གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཚེས་ ༦ ཉིན་ཁམས་དཀར་མཛེས་དགོན་པའི་གྲྭ་འགྱུར་མེད་བསོད་ནམས་ལགས་དང་། གྲྭ་ཚེ་དབང་བཀྲ་ཤིས་གཉིས་ཀྱིས་དཀར་མཛེས་ཁུལ་ཐོག་ཏུ་ལག་ལ་འབོད་ཚིག་འདྲ་མིན་འཁོད་པའི་ཕྲེད་དར་འཕྱར་བཞིན་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་། སྐབས་དེར་ཁོང་གཉིས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས། ཞེས་པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཁྲོམ་སྐོར་བྱས་ཡོད་ཀྱང་། འཕྲལ་དུ་རྒྱ་གཞུང་གི་ཉེན་རྟོག་པ་ཡོང་སྟེ་ཁོང་གཉིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཕྱི་ཚེས་ ༧ ཉིན་བསྐྱར་དུ་དཀར་མཛེས་བེ་རི་དགོན་པའི་གྲྭ་འོད་ཟེར་ཕུན་ཚོགས་ལགས་ཀྱིས་འབོད་ཚིག་འཁོད་པའི་ཡིག་ཆ་ཞིག་སྒྲེང་བཞིན། ༧རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག ཅེས་སྐད་འབོད་བརྒྱབ་ཡོད་ཀྱང་། དེ་མ་ཐག་ཉེན་རྟོག་པ་ཡོང་སྟེ་འཛིན་བཟུང་བྱས་ཡོད་འདུག ད་ཆར་ཁོང་གསུམ་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཉེ་འགྲམ་དུ་ཡོད་པའི་བཙོན་ཁང་ནང་བཅུག་ཡོད་འདུག
བོད་ཅེས་པའི་མིང་མ་གཏོགས་མི་ཚར་རྒྱུ་རེད།
རྒྱལ་གཅེས་དཔའ་བོ་ཁྱེད་རྣམས་པའི་སྙིང་སྟོབས་ལ་གུས་འདུད་དང་གདུང་སེམས་བསྐྱེད་ཞུ། མྱུར་དུ་བཙོན་གྲོལ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།
བོད་རྒྱལ་ལོ།
དཀར་མཛེས་དགོན་པའི་དགེ་འདུན་པ་གཉིས་ལ་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཞུ།