡོད་འདུག་ལ། དེ་བཞིན་Tibet – Les enfants de l’espoir དང་ Montagne du Bonheur སོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༨ ཙམ་དང་། བོད་དོན་ཐད་ཕྱག་ལས་གནང་མཁན་དང་ཐུབ་བསྟན་རྒྱ་མཚོ་མི་སྒེར་ལ་འབྲེལ་བ་ཡོད་པའི་ཡུལ་མི་གང་མང་ཞིག་གིས་ཀྱང་སྐུ་སྒེར་དང་བཀའ་ཤག་སོགས་འབྲེལ་ཡོད་ལས་ཁུངས་ཁག་ལ་གོང་མཚུངས་ཀྱི་བློ་ཕམ་དང་འབོད་སྐུལ་ཞུས་ཡོད་པ་མ་ཟད། འདས་པའི་དུས་ཚོད་ནང་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བོད་དོན་དང་བོད་ཀྱི་ཆོས་དང་རིག་གཞུང་ཐད་ཕྱག་གང་གནང་དང་། གྲུབ་འབྲས་གང་ཐོན། དེ་བཞིན་ཁོང་གི་གཤིས་སྤྱོད་དང་ཤེས་འཇོན། ལྷག་བསམ། སྤྱི་ཚོགས་མཐུན་ལམ། ལས་འགུལ་མཉམ་རུབ་བཅས་ཚད་ལྡན་དང་མཐུན་འགྱུར་ཡག་པོ་ཡོད་པའི་གསལ་བཤད་ཀྱང་གནང་ཡོད་འདུག

འདི་ག་གསར་འགོད་པས་ཁ་པར་བརྒྱུད་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ལ་བཀའ་དྲུང་ནས་ཞིབ་ཆའི་གནས་ཚུལ་གནང་སོན་བྱུང་མིན་དང་། སྐུ་ཚབ་དོན་གཅོད་ནས་དགོངས་ཞུ་གནང་འཆར་ཡོད་མེད་བཀའ་འདྲི་ཞུས་བར། ཁོང་གིས༼ ང་ལ་གང་ཡང་འབྱོར་མ་སོང་། ཁ་སྔོན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དགོངས་པ་ཞུ་རོགས་ཟེར་བ་དེ་ཁྱོད་རང་སྒེར་ལ་གནད་དོན་འདུག་ཟེར་ནས་ཞུ་ཡི་མེད་ལ། ཁྱོད་རང་ལ་ཧྥ་རན་སིའི་ཁྲིམས་ཐོག་ནས་རྙོག་དྲ་འདུག་ཟེར་ནས་ཀྱང་ཞུས་པ་མིན། དེ་ག་ནང་བཞིན་ཁྱོད་ཀྱིས་ཚོགས་གཙོ་གནང་སྐབས་ཚོགས་པ་གཞན་པ་དེ་ཚོ་དང་མཐུན་ལམ་གནང་མི་འདུག མི་ཁ་ཤས་དང་ཚོགས་པ་ཁ་ཤས་ཤིག་གི་སྙན་ཞུ་འབྱོར་བ་ལ་བརྟེན་ནས་ཀྱང་ཞུས་པ་མིན། བཀའ་ཤག་ལ་ཁྱོད་སྐུ་ཚབ་དོན་གཅོད་དུ་མི་བསྐོ་རྒྱུའི་གནས་ཚུལ་གཞན་ཞིག་འབྱོར་ཡོད། དེ་བཀའ་ཤག་གིས་ཁྱོད་ལ་མི་བཤད་རྒྱུའི་ཐག་བཅད་ཡོད། ཅེས་གསུངས་སོང་། ད་དུང་རིན་པོ་ཆེས་ང་ལ་གལ་སྲིད་ད་ཐེངས་རང་ངོས་ནས་དགོངས་པ་ཞུས་ན་གནས་སྟངས་གཞན་པའམ། དུས་ཚོད་གཞན་པ། ཡང་ན་ས་ཆའམ་གནས་ཡུལ་གཞན་པ་ཞིག་ནས་ཞབས་ཞུའི་གོ་སྐབས་ཡོད་མི་སྲིད་པ་མ་རེད། ཅེས་ཀྱང་གསུངས་སོང་། ངས་ང་རང་གི་ད་བར་དུ་ལྷག་བསམ་རྣམ་དག་གིས་བོད་སྤྱི་བའི་ལས་ཀ་བྱས་པ་ཡིན་ལ། ད་དུང་ཡིན་ནའང་མུ་མཐུད་ནས་ལས་ཀ་བྱ་རྒྱུའི་འདུན་པ་བརྟན་པོ་ཡོད། མ་འོངས་པར་ཞབས་ཞུའི་གོ་སྐབས་གནང་ཡང་རུང་། མ་གནང་ཡང་རུང་། ཞིབ་ཆའི་གསལ་བཤད་གང་ཡང་མེད་པར་དགོངས་ཞུ་དགོས་ཚེ་སྤྱི་ཚོགས་ཐོག་ངའི་འབྱུང་འགྱུར་གྱི་འདུན་པ་དེ་ཚོར་འགོག་རྐྱེན་ཆགས་ཀྱི་ཡོད་ཙང་ངས་དགོངས་པ་ཞུ་ཐུབ་ས་མ་རེད་ཅེས་ཞུས་པ་ཡིན།  སྐབས་དེར་དེ་ལྟར་ཞུ་རྒྱུ་བྱུང་ལ། ད་ལྟ་ད་དུང་ཡང་གསལ་བཤད་མེད་པར་རང་ངོས་ནས་དགོངས་པ་ཞུ་ཐུབ་ས་མ་རེད། ༽ ཅེས་འགྲེལ་བརྗོད་གནང་སོང་།

སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ནི་བྷེལ་འཇམ་རྒྱལ་ས་སྦར་སིལ་ནང་རྟེན་གཞི་བྱས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་སྐབས་གསུམ་པའི་བཀའ་ཁྲིའི་དངོས་གཞི་འོས་བསྡུ་སྐབས་སྐུ་ཚབ་དོན་གཅོད་ནས་རྩ་དགོངས་ཞུས་རྗེས། ཡུ་རོབ་དམིགས་བསལ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གནས་སྐབས་རིང་སྦར་སིལ་སྐུ་ཚབ་དོན་གཅོད་གཅིག་ལྕོགས་གནང་གི་ཡོད་པ་རེད།

ཧྥ་རན་སིའི་འདི་གའི་གསར་འགོད་པ་ཟླ་བ་ཚེ་རིང་ལགས་ཀྱིས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༩ སྔོན་ལ།

མཆན། 23

  1. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    ལུང་ཚན་ཆོ་གའི་ཕྱོགས་ལྷུང་མ་གནང་རོགས་ལགས་ལ་ཞུ་རྒྱུར། ཐུབ་བསྟན་རྒྱ་མཚོ་རྩ་ཆེན་རེད་ཅེས་སུ་ཀྱང་བཤད་ཀྱིན་མི་འདུག ཚང་མས་གླེང་གིན་པ་ནི། ཁ་སང་བསྐོས་འཇོག་བྱས་པ་ཡིན་པའི་དྲིལ་བསྒྲགས་རྗེས། དེ་རིང་གསང་བའི་ངང་ནས་ཕྱིར་བསྡུ་བྱ་སྟངས་ཀྱི་དོན་གཅོད་ལས་གནས་བསྐོ་སྟངས་འདིར་ཡ་མཚར་གྱིན་ཡོད་པ་རེད། གལ་སྲིད་ཐུབ་བསྟན་རྒྱ་མཚོ་སྐྱོན་ཅན་ཡིན་པར་ཆ་བཞག་ན། བཀའ་ཤག་གིས་སྔོན་ལ་མ་བརྟག་མ་དཔྱད་པར་བསྐོ་དོན་ཅི་ཡིན་ནམ། གལ་སྲིད་ཐུབ་བསྟན་རྒྱ་མཚོ་སྐྱོན་བྲལ་ཡིན་པར་ཆ་བཞག་ན། བཀའ་ཤག་གིས་བསྐོ་འཇོག་བྱས་པ་ཡོང་ཁྱབ་གསལ་བསྒྲགས་སྤེལ་རྗེས་མི་མང་ལ་འགྲེལ་བཤད་ཅི་ཡང་མེད་པར་ཕྱིར་བསྡུ་བྱ་དོན་ཅི་ཡིན་ནམ། དོགས་པ་རྣམ་རྟོགས་གསུམ་རང་ཤུགས་ཀྱིས་སྐྱེས་ཆོག་སྟེ། གཅིག དེ་སྔོན་ཁ་ཆེན་དབང་ཆེན་ཞིག་གི་ངོ་སོ་བཟུང་ནས་བཀའ་ཤག་གིས་ཐུབ་བསྟན་རྒྱ་མཚོར་བརྟག་དཔྱད་ཞིབ་འཇུག་མ་བྱས་པར་དོན་གཅོད་དུ་བསྐོ་འཇོག་བྱས་པ་དང་། གཉིས། ཐུབ་བསྟན་རྒྱ་མཚོ་འཇོག་བྱས་རྗེས་ཁ་ཆེན་དབང་ཆེན་ཞིག་གི་བློར་མ་བབས་པར་བརྒྱུད་སྐུལ་ལ་བརྟེན་ནས་ཐུབ་བསྟན་རྒྱ་མཚོ་ལས་དབྱུང་བཏང་བ། གསུམ། བཀའ་ཤག་གིས་དོན་གཅོད་གཙོས་པའི་གཞུང་གི་ལས་གནས་གལ་ཆེན་དུ་མི་སྣ་བསྐོ་འཇོག་བྱ་སྐབས། དུས་རྒྱུན་བརྟག་དཔྱད་ཞིབ་འཇུག་གནང་གི་མེད་པར་ར་བཟི་ལྟར་རང་སྣང་གང་དྲན་དུ་བཞག་ཏེ། སྤྱི་བའི་ལས་དོན་ལ་ཤ་ཚ་སྙིང་ཉེ་དང་དོ་གལ་གནང་གི་མཚོན་དགོས། དེ་གསུམ་ལས་གཞན་པའི་རྒྱུ་མཚན་ཅིག་ཕྱར་དེ་བཀའ་ཤག་གི་ཐེངས་འདིའི་ལས་དོན་སྒྲུབ་སྟངས་ལ་དཀར་རྩི་བྱུགས་ཐབས་འདུག ད་བར་དུ་འུ་ཚོས་གྲོས་ཚོགས་ནང་དུ་རྟོན་བཞི་འཇུག་ལྡོག་ཟེར་ནས་མ་ཎི་འདོན་འདོན་བྱེད་བཞིན་པ་མ་ཡིན། གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་དགོས་པ་གལ་ཏུ་བཟུང་སྟེ་ཚང་མས་གནད་དོན་ལ་དཔྱད་དགོས་པར་མཐོང་།

    Reply
  2. མི་ says:
    ལོ་ 14 སྔོན།

    ཟམ་གདོང་བླ་མས་ལས་ཀ་ཡག་པོ་བྱས་ཡོད་མོད། མཐར་མར་་མཇུག་མ་ནག་པོ་ཞིག་་བྲིད་ནས་འགྲོ་ས་རེད།

    Reply
  3. ནད་པ says:
    ལོ་ 14 སྔོན།

    བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་དང་དྲྭ་ལམ་གཞན་བརྒྱུད་ནས་ངས་ཕྷོ་རང་སིར་གནས་སྡོད་བྱེད་བཞིན་པའི་ཐུབ་བསྟན་རྒྱ་མཚོའི་དོན་གཅོད་དུ་བསྐོ་བཞག་ཟིན་པའི་ཁྱབ་བསྒྲགས་སྤེལ་བ་མཐོང་བྱུང་།

    དྲྭ་ལམ་གཞན་དག་ནས་སྐབས་དེར་ཁོ་བོད་ནས་སོག་སྒར་དང་དེ་ནས་ཝ་ན་མཐོ་སློབ་དེ་ནས་ཕྷོ་རང་སིར་ཕྱིན་པ་དང་དེར་ཁྲིམས་ཀྱི་སློབ་སྦྱོང་དང་དེ་རྗེས་ཁྲིམས་ལུགས་སྐོར་བོད་བསྒྱུར་བྱས་པ་སོགས་ཀྱི་སྐོར་བོཀད་པ་ཤེས་རྟོགས་བྱུང་།

    དེ་ནི་བཀའ་ཤག་གིས་གཞུང་འབྲེལ་ཐོག་ནས་བསྐོ་བཞག་བྱས་པ་མ་ཟད་སྤྱི་ཚོགས་ཐོག་ཏུ་དྲྭ་ལམ་བརྒྱུད་ནས་ཀྱང་གནས་ཚུལ་གསལ་བསྒྲགས་བྱས་ཟིན། ད་ཆ་ཁོར་མི་ཁ་ཤས་ཀྱིས་ཉེས་འཛུགས་ཡི་འཕྲིན་བྱུང་ཚུལ་སོགས་རྐྱེན་གྱིས་དགོངས་ཞུ་བྱེད་དགོས་ཚུལ་གླེང་བཞིན་འདུག

    ཐུབ་བསྟན་རྒྱ་མཚོ་དོན་གཅོད་དུ་བསྐོ་བཞག་མ་བྱས་པའི་གོང་དུ་འཛིན་སྐྱོང་གིས་རྒྱུ་མཚན་ཅིའི་ཕྱིར་ཞིབ་འཇུག་བྱས་མེད་དམ། བསྐོ་བཞག་བྱས་ཟིན་ནས་ཡང་མ་འགྲིག་པའི་གནད་ལུགས་དང་ད་དུང་ཁོར་དམིགས་བསལ་གྱི་བརྒྱབ་ལྗོངས་སུ་རྒྱུ་མཚན་གཞན་ཡོད་འདོག་གིས་གནད་ལུགས་འགྲེལ་བཤད་བྱེད་བཞིན་ཡོད།

    བོད་མིའི་སྒྲིག་འཛུགས་འགོ་པའི་ལས་ཀའི་བརྒྱུད་རིམ་དང་བྱེད་བབ་འདི་ལ་དཔག་ནས་ལས་དོན་ཚགས་ཚུད་དང་ཐག་གཅོད་གཏན་འཁེལ་མེད་པར་བྱ་སྒྲོ་རླུང་འཁྱེར་རམ་རི་བོང་ཅལ་སྒྲོགས་ཀྱིས་ནང་ཚུལ་ཡོད་པ་ཞིག་མངོན་བཞིན་འདུག

    ཐུབ་བསྟན་རྒྱ་མཚོས་ཀྱང་རང་ཉིད་ཀྱི་བརྒྱབ་ལྗོངས་སུ་ནག་ཉེས་ཚབས་ཆེ་ཡོད་ན་དགོངས་ཞུ་བྱེད་དགོས་ལ་གལ་ཏེ་ནག་ཉེས་ཆེན་པོ་ཞིག་མེད་ཚེ་ངེས་པར་དུ་བཀའ་ཤག་གི་བཀའ་ཁྲི་ཟམ་དོང་དང་ལས་བྱེད་འདམེས་བསྐོའི་འབྲེལ་ཡོད་དེར་ཐ་གཅིག་ཏུ་གནད་དོན་དེ་རང་གར་མ་བཞག་པར་གསལ་པོ་བཟོ་དགོས།

    ད་ཆ་རང་བཚན་དང་རང་ཡུལ་སོགས་མེད་ནའང་ཡང་དག་པའི་ཕྱི་གསལ་ནང་གསལ་གྱི་དམངས་གཙོའི་སྟེང་འགྲོ་བཞིན་ཡོད་སྟབས་བཀའ་ཁྲི་ཟམ་དོང་མ་གཏོགས་འགྲིག་གི་མེད་ན་༸ རྒྱལ་བ་རིན་པོ་ཡིན་ཀྱང་ངེས་པར་དུ་རྒྱུ་མཚན་གསལ་བཤད་བྱེད་དགོས་ལ་བྱེད་ཆོག་གི་རེད།

    བཀས་བཀོད་བརྒྱུད་འཛིན་དང་ཞིང་བྲན་ལམ་ལུགས་ཀྱི་རིང་ལུགས་ད་ཆ་འཇུག་བསྒྲིལ་ཟིན་པ་མ་ཟད་ད་དུང་སྲིད་དབང་སྒེར་གཅོད་དང་། ཉམས་ཆུང་ལ་ཐུག་ཚོད། དྲང་བདེན་མེད་པའི་གནས་ཚུལ་ཅི་ཞིག་ཐོན་ཚེ་ངེས་པར་དུ་སྙིང་སྟོབས་ཆེན་པོས་རྩོད་དགོས། ཕམ་པར་རྒྱག་དགོས།

    བཀའ་ཤག་གིས་ངོས་ནས་ཁོར་ནག་ཉེས་ཅི་ཞིག་ཡོད་མེད་གསལ་བཤད་ངེས་པར་དུ་བྱེད་དགོས། ཐུབ་བསྟན་གྱིས་ངོས་ནས་ནག་ཉེས་ཡོད་ཚེ་ངེས་པར་དུ་ཁས་ལེན་ཞུ་དགོས། ཕར་ཚུར་གཞི་མེད་སྐྱོན་འཛུགས་བྱེད་རུང་།

    Reply
  4. ཨ་ལ་ལ says:
    ལོ་ 14 སྔོན།

    མི་ཟེར་བ་འདི་ཇི་འདྲའི་དགོད་བྲོ་ཞིང་སྙིང་རྗེ་བ་ཞིག་རེད་ཨང་། གནས་ཚུལ་མགོ་ཚོས་ལ་མ་ཚོད་མཁན་ཚང་མས་ཅིག་བཤད་བཤད་པ་འདུག གནད་དོན་འདི་ནི་བཀའ་ཤག་གིས་མ་འགྲིག་པ་ཞིག་ལས་ཐུབ་བསྟན་རྒྱ་མཚོ་ལ་ལན་པ་གང་ནས་ཡོད། དེང་ཐོག་བརྟགས་དཔྱད་ཞུས་ནས་བསྐོས་པ་དང་། དེ་ནས་ཡང་བརྟག་དཔྱད་ཞུས་ནས་མི་བསྐོ་ཟེར་བ་ལ་སོགས་པ་ནི་གཞུང་ཞིག་དང་བཀའ་ཤག་ཅིག དེ་བཞིན་ཚང་མས་བླ་མ་དང་མཁས་པར་བཀུར་བཞིན་པའི་བཀའ་ཁྲི་མཆོག་གིས་འདི་འདྲ་གནང་ཡོང་དུས་སྤྱི་ཚོགས་ཐེ་ཚོམ་ཅན་དུ་གྱུར་ཏེ་ལབ་གླེང་ལོས་བྱེད། ད་དུང་སྒེར་ངོས་ནས་དགོངས་པ་ཞུ་དགོས་པ་དང་དགོངས་པ་དེ་ཡང་བྱིས་པ་ལོ་ཆུང་ཞིག་ལ་ལབ་པ་བཞིན་དེ་དང་དེ་འདྲ་བར་ལབ་ནས་ཞུ་དགོས་ཚུལ་དང་། དེ་མིན་དགོངས་ཞུའི་གནད་དོན་ཁྱེད་ལ་མི་བཤད་རྒྱུའི་ཐག་བཅད་ཡོད་ཚུལ་སོགས་མང་པོ་ཞིག་བྱས་ཚུལ་ལ་བལྟས་ན་ཐུབ་བསྟན་རྒྱ་མཚོ་ཁོང་ནི་མི་བདེན་ཁ་ཡོད་པ་ཞིག་ཡིན་པ་མཐོང་ཐུབ། གལ་སྲིད་དེ་འདྲ་མིན་ན་སྐྱོན་འདི་དང་འདི་ཡོད་པས་ཕྱིར་འཐེན་དགོས་ཚུལ་ལབ་ན་དེ་ལ་དཀའ་ལས་ཡོད་དགོས་པ་ཅི་ཞིག་ཡོད།གཞན་འདས་པའི་བོད་ཀྱི་ལོ་རྒྱུས་ནང་དུའང་རང་གིས་རང་གི་རྐང་བ་ནས་འཐེན་བསྡད་པ་ལས་མི་ལ་བརྩི་བཀུར་དང་གསོ་སྐྱོང་བྱས་བཞག་པ་ཞིག་ལོ་རྒྱུས་ནང་གང་དུ་ཡོད། རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་ཚོ་དངོས་ནས་བློ་ཕམ་པའི་ལས་དོན་ཞིག་རེད་འདུག་ག།

    Reply
  5. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    ད་ཕལ་ཆེར་ཟམ་གདོང་འདི་ཡང་ཆང་གིས་བཟི་ཡོད་ས་རེད།

    Reply
  6. ཀུན་དགའ། says:
    ལོ་ 14 སྔོན།

    གནས་ཚུལ་འདི་ཧ་ཅང་གི་ཡ་མཚན་པ་ཞིག་མ་རེད་དམ་གཟིར་གནས་དྲང་བདེན་པ་ཚོ།
    བཀའ་ཁྲི་མཆོག་གིས་༼ མི་ཁ་ཤས་དང་ཚོགས་པ་ཁ་ཤས་ཤིག་གི་སྙན་ཞུ་འབྱོར་བ་ལ་བརྟེན་ནས་ཀྱང་ཞུས་པ་མིན། བཀའ་ཤག་ལ་ཁྱོད་སྐུ་ཚབ་དོན་གཅོད་དུ་མི་བསྐོ་རྒྱུའི་གནས་ཚུལ་གཞན་ཞིག་འབྱོར་ཡོད། དེ་བཀའ་ཤག་གིས་ཁྱོད་ལ་མི་བཤད་རྒྱུའི་ཐག་བཅད་ཡོད། ༽ཅེས་རྒྱབ་ཕྱོགས་ན་དོན་གནད་ཅིག་ཡོད་མདོག་གི་བཀའ་གསུང་འདི་གལ་སྲིད་བཀའ་ཁྲི་མཆོག་ནས་སྲོང་བོར་བརྗོད་དབང་དུ་བྱས་ན། ༼མི་ཞིག་གིས་ཐུབ་བསྟན་རྒྱ་མཚོ་ཟེར་བ་དེ་སྐྱེས་ས་འགྲིག་གི་མི་འདུག་ལབ་སོང་། དགོངས་དག༽ཅེས་པའི་ཚིག་འདི་འདྲ་ཞིག་ཡིན་སྲིད། དེ་མིན་ན་དང་པོར་བརྟགས་དཔྱད་ཞིབ་འཇུག་གནང་མཐར་དོན་གཅོད་ལ་འོས་འཚམས་ཐག་བཅད་དང་ཡོངས་ཁྱབ་གསལ་བསྒྲགས་གནང་སྟངས་ཅི་ཡིན་ནམ། གང་ལྟར་ཡིག་འཁྱམ་རེ་ཟུང་གི་གང་དུ་ཁྲིད་ཆོག་ཆོག་གི་སྲིད་གཞུང་འདི་སྒྲིགས་འཛུགས་ཡིན་པས་རྐྱེན་གྱིས་མིན་ནམ????????

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་སྲིད་དབང་མི་མང་གི་བདམས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་པའི་དུས་འདིར་སྐུ་ཚབ་དོན་གཅོད་ཅིག་སྐོས་པ་དང་ལས་གནས་རྩིས་སྤྲོད་ཀྱང་མ་བྱས་པ་ཕོ་སྒྱུར་གཏོང་བ་འདི་ནི་ཡག་བཏགས་ཞིག་མ་རེད། བྱས་ཉེས་དང་བྱས་རྗེས་ཇི་ཡོད་གོ་མིང་མ་སྤྲད་གོང་ནས་བཏགས་དཔྱད་བྱས་ཏེ་གནད་དོན་ཐག་གཅོད་བྱས་དགོས་པ་ལས་བྱི་པའི་རྩེ་མོ་ལྟར་བྱ་རྒྱུ་ཞིག་མ་རེད། དེ་བས་ཀྱང་བཀའ་བཤག་ནས་རྒྱུ་མཚན་ཁ་གསལ་མེད་པར་དགོངས་ཞུ་དགོས་ལུགས་ཀྱི་ལམ་སྟོན་ནི་མི་བུ་བྱེ་བྲག་པ་ཞིག་གི་མདུན་ལམ་ལ་དགག་རྡོ་འཕེན་པ་རང་རེད།

    Reply
  8. སོ་བ་ནས་ says:
    ལོ་ 14 སྔོན།

    རྡོག་རྡོག་ལབ་ན། བཀའ་ཤག་གིས་ཐུབ་བསྟན་རྒྱ་མཚོར་མིང་ཆད་བཟོས་འདུག དེ་གུན་སྲུབ་ལ་ག་རེ་བྱེད་དགོས་པ་རེད། འོ་ན། བློ་སེང་ལ་ཡང་སྤྱི་ཚོགས་ནང་ཁག་ཅིག་གིས་སྐྱོན་བརྗོད་བྱེད་གི་འདུག བཀའ་ཁྲི་ནས་ཕྱིར་འཐེན་བྱེད་གི་ཡིན་ནམ།

    Reply
  9. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དབང་ཚད་གང་ཞིག་ཡིན་ན་དེ་སྔོན་བཞིན་༧སྐུ་སྒེར་ཡིག་ཚང་ལ་འབྲེལ་བ་བྱེད་མི་དགོས་པར་གནས་ལུགས་ཐག་གཅོད་ཆོག་པ་འདི་༧རྒྱལ་བ་དོན་གྱི་བདག་པོའི་བཀའ་ཡིན་ལ་དམིགས་བསལ་ཁོང་གིས་སྐུ་དབང་བོད་མའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལ་གནང་བའི་དབང་ཚད་ཀྱང་རེད་། མཁྱིན་གསལ་བཞིན་འདི་ལག་ལེན་དུ་བསྟར་ནས་དུས་ཡོན་ཐུང་ངུ་ལས་མ་སོང་བའི་འཚམས་འདིར་ང་ཚོའི་སྤྱི་ཚོགས་ནང་ཐོག་མར་སྦར་སིལ་དོན་བཅོད་གསར་པ་ཐུབ་བསྟན་རྒྱ་མཚོའི་སྐོར་ཡུལ་དེའི་མང་ཚོགས་ནང་ལབ་གླེང་སྣ་ཚོགས་བྱུང་མཐར་འབྲེལ་ཡོད་མི་མང་གི་བཀའ་ཤག་ལ་ཁོ་པ་ཡུལ་དེའི་དོན་བཅོད་མི་འོས་ཚུལ་རྣམ་འགྱུར་གསལ་སྟོན་ཐོག་འདོད་བློ་མ་ཁེངས་པའི་སྐྱོན་བརྗོད་བར་མཚམས་མེད་པ་བཀའ་དྲུང་ཡིག་ཚང་དུ་འབྱོར་བ་སོགས་ཕྱོགས་གཞན་ཞིག་ནས་བཤད་ན་ད་དུང་རེ་འགས་རྒྱབ་སྐྱོར་དང་རེ་འགས་སྐྱོན་བརྗོད་བྱས་ཁུལ་སོགས་དཔུང་སྒྲིག་ནས་ཡུལ་དེའི་མི་མང་ནང་ཆིག་སྒྲིག་གཏོར་བའི་བྱ་བ་ཐབས་སྡུག་འདྲ་སྤེལ་དང་བཞིན་འདུག་ན་འདི་དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་ཡིན་སྟབས་འཛིན་སྐྱོང་བཀའ་ཤག་གི་སྐབས་དེར་ཐུགས་བསམ་ཆེ་བཞེད་ཀྱི་ཁོང་ལ་ལུགས་འཐུན་དགོངས་ཞུ་གནང་ན་ལེགས་ཚུལ་བཀའ་ཕེབས་པ་དེར་ཁོ་པས་དངོས་ཡོད་གནས་ལུགས་མ་རྟོགས་པ་དང་བཀའ་དྲེན་ལ་བསམ་ཞིབ་མ་ཤེས་པར་ཉིན་ཆར་བོད་ཀྱི་དུས་བབ་གསར་འགོད་པར་བཀའ་དེར་ཁས་ལེན་ཐུབ་ས་མ་རེད་ཅེས་གསལ་བསྒྲགས་ནད་བརྗོད་བྱེད་འདུག། སྤྱིར་མང་གཙོའི་གཞུང་དང་སྒྲིག་འཛུགས་ག་འདྲ་ཞིག་ཡིན་ན་རང་གི་ཁྲིམས་མཐུན་གྱི་དབང་ཆ་རྩོད་ལེན་བྱེད་པའི་རང་དབང་ཡོད་པ་དེར་མཚམས་དང་ཚད་ངེས་ཅན་ཞིག་མེད་ཀྱང་གནད་ལུགས་དེའི་གཞུང་དང་སྒྲིག་འཛུགས་ལ་གནོད་ན་ཁྲིམས་ཐོག་ནས་གང་མགྱོགས་ནག་ཉེས་ཅན་དུ་ཐག་གཅོག་བྱེད་པར་དགོས་པ་དང་རྒྱུ་མཚན་མེད་པ་མ་རེད། དེས་ན་དངོས་ཡོད་ཐུབ་བསྟན་རྒྱ་མཚོའི་རང་སྒེར་དང་མང་ཚོགས་ཀྱི་འདོད་བབས་ནོར་ཡོད་མེད་ཐད་ད་ཐེངས་གསལ་བཤད་འོས་འཚམས་ཤིག་མེད་ན་ཁོ་པས་ཧམ་བཤད་འདི་ཧ་ལས་པའི་རྫབ་ཆེན་རེད་། འདི་བོད་གཞུང་དང་ཟམ་དགོང་རིན་པོ་ཆེར་བརྩི་བཀུར་མ་བྱེད་པའི་གནས་ཚུལ་ཙམ་ག་ལ་ཡིན་། ༧གོང་ས་མཆོག་གི་བཀའ་དགོངས་ལྟར་བཀའ་ཤག་གི་དབུ་ཁྲིད་པའི་སྲིད་གཞུང་འདིའི་གོམ་པ་མདུན་སྤོ་བྱེད་སྟངས་ཐད་མ་འོངས་བོད་ཀྱི་མདུན་ལམ་ཐོག་བསམ་ན་བོད་རིགས་ཙམ་མ་ཚད་རྒྱལ་སྤྱིའི་མི་མང་ཡོངས་ནས་དོ་སྣང་ཆེ་པོ་བྱེད་བཞིན་པའི་སྐབས་འདིར་ཁོ་པས་རང་སྒེར་གྱི་དོན་ཅན་ཐོག་ནས་རང་རེའི་སྒྲིགས་འཛུགས་ཀྱི་དབུ་ཁྲིད་བཀའ་ཤག་གི་བཀའ་ལ་ངོ་རྒེར་རྣམ་འགྱུར་ཐོན་པ་འདི་ལོ་རྒྱུས་ཀྱི་འགྱུར་འཚམས་འདིའི་ནང་ཆེས་མ་འོས་པ་དང་དགྲ་བོ་རྒྱ་ནག་ལ་དགོས་པའི་བརྙན་འཕྲིན་ལེ་ཚན་ཞིག་ཡིན་པས་ཧམ་བཤད་འདིའི་་དགྲ་དགའ་གཉེན་སྡུག་གི་ལོ་རྒྱུས་ཀྱི་ནག་ཉེས་ཐོག་མ་དེ་བཞག་པ་རེད།

    Reply
  10. གཡག་རྒོད says:
    ལོ་ 14 སྔོན།

    ཡ་མཚན་པ་ལ། རྒྱུ་མཚན་མ་བཤད་པར་དགོངས་པ་ཞུ་དགོས་པའི་སློབ་གནང་སྟངས་འདི་ག་རེ་ཡིན་ན།

    Reply
  11. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    དབུགས་ཐག་གཅིག་གི་ན་ཟུག
    གང་ཞིག་ཡང་དག་ཡིན་མིན་གྱི་གནད་དོན་དེ་ད་ལྟ་ནས་བཤད་དཀའ་མོད། མ་གཞི་ཐུབ་བསྟན་རྒྱ་མཚོ་མི་སྒེར་གྱི་ལེགས་ཉེས་དགེ་སྐྱོན་གྱི་གནད་དོན་དེ་དོན་དག་ཆུང་ཆུང་ཞིག་རེད། ཡིན་ནའང་། ཐེངས་འདིའི་སྐུ་ཚབ་དོན་གཅོད་བསྐོ་འཇོག་ཕྱིར་བསྡུའི་གནད་དོན་གྱི་བརྒྱུད་རིམ་ཧྲིལ་བོར་རག་ཙམ་བལྟས་པ་ཙམ་གྱིས་ཀྱང་། ཟམ་གདོང་གི་མགོ་ཁྲིད་པའི་བཀའ་ཤག་གི་ལས་དོན་སྒྲུབ་ཕྱོགས་ཐད་བློ་ཕམ་དང་ཡི་ཆད། དོགས་སློང་ཞིག་མི་སྐྱེས་རང་སྐྱེས་ཆགས་ཤིག་སོང་ལ། གངས་ཅན་སྐྱིད་ཤོངས་ཀྱི་མགོ་བདེ་དྲན་འཕྲུལ་དང་རང་དོན་ཁེ་གཉེར་བ་འདི་ཚོས། ཁ་སང་བརྟག་དཔྱད་བསམ་ཞིབ་མཐིལ་ཕྱིན་ཡིན་མདོགས་ཀྱིས་༸གོང་ས་མཆོག་ལ་སྙན་འབུལ་ཞུས་ཏེ་དོན་གཅོད་དུ་བསྐོ་འཇོག་བྱས་ཟིན་ཚུལ་བོད་མི་མང་ལ་ཡོངས་ཁྱབ་གསལ་བསྒྲགས་དང་། དེ་རིང་། བསྐྱར་དུ་མི་སྒེར་གང་དེ་གཙོས་པའི་བོད་མིའི་སྤྱི་ཚོགས་ཁྲོད་གསལ་བརྗོད་མི་བྱེད་པའི་ཐག་གཅོད་བྱས་ཡོད་ལུགས་བརྗོད་དེ་གསང་དོན་ཆེན་པོ་ཞིག་ཡོད་མདོགས་ཀྱིས། དོན་གཅོད་ཕྱིར་བསྡུ་བྱས་པའི་ལས་དོན་བྱེད་ཕྱོགས་འདི་དག་ནི། དངོས་གནས་ཡ་མཚན་པ་སྐྱི་གཡའ་ཞིག་མ་ཡིན་ནམ། བྱེད་ཕྱོགས་འདི་དག་ནི་སྔ་དྲོ་སྒྲིག་པ་ཕྱི་དྲོ་གཏོར་འགྲོ་བའི་བྱིས་པ་སྣབས་ལུག་ཅིག་གི་རྩེད་སྲོལ་དུ་མི་སྣང་ངམ། ཅི་འདྲི་བློ་ཕམ་པ་ལ། ཡིད་སྐྱོ་བ་ལའང་། ཟམ་གདོང་གི་དབུ་ཁྲིད་པའི་བཀའ་ཤག་འདིས་རྩ་ལ་གཙང་འགྲོའི་ལས་དོན་སྒྲུབ་ཕྱོགས་དང་། སྤེན་པ་ཚེ་རིང་དང་ཀརྨ་ཆོས་འཕེལ་གཉིས་ཀྱི་རྒྱུད་སྐུལ་འཁྲབ་ཚན་རས་མོས་སུ་སྐོར་བའི་པའི་ཟ་འདྲེ་འགོང་རྒན་སྤྱི་འཐུས་དེ་ཚོའི་ཕྱོགས་འཁྱེར་ནང་དཀྲིགས་ཕྱོགས་འདི་ལ་བལྟས་འོང་དུས། འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་༸གོང་ས་མཆོག་དང་བོད་མི་མང་གིས་དཀའ་སྡུག་ཧུར་བསྐྱེད་ཀྱིས་སྒྲུབ་པའི་བོད་དོན་བདེན་པའི་འཐབ་རྩོད་ལ་གྲུབ་འབྲས་བླ་ལྷག་ཅིག་མ་བྱུང་འདི་ལ་ཅི་ཁག་བསམ་པ་ཞིག་མི་དྲན་རང་དྲན་ཆགས་སོང་། ཁེ་སྔོན་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་མི་མང་མང་ཚོགས་ཁྲོད་བཀྲམས་སྐབས་འགྲེམས་ནོར་ཐེབས་པ་དང་། ཡང་། བཅའ་ཁྲིམས་བསྐྱར་བཅོས་ཟིན་རྗེས་ཀྱི་གྲུབ་དོན་ཁྲིམས་ཡིག་༸གོང་ས་མཆོག་ལ་སྤྱན་འབུལ་མཚན་རྟགས་ཞུ་སྐབས། བཅའ་ཁྲིམས་ནང་དོན་ཚན་ཆད་ལྷག་ཤོར་འདུག་པ་དེ་འདི་དག་ལས། གངས་ཅན་སྐྱིད་ཤོངས་ཀྱི་ཟ་འདྲེ་མགོ་བདེ་འདི་ཚོས་ད་ལྟའི་བར་རང་དོན་ཁེ་གཉེར་གྱིས་སྤྱི་དོན་ཡོད་ཚད་སྣང་མེད་ཉམ་ཆག་ཏུ་གཏོང་བཞིན་པ་གསལ་བོ་ཆགས་པ་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་གཞན་གྱི་མི་སེར་དང་སྐྱབས་བཅོལ་བའི་གཤོག་པ་གཉིས་ཐོག་མཁན་གྱི་ཟ་འདྲེ་མགོ་བདེ་ཅན་འདི་དག་གིས་འདས་ནས་ད་ལྟའི་བར་རང་འཚོ་རྒྱལ་འཚོང་གི་ལས་དོན་ཁོ་ན་སྒྲུབ་ཏེ་རྒྱ་ཆེ་བོད་མི་མང་ལ་མཐོང་ཆུང་བྱས་པ་ཞིག་དང་། རང་སྲོག་འབེན་བཙུགས་ཀྱིས་འཐབ་བརྩོད་གནང་བཞིན་པའི་རྒྱ་ཆེ་གཞིས་ལུས་མི་མང་གི་རེ་བའི་མིག་ཟུང་ལ་ཐལ་འཚུབ། དཀའ་སྡུག་ཁྱད་གསོད་ཀྱིས་ཆ་ལུགས་གོམས་སྲོལ་མི་གཅིག་པའི་ཕྱིའི་མི་ཡུལ་དུ་གཉའ་སྒུར་ཞུ་འདེབས་ཀྱིས་སྐྱབས་བཅོལ་དུ་སྡོད་པའི་བཙན་བྱོལ་མི་མང་ངོ་གདོང་ལ་སྦག་བཙོག་བྱུགས་པ་ཞིག་མ་ཡིན་ནམ། འདི་དག་གི་ལས་སྟངས་བཅའ་སྟངས་ལ་བལྟ་དུས། མ་འོངས་པར་རྒྱལ་སྤྱི་ལ་ཁ་ཕྱོགས་ཏེ་བདེན་པ་བདེན་པ་ཞེས་བརྗོད་རྒྱུར་ངོ་གནོང་དགོས་པ་ཞིག་དང་། རྒྱ་དམར་སྒེར་གཅོད་པར་ཁ་གཏད་དེ་ཕྱི་གསལ་ནང་གསལ་གྱིས་སྐད་རྒྱག་རྒྱུར་སྤོབས་པ་བྲལ་བ་ཞིག་མི་ཆགས་པའི་ངེས་བ་མི་འདུག ཀྱེ་མ་ཀྱི་ཧུད། ཅི་འདྲིའི་འཇིགས་ཡེར་བ་ལའང་། འདི་འདྲའི་སྙིང་ན་བ་ལའང་། ད་ནི། བོད་མི་རིགས་འཆི་གསོན་གྱི་སོ་མཚམས་ནས་འཚར་ལོངས་བྱུང་བའི་མི་རབས་གསར་བའི་གཞོན་སྐྱེས་ཚོས་བདེན་པ་ཚུགས་ཐུབ་ཀྱི་མི་གཞིའི་སྒལ་ཚིགས་ཤིག་དྲང་པོར་བསྲིངས་ཏེ་འདས་པའི་བྱུང་རིམ་ལ་བསྐྱར་ཞིབ་དང་། ད་ལྟའི་གནས་སྟངས་ལ་ཞིབ་འཇུག་ཡག་པོ་ཞིག་མ་བྱས་པར། ད་དུང་ཟ་འདྲེ་ཀླད་ལྗང་འདི་ཚོའི་ཕྱོགས་ལྷུང་གདོན་འདྲེ་ཡི་བསླུ་བྲིད་ཀྱི་འོག་མུ་མཐུད་མགོ་འཐོམ་བསྡད་པ་ཡིན་ན། ནམ་ཞིག་ལོ་རྒྱུས་ཐོག་སྙན་པའི་གྲགས་པ་ཕྱོགས་བཞིར་རྒྱས་མྱོང་བའི་བོད་བཙན་པའི་གདོང་རྒྱུ་འདི་སྟོང་ཞིང་ཡལ་བར་འགྱུར་རྒྱུ་ཡིན་པ་ནི་གདོན་མི་ཟའོ། དེ་བས་ང་ཚོ་ཟ་འདྲེ་འགོང་རྒན་འདི་ཚོའི་གདོན་འདྲེ་དྲན་འཕྲུལ་གྱི་དཀྱིལ་འཁོར་ཁྲོད་ནས་ཕྱིར་བུད་དེ་བདེན་པའི་མིག་ཟུང་བཙལ་ཞིང་། ལ་རྒྱའི་དཔུང་བ་འདེགས་ཏེ་བོད་གངས་ཅན་པའི་ཕྱི་ནང་སྣོད་བཅུད་གཉིས་ལ་གསོན་ཤུགས་གསར་བ་ཞིག་དང་འཚོལ་སྙེགས་རྣལ་ཞིག་བསྐྱར་གསོ་བྱེད་པར་འབད་དགོས་སོ།

    Reply
  12. ལུང་ཚན་ཆོ་གའི་ཕྱོགས་ལྷུང་མ་གནང་རོ says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གི་བཀའ་སློབ་ སྒེར་འཁོན་ཕྱོགས་འཐེན་རིགས་སྤངས་ཏེ་ རྟོན་གཞི་འཇུག་ལྡོག་མ་ནོར་བ་ཞེས་པ་དེ་༽འཆན་བྲིས་མཁན་ཡོངས་ནས་ཐུགས་ལ་འཇགས་ཏེ་ལུངཚན་ཕྱོས་ལྷུང་སྤངས་ཏེ་བློ་གཟུ་བོར་གནས་ཏེ་བོད་སྤྱིའི་རྩ་དོན་ལ་དགོངས་པ་བཞེས་རྒྱུ་གལ་ཆེ་བ་མཐོང་གིན་མིནའདུག་གམ་ སྦུ་སོང་དོད་གཅོད་དེ་རྣམ་པ་ཚོས་གལ་ཆེ་ཆུང་ག་འདྲ་ཞིག་ལ་ངོས་འཛིན་གནང་གིན་ཡོད་ན་ སྦེ་ཇམ་བོད་རིགས་མང་ཚོགས་ནས་མངོན་འདོད་ལྷག་བསམ་གྱི་འབར་བའི་སྐུ་ངོ་བཀྲིས་དབང་འདུས་ལ་རེ་བ་བཅོལ་ཡོད་ དེ་ལྟ་མ་བྱུང་ཡང་ དེ་དང་འདྲ་བ་ཞིག་ཡོང་བའི་སྐམ་པའི་ཆུ་འདོད་ལྟར་རེ་སྒུག་བྱས་ནས་སྡོད་ཡོད་ བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ནང་ སྲིད་ཞུ་བ་འདེམས་བསྐོ་གནང་སྐབས་ དོ་བདག་མི་དེ་རྒྱ་ལྗོངས་གནས་ཚུལ་རྙོག་སྒྲ་མེད་འཇོག་དགོས་ངོས་ཡིན་ཤེས་གིན་ཡོད་གཞི་ འཇིག་རྟེན་གཏམ་དཔེར་ མི་ཚེ་རི་ལ་སྡོད་ན་ རི་དགས་ངོ་མ་ཤེས་ན་ལྟོས་ངན་རེད་ཟེར་བ་མཞིན་ སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ ཁོ་རང་གནས་ཡུལ་ས་གནས་དེ་ནས་འཛེགས་སོན་མེད་པ་དགག་པ་གནང་དགོས་པའི་་རྒྱུ་མཚན་ཆེན་པོ་མཐོང་གིན་མིན་འདུག་གམ་གམ་ གསར་འགོད་པ་ཟླ་ཚེ་རིང་ནས་གནད་འགག་ཡོད་གནད་དོན་ཁག་བཅས་ ཕྲན་ཉེ་ཆར་བཞུགས་སྒར་རྡ་རམ་སྰ་ལར་བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པར་བཅར་ཤུལ་དུ། ས་གནས་བོད་མི་བསམ་མེད་རེ་ཟུང་དང་། ཕྱི་གླིང་བ་ཁ་ཤས་མཉམ་འབྲེལ་ཐོག་ངའི་སྐོར་ལ་ཡིག་འཁྱམས་འདྲ་མིན་བོད་གཞུང་གི་ལས་ཁུངས་ཁག་ལ་བཏང་ཡོད་འདུག ཁྱོད་ཉེ་ཆར་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་བྱས་ཀྱང་། ཕྱོགས་མང་བོའི་ཆ་ནས་བསམ་འཆར་ཡི་གེ་མང་པོ་འབྱོར་གྱིན་ཡོད་སྟབས། དོན་གཅོད་ལས་ཀ་ནས་དགོངས་པ་ཞུ་དགོས་ཀྱི་འདུག དེ་བཀའ་ཤག་གི་དགོངས་གཞི་ཡང་རེད་ཅེས་གསུངས་བྱུང་། ༽ ༼ ང་ཚོ་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ཡུ་རོབ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བར་ཧ་ཅང་གི་བློ་ཕམ་བྱུང་། སྐུ་མདུན་བགྲེས་ཡོལ་དུ་ཕེབས་སྐབས་འདིར་བོད་གཞུང་གི་རྩ་བའི་སྲིད་བྱུས་འཛིན་ཕྱོགས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་རེད་དམ། ཡང་ན་བོད་གཞུང་དེ་ཨ་ཧྥུ་རི་ཀའི་Banana Republic གཞུང་སྲིད་ཁག་ནང་བཞིན་ལྐོག་ཟ་རུལ་སུངས་ཀྱི་སྲིད་གཞུང་ཞིག་ཆགས་པ་ཡིན། གང་ལྟར་ཐག་གཅོད་འདིས་ང་ཚོར་བོད་གཞུང་གི་ནུས་འཇོན་ལ་དོགས་པ་ཟ་རུ་བཅུག་སོང་། ཐུབ་བསྟན་རྒྱ་མཚོར་སྐུ་ཚབ་དོན་གཅོད་གནང་ཐུབ་པའི་ཤེས་འཇོན་མེད་ཅིང་། བོད་ལ་ཕན་པའི་ལས་ཀ་སྒྲུབ་མི་ཐུབ་པ་དེར་དོགས་པ་གང་ཡང་མེད། ཐུབ་བསྟན་རྒྱ་མཚོར་སྐྱོན་ཆ་གང་ཡོད་ང་ཚོ་གཅིག་བུ་མིན་པར་ཧྥ་རན་སིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གང་མང་ཞིག་གི་མཐོང་ཆོས་སུ་ཡོད། སུ་ཞིག་གིས་ཐུབ་བསྟན་རྒྱ་མཚོ་དོན་གཅོད་དུ་འོས་སྦྱོར་གནང་བ་ནི་ང་ཚོའི་བློ་ངོར་མི་ཤོང་བ་ཞིག་རེད་།རང་ཉིད་བོད་པ་ཞིག་ཡིན་པའི་འགན་ཁུར་ནས་ཞུ་སྙན་འདི་འབུལ་གྱི་ཡོད་ལ། ཤེས་འཇོན་དབེན་པའི་མི་ཞིག་སྐུ་ཚབ་ཏུ་བསྐོ་བཞག་གནང་མཁན་ཚོས་ཐུགས་གཟབ་གནང་རྒྱུ་གལ་ཆེ། སྦར་སིལ། ལིག་སུམ་བྷོག སུ་ཊ་སི་བྷོག་བཅས་ནི་ཡུ་རོབ་མཐུན་ཚོགས་ཀྱི་ལས་ཁུངས་མ་ལག་ཚུགས་ཡུལ་གཙོ་བོར་སོང་། རྒྱ་ནག་མདུན་ནས་ང་ཚོར་ཡུ་རོབ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པར་གལ་གནད་ཆགས་ཡོད་སྟབས་ཐག་གཅོད་འདི་ལ་ཐུགས་གཟབ་གནང་རོགས། ཐུབ་བསྟན་རྒྱ་མཚོ་ནི་ཧྥ་རན་སི་གཞུང་ལ་རྙོག་དྲ་ཡོད་མཁན་ཞིག་དང་བོད་མི་དང་ཧྥ་རན་སིའི་མི་མང་ཚོར་ཤུགས་རྐྱེན་ངན་པ་ཡོད་པའི་མི་ཞིག་ཀྱང་རེད། ༽ང་ཚོས་སྐུ་ཚབ་དོན་གཅོད་མི་བློ་རྒྱ་ཆེན་པོ་དང་། གཟིགས་རྒྱང་རིང་བོ། གུས་ཞབས་ཅན། མཚན་མཐོང་ཡོད་མཁན་ཞིག་བསྐོ་འཇོག་གནང་བའི་རེ་བ་འཛིན་གྱི་ཡོད།། ༽འཆན་བྲིས་མཁན་ཡོངས་ནས་ཐུགས་ལ་འཇགས་ཏེ་ལུངཚན་ཕྱོས་ལྷུང་སྤངས་ཏེ་བློ་གཟུ་བོར་གནས་ཏེ་བོད་སྤྱིའི་རྩ་དོན་ལ་དགོངས་པ་བཞེས་ནས་

    Reply
  13. མངའ་རིས་ཕོ་ཉ། says:
    ལོ་ 14 སྔོན།

    བོད་གཞུང་བཀའ་ཤགའམ་ད་ལྟའི་མིང་བྱང་གསར་པ་དབུས་བོད་མིའི་སྒྲིག་འཛུགས་སམ་གནས་ཚུལ་དེ་འདྲ་བ་ཞིག་མང་པོ་ཡོང་དུས་བཀའ་ཤག་གིས་རྟག་དཔྱད་ཞིབ་འཇུག་གནང་དགོས་པ་ནི་ཤིན་ཏུ་གལ་གནད་ཆེན་པོ་ཡིན། སྤྱིར་བོད་རིགས་ཞིག་ཡིན་པའི་ཆ་ནས་ལྟ་བ་དང་གཤིས་སྤྱོད་གང་རུང་ཐོག་རང་རྒྱལ་ལ་ཞེན་ཁོག་དང་ལ་རྒྱ་ཡོད་པར་སྨོས་མི་དགོས། ཡིན་ནའང་རང་ངོས་ནས་མིག་མཐོང་ལག་འཛིན་ཐོག་ནས་དཔེ་མཚོན་ཐུང་ཐུང་ཞུ་ན།
    དབུས་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་ནང་ལས་བྱེད་ཆེ་ཕྲ་ཆུང་གསུམ་ཡོད་དུས་དེའི་ནང་ནས་ལས་ཁུངས་ཁག་གཅིག་ནང་ལས་མེད་ཐོག་བསྡད་མཁན་ཡོད་པ་ནི་ཤོད་མི་དགོས ད་དུང་ངའི་གནས་རིམ་དྲུང་གཞོན་ཡིན། ངའི་གནས་རིམ་དྲུང་ལས་ཡིན། ངའི་གནས་རིམ་སྡེ་འགན་ཡིན་ཟེར་ནས་གནས་རིམ་མཐོ་པོ་ཡིན་ཚུལ་བཤད་ནས་སྡོད་ཀྱིན་འདུག
    ཞོགས་པ་ཆུ་ཚོད་དགུ་པའི་ཐོག་ལས་ཁུངས་སུ་འབྱོར་མ་ཐག་ལས་བཅར་དེབ་ནང་མིང་རྟགས་དང་ཆུ་ཚོད་བྲིས་རྗེས་མཚམས་རེ་བཀའ་བློན་དང་དྲུང་ཆེ་ཐུག་སྐབས་འཛུམ་མདངས་དང་སྤྲེལ་ལད་འཁྲབ་ནས་མགོ་ཡང་སྒུར་ཙམ་བྱས་ནས་ལས་ཁུངས་ནང་ཡར་འགྲོ་དང་མར་འགྲོ་གཞན་ལས་ཀ་བྱེད་སར་སྐད་ཆ་སྙན་མོ་འདྲ་བཤད་མཚམས་རེ་སྨན་རྩིས་ཁང་ལ་སྨན་པ་བསྟེན་དུ་འགྲོ་བའི་ཡིན་ཁུལ་བྱས་ནས་ལས་ཁུངས་ཀྱི་ཕྱི་ལོགས་སུ་ཆུ་ཚོད་གཅིག་ལྷག་ཙམ་རིང་བསྡད་ནས་ལས་ཁུངས་ནང་མཐོང་རྒྱུ་མེད་པར་ཆགས་འགྲོ་ཀྱིན་འདུག ལྷན་ཁང་ཆེ་བ་ཁག་ཅིག་ནང་འཛིན་སྐྱོང་དང་དྲུང་ཆེ་ཚོས་འོག་གི་ལས་ཀ་བྱེད་སྟངས་ལ་རྟོགས་གཟིགས་ནན་པོ་བྱ་དགོས་ཀྱིན་འདུག
    ལྷན་ཁང་གཅིག་གི་ནང་ས་མིག་སྟོང་པ་ཡོད་པ་དང་ས་མིག་དེའི་ཚབ་མི་སླེབས་རྗེས་ལས་ཀ་ཡོད་མེད་ལ་ལྟས་ཀྱིན་མི་འདུག
    མི་དེ་ཡང་གནས་རིམ་མཐོ་ཙམ་ཡིན་དུས་ལས་ཀ་ཡོད་མེད་ལ་མ་བལྟས་པར་ཅུང་གནས་རིམ་དམའ་བའི་རིགས་ཅིག་ལ་ལས་ཀ་ལྷག་བསམ་རྣམ་དག་བྱེད་ཀྱིན་ཡོད་ནའང་གནས་རིམ་གྱི་ཐོག་ནས་མཐོང་ཆུང་དང་དམའ་འབེབས་བྱེད་ཀྱིན་འདུག
    བཀའ་ཤག་རྙིང་པ་དུས་ཡུན་རྫོགས་ཙམ་དང་་བཀའ་ཤག་གསར་པ་ལས་འགན་བཞེས་རྒྱུའི་མཚམས་ལ་ལྷན་ཁང་ཁག་ཏུ་གཞི་འཇུག་ཡག་པོ་གནང་དགོས་པ་ནི་ཤིན་ཏུ་གལ་གནད་ཆེ་བ་མཐོང་།
    ངེས་པར་དུ་བཀའ་ཤག་གསར་བའི་སྐབས་གཞི་འཇུག་བྱས་རྗེས་ད་ལྟའི་ལས་ཁུངས་ནང་ལས་མེད་ལ་བསྡད་པ་རེ་བཟུང་མ་འོངས་ལས་ཀའི་ཐོག་མཐུན་ཤོར་མེད་འགྲོ་བ་ནི་གལ་གནད་ཆེ།
    ལྷན་ཁང་ཆེ་བ་ཁག་གཅིག་ནང་ས་མིག་སྟོང་པའི་ཚབ་ལས་བྱེད་གསར་པ་སླེབས་པ་ཡིན་ན་ས་མིག་སྟོང་པ་དེ་ལས་འགན་གང་འདྲ་ཞིག་ཡོད་མེད་ལྟ་དགོས་པ་ནི་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཡིན།

    Reply
  14. hahah says:
    ལོ་ 14 སྔོན།

    འབོད་སྐད། ༡ ཐུབ་བསྟན་རྒྱ་མཚོ་དང་ཁོའི་འབྲེལ་ཡུལ་ཚོ་ནས་ཐུབ་བསྟན་རྒྱ་མཚོས་ད་བར་བོད་ཀྱི་སྤྱི་དོན་གང་དང་གང་སྒྲུབ་ཡོད་པ་མི་མང་ལ་གསལ་བཤད་བྱེད་རོགས།
    ༢ བཀའ་ཤག་གི་ངོས་ནས་ཐུབ་བསྟན་རྒྱ་མཚོས་བོད་ལ་གནོད་སྐྱོན་གང་དང་གང་བཟོས་ཡོད་པ་ཁོངས་བསྐྱེལ་བྱེད་རོགས།
    ༣ ཐུབ་བསྟན་རྒྱ་མཚོར་རྒྱབ་སྐྱོར་བྱེད་མཁན་དང་དྲང་བདེན་ལ་དགའ་མཁན་ཚོས་འབྲེལ་ཡུལ་ལས་ཁང་དང་གསར་ལམ་ཁག་ལ་ཡི་གེ་དང་ཁ་པར་སོགས་ཀྱི་ལམ་ནས་རྒྱབ་སྐྱོར་དང་གསལ་བྱེད་གནང་རོགས་ཞུ།

    Reply
  15. པ་སངས། says:
    ལོ་ 14 སྔོན།

    ༼ ཐུབ་བསྟན་རྒྱ་མཚོ་དང་སྦར་སིལ་སྐུ་ཚབ་དོན་གཅོད ༽
    གལ་སྲིད་མི་ཞིག་ལ་འདི་ལྟ་བུའི་གླེང་རྙོག་ཅིག་བྱུང་སྐབས། མི་དེའི་དགེ་སྐྱོན་གཉིས་ཀ་གླེང་ཡོང་རྒྱུ་དེ་ནི་བོད་པ་ཙམ་མིན་པར་འཛམ་གླིང་སྤྱི་སྲོལ་ཞིག་ཡིན་ལ། གླེང་སློང་བྱ་དགོས་པ་ཞིག་དང་། གླེང་སློང་དེ་བརྒྱུད་ནས་སྐྱོན་ཆ་ཡོད་ན་ཐེར་འདོན་དང་བཟང་ཆ་ཡོད་ན་གདེང་འཇོག་ཐོབ་ཡོང་བའང་ཆོས་ཉིད་ཡིན།
    འོན་ཀྱང་མི་སུ་འདྲ་ཞིག་ཡིན་རུང་། དེ་ལ་དགེ་སྐྱོན་གཉིས་ཀ་རང་ཆས་སུ་ཡོད་པ་ལྟར། སྐུ་ཞབས་ཐུབ་བསྟན་རྒྱ་མཚོར་ཡང་སྐྱོན་ཆ་འགའ་རེ་ཡོད་སྲིད་མོད། མི་ཞིག་གི་དགེ་སྐྱོན་ངོས་འཛིན་བྱེད་སྟངས་ལ་མི་ཀུན་གྱི་ངོས་འཛིན་མཐུན་སྣང་དུ་གྲུབ་པ་ཞིག་མིན། ངས་སྐྱོན་ཆར་མཐོང་བ་དེ་གཞན་གྱིས་བཟང་ཆར་མཐོང་སྲིད་ལ། ངས་བཟང་ཆར་མཐོང་བ་དེར་མི་གཞན་གྱིས་སྐྱོན་ཆར་ངོས་འཛིན་བྱེད་ཀྱང་སྲིད།
    དེ་བཞིན། ང་དང་ང་ལྟ་བུའི་ནུབ་གླིང་གི་བོད་པ་མང་པོ་ཞིག་གིས་སྐུ་ཞབས་ཐུབ་བསྟན་རྒྱ་མཚོའི་སྟེང་གི་བཟང་ཆར་ངོས་འཛིན་ཐོབ་ཡོད་པ་དེ། ཧྥ་རན་སི་དང་སྦེལ་འཇམ་ཁུལ་གྱི་བོད་མི་རྙིང་པ་རེ་ཟུང་གིས་ཞན་ཆར་བགྲང་གི་ཡོད་པའི་ཆ་གཅིག་ནི། སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ངོ་དགའ་སྤྲེལ་ལད་འཁྲབ་སྟངས་རྩ་ནས་མི་ཤེས་ཤིང་། གཞན་ལ་བསྟུན་མཁས་བྱེད་པར་ཁྱོན་ནས་མི་སྤྲོ་བ། མཐོ་དམན་བར་མ་ཀུན་ལ་ལྟ་སྟངས་གཅིག་གྱུར་འོག་ནས་འབྲེལ་འདྲིས་བྱེད་པ་དེ་རེད།
    སྤྱི་ཚོགས་ཤིག་གམ་རྩ་འཛུགས་ཤིག་གི་དབུ་འཁྲིད་མཁན་ཞིག་ལ་མཚོན་ན། གཤིས་ཀ་འདིས་མི་རེ་ཟུང་ལ་ཕོག་ཐུག་བཏང་ཡོད་སྲིད་ལ། སྐབས་འཕྲལ་གྱི་འབྲེལ་ལམ་ཐོག་ལའང་སྐྱོན་གནས་རེ་ཟུང་ཤོར་ཡོད་སྲིད་མོད། ཕུགས་སུ་མི་ཚང་མས་ཡིད་ཆེས་དང་གོང་བཀུར་ཐོབ་པའི་རླབས་ཆེན་གྱི་སྤྱོད་ཚུལ་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་དེའི་ཕུགས་ཀྱི་ཁེ་ཕན་དང་ཆེ་མཐོང་ལའང་ཁ་འབྲལ་ཐབས་མེད་པ་དང་ཆེས་མེད་དུ་མི་རུང་བའི་བཟང་སྤྱོད་ཅིག་ཡིན།
    ཡུ་རོབ་བོད་མི་ཁ་འཐོར་གྱི་སྤྱི་ཚོགས་ཆུང་ཆུང་དེའི་ནང་ལ་མཚོན་ན། སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ནི། ཤེས་ཡོན་དང་འཇོན་ཐང་། ལྷག་བསམ་དང་ལ་ཞེན། ཧུར་རྩོན་དང་བརྟན་ཚིགས་ཕྱོགས་གང་ཐད་ནས་གཞོན་སྐྱེས་ཚོའི་ཁྲོད་འབུར་དུ་ཐོན་ཡོད་པ་ཞིག་ཡིན་ལ། ནུབ་ཕྱོགས་སུ་ཕེབས་རྗེས་དུས་ཚོད་མང་ཆེ་བ་སྒེར་དོན་ལས་སྤྱི་དོན་ཐོག་བཏང་ཟིན་པའི་གང་ཟག་ཅིག་ཡིན་པ་ཡོངས་གྲགས་ཡིན།
    སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་བོད་ཕྱི་ནང་གཉིས་ཀར་རྒྱུས་མངའ་ཆེ་ཞིང་། བཙན་བྱོལ་དུ་འབྱོར་བའི་མི་ལོ་ ༢༠ རིང་ལ་རྒྱ་གར་ནས་སུ་ཇ་བོད་ཁྱིམ་ནས་ཝར་ནཱ་མཐོ་སློབ་བཅས་ཀྱི་སློབ་གསོ་ཐོབ་ཅིང་། ༡༩༩༨ ལོར་སྒེར་ངོས་ནས་ཧྥ་རན་སིར་འབྱོར་རྗེས་ཀྱང་། ཕ་རི་སིའི་སོར་བྷོན་གཙུག་ལག་སློབ་གཉེར་ཁང་ ( Sorbonne Université Paris ) དུ་ལོ་བཞིའི་རིང་ཁྲིམས་ཀྱི་སློབ་སྦྱོང་གནང་བའི་གྲུབ་དོན་དུ་ ༢༠༠༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ Charter of the United Nations བོད་བསྒྱུར་གནང་ཡོད།
    ཐེངས་འདིའི་གླེང་རྙོག་གི་ཐད་ནས་ཅུང་ཙམ་བཤད་ན། གསར་འབྱོར་དང་རྙིང་འབྱོར་གྱི་བར་ཁྱད་ཅིག་དང་། རྒན་པ་དང་གཞོན་པའི་འཐབ་རྩོད་ཅིག སྒེར་འཁོན་ཕྱོགས་འཐེན་གྱི་ཤན་ཤུགས་མི་ཉུང་བ་ཞིག་ཐེབས་ཡོད་པ་མིན་འགྲོ་དྲན་གྱི་ཡོད། གང་ཡིན་ཟེར་ན། སྔོན་ཆད་ཧྥ་རན་སིའི་བོད་རིགས་ཚོགས་པར་གླེང་རྙོག་རབ་དང་རིམ་པ་བྱུང་བ་དང་བསྟུན་ཏེ། ༢༠༠༣ ལོར་མང་མོས་ཐོག་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ཚོགས་གཙོར་བདམས་ཐོན་བྱུང་ཡོད། འོན་ཀྱང་། སྐབས་དེ་ཤེད་ཅིག་ནས་སྔར་གྱི་ཚོགས་པའི་འབྲེལ་ཡོད་འགའ་ཞིག་གིས་སྤྱི་བའི་ལས་དོན་ཐོག་མཉམ་རུབ་བྱེད་ཀྱི་མེད་པ་མངོན་གསལ་ཡིན་ལ། བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་སྐོར་ཞིག་གི་བར་དང་། བོད་རིགས་ཚོགས་པ་དང་ཧྥ་རན་སིའི་གཞུང་གི་བར། དེ་བཞིན། བོད་རིགས་ནང་ཁུལ་ཕན་ཚུན་བར་བཅས་སུའང་དཀྲུག་ཤིང་སྔ་ཕྱིར་བྱེད་ཀྱི་ཡོད་པའི་དོགས་པ་ཡོད།
    ༢༠༡༡། ༦། ༤ ཉིན།

    Reply
  16. འོས་ལངས། says:
    ལོ་ 14 སྔོན།

    ལོ་རྒྱུས་རང་བཞིན་ལྡན་པའི་བཙན་བྱོལ་བོད་གཞུང་དེ་སྒྲིག་འཛུགས་ཤིག་ཏུ་བཙན་གྱིས་སྒྱུར་མཁན་ནི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དབུས་པའི་བཀའ་ཤག་འདི་ཡིན་ལ། མི་རིང་བར་ལས་འཁྱུར་བྱེད་གྲབས་ཡོད་པའི་བཀའ་ཤག་གམ་སྒྲིག་འཛུགས་གི་དབུས་ལས་ཁུངས་འདི་ལ་ས་འོག་དར་འཐག་གི་གསང་བ་དམ་པོ་ཞིག་ཡོད་ངེས་ཅན་རེད། ཅིའི་ཕྱིར་མི་བུ་ཞིག་གི་མི་གཞི་ལ་རང་དགར་སྣང་མེད་མཐོང་ཆུང་འདི་འདྲ་བྱེད་སྟངས་ནི་བློ་ཡུལ་ལས་འདས་པ་ཞིག་རེད་ཨང་། དེ་སྔའི་བཙན་བྱོལ་བོད་གཞུང་ལ་གསང་བ་ཟེར་བ་ཅི་ཡང་མེད་ཚོད་ཀྱང་། སྒྲིག་འཛུགས་སུ་བསྒྱུར་མ་ཐག་པའི་དབུས་ལས་ཁུངས་འདིར་”བཀའ་ཤག་ལ་ཁྱོད་སྐུ་ཚབ་དོན་གཅོད་དུ་མི་བསྐོ་རྒྱུའི་གནས་ཚུལ་གཞན་ཞིག་འབྱོར་ཡོད། དེ་བཀའ་ཤག་གིས་ཁྱོད་ལ་མི་བཤད་རྒྱུའི་ཐག་བཅད་ཡོད།”པའི་གསང་བ་ཡ་མཚན་པ་ཞིག་ཡོད་པར་གྱུར། གླེང་སློང་སྣ་ཚོགས་ཀྱི་ཁྲོད་ནས་གསང་བ་དེ་ལ་རྒྱུ་མཚན་གཙོ་བོ་གཉིས་མངོན་ཡོང་། གཅིག་ནི་མགོ་འདོགས་རིང་ལུགས་པ་ཚོའི་གནོན་ཤུགས་དང་། གཉིས་པ་དེ་མཐུན་ཕྱོགས་ས་འོག་དར་འཐག་པ་ཚོའི་བརྒྱུད་སྐུལ་རེད་འདུག ད་ནི་བཀའ་ཁྲི་ཁོང་ཡང་དྲ་ཐག་འདིའི་ནང་གནས་ཤིང་ཚུད་པར་གྱུར་ཡོད། དེས་ན་རྒྱུ་མཚན་དང་གསལ་བཤད་ཁུངས་འཕེར་ཞིག་མ་བྱུང་བར་དུ། བདེན་བདེན་འདྲ་བའི་རིགས་པ་ལྟར་སྣང་གི་འགྲེལ་བཤད་སྙིང་རྗེ་བོ་ག་ཚོད་བརྒྱབ་ཀྱང་ཡིད་ཆེས་བྱ་ཐུབ་མེད་པ་ཞིག་རེད། གོང་འཁོད་ཡི་གེ་ཚོའི་ཁྲོད་ནས་ཡིད་བརྟན་འཕེར་ཞིང་རྒྱུས་ལོན་གསལ་ཤོས་ནི་”ཧྥ་རན་སིའི་བོད་རིགས་ཚོགས་པ”འི་ཛ་དྲག་སྙན་ཞུ་དེ་རེད། ཁོང་ཚོ་ནི་ཐུབ་བསྟན་རྒྱ་མཚོ་ལ་རྒྱུས་མངའ་ཆེ་ཤོས་ཡིན་པར་འདོད། གང་ལྟར་དྲ་གྲོགས་ཚོས་བློ་གཟུར་གནས་ཀྱི་སྒོ་ནས་དབུས་ལས་ཁུངས་ཀྱི་ཐག་གཅོད་མོག་མོག་པོ་འདི་ལ་གླེང་སློང་མུ་མཐུད་གནང་རོགས།

    Reply
  17. བོད་པ་ says:
    ལོ་ 14 སྔོན།

    ཡང་བསྐྱར་འདངས་རེ་བརྒྱབས་ན། བདག་ནི་ཟམ་གདོང་རིན་པོ་ཆེ་ལ་གུས་བརྩི་དང་ཁོའི་ཆབ་སྲིད་གནང་ལྟངས་ལ་སྤོབས་པ་ཡོད་མཁན་ཞིག་ཡིན། དེ་རིང་་་་་་ཟམ་གདོང་ཚང་གིས་་་་་་”བཀའ་ཁྲི་མཆོག་གིས། ཁྱེད་རང་གིས་ང་ལ་སྒེར་གྱི་དཀའ་ངལ་ཞིག་འདུག་ལབ་ནས་དགོངས་པ་ཞུ་བའམ། ཡང་ན་སྦར་སིལ་དོན་གཅོད་ཀྱི་གླ་ཕོགས་ཡུ་རོབ་ནང་གི་མཐོ་རིམ་ལས་བྱེད་གླ་ཕོགས་ནང་བཞིན་བོད་གཞུང་གིས་སྤྲོད་ཐུབ་ཀྱི་མེད་ཙང་། ཁྱེད་རང་གིས་རྒྱུ་མཚན་དེར་བརྟེན་ནས་དོན་གཅོད་ལས་ཀ་ནས་དགོངས་པ་ཞུ་རོགས་ཅེས་སྐུལ་སློང་བྱས་བྱུང་”‘་་་་་ཞེས་བ་འདི་བདེན་ནི་ཐབས་སྐྱོ་བ་དང་སྐྱུགས་བྲོ་བ་ཞིག་མ་རེད་དམ།

    Reply
  18. བོད་པ་ says:
    ལོ་ 14 སྔོན།

    དབང་ཤུགས་སྤྱད་ནས་མི་ཉམ་ཆུང་ཐུབ་བསྟན་རྒྱ་མཚོ་འདྲ་བོ་རྩེད་མོ་མ་རྩེས། ཁོ་ལ་ཡང་ཁོའི་ཚོད་ཀྱི་མིང་ཞིག་ཡོད་པ་རེད། རང་གི་མིང་སྲུང་སྐྱོབ་བྱེད་པའི་དབང་ཆ་མི་སུ་ཡང་ཡོད་པ་རེད།

    Reply
  19. ལྐོག་ཤེས་ says:
    ལོ་ 14 སྔོན།

    སྤྱིར་ཧྥ་རིན་སིའི་བོད་རིགས་ཚོགས་པ་དང་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་གི་ནང་རྙོག་དྲ་ཆེན་པོ་འདུག རོགས་ཚོགས་ཀྱི་གནས་ཚུལ་གཞན་ཞིག་རེད། བོད་རིགས་ཚོགས་པ་ནི་ལོ་ཉི་ཤུའི་རིང་ལ་མི་ཁ་ཤས་ཀྱི་དབང་ཆ་སྒེར་གཅོད་བྱས་པ་རེད། དེས་གསར་རྙིང་བར་ལའང་འགལ་བ་བྱུང་བ་རེད། བོད་རིགས་མང་ཆེ་བས་དབང་ཆ་སྒེར་གཅོད་པ་ཚོར་ངོ་རྒོལ་བྱས་པ་རེད། དེའི་རྒྱབ་ན་དོན་གཅོད་ཁང་དང་ཧྷ་རིན་སིའི་རྙིང་འབྱོར་མང་པོ་ཡོད་པ་རེད། མཐར་མང་མོས་འོས་བསྡུ་བྱས་ནས་སྒེར་གཅོད་པ་ཚོ་ཕམ་ནས་ཐུབ་བསྟན་རྒྱ་མཚོར་རྒྱལ་ཁ་ཐོབ་པ་རེད། ཚོགས་པ་རྩིས་ལེན་སྐབས་ཚོགས་པ་ལ་ཧྥ་སྒོར་གཅིག་སྟོང་མ་གཏོགས་མི་འདུག་ཟེར། ད་དུང་བུ་ལོན་ཡང་མང་པོ་འདུག་ཟེར། སྒེར་གཅོད་ཕྱོགས་ཁག་གིས་ཐུབ་བསྟན་རྒྱ་མཚོའི་ཕྱོགས་ཁག་ལ་ནམ་རྒྱུན་འཁོན་ལན་རློག་གི་ཡོད་པ་རེད། ཕྱོགས་ཁག་གཞན་དེར་ལྷག་བསམ་དང་ལ་རྒྱ་མེད་ཡང་ཧྥ་སྐད་དང་དབྱིན་སྐད་ཤེས་མཁན་འགའ་ཤས་ཡོད་པ་རེད། ཡིན་ནཡང་ཐུབ་བསྟན་རྒྱ་མཚོ་ཕྱོགས་ལ་བོད་རིགས་གྲངས་མང་ཞིང་ལྷག་བསམ་ལ་རྒྱ་ཅན་ཡོད་ན་ཡང་སྐད་རང་མགོ་ཐོན་ནི་ཉུང་ཉུང་རེད། ཐུབ་བསྟན་རྒྱ་མཚོ་ལོ་ཤས་ལ་ཚོགས་གཙོར་བསྡད་ནས་ལས་འགུལ་མང་པོ་སྤེལ་ནས་ཚོགས་པ་ཡར་རྒྱས་ལ་སོང་བ་རེད་ཟེར། ལོ་ཤས་རྗེས་ནས་ཚོགས་གཙོར་འདུག་པ་ལ་ལོ་ཚད་བཀག་ཡོད་པས་ལྷ་བ་ཞིག་ཚོགས་གཙོར་བསྐོས་བ་རེད། ཁོས་ཁོའི་ཚབ་ལ་ཐུབ་བསྟན་རྒྱ་མཚོ་ཡང་བསྐྱར་ཚོགས་གཙོར་བཞག་པ་རེད། འདི་ན་ཡར་མར་ལ་ཡིག་འབྲེལ་བྱས་ནས་ཁྲག་དཀྲིག་དཀྲིག་བྱེད་མཁན་ཚོ་ནི་དེ་སྔོན་དབང་ཆ་སྒེར་གཅོད་བྱེད་མཁན་དེ་ཚོ་ཡིན་པ་འདྲ།

    Reply
  20. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    བཀའ་ཤག་གིས་ཐག་བཅད་ཟིན་པའི་གནས་ཚུལ་ཞིག་ལ་འདི་ལྟར་མི་སྒེར་བ་རེ་འགས་ཞུ་ཡིག་ཕུལ་རྐྱེན་འགྱུར་བ་བཏང་ཆོག་ཆོག་ཅིག་ཡིན་ན། བཀའ་ཁྲི་མཆོག་གིས་ཁ་སྔོན་གྲོས་ཚོགས་ཀྱི་ཉིན་ཐ་མའི་གསུང་བཤད་ཀྱི་དགོངས་དོན་དང་ཡང་འགལ་མི་འགྲོའམ།
    ཡང་ཐུབ་བསྟན་རྒྱ་མཚོས་དྲི་བར་ལན་འདི་འདྲ་ཞིག་གནང་འདུག (དེ་བཀའ་ཤག་གིས་ཁྱོད་ལ་མི་བཤད་རྒྱུའི་ཐག་བཅད་ཡོད། )པ་བདེན་ན། མགོ་༸་གོང་ས་མཆོག་ནས་མཇུག་བཙན་བྱོལ་བོད་མིའི་ཞབས་འབྲིང་བ་ཐ མ་ཞིག་གི་བར་དུ་གསང་བ་བྱས་མེད་པ་དང་བྱེད་མོ་ཆོག་པ། ཕྱི་གསལ་ནང་གསལ་ཡིན་པ་མ་ཡིན་ནམ། བཀའ་ཤག་སྐབས་བཅུ་གསུམ་པ་འདི་ཡང་ལས་འཁྱུར་བྱེད་རན་པའི་དུས་ལ་སླེབས་ཡོང་སྐབས་ཕྱི་གསལ་ནང་གསལ་ག་ལ་ཡིན། རང་རིགས་བོད་མི་ལས་ཀྱི་སྣེ་མོ་བར་དུ་ཡང་གསང་རྒྱ་བྱེད་རྒྱུ་ཐག་གཅོད་གནང་སྟངས་ཤིག་ཇི་ལྟར་འཁྲུངས་སོང་ངམ།

    Reply
  21. ཞྭ་ནག་བློ་གྲོས། says:
    ལོ་ 14 སྔོན།

    ས་གནས་མང་ཚོགས་ཀྱིས་བསམ་འཆར་ཡིག་ཆ་ཕུལ་བ་དང་། ཡང་ས་གནས་ཀྱི་མི་སྐོར་ཞིག་གིས་རྒྱབ་སྐྱོར་གང་བྱས་ནའང་འདྲ། བཀའ་ཁྲི་མཆོག་གིས་༼བཀའ་ཤག་ལ་ཁྱོད་སྐུ་ཚབ་དོན་གཅོད་དུ་མི་བསྐོ་རྒྱུའི་གནས་ཚུལ་གཞན་ཞིག་འབྱོར་ཡོད། དེ་བཀའ་ཤག་གིས་ཁྱོད་ལ་མི་བཤད་རྒྱུའི་ཐག་བཅད་ཡོད།༽ཅེས་གསུང་ཡོད་ན། སྐད་ཆ་འདི་ལ་གནད་འགག་འདུག

    Reply
  22. གསར་འབྱོར། says:
    ལོ་ 14 སྔོན།

    ཐུབ་བསྟན་རྒྱ་མཚོ་ལ་ཤེས་འཇོན་དང་ལྷག་བསམ་མེད་པ་ཙམ་དུ་མ་ཟད་ལུས་ངག་གི་ཀུན་སྤྱོད་མ་ིགཙང་ཞིང་ལུང་ཚན་དང་ཕྱོགས་རུས་ཀྱི་ལྟ་བ་ཤུགས་ཆེན་ཡོད་པས་ལས་དོན་ཀུན་དྲང་བདེན་མེད་པ་སོགས་ཀྱིས་ཧྥ་རེན་སུའི་བོད་མི་རྣམས་ཀྱི་མིག་ནང་ཏུ་ཁོང་ལྟ་བུ་ཞིག་བོད་རིགས་ཚོགས་པའི་ཚོགས་གཙོར་སླེབས་པ་དེའང་གད་མོ་ཤོར་དགོས་པའི་གནས་སུ་ཆགས་ཡོད་ནའང་བོད་གཞུང་གི་རྟག་དཔྱད་གང་ཡང་མེད་པར་ད་དུང་སྐུ་ཚབ་དོན་གཅོད་དུ་བསྐོས་བཞག་བྱས་པ་ནི་ཧ་ཅང་བློ་ཕམས་སྐྱེས་དགོས་པའི་གནས་ཤིག་རེད། མི་འདི་ལྟ་བུ་ཞིག་རྒྱ་བོད་གནད་དོན་ལ་ཆེས་གལ་གནད་ཆེ་བའི་ས་གནས་ཡོ་རོབ་ལྟ་བུའི་སྐུ་ཚབ་ཏུ་བསྐོས་བཞག་བྱུང་དུས་ང་ཡང་དཀའ་བློན་ཁྲི་བར་འདུག་ཐུབ་ས་རེད་བསམ་པའི་སྤོབས་པ་ཞིག་སྐྱེས་ཀྱི་འདུག ངས་འདིར་མང་པོ་བཤད་མི་དགོས་པར་ཧྥ་རེན་སུའི་བོད་མི་རྣམས་ལ་དྲིས་དང་ཁོང་ལ་སྐུ་ཚབ་དོན་གཅོད་ཀྱི་ཤེས་འཇོན་ཡོད་མེད་ཧ་ཅང་གསལ་བོ་རེད།

    Reply
  23. མི་ཉག་སྐལ་བཟང་། says:
    ལོ་ 14 སྔོན།

    སྤྱི་ལོ་༢༠༡༠ ལོའི་ཟླ་བ་བཅིུག་པར་ང་རང་སྒེར་གྱི་གནས་ཚུལ་ཞིག་གམ་ཡང་ན་སྤྲོ་འཁྱམས་ཐེངས་ཤིག་གི་ཚུལ་དུ་ཧྥ་རན་སིར་ཕྱིན་པ་ཡིན། སྐབས་དེར་མི་གང་མང་ཞིག་གིས་ཐུབ་བསྟན་རྒྱ་མཚོའི་སྐོར་ལ་ལབ་གླེང་མང་ཞིང་། ཧྥ་རན་སིར་ཐུབ་བསྟན་རྒྱ་མཚོ་ཟེར་བ་ཞིག་ཡོད་པ་སྐབས་དེར་ཐོས་པ་ཐེངས་དང་པོ་ཡིན། མི་ལ་ལ་ཞིག་གིས་ཁོང་ལ་ཤེས་ཡོན་གྱི་གཤོག་རྩལ་རྒྱས་མེད་ཀྱང་ལྷག་བསམ་དང་ལ་རྒྱའི་རེ་འདུན་ཁྲི་ཕྲག་གིས་ཀློང་ན་ཁོང་ལས་ལྷག་པའི་མི་ཞིག་ཧྥ་རན་སིར་རྙེད་རྒྱུ་མེད་ཟེར། ཡང་མི་ལ་ལ་ཞིག་གིས་ཁོང་ལ་ཤེས་འཇོན་མེད་ཁར་མི་ལ་འབྲེལ་བ་བྱེད་སྟངས་དེ་བས་ཀྱང་ཤེས་ཀྱིན་མ་རེད་ཟེར། ཁོང་གིས་སྐད་ཆ་བཤད་སྟངས་ཞིག་གིས་མི་མང་པོའི་སེམས་ལ་བཅོས་མེད་ཀྱིས་རྨ་ཁ་ཡང་བཟོ་ཡོད་ཚུལ་སོགས་ཀྱང་བཤད་ཀྱིན་འདུག ༢༠༠༨་ལོར་དེ་གའི་བོད་མི་ཞིག་གིས་རྒྱ་ནག་གཞུང་ཚབ་ཀྱི་རྒྱལ་དར་མར་བབས་ཏེ་བོད་ཀྱི་རྒྱལ་དར་ཞིག་བསྒྲེངས་ཡོད་པ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ན་དུས་སྐབས་དེ་དང་བསྟུན་པའི་བོད་ཀྱི་དབའ་བོ་ཡིན་མིན་མི་ཤེས་ཀྱང་བོད་ལ་དུང་བའི་གངས་ཕྲུག་སྟག་ངར་མ་ཞིག་དང་འདྲ་བ་ནི་བརྗོད་མི་དགོས་པ་རེད། ཁོ་བོས་ཀྱང་ལོ་དེར་སོག་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་བྱས་ཡོད་པས་ད་ཆར་ཡོབ་རོབ་སླེབས་པ་ཡིན། ཡིན་ནའི་ཐུབ་བསྟན་རྒྱ་མཚོ་ཁོང་གིས་མི་དེར་ཁ་རྡུང་བཏང་ཡོད་པ་དང་རྒྱ་ནག་གཞུང་ཚབ་ཀྱི་རྒྱལ་དར་མར་བབས་ཏེ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་ནི་རང་ཉིད་སྐད་གྲགས་ཡོང་ཕྱིར་རེད་ཅེས་བཤད་ཡོད་པས་མི་ལྷག་བསམ་ཅན་དང་ལ་རྒྱ་ཡོད་མཁན་ཞིག་གི་ངག་ནས་སྐད་ཆ་དེ་འདྲ་ཐོན་སྲིད་དམ། གང་ལྟར་ཁོང་ཆབ་སྲིད་ལ་དོ་སྣང་ཅན་ཞིག་དང་བོད་ཀྱི་ཆབ་སྲིད་ཀྱི་གར་སྟེགས་སུ་སླེབས་ན་འདོད་པའི་མི་ཞིག་ཡིན་པར་ཐེ་ཚོམ་མེད། ཁོང་ལ་ཡོ་རོབ་སྤྱི་འཐུས་ཤིག་གི་རྐུབ་སྟེགས་ཀྱང་རེག་མེད་པས་སྐུ་ཚབ་དོན་གཅོད་དུ་གསར་བསྐོ་བྱས་པ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་གིས་སྡིག་པ་མི་བཙུམས་དང་། ཡང་ན་མུན་ནག་མདའ་འཕེན། ཡང་ན་འུ་ཐུག་ཐབས་ཟད་ཀྱིས་གནས་ཚུལ་ཞིག་ཏུ་བརྩི་རྒྱུ་རེད། ཁོང་གིས་རང་བོས་ནས་དགོངས་པ་ཞུ་ཐུབ་ས་མ་རེད་ཟེར་བ་དང་། ལས་ཀ་གཅིག་ཀྱང་བྱས་མེད་པས་རྩ་དགོངས་ཞུ་ཟེར་བ་ཡང་ཡ་མཚན་རེད། ད་ནི་སླར་ཡང་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་དུས་རབས་ལ་ཕྱིར་འཁོར་བ་གྲགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese