མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་ཡེ་ཤེས་ཀྱི་རྩོམ་ཡིག་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྣམ་རྒྱལ་གྲྭ་ཚང་།    གམ་བཅར་པ་བསྟན་འཛིན་དགའ་བ།

གཟི་ལུམ་རང་བཟོ་ཙམ་མིན་པར་བརྟག་དཔྱད་དང་ཞིབ་འཇུག་སྔོན་དུ་སོང་ཞིང་། མིག་སྔའི་ཁེ་ཕན་དང་འབྲེལ་བའི་སྐྱོན་བརྗོད་དང་དགག་སྒྲུབ་གང་ཞིག་ཡིན་རུང་ཡར་རྒྱས་དང་མདུན་བསྐྱོད་ཀྱི་ཕྱོགས་སུ་གོམ་སྟབས་སྒྱུར་བཞིན་པའི་སྤྱི་སྒེར་ཚང་མས་སྤྲོ་སེམས་འཁོལ་བའི་ངང་ནས་དེ་དག་ངོས་ལེན་ཡང་དག་བྱ་དགོས་པ་ནི་སྐྱོན་བརྗོད་དེ་དག་ཡར་རྒྱས་ཀྱི་ཐེམ་སྐས་དང་འཇུག་སྒོ་ལྟ་བུ་ཡིན་པས་རེད་ལ། སྐྱོན་བརྗོད་ལ་གཡོལ་ཐབས་དང་བཙན་འགེབས་བྱ་སེམས་ཀྱི་འདུ་ཤེས་ནི་དུས་ནམ་ཡང་ཁུངས་འཁྱོལ་ཐབས་མེད་ཅིང་ཡར་རྒྱས་ཀྱི་འགོག་རྐྱེན་ཆེ་ཤོས་དེ་ཡིན།

དེ་བས་ན་སྐུ་ཞབས་བློ་བཟང་ཡེ་ཤེས་ཀྱིས་གྲྭ་ཚང་གི་དུས་འཁོར་སྐུ་བརྙན་དང་འབྲེལ་བའི་རྩོམ་ཡིག་ཅིག་དུས་བབ་དྲ་རྒྱའི་ནང་བཀོད་ཐོན་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེའི་རྒྱུ་མཚན་ནི་རྒྱུན་པར་བདག་གི་སེམས་ངོར་དུས་འཁོར་ཉམས་བཞེས་དང་རྒྱུན་འཛིན་གྱི་ཕྱོགས་ལ་དོ་འཁུར་གནང་མཁན་ནི་ང་ཚོའི་སྤྱི་ཚོགས་ནང་དགོན་སྡེ་རེ་ཟུང་ཞིག་ལས་མ་མཆིས་སྟབས་འདི་ནི་ཤིན་ཏུ་ཉེན་ཁའི་རང་བཞིན་ཞིག་ཏུ་བསམ་བཞིན་ཡོད། དེ་ལྟ་ནའང་དུས་འཁོར་གྱི་ཕྱོགས་ལ་ཐུགས་སྣང་དང་འགན་འཁུར་གནང་མཁན་སྐུ་ཉིད་ལྟ་བུའི་མི་སྒེར་པ་ཡང་ཇི་སྙེད་ཅིག་ཡོད་པ་ཤེས་རྟོགས་དང་རྒྱུས་ལོན་བྱུང་སྐབས་བདག་སེམས་ལྷོད་ལ་བབ་ཅིང་། བློ་དམན་བདག་གི་སེམས་ངལ་དེ་དག་ནི་བདག་ཉིད་ཁོ་ནའི་སྐྱོན་ཆ་ལས་གཞན་དུ་ཅི། དེ་བས་ན་སྐུ་ཉིད་ཀྱིས་དུས་འཁོར་གྱི་ཕྱོགས་ལ་དེ་ལྟའི་དོ་འཁུར་སྣང་བར་ཡི་རངས་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག  སླད་མར་ཡང་དེའི་ཕྱོགས་ལ་ཐུགས་སྣང་དང་འགན་འཁུར་མང་ཙམ་བཞེས་ཏེ་དུས་འཁོར་གྱི་ཆོ་ག་དང་འབྲེལ་བའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་མཆིས་པ་འདི་དག་ཀུན་ཉམས་མེད་རྒྱུན་གནས་ཐུབ་རྒྱུར་ཕྱར་གྲུ་མཉམ་འདེགས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

སྐུ་ཉིད་ཀྱིས་དུས་བབ་དྲ་རྒྱར་བཀོད་ཐོན་ལྟར་དུས་འཁོར་ལྷ་ཁང་གི་ ༸གོང་ས་མཆོག་གི་བཞུགས་ཁྲིའི་གཡོན་ཕྱོགས་ཀྱི་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་དུས་འཁོར་གྱི་སྐུ་བརྙན་དང་།  བཞུགས་ཁྲིའི་ལྟག་རྒྱབ་ཀྱི་རྩིག་ངོས་སུ་བཞེངས་སྐྲུན་ཞུས་པའི་དུས་འཁོར་གྱི་ལྡེབས་རིས། དེ་བཞིན་དུས་འཁོར་གྱི་སྐུ་ཐང་རེ་ཟུང་གི་བཟོ་བཀོད་བཅས་ནི་སྐུ་ཉིད་ཀྱིས་དུས་འཁོར་གྱི་གཞུང་ལུགས་དང་འགལ་ཚུལ་གོ་བརྡ་མཛུབ་བཙུགས་སུ་གནང་དོན་ལྟར། དཔུང་པ་བཅུ་གཉིས་ལས་ཉེར་བཞི་མེད་པའི་བདེན་དངོས་ནི་སྐུ་ཉིད་ཀྱིས་ཐུགས་ཁྲལ་མ་གནང་གོང་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་སྔོན་ཚུད་ནས་ཤེས་རྟོགས་དང་རྒྱུས་ལོན་བྱུང་ཡོད་ལ། མི་འགྱང་བར་བཟོ་བཅོས་གནང་རྒྱུའི་གོ་བསྡུར་ཡང་བྱུང་ཡོད། གཅིག་བྱས་ན། སྐུ་ཉིད་ཀྱིས་གནས་ཚུལ་འདི་ཤེས་རྟོགས་བྱུང་སྟེ་གོ་སྐབས་དམ་འཛིན་གྱིས་རང་ཉིད་སྐུ་སྒེར་གྱི་ཟུག་གཟེར་གཅོག་ཐབས་བྱས་པ་ཞིག་ནི་མིན་ཤས་ཆེ།

གང་ལྟར། དོན་དངོས་ལ་དེ་ལྟར་ཡིན་མིན་ཇི་ལྟར་ཡང་སྐུ་ཉིད་ཀྱིས་གསལ་བཤད་བྱས་པ་དེ་བདེན་པ་རེད་ལ། སྐུ་ཉིད་ཀྱི་རྩོམ་ཡིག་དེར་མཁར་རྔ་ཞེས་པ་ཞིག་ནས་མཆན་འགོད་གནང་དོན་ལྟར་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་དཔལ་དུས་ཀྱི་འཁོར་ལོའི་སྐུ་བརྙན་དེ་ཇོ་ནང་ཁལ་ཁ་རྗེ་བཙུན་དམ་པས་གསར་བཞེངས་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཕུལ་བ་ཡང་དངོས་བདེན་རེད། ཇོ་ནང་ཁལ་ཁ་རྗེ་བཙུན་དམ་པས་དགོངས་གཞི་དགོས་པ་གང་ཞིག་ལ་དགོངས་ནས་དེ་ལྟར་བཞེངས་སྐྲུན་གནང་མིན་སྐོར་ལ་བདག་རང་སྒེར་ངོས་ནས་བཀའ་འདྲི་ཞུ་རྒྱུ་མ་བྱུང་རུང་།  གང་ལྟར་གཞུང་ལུགས་ལྟར་ན་དཔུང་པ་བཅུ་གཉིས་ལས་ཉེར་བཞི་མེད་པ་བདེན་དངོས་ཤིག་རེད། 

ཡང་སྐུ་ཉིད་ཀྱིས་“ཕྱི་ལོ་ ༢༠༠༣ གྱི་ཡར་སྔོན་དུ་དུས་འཁོར་ལྷ་ཁང་དུ་ཡོང་ཚུལ་དང་།  དུས་འཁོར་ལྷ་ཁང་ནི་རྣམ་རྒྱལ་གྲྭ་ཚང་གི་ཡིན་ཞིང་། རྣམ་རྒྱལ་གྲྭ་ཚང་ནི་དམིགས་བསལ་དུས་འཁོར་གྲྭ་ཚང་ཞིག་ཡིན་སྟབས་”ཞེས་གསུངས་པ་ སོགས་ཀྱི་བརྗོད་བབ་ལ་གཞིགས་ན་སྐུ་ཉིད་ནི་གྲྭ་ཚང་གི་སྐོར་ལ་རྒྱུས་མངའ་ཆེ་ཙམ་མེད་དམ་སྙམ་པའི་སྣང་བ་འགོག་མེད་དུ་འཆར་ཡང་། སྐུ་བརྙན་དང་འབྲེལ་བའི་གནད་དོན་འདི་གྲྭ་ཚང་གི་མཁན་རིན་པོ་ཆེ་ལས་གྲྭ་ཚང་གི་ཡིག་ཚང་སོགས་ལ་བཅར་མེད་པའི་དོགས་གནས་འདིས་ཁོ་བོ་ནི་མགོ་བོ་ཡོངས་སུ་རྨོངས་པར་གྱུར།

གང་ལགས་ཤེ་ན། གྲྭ་ཚང་གི་མཁན་པོ་རིམ་བྱོན་ནི་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་གིས་ཐུགས་ཁུར་བླ་མེད་ཆེད་བཞེས་ཀྱིས་ཐད་བསྐོས་གནང་གི་ཡོད་སྟབས། ཁོང་རྣམས་ནང་བསྟན་གཞུང་ལུགས་དང་དེང་དུས་ཀྱི་སྐད་ཡིག་སོགས་ལ་མཁྱེན་རྒྱ་ཡངས་ཤིང་། ལྷག་བསམ་གཡོ་བ་མེད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ དགོངས་ལམ་སྟོན་ཐོག་ཤར་སྐྱོད་གནང་མཁན་ཞིག་ཡིན་པ་ནི་སྨོས་མ་དགོས་པ་ཞིག་ཡིན་ཡང་། གྲྭ་ཚང་གི་ཐུན་མོང་དང་ཐུན་མིན་གྱི་ཆོ་ག་སོགས་ལ་མྱོང་རྒྱུས་ཆ་ཚང་ཡོད་མེད་སྣ་ཚོགས་ཤིག་ཡོད། དེ་བས་ན་ད་ལྟའི་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་སྤྲུལ་སྐུ་རིན་པོ་ཆེ་མཆོག་ཀྱང་དེ་དེ་བཞིན་ལགས་པས་གྲྭ་ཚང་གི་གནད་དོན་ཡོངས་རྫོགས་ལ་ཆ་རྒྱུས་ཡོད་པའི་ཁྱབ་པ་མེད། དེ་བས་ན་སྐུ་ཉིད་ཀྱིས་གནད་དོན་འདི་དྲ་རྒྱར་མ་བཀོད་གོང་གི་བརྟག་དཔྱད་བྱེད་སྟངས་དེ་མཆན་འགོད་པ་རེ་ཟུང་གིས་ཡང་དག་ཡིན་ཚུལ་གྱི་འུད་སྒྲོག་བྱས་ཀྱང་། དོན་དངོས་ཐོག་དཔྱད་ཐབས་འདི་ཡང་དག་པ་ཞིག་དང་མཐིལ་ཕྱིན་པ་ཞིག་མ་ཡིན་ལ་དེའི་གྲུབ་དོན་ཀྱང་། བློ་གྲོས་ཀྱི་ནོར་དང་ལྡན་པའི་སྐྱེ་བོ་རྣམས་མགུ་བ་སྐྱེ་བའི་གཏམ་ཞིག་མིན་ནོ། ། གཞན་ཡང་སྐུ་ཉིད་ཀྱི་རྩོམ་ཡིག་དེར་དག་ནོར་དུ་མ་ཞིག་ཡོད་པ་ནི་རྩོམ་ཡིག་དེར་གསལ་བ་ལྟར་ལགས་པས་འདིར་ཐུགས་རྗེའི་ལེགས་འབུལ་མཚོན་བྱེད་དུ་དག་བཅོས་བྱ་དགོས་བསམ་ཀྱང་དུས་ཁོམ་མ་བྱུང་བས་དགོངས་འགལ་མེད་པ་ཞུ།


ཡང་སྐུ་ཉིད་ཀྱི་རྩོམ་ཡིག་དེར་མཆན་འགོད་པ་གཡུ་དྲུག་དཀར་ཞེས་པ་ཞིག་ནས་“རྣམ་རྒྱལ་གྲྭ་ཚང་གི་ཐུགས་རྗེ་ཆེན་པོའི་ལྷ་ཁང་”ཞེས་གཙུག་ལག་ཁང་དེའི་བདག་པོ་ངོ་མ་ སུ་ཞིག་ཡིན་མིན་ཙམ་ཡང་རྒྱུས་ལོན་མ་ཐུབ་པར་རང་བསམ་བདེན་རློམ་གྱིས་“རྣམ་རྒྱལ་གྲྭ་ཚང་གི་”ཞེས་གཙུག་ལག་ཁང་གི་བདག་པོ་རྣམ་རྒྱལ་གྲྭ་ཚང་ཡིན་པར་བྲིས་ཡོད། གལ་ཏེ་སྐུ་ཉིད་ཀྱི་དགོངས་པར་ཐུགས་རྗེ་ཆེན་པོའི་ལྷ་ཁང་དེ་རྣམ་རྒྱལ་གྲྭ་ཚང་གི་ཉེ་འཁྲིས་སུ་ཡོད་པའི་རྒྱུ་མཚན་གྱིས་རྣམ་རྒྱལ་གྲྭ་ཚང་གི་ཡིན་པར་དགོངས་ནས་དེ་ལྟར་བྲིས་ན་མཚན་ཉིད་གྲྭ་ཚང་ཡང་རྣམ་རྒྱལ་གྲྭ་ཚང་གི་ཡིན་པར་ཐལ་ཏེ། མཚན་ཉིད་གྲྭ་ཚང་རྣམ་རྒྱལ་གྲྭ་ཚང་གི་ཉེ་འཁྲིས་སུ་ཆགས་ཡོད་པའིི་ཕྱིར་དང་། གལ་ཏེ་མི་ཤེས་བཞིན་དུ་སྨྲ་སྒོར་ཚོད་འཛིན་གནང་མེད་ན་ནི་ད་ནས་བཟུང་གནད་དོན་འདི་ཚོའི་སྐོར་ལ་དགུན་གྱི་ཁུ་བྱུག་གི་བརྟུལ་ཞུགས་བཟུང་སྟེ་བསྡད་ན་ཤིན་ཏུ་མཛེས་པར་མཐོང་ངོ་། །

གཞན་ཡང་གཙུག་ལག་ཁང་གི་ཤར་སྒོའི་ངོས་སུ་ཕྱག་བྲིིས་གནང་བའི་རིན་ཆེན་ཕྲེང་བ་༼ སྡེ་དགེའི་བསྟན་འགྱུར་གེ  ཤོག་གྲངས་ ༡༢༥༽ལས་དྲངས་པའི་“ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །”ཅེས་པའི་ཚིག་བཅད་འདི་སྐུ་ཉིད་ཀྱིས་ནོར་བཅོས་འདི་ལྟར་གནང་ཡོད་དེ་༼ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གནས་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཅིང་གནས་གྱུར་ཅིག༽ཅེས་བཟོ་བཅོས་གནང་ཁུལ་བྱས་ཡོད། དེ་བས་ན་སྐུ་ཉིད་ལ་བཀའ་འདྲི་ཞུ་རྒྱུར་སྐུ་ཉིད་ཀྱིས་དག་བཅོས་དེ་ལྟར་གནང་བ་དེ་རྒྱ་བོད་ཀྱི་གཞུང་ལུགས་གང་ཞིག་ལ་ཁུངས་གཏུགས་ནས་གསུངས་སམ། ཡང་ན་རྒྱུ་མཚན་དང་དགོས་པ་གང་ཞིག་གཟིགས་ནས་དེ་ལྟར་གསུངས་པ་ཡིན་ནམ། གལ་ཏེ་གཞུང་ལུགས་ཀྱི་རྩ་ཁུངས་མ་ཆོད་པར་ར་ཐོན་ལུག་ཐོན་དུ་སྨྲས་ན་ནི་སྐུ་ཉིད་ཤིན་ཏུ་བླུན་ཏེ་གོང་དུ་དྲངས་པའི་རྣམ་གཞག་ཐམས་ཅད་བཤིག་པར་ཐལ་བའི་ཕྱིར་དང་། གཞུང་ལུགས་ཀྱི་ཁུངས་འདྲེན་བྱ་རྒྱུ་ཡོད་ན་ནི་སྐུ་ཉིད་ཀྱིས་སྟོན་རིགས་པ་ལ་དེ་ལྟར་གང་ཡང་མི་སྣང་བས་རང་བཟོ་ཁོ་ནར་ཟད།


གཞན་ཡང་གོང་དུ་དྲངས་པའི་ཚིག་བཅད་དེའི་ཚིག་རྐང་ཐ་མར་དམིགས་སུ་བཀར་ནས་སྐུ་ཉིད་ཀྱིས་བཟོ་བཅོས་འདི་ལྟར་གནང་ཁུལ་བྱས་ཡོད་དེ་གང་དུ་མ་གྲོལ་ཞེས་པའི་ཚབ་ཏུ་གང་དུ་མ་གནས་ཞེས་དང་། བྱང་ཆུབ་ཐོབ་ཀྱང་ཞེས་པའི་ཀྱང་སྒྲའི་ཚབ་ཏུ་ཅིང་ཡིན་ཚུལ་ནན་བཀོད་གནང་ཡོད། དེ་ལྟར་ཡིན་པའི་རྒྱུ་མཚན་ཁུངས་ལྡན་སྨྲ་རྒྱུ་ཡོད་དམ། འོ་ན་སྐུ་ཉིད་ལ་གཞུང་ལུགས་ཀྱི་རྩ་ཁུངས་སྨྲ་རྒྱུ་མེད་མོད་རང་ཉིད་ཀྱིས་གོ་བ་ལེན་ཕྱོགས་དེ་ལྟར་འཐད་ལྡན་དུ་མཐོང་ནས་སྨྲས་སོ་སྙམ་ནའང་མི་འཐད་དེ།
གཞུང་ལུགས་ལ་ཁུངས་གཏུགས་མ་དགོས་པར་རང་ཉིད་ཀྱི་བློ་ནུས་དང་འཚམས་པར་དེ་ལྟར་བཟོ་བཅོས་གནང་དགོས་པར་འདོད་ན་ནི་སྐུ་ཉིད་ཀྱིས་གོ་བ་ལེན་དཀའ་བའི་གཞུང་ལུགས་ཇི་སྙེད་ཅིག་ཡོད་པ་དེ་དག་ཀུན་ཀྱང་རང་འདོད་ལྟར་བཟོ་བཅོས་གནང་དགོས་པར་ཐལ་བས་འདིར་དམིགས་སུ་བཀར་ནས་བརྗོད་དོན་ཅི། གཞན་ཡང་སྐུ་ཉིད་ཀྱིས་ཁུངས་དག་པ་དེ་མ་དག་པར་བཙན་བཅོས་གནང་བའི་ཚིག་ཟིན་ལྟར་བྱས་ན། ཚིག་ཧྲིལ་པོའི་སྟེང་ནས་གོ་བ་ཅི་ཡང་བླང་རྒྱུ་མེད་པ་མ་ཟད། སྨོན་ཚིག་ཅིག་ཡིན་པའི་གོ་བ་རགས་པ་ཙམ་ཡང་རྙེད་དཀའ་བའི་ཕྱིར་རོ། །

བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ལྟར་བྱས་ན་ཅིང་ཞེས་པ་ནི་ཚིག་ཕྲད་ཅིག་ཏུ་བཞེད་ལ་དེ་ཡང་ལྷག་བཅས་སྟོན་པའི་ཚིག་ཕྲད་ཅིག་ཏུ་མཁས་པ་རྣམས་ཀྱིས་བཞེད། རྒྱུ་མཚན་དེ་བས་ན་བྱང་ཆུབ་ཐོབ་ཀྱང་ཞེས་པའི་ཀྱང་སྒྲའི་ཚབ་ཏུ་ཅིང་སྒྲ་བཙན་སྦྱོར་བྱས་ན་ནི་སྨོན་ཚིག་གི་དོན་སྟོང་བར་གྱུར་རོ།། དེའི་རྒྱུ་མཚན་ནི་ཅིང་སྒྲ་ལྷག་བཅས་ཀྱི་ཕྲད་ཡིན་པ་དང་སྐབས་འདིའི་ཚིག་བཅད་ཀྱི་ཅིང་སྒྲ་དེས་ལྷག་བཅས་ཀྱི་འཇུག་ཡུལ་གང་ཞིག་སྟོན་མིན་བརྟག་ན་མཚམས་སྦྱོར་ལྷག་བཅས་ལས་གཞན་སྟོན་པར་མ་མཐོང་ཞིང་། མཚམས་སྦྱོར་ལྷག་བཅས་ལ་ནང་གསེས་གསུམ་ཡོད་པ་ལས་བྱ་བས་བྱ་བ་འདྲེན་པར་འཇུག་པ་ལས་གཞན་གཉིས་ལ་འཇུག་ཐབས་མེད། དེ་བས་ན་ལྷག་བཅས་སྟོན་པའི་ཕྲད་ཅིང་སྒྲས་སྐབས་འདིར་དོན་ཅི་ཡང་སྟོན་མི་ནུས་སོ།། རིན་ཆེན་ཕྲེང་བ་ལས་དྲངས་པའི་ཚིག་བཅད་ལྟར་བྱང་ཆུབ་ཐོབ་ཀྱང་ཞེས་སྔར་གྱི་ཚིག་ཟིན་ལྟར་བྱས་ན་དོན་སྟོན་ནུས་པར་མ་ཟད། ཚིགས་བཅད་འདི་སྨོན་ཚིག་ཅིག་ཡིན་པ་ཡང་ལམ་སང་རྟོགས་ཐུབ་ལ། སྐབས་འདིའི་ཀྱང་སྒྲའི་ནུས་པས་མི་མཐུན་པའི་ཚིག་རྒྱན་སྟོན་ནོ། ། འོ་ན། ཁ་ཅིག་གིས་སྐབས་འདིའི་ཀྱང་སྒྲའི་ནུས་པས་མི་མཐུན་པའི་ཚིག་རྒྱན་སྟོན་ཚུལ་འདི་གཞུང་ལུགས་ཀྱི་རྒྱབ་རྟེན་ཅི་ཞིག་ཡོད་དམ་ཞེ་ན།  རང་ལུགས་སི་ཏུ་འགྲེལ་ཆེན་ལ་གཞུང་ཁུངས་གཏུགས་ནས་བརྗོད་པ་ལས་གཞུང་ལུགས་ཀྱི་ རྒྱབ་རྟེན་གང་ཡང་མེད་པར་བྱུང་རྒྱལ་དུ་ཁོ་བོ་སྨྲ་བར་མི་སྤྲོའོ།།

ཡང་ཁ་ཅིག་གིས་ཀྱང་སྒྲའི་ནུས་པས་མི་མཐུན་པའི་ཚིག་རྒྱན་མི་སྟོན་པར་སྨྲ་སྒོ་ལས་ཡང་སྒྲ་བསྣན་པའི་དོན་ལ་འཇུག་ཚུལ་གསུངས་པ་ལྟར་སྐབས་འདིའི་ཀྱང་སྒྲས་ཀྱང་ཡང་སྒྲ་བཞིན་དུ་བསྣན་པའི་དོན་ལ་འཇུག་གོ་སྙམ་ནའང་མི་འཐད་དེ།  སི་ཏུ་འགྲེལ་ཆེན་གྱི་གཞུང་དུ་ཀྱང་སྒྲ་བསྣན་པར་མི་འཇུག་པ་ལེགས་བཀག་ཟིན་པས་དེས་གོ་ཆོད་པར་བྱས་ཏེ་འདིར་སླར་ཡང་བཀག་དོན་མ་མཆིས་སོ།།

ཡང་སྐུ་ཉིད་ཀྱིས་ཡི་གེ་དག་པ་དེ་མ་དག་པར་བཅོས་ནས་རང་མདོག་དམར་རྗེན་དུ་བསྟན་པ་དེའི་གཤམ་འོག་དེ་མ་ཐག་ཏུ་ཡང་བསྐྱར་དུག་སྦྲུལ་གྱིས་གླ་རྩིའི་དྲི་ཚོར་བ་ལྟར་“ཏཱ་ལའི་བླ་མའི་དགེ་རྩ་”ཞེས་མིག་གི་ལྟ་མི་ཕོད་པ་ཞིག་བྲིས་འདུག་ཅེས་འུད་སྒྲོག་གནང་འདུག  དེ་ནི་སྐུ་ཉིད་ཀྱིས་དགེ་རྩ་ཞེས་པ་དེ་མི་གྲོངས་ཚར་བའི་རྗེས་འཇུག་གི་དགེ་རྩ་ཁོ་ནའི་དོན་དུ་བཀྲལ་བ་ཁོ་ནས་ལན་ཏེ་གཞན་ནི་བློ་གྲོས་ཀྱི་ནོར་དང་ལྡན་པ་སུ་ཞིག་གིས་ཀྱང་དེ་ནི་ནོར་འཁྲུལ་ཞིག་ཏུ་མཐོང་མི་སྲིད་ལ། དོན་དངོས་ཀྱི་ཆ་ནས་ཀྱང་མཚན་བྱང་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་རྒྱ་ཆེར་བཞེས་ཏེ་དེ་ལྟར་མཚན་བྱང་དུ་བཏགས་པ་ཞིག་ཡིན་པ་ནི་སྐུ་སྒེར་ཡིག་ཚང་གི་དྲ་རྒྱར་བལྟས་ན་གནག་རྫིས་ཀྱང་རྟོགས་སླ་བ་ཞིག་རེད།

སྤྱིར་དགེ་རྩ་ཞེས་པ་ནི་དགེ་བའི་རྩ་བ་ཞེས་པ་དེ་ཚིག་བསྡུས་གནང་བ་ལས་གྲུབ་པའི་མིང་ཚིག་ཅིག་ཡིན་ལ། དེའི་གོ་དོན་ནི་གྲོངས་ཟིན་པའི་རྗེས་འཇུག་གི་དགེ་རྩ་ཁོ་ནར་གོ་རྒྱུ་མིན་པར་འཚོ་ཞིང་གནས་པའི་མིའི་རིགས་ཀྱི་དགེ་རྩར་ཡང་གོ་ཆོག་སྟེ་བཟང་སྤྱོད་སྨོན་ལམ་ནང་། བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། ཞེས་དང་། སྤྱོད་འཇུག་སྨོན་ལམ་ནང་། བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཅེས་དང་། གཞན་ཡང་གནས་བརྟན་ཕྱག་མཆོད་ནང་། བདག་གཞན་དགེ་བའི་རྩ་བ་འདི་ཡི་མཐུས། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །ཅེས་སོགས་ཀྱི་སྨོན་ཚིག་ཇི་སྙེད་ཅིག་ཡོད་པ་འདི་དག་ཀུན་ཀྱང་སྐུ་ཉིད་ཀྱིས་གོ་བ་ལེན་སྟངས་ལྟར་བྱས་ན་འདི་དག་དགེ་རྩ་མིན་པར་ཐལ་བས་མི་འདོད་བཞིན་དུ་སྐྱོན་གྱིས་རེག་པར་འགྱུར་རོ། །

དེ་བས་ན་གནད་དོན་ཕྱི་མ་འདི་ནི་སྐུ་ཉིད་ཀྱི་བསམ་བློའི་གོ་རྟོགས་ཀྱི་ནུས་པས་མ་འདང་བ་ཞིག་ཡིན་སྟབས། སྐུ་ཉིད་ཀྱིས་དོགས་སློང་བྱས་པ་ནི་སྨྲ་བརྗོད་རང་དབང་ལྡན་པའི་མང་གཙོའི་སྤྱི་ཚོགས་འདིའི་ནང་དེ་ལྟར་དོགས་སློང་བྱེད་ཆོག་པ་དང་བྱེད་རུང་བ་ཞིག་ཀྱང་རེད། དེ་ལྟ་ནའང་གོང་གི་ཚིག་བཅད་དག་པ་དེ་མ་དག་པར་བཙན་བཟོས་བྱས་པ་ནི་ཤིན་ཏུ་མི་འོས་པ་ཞིག་ཡིན་ལ་སྐུ་ཉིད་ལ་རྒྱུ་མཚན་དཔང་རྟགས་གང་ཡང་མེད་པར་རང་བསམ་བདེན་རློན་གྱིས་བབ་ཅོལ་དུ་སྐྱོན་བརྗོད་དེ་ལྟར་བྱེད་ཕོད་པའི་ཐུགས་སྟོབས་ལྡན་ན། རང་སྐྱོན་ངོས་ལེན་བྱ་ཕོད་པའི་ཐུགས་སྟོབས་ཀྱང་དེ་དེ་བཞིན་མཆིས་ངེས་པས་སྐུ་ཉིད་ཀྱིས་བཙན་བཅོས་གནང་བའི་ཚིག་ཟིན་དེ་དག་གཞུང་ལུགས་ཀྱི་ཁུངས་སྐྱེལ་ར་ སྤྲོད་བྱ་རྒྱུ་ཡོད་ན་དེ་ལྟར་དང་། དེ་ལྟར་མ་མཆིས་ན་སྐུ་ཉིད་ཀྱི་ཕྱག་ཟུང་གི་པད་མོར་མགུལ་དར་དཀར་གཙང་ཞིག་བསྣམས་ཏེ་སྐུ་སྒེར་ཡིག་ཚང་གི་ལས་སྣེ་ལྷན་རྒྱས་དང་། སྐུ་བཅར་རྣམ་གྲྭ་མཁན་སློབ་འདུས་པ་རྒྱ་མཚོའི་དབུས་སུ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་མཐོལ་བཤགས་འབུལ་རྒྱུའི་ཐུགས་སྟོབས་ཤིག་མ་མཆིས་རུང་། དུས་བབ་དྲ་རྒྱའི་ཐོག་ནས་སྐུ་སྒེར་ཡིག་ཚང་དང་རྣམ་རྒྱལ་གྲྭ་ཚང་ལ་རང་སྐྱོན་ངེས་ལེན་དང་དགོངས་སེལ་ཡོངས་ཁྱབ་ཏུ་མ་གནང་ན། གཅིག་ནས་སྐུ་ཉིད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁྱད་གསོད་དང་སྐུར་འདེབས་བྱས་པར་མཚོན་ལ། གཉིས་ནས་བཟང་སྤྱོད་ཀྱི་འགན་འཁྲི་དང་ཡོངས་སུ་འགལ་ཡོད། གསུམ་ནས་རྩེ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་མང་ཡོངས་ལའང་མཚན་དམོད་དང་མཐོང་ཆུང་བཏང་བར་ཡང་མཚོན་པས་དེ་ནི་དག་ཐབས་མེད་པའི་ནག་ཉེས་ཆེན་པོ་ཞིག་རེད་ལ། མི་རབས་ཕྱི་མ་ཚོར་ཡང་མིག་དཔེ་ངན་སྟོན་བྱས་པ་ཞིག་ཀྱང་རེད། 

 

དེ་བས་ན་རང་སྐྱོན་ངོས་ལེན་ཕོད་པའི་ཐུགས་སྤོབས་ནི་མི་གཞི་ཚད་ལྡན་ཡིན་མིན་གྱི་ཚད་གཞི་འཇལ་བྱེད་ཀྱི་ཚངས་ཐིག་དེ་ཡིན་སྟབས། དོན་མེད་སྐྱོན་བརྗོད་བྱ་ཕོད་པའི་ཐུགས་སྤོབས་ལས་ཀྱང་གལ་གནད་དུ་འཛིན་དགོས་པ་ཞིག་རེད། དེ་བས་ན་རང་སྐྱོན་ངོས་ལེན་བྱེད་པ་ནི་དཔྱོད་ཤེས་མིག་རྒྱང་གི་བློ་མིག་ལྡན་པ་རྣམས་ཀྱི་ཐབས་ལ་མཁས་པའི་མཛངས་སྤྱོད་ཅིག་རེད་ལ། རང་ཉིད་གཡང་གཟར་ལས་སྐྱོབ་བྱེད་ཀྱི་ཐར་ལམ་ཉག་ཅིག་ཡིན་པའང་སྐུ་ཉིད་ཀྱིས་མ་ བརྗེད་ཐུགས་བཅངས་གནང་རོགས། དེ་ལྟར་སྐུ་ཉིད་ཀྱིས་ཟེར་རྒྱུས་ཕོངས་པའི་རང་རྟགས་ཟང་མར་བསྟན་པའི་ད་རེས་ཀྱི་ཐལ་སྤྱོད་འདིའི་ཉམས་མྱོང་ལ་ཕྱོགས་བསྡོམས་ཡང་དག་བྱས་པ་བརྒྱུད་སླད་ཕྱིན་ཆད་དེ་ལྟར་མི་ཡོང་བ་ནི་གུས་པས་ཁྱེད་ལ་བཅོལ་བའི་རེ་བ་ཉག་ཅིག་ཡིན།

གོང་འཁོད་རྩོམ་ཡིག་འདི་ནི་གུས་པ་རང་ཉིད་སྒེར་གྱི་ལྟ་ཚུལ་ལས་རྣམ་རྒྱལ་གྲྭ་ཚང་གཞུང་གི་ལྟ་ཚུལ་ཡིན་པའི་ཁྱབ་པ་མེད་དེ་གུས་པ་རང་ཉིད་སྒེར་གྱིས་བྲིས་པ་ཁོ་ནའི་ཕྱིར་རོ།།

 

འབྲེལ་ཡོད་གསར་འགྱུར།

བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

ཆུ་ཚོད་ ༣ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༥ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧

མཆན། 30

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གཞུང་ལུགས་ཀྱི་ཁུངས་མི་འདྲ་བ་ཡང་ཡོད་སྲིད་པས། གང་ལྟར་དཔྱད་པ་མཐར་ཕྱིན་པ་ཅིག་བྱས་ནས་ཡོང་ཁུངས་ར་སྤྲོད་ཆ་ཚང་ཅིག་བྱུང་ན་ཀུན་ལ་ཕན་ཐོག་ཆེ། དགེའོ། །

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    གམ་བཅར་པའི་དཔྱད་རྩོམ་འདིར། ཐོག་མར་གུ་ཡངས་དང་ཡར་ཐོན་གྱི་རྣམ་པ་གསལ་པོ་འདུག ཡིན་ན་ཡང་མཇུག་དེར་རང་རྒྱལ་གཞན་ཕམ་གྱི་ཚིག་ཚོགས་ཀྱང་མི་ཉུང་བ་ཞིག་སྤེལ་འདུག གང་ལྟར་ངས་བཤད་འདོད་པ་ཞིག་ལ། གམ་བཅར་བས་༼བཞུགས་ཁྲིའི་ལྟག་རྒྱབ་ཀྱི་རྩིག་ངོས་སུ་བཞེངས་སྐྲུན་ཞུས་པའི་དུས་འཁོར་གྱི་ལྡེབས་རིས། དེ་བཞིན་དུས་འཁོར་གྱི་སྐུ་ཐང་རེ་ཟུང་གི་བཟོ་བཀོད་བཅས་ནི་སྐུ་ཉིད་ཀྱིས་དུས་འཁོར་གྱི་གཞུང་ལུགས་དང་འགལ་ཚུལ་གོ་བརྡ་མཛུབ་བཙུགས་སུ་གནང་དོན་ལྟར། དཔུང་པ་བཅུ་གཉིས་ལས་ཉེར་བཞི་མེད་པའི་བདེན་དངོས་ནི་སྐུ་ཉིད་ཀྱིས་ཐུགས་ཁྲལ་མ་གནང་གོང་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་སྔོན་ཚུད་ནས་ཤེས་རྟོགས་དང་རྒྱུས་ལོན་བྱུང་ཡོད་ལ། མི་འགྱང་བར་བཟོ་བཅོས་གནང་རྒྱུའི་གོ་བསྡུར་ཡང་བྱུང་ཡོད། ༽ཅེས་པ་དེར་ད་དུང་དོགས་པ་ཞིག་འདུག དུས་འཁོར་གྱི་སྐུ་བརྙན་དེ་ཁལ་ཁ་རྗེ་བཙུན་དམ་པས་བཞེངས་ཏེ། ༸མགོན་པོ་༸མཆོག་ལ་ཕུལ་བ་ཞིག་ཡིན་ན་དོ་དོ་ཏན་ཏན་བྱེད་པ་ལས་བྱུང་རྒྱལ་དུ་ཁྲལ་འཁྱོལ་ཙམ་ཞིག་ཁྱོན་ནས་གནང་གི་མ་རེད། གཅིག་བྱས་ན་གཞུང་ལུགས་སོ་སོ་ནས་གསུང་ཚུལ་མི་འདྲ་བ་ཡོད་པའི་དབང་གིས། ཆོས་རྗེ་ཇོ་ནང་གི་གཞུང་ལུགས་ལྟར་བྱས་ཏེ་བཞེངས་པ་ཞིག་ཀྱང་ཡིན་ཤས་ཆེ། གང་ལྟར་ལམ་སང་ནོར་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་གྱིས་སྐྱོན་བརྗོད་ཆོག་ཆོག་དང་། ནོར་འདུག་ཅེས་ཁས་ལེན་མཁན་ཚོས་ཀྱང་ཁས་ལེན་ཆོག་ཆོག་ཅིག་ཨེ་ཡོད། དཔྱད་པ་མི་ཉུང་ཐག་གཅོད་མི་སྔ། །ཞེས་གསུང་རྒྱུན་ལ་ཡོད་པ་བཞིན་ད་དུང་ཞིབ་འཇུག་བྱེད་དགོས་ཀྱི་འདུག དཔེར་ན། ཡོངས་གྲགས་ལ་མེད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ཐང་ཕྱག་ན་རྡོ་རྗེ་བསྣམས་པ་ཞིག་ཀྱང་དེང་སང་མཇལ་རྒྱུ་འདུག དེ་ཡང་ནོར་བ་རེད་ཅེས་སུ་ཞིག་གིས་བརྗོད་ཐུབ། མ་ཟད་ཇོ་ནང་གི་གཞུང་ལུགས་ནས་གསུངས་པའི་དུས་འཁོར་སྐོར་ལ་བརྟག་དཔྱད་ཉིད་ནས་མ་གནང་བར་འགྲིག་དང་ནོར་གྱི་ཐག་ཆོད་བྱས་ན་རན་པོ་མི་འདུག་པས་ད་དུང་ཡང་དཔྱད་ཞིབ་གནང་རྒྱུ་གལ་ཆེ།།

    Reply
  3. ཤྰ་རིའི་བུ། says:
    ལོ་ 14 སྔོན།

    ཡག་པོ་འདུག དེ་ཡང་ཚོགས་བསགས་གི་བྱ་བ་ཞིག་ཡིན་ལ་རིག་གཞུང་སྲུང་སྐྱོབ་གིས་ངོ་བོ་གཙང་མ་ཞིག་ཡིན

    Reply
  4. གྲྭ་རྒོད says:
    ལོ་ 14 སྔོན།

    བློ་བཟང་ཡེ་ཤེས་ལགས་ཀྱི་རྣམ་་རྒྱལ་གྲྭ་ཚངགི་དུས་འཁོར་གསེར་སྐུ་བཟོ་བཅོས་བྱེད་རོགས་ཞེས་པ་དེ་ངོ་མ་ནོར་ཡོད་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ། འོན་ཀྱང་གསལ་བསྒྲགས་བྱས་པ་དེའི་དུས་ཚོད་དེ་དག་དག་ཞིག་རེད་མེད་པ་འདྲ་བོ་ཞིག་མཐོང་སོང་། གང་ཡིན་ཟེར་ན་ཁོང་གི་སྤྱི་ཟླ་༥བའི་༢༩ དང་སྤྱི་ཟླ་དྲུག་པའི་༣༠ཞེས་ནོར་བཅོས་བྱས་པ་དེ་ཡང་དོག་པ་ཞིག་རེད་གསལ་བསྒྲགས་བྱས་པ་དང་གསེར་སྐུ་མཐོང་བ་རྣམ་རྒྱལ་མཁོན་པོ་མཇལ་བ་དག་གི་པར་ལ་ཟླ་གཅིག་འགོར་འདུག

    Reply
  5. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    གམ་བཅར་བ་་་་་བསྟན་འཛིན་དགའ་བ་ལགས།
    ༸ཁལ་ཁ་རྗེ་བཙུན་པ་ལ་སྐྱོན་འཛུགས་མ་བྱེད་རོགས་གནང་། ཁོང་གིས་དད་པ་དམ་ཚིག་བླ་ན་མེད་པས་གོང་ས་མཆོག་ལ་ཞབས་བསྟན་དུ་ཕུལ་ན་ཁྱེད་ཅག་གིས་ཁོང་ལ་རྣམ་གྲྭ་ཚང་གི་སྐྱོན་ཞྭ་གཡོག་གི་ཡིན་ནམ།
    གལ་ཏེ་ཇོ་ནང་བ་ཞིག་གིས་འདིས་འགན་ཁུར་ཡོད་ན་ཞབས་འདྲེན་དེ་བཞག་སྲིད་གི་མ་རེད། ཡིད་མ་ཆེས་ན་ཇོ་ནང་བའི་དགོན་པ་དག་ཏུ་བལྟ་རུ་སོང་དང་ཤེས།
    ཁྱོད་ཀྱིས་སྐྱག་འགོ་གཉང་བཏུམ་གིས་རང་སྐྱོན་འགེབས་ཐབས་ཀྱི་གཏམ་མ་བཤད་ན་མཛེས་གི་རེད། དུས་འཁོར་ལ་དཔུང་པ་བཅུ་གཉིས་ལས་ཉེར་བཞི་མེད་པ་རྣམ་རྒྱལ་གྲྭ་ཚང་གིས་སྔོན་ཚུད་ནས་ཤེས་རྟོགས་དང་རྒྱུས་ལོན་བྱུང་ཡོད་ན་ལོ་དེ་འདྲེའི་མང་བོ་ཞིག་ལ་ཁུང་མེད་ཀྱི་འདྲེ་འསྐུ་འདྲ་བོ་བསམ་བཞིན་དུ་བཞག་པ་ཡིན་ནམ། དང་བོ་བཟོ་དུ་ནས་མ་ཤེས་ན་ཡར་འཇོག་པའི་ཉིན་མོ་མ་ཤེས་པ་ངོ་མི་ཚ་བར་ད་དུང་གཞན་ལ་ལག་པ་ཕྱི་རྒྱུ་ཡིན་ནམ།
    མི་ལོ་དུ་མའི་རང་དུ་འཛམ་གླིང་མི་མང་གི་མདུན་སར་ཞབས་འདྲེན་བྱས་པའི་ལེ་ལན་སྦྱིན་བདག་ལ་འགེལ་རྒྱུ་ཡིན་ནམ། ཁྱེད་ཚོའི་ངན་མཚང་རི་འདྲ་བོ་དེ་ ཇོ་ནང་ཁལ་ཁ་རྗེ་བཙུན་དམ་པའི་སྦྱིན་བདག་བྱས་པ་ལ་འགེལ་ཐབབས་བྱེད་པ་ནི་ངོ་ཚ་མི་ཤེས་པའི་གཏམ་ཡིན་པ་སུ་ཡིས་ཡང་ཤེས་ཐུབ།
    ཁྱོད་ཀྱིས་གཞན་གྱི་ཡིག་སྐྱོན་འཕྲན་བུའི་རིགས་ཚུན་ཆད་ཀྱི་གཞན་སྐྱོན་ཁབ་ཙམ་ལ་ཡང་སྐྱོན་བརྗོད་ནས་རང་སྐྱོན་རི་བོ་འདྲ་བོ་དེ་འགེབས་ཐུབ་བསམ་གི་ཡོད་དམ། དེ་ནི་ཁྱོད་ཀྱིས་རྒྱ་ཆེའི་གཟིགས་མཁན་ཡོངས་རྫོགས་མགོ་སྒོར་གཏོང་ཐུབ་པའི་ཀུན་སློང་དང་རེ་བ་བྱེད་པ་ཀུན་གྱིས་ཤེས་སླ། རང་སྐྱོན་ངོས་མ་ལེན་ཡང་གཞན་ལ་མ་འགེལ་རོགས་གནང་།

    Reply
  6. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    སྡེ་བསྟན་༼ཀེ་པའི་ལྡེབ༡༢༦༽སྐྱེས་རབས་ཀྱི་སྤྲིངས་ཡིག་གི་ཁོངས་སུ་བཞུགས་པའི་རིན་འཕྲེང་གི་རྩ་བར། ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །ཅེས་འབྱུང་ཞིང་། དེ་ནི་གལ་ཏེ། སེམས་ཅན་རྣམས་སངས་རྒྱས་མ་ཐོབ་ན་བདག་སངས་རྒྱས་ཐོབ་པའི་སྐལ་པ་ཅན་དུ་གྱུར་ཀྱང་ཕྱིར་བསྣུལ་ཏེ། སེམས་ཅན་རྣམས་གྱི་ཕྱིར་བྱང་སེམས་ཀྱི་རྟེན་ཏུ་གནས་པ་འཇམ་དཔལ་དབྱངས་ལྟ་བུར་གྱུར་ཅིག ཅེས་པ་སྟེ། འདི་ལ་དཔེ་མེད་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་ཅེས་བྱ་ཞིང་། དེ་ནི་སེམས་བསྐྱེད་ཚད་མཐོ་ཤོས་ཡིན་སྟབས་ དེ་ལྟར་ངག་ཏུ་བརྗོད་དེ་སྨོན་ལམ་བཏབ་པའི་ཕན་ཡོན་ཡང་རིན་ཆེན་ཕྲེང་པའི་སྔར་གྱི་ཚིགས་བཅད་དེ་གའི་མཇུག་ཏུ།དེ་ལྟར་བརྗོད་པའི་བསོད་ནམས་གང་། །གལ་ཏེ་དེ་ནི་གཟུགས་གྱུར་ན།་།གང་གཱའི་བྱེ་མ་སྙེད་ཀྱི་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །ཞེས་དམིགས་བསལ་ད་མགོན་པོ་ཀླ་ཉིད་ཀྱིས་གསུངས་སོ། ། དེས་ན་དེའི་ཐད་གཡུ་དྲུག་དཀར་ལགས་ལ་ཐལ་མོ་སྦྱོར་རེ་ཆེར་མི་འདུག་པས་དེའི་ངོས་ལེན་དགོས་སར་ངོས་ལེན་དགོས་ངེས་རེད། ད་དུང་དོགས་པ་ཡོད་ན་དཔེ་མཛོད་དུ་ཕེབས་ནས་དཔེ་བསྡུར་བསྟན་འགྱུར་ལ་གཟིགས་དགོས། ངས་འདི་ལྟར་བྲིས་པ་ནི་དོན་ངོ་མ་གོ་བརྡ་སྤྲོད་པའི་ཆེད་ཙམ་ཡིན་ལགས། འོན་ཀྱང་གམ་གཅར་པས་བླ་བཟང་ཡེ་ཤེས་ལ་སྒེར་གྱི་ཟུག་གཟེར་གཅོག་ཆེད་རེད་ཟེར་བ་ནི་ཤེས་ཡོན་པའི་རང་དབང་གི་གླེང་སློང་ལ་འཇིགས་སྐུལ་དུ་འགྱུར་སྲིད་ཅིང་། ཁོང་གི་ངོས་ནས་ཀྱང་ཐུགས་ཀྱི་ཟུག་གཟེར་སྟངས་འཛིན་མ་ཐུབ་པའི་རྟགས་རེད་པས། གང་ལྟར་དེར་ཡང་ངོས་ལེན་ཡོད་པ་དགོས། གཡུ་དྲུག་དཀར་གྱི་ས་ནས་རྒྱལ་ཁ་ཆུང་ཆུང་ཞིག་རག་པ་དེས་རྫིག་ར་བསྐྱེད་ནས་ཐུགས་མ་བདེ་བ་སེལ་བར་ཁ་སབ་བྱས་ཡོད་ཀྱང་དེས་ཀྱང་དོན་ལ་ཕན་མི་ཐོགས་པ་ཡིན། སྐད་ཆ་མང་སོང་། དགོངས་དག

    Reply
  7. རྒྱ་རགས། says:
    ལོ་ 14 སྔོན།

    ༼ དཔུང་པ་བཅུ་གཉིས་ལས་ཉེར་བཞི་མེད་པའི་བདེན་དངོས་ནི་སྐུ་ཉིད་ཀྱིས་ཐུགས་ཁྲལ་མ་གནང་གོང་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་སྔོན་ཚུད་ནས་ཤེས་རྟོགས་དང་རྒྱུས་ལོན་བྱུང་ཡོད་ལ། མི་འགྱང་བར་བཟོ་བཅོས་གནང་རྒྱུའི་གོ་བསྡུར་ཡང་བྱུང་ཡོད།༽
    དེ་ལྟར་སྔོན་ཚུད་ནས་མཁྱེན་ཡོད་ན་སྐྱོན་བརྗོད་བྱེད་མཁན་ཞིག་ལ་བསྒུག་བསྡད་པ་ཡིན་ནམ། གནད་དོན་དེ་མཁྱེན་ནས་དུས་ཡུན་ཅི་ཙམ་སོང་ཡོད། མི་འགྱང་བར་བཟོ་བཅོས་གནང་རྒྱུའི་གོ་བསྡུར་ག་དུས་གནང་། བློ་བཟང་ཡེ་ཤེས་ཀྱིས་ཤེས་པའི་སྔ་ཉིན་དེར་རམ་ཡང་ན་་་་་་་་་་་་་་་་།
    ༼གཅིག་བྱས་ན། སྐུ་ཉིད་ཀྱིས་གནས་ཚུལ་འདི་ཤེས་རྟོགས་བྱུང་སྟེ་གོ་སྐབས་དམ་འཛིན་གྱིས་རང་ཉིད་སྐུ་སྒེར་གྱི་ཟུག་གཟེར་གཅོག་ཐབས་བྱས་པ་ཞིག་ནི་མིན་ཤས་ཆེ།༽
    སྐད་ཆ་དེ་ཡག་པོ་ཞིག་རྩ་བ་ནས་མ་རེད། སྐད་ཆ་འདིས་འགྲེལ་བཤད་མི་དགོས་པའི་ཟུར་དང་ངོས་མང་པོ་ཞིག་གསལ་བོར་བསྟན་འདུག
    ༼གོང་འཁོད་རྩོམ་ཡིག་འདི་ནི་གུས་པ་རང་ཉིད་སྒེར་གྱི་ལྟ་ཚུལ་ལས་རྣམ་རྒྱལ་གྲྭ་ཚང་གཞུང་གི་ལྟ་ཚུལ་ཡིན་པའི་ཁྱབ་པ་མེད་དེ་གུས་པ་རང་ཉིད་སྒེར་གྱིས་བྲིས་པ་ཁོ་ནའི་ཕྱིར་རོ།།༽
    ཁྱེད་རང་སྒེར་གྱིས་བྲིས་པ་ཁོ་ན་ཡིན་ན་ཁྱེད་རང་སྒེར་གྱི་ལྟ་ཚུལ་ལས་རྣམ་རྒྱལ་གྲྭ་ཚང་གཞུང་གི་ལྟ་ཚུལ་ཡིན་པས་ཁྱབ་པ་མེད་པར་གྱུར་ཅིག
    ད་དུང་༼ཡིན་པའི་ཁྱབ་པ་མེད་༽ཅེས་པའང་ཡིན་པས་ཞེས་བཅོས་ན་འཐད་དོ།།

    Reply
  8. དྲང་གཟུ་ says:
    ལོ་ 14 སྔོན།

    གམ་བཅར་བ་བསྟན་འཛིན་དགའ་བ་ལགས་ལ་ ཞུ་རྒྱུ་
    བོད་མི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེས་ འཆན་གནད་དོན་ཅན་ཞིག་བཀོད་འདུག་པས་ ལེན་ཞིག་སྐྱོན་ཐུབ་པ་མིན་འདུག་གམ་།།

    Reply
  9. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    གུས་པར་འོས་པའི་སྐུ་ཞབས་གམ་བཅར་བ་ལགས། སྐུ་ཉིད་ཀྱིས་རྒྱུ་མཚན་ལྟར་སྣང་གི་རི་ལ་དོན་མེད་ཚིག་ཚོགས་ཀྱི་ཚེར་ཕུང་ཞིག་བསྐྲུན་རྗེས་རྒྱལ་རྔ་རྡུང་བ་སྔ་དྲགས་སོང་། རིན་ཆེན་ཕྲེང་བའི་ནང་གི་ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། ། གང་དུ་མ་གནས་དེ་སྲིད་དུ།། དེ་ཕྱིར་བླ་ན་མེད་པ་ཡི།། བྱང་ཆུབ་ཐོབ་ཅིང་གནས་གྱུར་ཅིག་ཞེས་པའི་ཚིག་དེའི་དོན་ཁྱེད་ཀྱི་རྣམ་དཔྱོད་ཀྱི་ཡུལ་ལས་འདས་ཡོད་ངེས་པས་དང་པོར་ངས་ཁྱེད་ལ་ཚིག་དེའི་དོན་འཆད་རྒྱུ་ཡིན་པས་ལག་གཉིས་ཐལ་མོ་སྦྱར་ནས་ཉོན་ཅིག ནམ་མཁའ་ཇི་སྲིད་ཀྱི་བར་ཏུ་སེམས་ཅན་ཐམས་ཅད་སྨྲོས་ཅི་དགོས། འགའ་ཞིག་གམ་རེ་ཟུང་ཡིན་ཀྱང་གང་གི་འཐོབ་བྱ་མཐར་ཐུག་གི་མྱང་འདས་ལ་མ་གནས་པ་དེ་སྲིད་དུ། སེམས་ཅན་དེ་དག་གི་ཕྱིར་དུ་བདག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅིང་སེམས་ཅན་དེ་དག་གི་ཆེད་དུ་ནམ་མཁའ་ཇི་སྲིད་ཀྱི་བར་དུ་བདག་གནས་པར་གྱུར་ཅིག འདི་ནི་རིན་ཆེན་ཕྲེང་བའི་ཚིག་དེའི་དོན་འགྲེལ་ཡིན། གལ་ཏེ་ང་ཡང་ཁྱེད་རང་ལྟར་ཚིག་ཤོམ་ལ་མཉེས་མཁན་ཞིག་ཡིན་ཚེ་ཚིག་འདི་ཁོ་ནའི་སྟེང་ནས་ལམ་རིམ་ཞིག་འཆད་ཆོག་མོད། ང་རང་ཚིག་ཤོམ་ལ་དགའ་བོ་མེད་པ་དང་གསེར་ལས་དཀོན་པའི་དུས་ཚོད་སྟོང་པ་དེ་ཁྱེད་ལ་ཤག་འགྱེད་ནས་འཕྲོ་བརླག་གཏོང་འདོད་མེད་པས་འདི་ཙམ་གྱིས་ཆོག་པར་བྱ། སྐབས་འདིར་ཁྱེད་ཀྱིས་ཚིག་རྐང་ཐ་མའི་ཅིང་སྒྲ་དེ་ལྷག་བཅས་ཡིན་མིན་དང་ལྷག་བཅས་གསུམ་ལས་གང་ཡིན་ཀྱང་བདེ་ལེགས་ཏུ་རྟོགས་ཐུབ་པས་དོན་མེད་ཚིག་ཚོགས་ཀྱི་ཉོག་མི་དཀྲུག་པར་བྱ། ཁྱེད་ལྟར་ན་ཚིག་རྐང་ཐ་མ་དེའི་དོན་ཆུབ་ཐོབ་ན་ཡང་གནས་པར་གྱུར་ཅིག་ཟེར་དགོས་ལ། དེ་ལ་གོ་རྒྱུ་ཅི་ཡང་མེད།

    སྐུ་ཞབས་གམ་བཅར་བ་ལགས། ཚིག་གཅིག་བཤད་ན་༧གོང་ས་མཆོག་གིས་ཅིག་ཅིག་ཅིག། ཚིག་གཉིས་བཤད་ན་༧གོང་ས་མཆོག་གི་ཉིག་ཉིག་ཉིག སྐད་ཆ་དེ་མཚམས་འཇོག་རོགས། ༧གོང་ས་མཆོག་དང་ངེད་གཉིས་ཀྱི་བགྲོ་གླེང་བར་འབྲེལ་བ་ཅི་ཡང་མེད། དོན་དངོས་ཀྱི་ཆ་ནས་ཀྱང་མཚན་བྱང་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་རྒྱ་ཆེར་བཞེས་ཏེ་དེ་ལྟར་མཚན་བྱང་དུ་བཏགས་པ་ཞིག་ཡིན་པ་ནི་སྐུ་སྒེར་ཡིག་ཚང་གི་དྲ་རྒྱར་བལྟས་ན་གནག་རྫིས་ཀྱང་རྟོགས་སླ་བ་ཞིག་རེད། གོང་གི་འདི་ཁྱེད་ཀྱི་སྐད་ཆ་རེད། སྐུ་སྒེར་ཡིག་ཚང་གི་གི་དྲ་ངོས་སུ་ངས་ཅི་ལྟར་ཅེར་ཀྱང་། བསྔོ་རྟེན་བྱུང་འཛིན་གྱི་མིང་དེ་༧གོང་ས་མཆོག་གིས་དགོངས་པ་རྒྱ་ཆེར་བཞེས་ཏེ་བཏགས་པ་ཞིག་རེད་ཅེས་པ་ཞིག་མཐོང་མ་སོང་མོད། དེ་ནི་ངས་མ་མཐོང་བ་ཙམ་ལས་ཁྱེད་ཀྱིས་སྐུར་འདེབས་བྱས་པ་ཡིན་མི་སྲིད། རྒྱུ་མཚན་ནི་ཁྱེད་གམ་བཅར་བ་ཡིན་པས་སོ།
    ཁྱེད་ཀྱིས་སྨོན་ཚིག་ཁ་ཤས་ཤིག་དྲངས་ནས་དགེ་རྩ་ཞེས་པ་དེར་འདས་གསོན་གཉིས་ཀྱི་དགེ་རྩ་ཡོད་པར་བཙན་གྱིས་སྒྲུབ་ཁུལ་བྱས་ཡོད་མོད། ཁྱེད་ལྟར་ན། གོང་དུ་བརྗོད་པའི་དགེ་རྩ་དེ་༧གོང་ས་མཆོག་གི་དགེ་བའི་རྩ་བར་འཇུག་པ་ལས་འོས་མེད་ལ། སྐབས་འདིར་བསྔོ་རྟེན་ལས་ཁུངས་དེ་འམ། ཡང་ན་གཤིན་གསོན་གྱི་ཆེད་དུ་ཕུལ་བའི་དངུལ་དངོས་དེ་དག་ཁོང་གི་དགེ་བའི་རྩ་བར་ཐལ་བའི་ཐལ་བ་དེ་ཁྱེད་ཀྱི་སྤྱི་གཙུག་ཏུ་ཐོག་ལྟར་འབབ་ལ། དེ་ལྟ་ན་ལས་ཁུངས་དེའི་ནང་གི་གྲྭ་བ་དེ་ཚོ་ཆོས་ཅན། ཁོང་གི་དགེ་བའི་ཡན་ལག་ཡིན་པར་ཐལ། ལས་ཁུངས་དང་དད་རྫས་དེ་དག་ཁོང་གི་དགེ་བའི་རྩ་བ་ཡིན་པའི་ཕྱིར། ད་དུང་ཐལ་བ་མང་དག་ཅིག་མཆིས་མོད། ཤི་ཟིན་པའི་རོ་ལ་སླར་མདུང་གིས་མི་སྣུན་པར་བྱ།
    སྐུ་བཅར་བ་ལགས། སྐུ་བཅར་བའི་ཁྲོད་ན་བོད་ཡིག་ཤེས་མཁན་བརྫྲ་འཕྲིན་ལས་གཅིག་བུ་མ་གཏོགས་མེད་མོད། དེ་རིང་གང་ཞིག་ནས་བོད་ཡིག་ཕྲན་བུ་ཤེས་མཁན་གྱི་སྐུ་བཅར་བ་ཞིག་ཐུག་པར་སེམས་གཏིང་ནས་དགའ་ཞིང་སྤྲོ་ཡོད། སྐུ་ཉིད་ལ་ད་དུང་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི་རྗེས་མར་མི་ཤེས་པའི་གནས་ལ་ཨུ་ཚུགས་མི་བྱེད་པར་འཚལ། །
    ལས་ཀ་གྲོལ་ནས་ནང་དུ་འགྲོ་བའི་ལམ་བར་དུ་མེ་འཁོར་ནང་བྲིས་པ་ཞིག་པས་གཏགས་ནོར་དང་ཡིག་ནོར་ཕྲན་བུ་ཡོད་སྲིད་པས། གདོན་འདྲེ་མཐོང་བ་ལྟར་ཧ་ལས་མདོག་མི་བྱེད་པར་འཚལ།།

    Reply
  10. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    ༧་ས་མཆོག་གིས་ཐད་བསྐོས་གནང་བའི་མཁན་པོ་ཚང་མ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ དགོངས་ལམ་སྟོན་ཐོག་ཤར་སྐྱོད་གནང་མཁན་ཞིག་ཡིན་པ་ནི་སྨོས་མ་དགོས་པ་ཞིག་ཡིན་ཟེར་བ་དེ་ལ་དོགས་པ་ཡོད་ གང་ཡིན་ཟེར་ན་ ཉེ་བའི་ལོ་ཤས་སྔོན་ལ་རྣམ་གྲྭའི་མཁན་པོ་ལྡན་མ་བློ་ཆོས་ཟེར་བ་དེའི་ཐེ་ཝན་དང་སེང་ག་པུར་རྡོ་རྗེ་ཤུགས་ལྡན་ཆོས་ཚོགས་ཁག་ནས་བཀའ་གདམ་པའི་རིང་ལུགས་གཙང་མ་སྐྱོངས་མཁན་ཁྱེད་ཚོ་མ་ཏོག་མེད་ཚུལ་སོགས་བཀའ་སློབ་གནང་བ་དང་དངུལ་འབོར་ཆེན་ཞིག་བློ་གླིང་གྲྭ་ཚང་ལ་ཕུལ་ཚུལ་སོགས་ཡོང་གྲགས་ཡིན་ འོ་ནས་༧་གོང་ས་མཆོག་གིས་ཁོང་རྡོ་རྗེ་ཤུགས་ཚོགས་པ་ལ་འགྲེལ་བ་བྱེད་དགོས་ཞེས་ལམ་སྟོན་ཡོད་གི་རེད་དམ

    Reply
  11. བོད་མི་སྐྱིད་སྡུག་མཉམ་མྱོང་ says:
    ལོ་ 14 སྔོན།

    རྣམ་དཔྱོད་ལྡན་པའི་བློ་བཟང་ཡེ་ཤེས་ལགས་ཀྱི་སྙིང་སྟོབས་ལ་གུས་འདུད་དང་མངགས་བརྗོད་བྱེད་བཞིན་ཡོད་ རྣམ་རྒྱལ་གྲ་ཚང་གི་བསྟན་དགའ་ལགས་ནས་ ཧམ་པ་རི་ཙམ་ཤོད་ན་ བདེན་པ་གཡག་ཙམ་ཐོབ་གིན་རེད་བསམ་པ་དང་ དེང་སྐབས་༧གོང་ས་མཆོག་གིས་ཐུགས་རྗེས་ལས་བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་སོགས་མེད་པ་ཆགས་ཟིན་པ་ཞིག་རེད་ མཁྱེན་གིན་ཡོད་ཤག་ལགས་ ད་དུང་ཁ་སོང་ལྕམ་སྐུ་ཞབས་ཀྱིས་རྟུམ་དྲི་གཏོང་པ་མ་རེད་ གུས་གཡོག་མོས་གཏོང་པ་ཡིན་ཟེརབ་ལྟར་ཆགས་འདུག་ རྣམ་རྒྱལ་གྲ་ཚང་དེ་བོད་མི་ས་ཡ་དྲུག་གིས་༧གོང་ས་མཆོགི་གྲ་ཚང་ཞིག་ལ་ངོས་འཇིན་གནང་གིན་ཡོད་པ་དང་ དུད་འཁོར་གྲ་ཚང་ཞིག་རྩིས་ཐང་བཞག་གིན་ཡོད་ ནོར་འཁྲུག་ཡོད་པ་ཤེས་བཞིན་དུ་མཐོང་ཆུང་ཁྱད་གསད་བྱས་ཏེ་སྣང་མེད་བཞག་ནུས་པ་ ཧ་ཅང་བློ་ཁོག་རེད་ལ་འགན་མ་འཁུ་བའི་རྟགས་རེད་ལ་༧གོང་ས་མཆོག་གི་སྙན་ལ་གསན་ཡོང་བསམ་པའི་འཚེར་སྣང་དང་ཞེད་སྣང་གང་ཡང་མེད་པ་ ཨ་ཙི་ བྱས་སྟངས་འདིས་ དཔེར་ན་ ཁྱིམ་མཚེས་བླ་མར་དད་པ་མེད་ཟེར་ རྣམ་འགྱུར་བསྟན་འདུག་ ངོ་མི་ཚར་བ་དཔེ་རང་རེད་ ད་དུང་དམངས་ལ་སྡིགས་ར་དང་ཞེད་སྣང་བཀོད་དེ་༧གོང་ས་མཆོག་གི་མཚན་བེད་སྤྱོད་བྱས་འདུག་པ་དེས་ འོས་ཤིག་མཚམ་པའི་གནང་ཏངས་ཤིག་རྩ་བ་ཉིད་ནས་མ་རེད་ གནང་སྟངས་དེར་བསྟས་ན་ གཞིས་ལུས་མི་མང་རྣམས་སྨྲ་བརྗོད་རང་དབང་མེད་ལ་ རང་ཅག་བཙན་བྱོལ་ནང་ལ་ཡང་སྨྲ་བརྗོད་རང་དབང་མེད་པ་ཆགས་འགྲོ་གིན་མིན་འདུག་གམ་ ནང་པའི་སྟོན་པ་མགོ་ནས་བསྣུབ་པ་ཞིག་མ་རེད་དམ་ བསྟན་དགའ་ལགས་ཐུགས་བསམ་བཞེས་ཏེ་ལེན་ཞིག་ཡོད་པ་ཞུ་།
    སྐུ་ཉིད་དང་རྣམ་རྒྱལ་གྲ་ཚང་གི་འགན་འཁུ་བ་རྣམས་ནས་རྒྱུ་མཚན་དཔང་རྟགས་གང་ཡང་མེད་པར་རང་བསམ་བདེན་རློན་གྱིས་བབ་ཅོལ་དུ་ཧམ་བརྗོད་དེ་ལྟར་བྱེད་ཕོད་པའི་ཐུགས་སྟོབས་ལྡན་ན། རང་སྐྱོན་ངོས་ལེན་བྱ་ཕོད་པའི་ཐུགས་སྟོབས་ཀྱང་དེ་དེ་བཞིན་མཆིས་ངེས་པས་ནོར་འཁྲུག་གང་ཡང་ཤོར་མེད་པ་མེད་པ་ཁུངས་སྐྱེལ་ར་ སྤྲོད་བྱ་རྒྱུ་ཡོད་ན་དེ་ལྟར་དང་། དེ་ལྟར་མ་མཆིས་ན་སྐུ་ཉིདདང་ རྣམ་གྲྭ་མཁན་སློབ་འདུས་པ་རྒྱ་མཚོས་སྒོ་གསུམ་གུས་ཕྱག་ཟུང་གི་པད་མོར་མགུལ་དར་དཀར་གཙང་ཞིག་བསྣམས་ཏེ་༧གོང་ས་མཆོག་གི་སྐུ་མདུན་དུ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་མཐོལ་བཤགས་འབུལ་རྒྱུའི་ཐུགས་སྟོབས་ཤིག་ངོས་པ་དགོས་རྒྱུ་དང་། དུས་བབ་དྲ་རྒྱའི་ཐོག་ནས༧གོང་ས་མཆོག་དང་གཞེས་བྱེས་བོད་མི་མང་རྣམས་ལ་རང་སྐྱོན་ངེས་ལེན་དང་དགོངས་སེལ་ཡོངས་ཁྱབ་ཏུ་མ་གནང་ན། གཅིག་ནས་ ཁྱིམ་མཚེས་བླ་མར་དད་པ་མེད་ཟེར་ རྣམ་འགྱུར་དངོས་བསྟན་དང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁྱད་གསོད་དང་སྐུར་འདེབས་བྱས་པར་མཚོན་ལ། གཉིས་ནས་ ནང་པའི་སྟོན་པ་མགོ་ནས་བསྣུབ་པ་དང་བཟང་སྤྱོད་ཀྱི་འགན་འཁྲི་དང་ཡོངས་སུ་འགལ་ཡོད། གསུམ་ནས་རང་དབང་དམངས་གཙོ་ལ་རྡོལ་རོལ་མཐོང་ཆུང་བཏང་བར་ཡང་མཚོན་པས་དེ་ནི་དག་ཐབས་མེད་པའི་ནག་ཉེས་ཆེན་པོ་ཞིག་རེད་ལ། མི་རབས་ཕྱི་མ་ཚོར་ཡང་མིག་དཔེ་ངན་སྟོན་བྱས་པ་ཞིག་ཀྱང་རེད།

    Reply
  12. རྟ་ནག་སྐལ་བཟང་ལུང་རིགས། says:
    ལོ་ 14 སྔོན།

    རྣམ་རྒྱལ་གྲ་ཚང་གི་གསེར་སྐུ་བཞེངས་སྟངས་མ་འགྲིག་ན་ཆོས་ལུགས་པའི་སྡེ་ཡིས་ཐག་བཅད་ན་བཟང་གི མི་སྐྱ་ཚོར་ཇུས་གཏོགས་མེད་གི

    Reply
  13. རྣམ་རྒྱལ། says:
    ལོ་ 14 སྔོན།

    བོད་ཀྱི་ཁ་བརྒྱུན་ནང་ལྷ་སྐུ་ཐིག་ཚད་ཡག་པོ་མེད་ན་བཀྲ་མ་ཤིས་པ་ཡོངས་ཚུལ་བརྗོད་གསལ་ལ་རྡ་ས་ལ་ག་དུས་ཡིན་ཡང་ཁ་ཆག་སྣ་རལ་བདེ་པོ་མེད་པའི་རྒྱུ་མཚན་ཡང་འདི་ཡིན་སྲིད། དུས་སྐུ་འདི་མྱུར་དུ་བརྗེ་བོ་བྱས་ན་ལེགས་པ་འདུག

    Reply
  14. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    གང་ལྟར་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་གྱི་སྐུ་བརྙན་དེ་ལ་སྐྱོན་ཡོད་པ་ཁས་བླངས་འདུག་པས་དེ་གས་འཐུས། མཁན་པོ་རིམ་པ་གཙོས་ལས་ཀྱི་སྣེ་བ་དག་གིས་ཐུགས་སྣང་མ་གནང་བར་ད་བར་བཞག་པ་འདི་ཡ་འཚར་སྐྱེས་སོང་། དཔེ་མི་སྲིད་པའི་ཞབས་འདྲེན་བཞག་འདུག།
    སྔོན་མ་ནས་ཤེས་ཡོད་ན་ད་ལྟ་བར་འཇོག་དགོས་དོན་གང་ཡིན་ནམ།
    བརྒྱ་བཤད་སྟོང་བཤད་ཅི་ཙམ་བྱས་ཀྱང་རྣམ་རྒྱལ་གྲྭ་ཚང་གིས་ཞབས་འདྲེན་ཞུས་འདུག། བློ་བཟང་ཡེ་ཤེས་ལགས་ལ་ངན་ཁག་གཡས་དཀྲི་གཡོན་དཀྲི་བྱེད་རྒྱ་ལྷག་མི་འདུག།

    Reply
  15. khawatibet says:
    ལོ་ 14 སྔོན།

    མི་འདི་ཚོ་དངོས་གནས་ང་ཚ་ཞིག་མི་འདུག དུ་རུང་གམ་བཅར་པ་ཟེར་བའི་མིང་སྙན་པོ་ཞིག་བྲིས་འདུག། ཁྱོད་ཚོ་ད་བུ་མོ་མཛེས་མ་ཚོའི་གམ་བཅར་པ་ཞིག་ཡིན་པ་ཐག་གི་ཆོད།
    དུ་རུང་ཁྱོད་ཚོའི་མཁན་པོས་ཕྱག་གནམ་ལ་གཡུག དབུ་ཐད་ལ་གཡུག་བཞིན། དེ་བཟོ་བཅོས་གཏན་ནས་བྱེད་ཆོག་གི་མ་རེད། འདི་༧རྒྱལ་བ་རིན་པོ་ཆེའི་ཐུགས་བཀོད་ལྟར་བཞེངས་པ་རེད། དེ་ཁག་པོ་ཞེ་དྲག་རེད། དེ་མིན་གཞན་མེད་ན་ད་ཕེབས་རོགས།

    Reply
  16. བྱ་གཞུང་འཇམ་དབྱངས། says:
    ལོ་ 14 སྔོན།

    སྐྱོན་ལ་ངོས་ལེན་དང་མཚང་ལ་རང་ངོ་ཟིན་པ་རྣམ་དཔྱོད་ཅན་གྱི་གཟི་བརྗིད་དང་གསོན་ཤུགས་རེད་མོད། འོན་ཀྱང་ཤེས་བཞིན་བསམ་བཞིན་དུ་ལོ་འདི་འདྲའི་རིང་ལ་ནག་ཉེས་དུར་སྦས་བྱས་བ་སུ་ལ་ངོ་རྒོད་ཡིན་ནམ། གལ་སྲིད་ཕྱིར་རྒྱལ་མི་གཅིག་གིས་འདི་ལྟར་གསལ་འདོན་བྱས་ཡོད་ཚེ་འདི་དག་གི་ནག་ཉེས་སུ་ལ་འགལ་བ་དགོས་པ་རེད། ཡང་གཅིག་གཅིག་གི་མགོ་ཐོག་ལ་གཡུགས་རེ་བྱེད་དགོས་པ་རེད་དམ། མཐའ་མར་༧གོང་ས་མཆོག་གི་སྐུ་ཐོག་ལ་འཕེན་ངེས་རེད། ་གསེར་དུ་བཞེངས་བའི་དུས་འཁོར་ཟིངས་སྐུ་དང་ལྡེངས་རིས་གཉིས་བྱས་ན་དང་ཐོག་ལྡེངས་རིས་བཞེངས་བ་རེད་འདུག། ཁྱེད་ཚོས་དུས་འཁོར་གྱི་ལྡེབས་རིས་ལ་སྐྱོན་ཡོད་པ་ཤེས་བཞིན་དུ་བསྐྱར་དུ་སྐྱོན་ཅན་གྱི་ཟིངས་སྐུ་ཅིག་ཅི་ལ་བཞེངས་དགོས་པ་རེད། གོང་གི་འགྲེལ་བརྗོད་པའི་བཤད་པ་ལྟར་ན་གོང་གི་སྐྱོན་ཤོར་བའི་གནས་ཚུལ་དེ་ལོ་བརྒྱད་དགུའི་གོང་ནས་ཤེས་ཡོད་ཚུལ་བཤད་གི་འདུག ཤེས་ནས་ལོ་འདི་འདྲ་མང་པོ་ཞིག་ཕྱིན་འདུག ད་བར་གོ་རྒྱུ་གྲགས་རྒྱུ་ཅི་ཡང་མེད་པ་ཅི་ལ་རེད་།

    ཡང་ཁ་སྔོན་སྐུ་ཞབས་བློ་བཟང་ཡེ་ཤེས་ཀྱིས་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ལ་འདྲི་གཅོད་བྱས་དུས་མཁན་པོས་བཤད་ན་དེ་ནི་༧གོང་ས་མཆོག་ཐུགས་དགོངས་ལྟར་བཞེངས་བ་ཡིན་ཚུལ་བཤད་ནས་སྐྱོན་མེད་ཡིན་ཞེས་ནན་གྱིས་གསུངས་འདུག དེ་ནི་རང་སྐྱོན་རང་གིས་སྦས་བ་དང་རང་སྐྱོན་གཞན་ལ་ཕྱིས་བ་མ་རེད་དམ།
    འགྲེལ་བརྗོད་པའི་བཤད་ཚུལ་ཞིག་ལ་མཁན་པོ་ལ་འདྲི་གཅོད་བྱས་བ་་ལས་རྣམ་རྒྱམ་གྲྭ་ཚང་ལ་འབྲེལ་གཏུགས་དང་འདྲི་གཅོད་མ་བྱས་བ་ལྟར་ན་མཁན་པོ་ལ་སྡང་སེམས་ཡོད་སྐོར་སོགས་རྣམ་རྟོག་གིས་སྒྲོ་འདོགས་གང་མང་ཞིག་བཤད་ཀི་འདུག བཤད་ཚུལ་དེ་ནི་ཡག་པོ་ཁྱོན་ནས་མི་འདུག
    ཁྱེད་ཀྱིས་སྐྱོན་ངོས་ལེན་གནང་བ་ནི་བླ་མེད་ཞིག་རེད་མོད། རྣམ་རྟོག་གིས་སྒྲོ་འདོགས་དེ་ནི་ཞེན་ལོག་ཞིག་ཅི་ན་མིན།

    Reply
  17. གངས་ཅན། says:
    ལོ་ 14 སྔོན།

    གོང་གི་རྩོམ་ཡིག་ནང་དུ་སྐྱོན་ངོས་ལེན་གྱི་སྒོ་ནས་བློ་བཟང་ཡེ་ཤེས་ལགས་ལ་ཐུགས་རྗེ་ཆེ་ཞུ་དང་ཆབས་ཅིག་ཡིག་ཚང་ལ་སྐད་ཆ་འདྲི་རུ་མ་ཡོང་དེ་ཐེ་ཚོམ་གྱི་སྐད་ཆ་ཞིག་གཞན་གང་ཡང་ཞུ་མི་འདུག
    གཙོ་བོ་གཡུ་དྲུག་དཀར་ལགས་ཀྱི་མཆན་བཀོད་པ་ནང་དུ་“ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །”ཅེས་པའི་ལུང་ཚིག་འདི་དང་“ཏཱ་ལའི་བླ་མའི་དགེ་རྩ་”ཟེར་བ་ནོར་ཡོད་པའི་སྐྱོན་བརྗོད་བྱས་པ་ལན་རྩད་དུ་བཏོན་པ་ཞིག་མཐོང་སོང། གཡུ་དྲུག་དཀར་ལགས་ཀྱིས་བྲིས་པ་ཡང་གོང་གི་དེ་མ་རེད། འདི་“ཏ་ལའི་བླ་མའི་དགེ་རྩ་”རེད། དེ་ལ་གམ་བཅར་བས་ཞིབ་མོ་བལྟས་མི་འདུག ཁ་ཤས་ཀྱིས་རྩོམ་ཞིབ་མོ་ཞིག་མ་ཀློག་པར་སྐྱོན་བརྗོད་གང་ཐུབ་བྱེད་པ་མ་འོས་པ་ཞིག་ཏུ་སེམས།

    Reply
  18. ཁང་མུན་གྲོལ། says:
    ལོ་ 14 སྔོན།

    ཟིན་བྲིས་པ་སུ་ཞིག་ཡིན་རུང་ཚོར་འདུ་དང་རིག་པ་གཉིས་ལས་ཕྱི་མ་འདེམས་དགོས་པ་ནི་གཞུང་ལུགས་སྨྲ་བ་དག་གི་ལངས་ཕྱོགས་ཡིན་པ་མ་བརྗེད་རོགས་ཞེས་ཞུ་འདོད་བྱུང་ལ། དེ་དང་མཉམ་དུ་གནས་ཚུལ་འདི་དང་འདི་ལྟ་བུའི་རིགས་དུས་ནམ་ཡང་ང་ཚོས་སྣང་ཆུང་མི་བྱེད་པར་གླེང་བསླངས་དགོས་པར་སྙམ། དེ་ལྟར་བྱས་ན་དགཟོད་ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ནས་ནོར་བར་དགག་རྒྱག་དང་བཟང་པོར་གཟེངས་བསྟོད་ཀྱི་ལུགས་སྲོལ་འཆུགས་མེད་ཅིག་རྒྱུན་སྐྱོང་ཐུབ་པ་དེའོ། །

    Reply
  19. རྣམ་རྒྱལ། says:
    ལོ་ 14 སྔོན།

    གང་ལྟར་ལག་གཉིས་མཐའ་མོ་སྦྱར་ནས་ཞུ་རྒྱུ་རྡ་ས་རྣམ་རྒྱལ་གྲྭ་ཚང་བོད་གཞི་བྱེས་གཉིས་ཀྱི་རེ་ཡུལ་ཡིན་པས་ད་ཕྱིན་ཁོང་ཡོད་ལུང་ཡོད་གནང་རོགས་ཞུ་རྒྱུ་ཡིན། བློ་བཟང་ཡེ་ཤེས་བཙོས་པའི་དག་བཅོས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  20. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཐོག་མར་བློ་བཟང་ཡེ་ཤེས་ལགས་དང་བསྟན་འཛིན་དགའ་བ་ལགས་རྣམ་གཉིས་ཀྱིས་དོན་གནད་གལ་ཆེན་ཞིག་ལ་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འདི་ནི་བོད་སྤྱི་དོན་ལ་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། དྲ་གྲོགས་ཚང་མས་ཀྱང་བགྲོ་གླེང་དཔྱད་བསྡུར་གནང་བ་ཧ་ཅང་ལེགས་མོད། ཕན་ཚུན་ལ་ཚིག་རྩུབ་དང་། སྒེར་གྱི་མཚང་འབྲི། ཆོས་ལུག་གྲུབ་མཐར་དམའ་འབེབས། ཆོལ་ཁའི་ཕྱོགས་ལངས་ཀྱི་གསུང་མོལ་རིགས་མི་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།

    Reply
  21. ཤེས་རབ་འབྱུང་གནས། says:
    ལོ་ 14 སྔོན།

    གམ་བཅར་བ་ལགས།
    ཁྱེད་ཀྱིས་ཕྱོགས་གཅིག་ནས་ནོར་འཁྲུལ་ཁས་ལེན་བྱེད་བཞིན་དུ་ཕྱོགས་གཅིག་ནས་གཡོ་རྒྱུའི་ཁུག་མགོ་བསྟན་ཏེ་ཕ་རོལ་བོར་འཇིགས་བསྐུལ་དང་།    ནག་ཉེས་ཡོད་ཚད་དུས་སྐུའི་སྦྱིན་བདག་གི་མགོར་འཇོག་ཐབས་བྱེད་པ་ནི་ཤིན་ཏུ་ཐ་ཆད་རེད།   དཔེར་ན་འབྱོར་ལྡན་ཞིག་གིས་མཆོད་རྟེན་ཞིག་བཞེངས་ན་དེའི་ཐིག་ཚད་ཀྱང་སྦྱིན་བདག་གིས་བྱེད་དགོས་སམ།   ཡང་ན་རྗེས་སུ་ཆ་ཚད་ལ་ནོར་འཁྲུལ་ཡོད་ན་ནག་ཉེས་སྦྱིན་བདག་གི་མགོར་འགེལ་རྒྱུ་ཡིན་ནམ། ལས་རྒྱུ་འབྲས་ཟེར་བ་ཞིབ་འཕྲ་མི་ཤེས་ན་ཡང་།    སྐུ་ཡི་གམ་བཅར་ཞིག་ཡིན་པའི་ཆ་ནས་བཟང་སྤྱོད་ཀྱི་དྲི་ཙམ་ཡང་མི་བྲོ་བ་ག་རེ་ཡིན་ནམ།  
    ངས་བལྟས་ན་དུས་སྐུའི་སྦྱིན་བདག་ཇོ་ནང་ཁལ་ཁ་རིན་པོ་ཆེར་ནག་ཉེས་སྤུ་ཙམ་མེད་པ་མ་ཟད།   བློ་བཟང་ཡེ་ཤེས་ཀྱི་རྩོམ་ཡིག་དེ་ལས་ལེགས་ཆ་ལེན་རྒྱུ་ལས་ཉེས་མེད་ཉེས་འཛུགས་བྱས་ན་བཟང་སྤྱོད་དང་འགལ་བ་རེད་བསམ་གི
    གང་ལྟར་སེམས་དཀར་སོགས་ཀྱིས་གསུངས་པ་ལྟར།   ད་ཕྱིན་ཆལ་ཆོལ་རེ་འབྲི་འདོད་ན་རང་མིང་དངོས་ལས་༧གོང་ས་མཆོག་གི་མཚན་ཀྱང་མཉམ་དུ་ཁྱེར་མ་ཡོང་རོགས།    ངོ་མ་ཡིན།

    Reply
  22. སེམས་དཀར། says:
    ལོ་ 14 སྔོན།

    མི་འདི་ཚོར་ངོ་ཚ་ཟེར་བ་ཞིག་མེད་པ་ག་རེ་ཡིན་ནམ།   ད་དུང་སྐུ་བཅར་ཡིན་ན་ཅིག་ཟེར་བཞིན་རྫིག་རྫིག་བྱེད་ཀི་འདུག
    གལ་ཏེ་ཁྱེད་ཚོས་དུས་སྐུའི་དཔུང་ལག་གི་མང་ཉུང་ནོར་བ་སྔོན་ནས་ཤེས་ཡོད་ན།   མི་ལོ་བརྒྱད་དགུའི་རིང་གྲགས་འགུལ་མེད་པར་འཇོག་དོན་ཅི་ཡིན་ནམ།   ད་དུང་དུས་འཁོར་ལྷ་ཁང་ནང་གི་ལྡེབ་བྲིས་བཞེངས་ནས་ལོ་ག་ཚོད་ཕྱིན་ཡོད་དམ།   རང་སྐྱོན་གཞན་ལ་བཙན་འགེལ་བྱེད་པའི་ཁྲེལ་མེད་ཟེར་བ་ཞིག་གནམ་འོག་འདིར་ཡོད་ན་ཁྱོད་མིན་ན་སུ་ཡིན་ནམ།
    ངས་དེ་རིང་ཇོ་ནང་ཁལ་ཁ་རིན་པོ་ཆེ་རྩར་གཅོད་བྱས་མོད།   ཁོང་སོག་ཡུལ་དུ་བཞུགས་ཡོད་ཟེར།   ཁོང་དང་འབྲེལ་ཡོད་འགའ་ལ་སྐད་ཆ་དྲིས་དུས།  ང་ཚོས་གསལ་བོར་མི་ཤེས་མོད།   རིན་པོ་ཆེས་དུས་སྐུ་བཞེངས་དུས་དུས་འཁོར་ལྷ་ཁང་ནང་གི་དུས་འཁོར་ལ་ཆགས་འཇོག་བྱས་པ་འམ།   ཡང་ན་འབྲེལ་ཡོད་ལ་བཀའ་འདྲི་ཞུས་ཏེ་མ་དཔེ་ཞིག་ལ་བསྟུན་ཡོད་པ་ཐག་གཅོད་བྱེད་ཐུབ།   
    གང་ལྟར་རིན་པོ་ཆེ་དུས་སྐུའི་སྦྱིན་བདག་ཡིན་པ་ལས།   སྐུ་འདྲའི་བཀོད་འདོམ་པ་དང་།   སྐུ་འདྲ་བཞེངས་མཁན་མ་རེད་ཅེས་ཟེར།   
    ད་དུང་ཤེས་གསལ་ལྟར་ན།   རྣམ་གྲྭས་ནམ་རྒྱུན་འདོན་བཞིན་པའི་དུས་ཆོག་རྒྱལ་བ་སྐལ་བཟང་རྒྱ་མཚོས་མཛད་པའི་དུས་ཆོག་རེད་ཟེར།   དེས་ན་བློ་བཟང་ཡེ་ཤེས་ཀྱིས་དྲངས་པའི་དུས་འཁོར་ཆོ་ག་དེ་ཡིན་རྒྱུ་རེད།   ཁྱེད་ཀྱིས་མི་ལོ་དུ་མའི་དུས་འཁོར་ཆོ་ག་བཏོན་བཏོན་ནས་ད་དུང་དུས་འཁོར་ལ་ཕྱག་ག་ཚོད་ཡོད་པ་མ་ཤེས་པ་ངོ་མི་ཚའམ།
    གཞན་གྱིས་ནོར་འཁྲུལ་ངོ་སྤྲོད་བྱས་ཡོང་དུས་ངོས་ལེན་བྱེད་པའི་སྤོབས་པ་མེད་ན་ཡང་།   ཕར་ཉེས་འཛུགས་དང་དྲག་སྤྱོད་པའི་སྤྱོད་ངན་བསྟན་ཏེ་འཇིགས་བསྐུལ་བྱེད་རྒྱུར་ངོ་མི་ཚའམ།   ཡ་མི་ངན་ནམ།
    དངོས་གནས་བཤད་ན་ལག་ཐལ་མོ་སྦྱར་ཏེ་གནོངས་འགྱོད་ཁྱེད་ཀྱིས་བྱེད་དགོས་པ་ལས་བློ་བཟང་ཡེ་ཤེས་དང་།   མཆན་འདེབས་མཁན་རྣམས་ཀྱིས་བྱེད་དགོས་དོན་མེད་ཀི 
    ད་ཡིན་ན་དུས་འཁོར་གྲྭ་ཚང་གིས་ཞབས་འདྲེན་ཞུས་སོང་།   ད་ཕྱིན་ད་དུང་མྱི་ཁ་འཇོག་འདོད་ཡོད་ན།   ༧གོང་ས་མཆོག་མཉམ་དུ་དྲུད་མ་ཡོང་རོགས།   ཐུགས་རྗེ་ཆེ།

    Reply
  23. ཀརྨ་རྣམ་རྒྱལ། says:
    ལོ་ 14 སྔོན།

    རྣམ་གྲྭ་བསྟན་འཛིན་དགའ་བ་ལགས། སྐུ་ཉིད་ཞལ་བདེ་བ་ལ་དཔེ་རང་རེད། དོན་ངོ་མ་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་དུས་འཁོར་གྱི་སྐུ་བརྙན་འདི་དང་། རྩིག་ངོས་གྱི་ལྡེབས་རིས་འདི་གཉིས་བཞེངས་གྲུབ་ནས་དུས་ཡུན་ག་ཚོད་འགྲོ་ཀྱི་ཡོད་རེད། བོད་གཞི་བྱེས་གཉིས་ཀྱི་རེ་བ་བྱེད་ས་རྣམ་རྒྱལ་གྲྭ་ཚང་ལྟའུ་ཁོང་ལུང་རྒྱུ་མཚན་མེད་པ་དེང་དུས་རྒྱ་དམར་གཡོ་འོག་ཏུ་ཡོད་པའི་དགོན་པ་ཁ་ཤས་བལྟའུ་ཡུལ་སྐོར་སྤྲོ་འཁྱམས་འགྲོ་ས་འདྲ་བོ་རེད་ན་སྐྱོ་བ་ལ།

    Reply
  24. ཁ་བའི་འོད་མདངས། says:
    ལོ་ 14 སྔོན།

    སྐུ་ཉིད་ནས་བརྗོད་བྱ་དང་བརྗོད་བྱེད་བཟང་བའི་རྩོམ་ཤིག་དྲ་རྒྱར་བཀོད་པར་གུས་འདོད་ཞུ། འོན་ཏང་ཉིད་ཀྱིས་གསུང་ན་སྐུ་འདྲ་དེ་ཁལ་ཁ་རྗེ་བཙུན་གྱིས་ཕུལ་བ་རེད་ཅེས་གསུང་བ་ལྟར་ན་སྐུ་འདྲ་དེ་༸རྒྱལ་བའི་དགོངས་གཞི་ལྟར་བཞེངས་བ་མིན་ལས་ཆེ། མཐོ་དམན་གྱི་བོད་མི་མང་པོ་ཞིག་གིས་སྡིགས་ར་དང་ནོར་འཁྲུལ་མདུན་དུ་༸རྒྱལ་བའི་མཚན་བེད་སྤྱོད་གཏོང་དགོས་པའི་རྒྱུ་མཚན་གང་།

    Reply
  25. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    སྐུ་ཡི་གམ་བཅར་བ་ཞེས་༸གོང་ས་མཆོག་མཉམ་དུ་ཁུར་མ་ཡོང་རོགས། རྣམ་གྲྭ་ནི་༸གོང་ས་མཆོག་གི་ཞབས་རིམ་སྒྲུབ་མཁན་ཞིག་དང་དུས་འཁོར་གྲྭ་ཚང་ཡིན་པས་༸དུས་འཁོར་སྐུ་ཡི་བཟོ་དབྱིབས་ལ་འགན་འཁྲི་ལོས་ཡོད།

    Reply
  26. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    དངོས་གནས་གུ་ཡངས་དཀྱེལ་ཡངས་ཀྱི་སྒོ་ནས་གསལ་བཤད་དང་ཕ་རོལ་བོའི་སྐད་ཆ་ལ་ཉན་པའམ་བརྟག་པ་དེས་ཀྱང་ཉིད་ཀྱི་ཤེས་ཡོན་མཚོན་ཐུབ་པས་དགའ་ཡོད། བཀའ་དྲིན་ཆེ། ཚིག་མཚོན་མེད་པའི་རྩོམ་ཡིག་ཁ་གསལ་འདི་ལྟ་བུ་ཡང་དང་བསྐྱར་དུ་དར་བའི་སྨོན་ལམ་འདེབས།

    Reply
  27. མཁར་རྔ་། says:
    ལོ་ 14 སྔོན།

    གམ་བཅར་བའི་མིང་ཅན་ལགས། ཐུགས་ཁུར་གནང་པ་ལེགས་ཀྱང་། སྐུ་ཉིད་ཀྱིས་སྐབས་བབས་ཀྱི་བརྗོད་བྱའི་གནད་དོན་ངོ་མ་བོར་ནས་རང་བཞིན་ཇེ་རྩོག་དང་གླེང་གཞི་རྙོག་འཛིང་ཇེ་ཆེ་རུ་བཏང་སོང་།
    དང་པོ་གུ་བཤངས་དང་ཞི་ཉམས་ཤིན་ཏུ་ཆེ་མདོག་གི་རྣམ་འགྱུར་དང་།
    བར་དུ་ཞེན་ཁོག་གིས་རང་མཚང་བསྟན་ཏེ་རྩ་བ་བོར་ནས་ཡལ་ག་ལ་འཇུས་པ།
    ཐ་མར་བློ་ཡེ་ལགས་ཀྱི་མངོན་འདོད་ཡོད་མེད་ལ་མ་ལྟོས་བར་བཙན་གྱིས་ནོངས་པ་མེད་ཀྱང་ནོངས་འགྱོད་བྱེད་དགོས་པའི་དྲག་པོས་འཇིགས་སྐུལ་བྱས་འདུག་པ་སོགས་ལ་རིན་ཐང་ཅི་ཡང་མི་འདུག་པ་དྲྭ་གྲོགས་རིག་སྨྲ་བ་དག་གིས་ཀྱང་དེ་ལྟར་ལུས་འདོད།
    ཁྱད་པར་རྣམ་གྲྭའི་མཁན་པོ་དག་ཐད་བསྐོས་གནང་བ་པོས་རྒྱུས་ལོན་མེད་པའི་སྒོ་ནས་བསྐོ་བཞག་མཛད་པ་འོལ་ཚོད་ཡིན་འདུག་པ་ལྟ་བུའི་ཤོད་ཚུལ་འདི་ཉིད་ལ་བལྟས་ན།
    དམིགས་ཡུལ་ཅན་གྱིས་ཟུར་གྱི་ཕྲ་མོའི་སྐད་ངག་དབྱངས་རྟ་རུ་བསྒྱུར་བ་ག་ལ་ཡིན། དངོས་གནས་བཤད་སྟངས་ལེགས་པོ་མི་འདུག
    ད་དུང་ཕྱོགས་གཉིས་ཀྱི་ངོས་ནས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མིན་པར། རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱ་བའི་སྒོ་ནས་གནད་དོན་གཙོ་བོ་ཁ་གསལ་གཏིང་གསལ་མཛད་དགོས་པ་འདི་གནད་ཀྱི་དོན་པོ་རེད།
    གལ་ཏེ་གམ་བཅར་བས་ཤོད་ཚུལ་དེ་བདེན་ན། ཅིའི་ཕྱིར་རྣམ་གྲྭས་ལོ་ནས་ལོ་བསྟུད་ནས་བུ་ཇོ་སོགས་ཀྱི་དུས་འཁོར་གཞུང་ལུགས་ཚད་ལྡན་རྣམས་དང་མི་མཐུན་པའི་སྐུ་དེ་འདྲ་ཞིག་འཇོག་ཕོད་པ་ཡང་ངོ་མཚར་ཆེ།
    གནད་དོན་འདི་འདྲ་བ་དག་གིས། དམ་པ་གོང་མའི་གསུང་རྒྱུན་དུ་ཞལ་སློབ་ངན་པས་བླ་མ་ཟོག་པོར་གཏོང་ཞེས་པས་དཔེ་རུ་འགྱུར་མི་སྲིད་པའང་མིན།
    དོན་གནད་འདི་གུས་པར་མཚོན་ན་རྒྱ་ཆེ་ས་ཞིག་ནས་བློ་གཡེང་ཆེན་པོ་འདུག་པས། བཤད་ཡམ་འདི་མཐོང་ཐོས་བྱུང་མ་ཐག་ནས་བདེན་རྫུན་གསལ་བོ་འཕྲལ་དུ་བཟོ་དགོས་པའི་འབོད་སྐུལ་ཞུས་ཁུལ་བྱས་པ་ཡིན།
    གལ་དེ་ནོར་འཁྲུལ་ཡིན་ཚེ་མ་དག་རྒྱུན་འབྱམས་ཀྱི་ཐལ་ཆ་ཆེན་པོ་འགྲོ་མི་སྲིད་པ་ཡང་མ་རེད།

    Reply
  28. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    གམ་བཅར་་་བསྟན་དགས།
    དུས་སྐུ་ལ་དཔུང་པ་བཅུ་གཉིས་ལས་ཉེར་བཞི་མེད་པའི་བདེན་དངོས་ནི་སྐུ་ཉིད་ཀྱིས་ཐུགས་ཁྲལ་མ་གནང་གོང་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་སྔོན་ཚུད་ནས་ཤེས་རྟོགས་དང་རྒྱུས་ལོན་བྱུང་ཡོད་ལ། མི་འགྱང་བར་བཟོ་བཅོས་གནང་རྒྱུའི་གོ་བསྡུར་ཡང་བྱུང་ཡོད། ཅེའ་ཟེར།

    ངོ་ཚ་མེད་པའི་གཏམ་མ་རེད་དམ། དུས་སྐུ་བཞེང་ནས་ལོ་ག་ཚོད་སོང་ཡོད། ཤེས་ཡོད་ན་ད་བར་དུ་ཅེས་ཕྱིར་སྣང་མེད་བྱས་པ་ཡིན། གོ་བསྡུར་གནང་ནས་ག་ཚོད་འགོར་ཡོད། ཞབས་འདྲེན་འཛམ་གླིང་ལ་ཅེས་ཕྱིར་བཞག་པ་ཡིན།
    ད་དུང་ཇོ་ནང་ཁལ་ཁ་རྗེ་བཙུན་ལ་ལག་པ་ཕྱི་ཐབས་བྱེད་པ་ནི་ཁྲེལ་མེད་གཡོ་རྒྱུའི་གཏམ་རེད། ཁོང་སྦྱིན་བདག་ལས་སྐུའི་བཟོ་བཀོད་ཚད་ལྡན་ཡིན་མིན་གཟིགས་བཞིབ་བྱེད་པ་ཁྱེད་ཚོས་འགན་མ་རེད་དམ།

    Reply
  29. ཤེས་རབ། says:
    ལོ་ 14 སྔོན།

    ད་ཡིན་ན་དངོས་གནས་བློ་བཟང་ཡེ་ཤེས་ཀྱིས་འཇོན་འདུག རྣམ་རྒྱལ་གྲྭ་ཚང་གིས་སྐད་ཤོར་འདུག ཡག་པོ་རེད།

    Reply
  30. ཐིག says:
    ལོ་ 14 སྔོན།

    མི་ཚོས་ཡག་པོས་སྐྱོན་འཛུགས་དང་བསམ་ཚུལ་བཏོན་དུས་ཐུགས་རྗེ་ཆེ་གསུང་དགོས་པ་ལས། དེ་ལ་རང་ཉིད་ཀྱི་ངོ་གདོང་དང་ང་རྒྱལ་དབང་གིས་ཚིག་ངན་དེ་ལྟར་བཤད་རྒྱུ་མེད་སྙམ། ཁྱེད་ཀྱི་རྩོམ་ཡིག་འདི་མཐོང་རྗེས། དངོས་གནས་ཁྱེད་དང་འདྲ་བའི་ང་རྒྱལ་དང་རང་གཤིས་ཚར་བའི་གྲྭ་བཙུན་ཚོར་སྐྱུག་དམས་ལངས་ཡོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese