མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཞེ་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཞོགས་པ་སྔ་བོ་ལྡི་ལུར་བསྐྱར་དུ་འབྱོར་ནས་མགྲོན་ཁང་དུ་ཐོ་འགོད་བྱས་མ་ཐག ཞོགས་ཟས་ཤིག་མགྱོགས་པོ་ཟས་རྗེས་འགྲིམ་འགྲུལ་ལས་ཁུངས་དུ་སོང་དེ་མེ་འཁོར་འཛིན་བྱང་ཕྱིར་ལོག་བྱས་པ་ཡིན། ཚེ་བདུན་ལ་འགྲོ་བའི་མེ་འཁོར་བཟང་ཤོས་དང་མགྱོགས་ཤོས་བསྐོར་གྱི་གནས་ཚུལ་ཞིག་བླངས། ངེད་གཉིས་མོ་རང་གི་རྒྱལ་ཁབ་ཨེས་སུ་རལ་གྱི་གཞུང་ཚབ་ཁང་དུ་སོང་ནས་ཕྱི་བསྐྱོད་ཐོངས་ཆེན་རེག་ཡོད་པ་དེ་ལེན་དུ་སོང་ནས་ཡུན་རིང་སྒུག་དགོས་བྱུང་།

གཞུང་ཚབ་ཀྱི་ལས་བྱེད་པའི་ཉིན་གུང་གི་བར་གསེང་བཞག་སྟབས། ཕྱི་དྲོ་ཆུ་ཚོད་གསུམ་པ་བར་དུ་སྒུག་དགོས་པའི་བརྡ་སྤྲད་བྱུང་། གང་ལྟར། ངེད་གཉིས་ཀྱིས་འདི་ནས་སྒུག་རྒྱུ་ལས་ཐབས་གཞན་མེད་པར་གྱུར། སང་ཉིན་གཟའ་སྤེན་པ་ཡིན་སྟབས། ཉིན་གཉིས་རིང་གུང་གསེང་རེད། ཉིན་གཉིས་ཀྱི་རྗེས་སུ་གཟའ་ཟླ་བ་སྤྱི་ཟླ་དགུ་བའི་ཚེས་བརྒྱད་ཉིན་ཆགས་ཡོད། ང་རང་གི་གནམ་གྲུ་འཕུར་བའི་ཉིན་རེད།

ཁ་སང་ཕྱི་དྲོ་ངེད་གཉིས་ཀྱིས་ཁོ་མོའི་གྲོགས་མོས་བཤད་པ་ལྟར། གཉེན་རྟོག་ལས་ཁུངས་ཀྱི་ཡི་གེ་མེད་པར་ཨེས་སུ་རལ་དུ་འབྱོར་ན་ཐབས་ཤེས་འཐེན་ཐུབ་ཀྱི་ཡོད་པ་ཡིད་ཆེས་བྱས་ནས་ངེད་གཉིས་ཀྱིས་སེམས་ཐག་བཅད་དེ་གཉེན་རྟོག་ལས་ཁུངས་ཀྱི་ཡི་གེ་མ་བླངས་པར་འགྲོ་རྒྱུ་བྱས་པ་ཡིན།

བསམ་ཡུལ་ལས་འདས་པ་ཞིག་ལ་གཞུང་ཚབ་ཀྱིས་ལས་བྱེད་པའི་ངེད་གཉིས་ལ་ཕྱི་བསྐྱོད་ལག་ཁྱེར་ཡུན་རིང་སྒུག་དུ་མ་བཅུགས་པར་སྤྲད་སོང་། དེ་ནི་གཏམ་བཟང་རེད། ངེད་གཉིས་ལ་མཚོན་ན་གཏམ་བཟང་རེད། ཐོངས་ཆེན་རེག་པ་དང་ངེད་གཉིས་ཀྱི་གདོང་ན་ཐུན་མོང་མ་ཡིན་པའི་འཛུམ་མདངས་ཤིག་རྒྱས་འདུག ཉི་མ་དེར་ངེད་གཉིས་ཀྱི་ཅ་ལག་མང་བོ་ཞིག་ཉོས་པ་ཡིན། ཚང་མ་མོ་རང་གི་སྒོར་མོ་རེད། ངས་བསམ་བློའི་ནང་དུ་ཐོངས་ཆེན་རེག་པ་ནི་དེ་འདྲའི་ལས་སླ་བོ་ཞིག་ཡོད་སྣང་སྐྱེ་མྱོང་མེད། གྲོགས་པོ་ངོ་ཤེས་མང་བོ་ཞིག་ལ་ཐོངས་ཆེན་མ་རེག་པར་དཀའ་ངལ་མང་བོ་རྒྱུད་མཐར་རེག་གི་ཡོད་པའི་སྐོར་ཐོས་པ་ལས། འདི་འདྲའི་སྟབས་བདེ་མོ་ཞིག་རེག་པ་ནི་དངོས་ནས་ལམ་འགྲོ་རེད་ཟེར་དགོས་པ་ཡིན་ནམ། ཡང་ན། དོན་དག་གཞན་ཞིག་གིས་ཤུགས་རྐྱེན་ཡིན་ནམ། རྗེས་སུ་མ་གཏོགས་ཤེས་མི་སྲིད།

དགོང་མོ་དེར་ང་རང་གི་བརྩེ་བའི་སྤུན་མཆེད་ཅིག་ཨ་རིའི་བུད་མེད་ཅིག་དང་འགྲོགས་ནས་ཨ་རིར་སོང་ནས་ཡུན་རིང་མ་སོང་བ་ཞིག་ཡོད་པ་དེ་ཡི་ཁ་པར་ཨང་གྲངས་ང་ཡི་ལག་དུ་ཡོད་དུས། ངས་རང་གི་དོན་དག་ཆེས་མི་ཉུང་བ་ཞིག་ཁོང་ལ་ནམ་ཡང་གསང་མྱོང་མེད། དེ་ཡིན་དུས་ངས་ཁོང་ལ་ཁ་པར་བརྒྱབས་ནས་ང་རང་ལ་ཨེས་སུ་རལ་གྱི་བུད་མེད་ཅིག་དགའ་རོགས་ཡོད་པ་དེ་དང་འགྲོགས་ནས་ཨེས་སུ་རལ་དུ་མི་རིང་བར་འགྲོ་བཞིན་ཡོད་ཅེས་བཤད་དུས། ཁོས་རེད་རེད། བཟང་གི སོང་ནས་ལྟད་མོ་ཞིག་བལྟས་ན་འགྲིག་གི་རེད། གོ་ཐོས་སུ་རྒྱལ་ཁབ་དེར་དངོས་ནས་ལས་སླ་བོ་མེད་ཚུལ་འདུག གང་ལྟར། ཉམ་མྱོང་ཞིག་གསོག་དུ་སོང་ན་བཟང་གི་རེད་ཅེས་གསུངས་སོང་།

ང་རང་ལ་ཐོངས་ཆེན་རེག་ཡོད་ལ། གནམ་གྲུའི་འཛིན་བྱང་ཡང་ཡོད། ཡིན་ཡང་། ང་རང་གནམ་ཐང་ནས་གནམ་གྲུའི་ནང་དུ་རང་ཉིད་གཅིག་བུ་འགྲོ་དགོས། རྒྱལ་ཁབ་གཞན་ཞིག་ལ་ནམ་ཡང་འཕུར་བསྐྱོད་བྱེད་མྱོང་མེད་པའི་ང་ལ་མཚོན་ན་སེམས་པ་ཅུང་བདེ་མོ་ཞིག་མིན་ན་ཡང་། རང་གིས་འགོ་ལ་འབབ་པའི་ལས་ལ་རང་ཉིད་ཀྱིས་དང་དུ་མི་ལེན་ཐབས་མེད་ཡིན་དུས། མོ་རང་གི་གནམ་གྲུ་བྷང་བྷེ་ནས་འཕུར་གྱི་ཡོད་སྟབས། མེ་འཁོར་མགྱོགས་ཤོས་དང་བཟས་ཤོས་ཤིག་གི་འཛིན་བྱང་ཉོས་ཡོད། ངས་མོ་རང་ལྡི་ལུ་གསར་བའི་མེ་འཁོར་ས་ཚིགས་དུ་བསྐྱལ་བ་ཡིན། མོ་རང་གིས་ང་ལ་དོན་དག་འདྲ་བྱུང་ཚེ། ང་རང་ལ་ཁ་པར་གཏོང་ཤོག དེ་རིང་སང་ཉིན་གཉིས་ཀྱི་མགྲོན་ཁང་གི་རིན་སྤྲད་ཡོད་པ་རེད། དོ་ནུབ་དང་སང་ཉིན་གཉིས་ལ་ཟ་མ་ཟ་བྱེད་དངུལ་ཞིག་ཁྱེད་རང་གི་ལག་པར་ཡོད་པ་དེ་རེད། གནམ་གྲུའི་ནང་དུ་ཟ་མ་ཡོད་པ་རེད།

རྒྱ་གར་ནས་རྗོར་རྡན་དུ་སླེབས་ན་ཆུ་ཚོད་བཅུ་ལ་འདུག་གི་རེད། དེ་ནས་ཁྱེད་རང་ལ་མགྲོན་ཁང་ཡོད་པ་རེད། ཟ་མ་ཡང་ཡོད། མགྲོན་ཁང་ངལ་གསོ་རྒྱགས་ས་ཡང་ཡོད། དེ་ཡིན་དུས་ད་ཁྱེད་རང་ལ་སྒོར་མོ་དགོས་དོན་མེད། ཁྱེད་རང་ཨེས་སུ་རལ་གྱི་གནམ་ཐང་དུ་འབྱོར་ན་ཁྱེད་རང་ལ་རྒྱ་གར་དུ་ཐུག་མྱོང་བའི་ང་རང་གི་ཚ་མོ་རྒ་ལས་ཡ་གནམ་ཐང་དུ་ཁྱེད་རང་བསུ་རུ་ཡོང་ངེས་ཡིན། གནམ་ཐང་ནས་ང་རང་ལ་སྒུག་ནས་བསྡོད་དང་། ང་རང་ཁྱེད་རང་འབྱོར་རྗེས་ཀྱི་ཆུ་ཚོད་བརྒྱད་ཀྱི་རྗེས་སུ་སླེབས་ངེས་ཡིན་ཞེས། མ་ཞིག་གི་རང་གི་བུ་ལ་ཁ་ཆེམས་འཇོག་པ་ལྟར། སྐད་ཆ་དེ་དག་མེ་འཁོར་འགྲོ་ལ་ཉེ་བའི་མཚམས་སུ་གཅིག་འཕྲོར་གཅིག་བྱས་དེ་བཤད་སོང་།

ཕྱི་དྲོ་ང་རང་མ་ཅང་ཀྲེ་ལའི་འགྲམ་གྱི་རྒྱ་གར་ཚོང་ར་དེ་ནས་ལག་རྟགས་ཁ་ཤས་ཤིག་དང་མོག་ཚགས་ཆུང་ཆུང་ཞིག་ཉོས། དགོང་མོ་ཨ་མ་དབྱངས་ལྷའི་ནང་དུ་ཟ་མ་ཟ་བར་སོང་། དེའི་རྗེས་སུ་གནམ་ཐང་ནས་མི་ཞིག་གི་ཅ་ལག་ག་ཚོད་འཁུར་ཆོག་གི་ཡོད་མེད་སྐད་ཆ་གསལ་བོ་ཞིག་དྲིས་དུས། རྒྱལ་ཁབ་རེ་རེ་ལ་མི་རེ་ཡི་སྤྱི་རྒྱ་འཁུར་ཆོག་པའི་གྲངས་ཚད་མི་འདྲ་བ་ཡིན་དུས། ང་རང་འགྲོ་སའི་རྒྱལ་ཁབ་ཨེས་སུ་རལ་དུ་ཅ་དངོས་སྤྱི་རྒྱ་ཉི་ཤུ་ལས་འཁུར་ཆོག་གི་མི་འདུག ལག་འཛིན་ཁུགས་མའི་ནང་དུ་སྤྱི་རྒྱ་བརྒྱད་ལས་འཁུར་ཆོག་གི་མེད་པ་གསལ་བོ་ཤེས་སོང་།

ཡུལ་སྡེ་གཅིག་པའི་གྲོགས་པོ་གཡང་སྐྱབས་ཀྱང་མི་རིང་བར་ཁོ་རང་གི་ཨ་མ་ཡོད་སའི་ཕྱི་རྒྱལ་དུ་འགྲོ་མཁན་ཡིན་དུས། ལྡི་ལུར་འབྱོར་ཡོད་པ་དང་ཁོ་རང་ཁྲིད་ནས་ང་རང་ཅ་དངོས་འཁུར་མི་ཐུབ་པ་ཆེས་མང་བོ་ཞིག་ལྷག་པའི་ནང་དུ་ཕ་ཡུལ་ནས་ཕ་རྒན་གྱི་འཁུར་ཡོང་བའི་ཨ་མདོའི་ལྭ་དང་། བོད་ལྷམ་དང་དགུན་ལྭ་མང་བོ་ཞིག་སྣོད་སྒམ་ཆེན་པོ་ཞིག་གི་ནང་དུ་བླུགས་དེ། ཨ་མ་དབྱངས་ལྷའི་ནང་དུ་མི་བཅོལ་ཐབས་མེད་ཆགས་པ་རེད། གཡང་སྐྱབས་ངེད་གཉིས་ཀྱིས་ཕ་ཡུལ་དང་ནང་མིའི་སྐོར་སོགས་གླེང་དེ་ཆུ་ཚོད་གཅིག་དང་ཕྱེད་བར་དུ་བསྡད་པ་ཡིན།

གཡང་སྐྱབས་ཀྱིས་ང་རང་གནམ་ཐང་བར་དུ་ཡོང་རོགས་བྱས། གནམ་ཐང་ནས་ང་རང་ནང་དུ་འཛུལ་བཅུགས་རོགས་བར་དུ་ཁོ་རང་གིས་བལྟས་ནས་བསྡད་པ་རེད། རྒྱུུ་མཚན་ནི་མི་མང་བོ་ཞིག་གི་གོ་ཐོས་སུ་གནམ་ཐང་ནས་སྒོ་དང་བོ་ནས་ནང་དུ་འཛུལ་ཐུབ་སོང་བ་ཡིན་ན། དེ་ནས་ག་ལེར་དཀའ་ངལ་མེད་རབས་ཤིག་ཐོས་ཀྱི་ཡོད་པ་དེར་ཁོ་རང་གིས་བློ་འཚབ་བྱས་པ་རེད། ངས་ཁོ་ལ་ལག་གཡུགས་ཤིག་བྱས་དེ་བདེ་མོ་བཞག ནང་ལོག་དུ་འཛུལ་ནས་བསྔོག་གཤེར་བྱེད་འགོ་འཛུགས་རྗེས། ཅ་དངོས་དག་སྤྱི་རྒྱའི་སྒང་དུ་བཞག་མ་ཐག ང་རང་གི་ཅ་དངོས་དག་སྤྱི་རྒྱ་ལས་བརྒལ་འདུག དེ་དུས་རྒྱ་གར་བུད་མེད་མཛེས་མ་དེ་ཡིས་ང་ལ་ཁྱེད་རང་གི་ཅ་དངོས་དག་སྤྱི་རྒྱ་ལས་བརྒལ་འདུག སྒོར་མོ་སྟེར་རྒྱུ་ཡིན་ནམ་ཟེར།

སྐད་ཆ་དེ་ཡིས་ང་རང་གི་སེམས་ནང་དུ། རེད་རེད། ད་ནི་ཞུ་བ་ཞིག་བྱེད། དེ་མིན་རང་ཉིད་ཀྱི་ལག་པར་རྒྱ་གར་སྒོར་མོ་ལྔ་བརྒྱ་མ་གཏོགས་ལུས་མེད། དེ་ཡི་གང་ཡང་ཕན་ཐོག་མི་སྲིད་སྙམ་ནས། སྐུ་མཁྱེན། ངས་ཅ་ལག་ནས་ཅ་ལག་གང་ཙམ་ཞིག་ཕྱི་རུ་བཏོན་ན་འགྲིག་གམ། ང་རང་ལ་དེ་འདྲའི་དངུལ་མང་བོ་ཞིག་མེད་ཅེས་བཤད་དུས། བུད་མེད་དེས་ཕོ་གསར་ཞིག་ལ་སྐད་བཏང་སོང་། ཕོ་གསར་དེ་ཡིས་ང་རང་ལ་སྒོར་མོ་སྟེར་རྒྱུ་མེད་པ་ཤེས་ནས། འགྲིག་གི་རེད་ཟེར། དེ་མ་ཐག་ང་རང་གིས་སྣོད་སྒམ་ཆེན་པོ་དེའི་ནང་ནས་ང་རང་གི་གོ་ལྷམ་རྙིང་བ་ཁ་ཤས་ཤིག གོན་པ་རྙིང་བ་རེ་ཟུང་ཞིག དེབ་ཁ་ཤས་ཤིག་ཕྱི་ལ་བཏོན་ནས་གད་སྙིགས་འཕྱོ་སའི་འཁྲིས་སུ་བཞག་རྗེས། ཕྱིར་ཅ་ལག་སྤྱི་རྒྱའི་སྒང་དུ་འཇོག་དུ་སོང་སྐབས། ཕོ་གསར་དེ་ཡིས་ཁྱེད་རང་གི་ཅ་དངོས་དེ་དག་ལས་དེབ་རྩ་ཆེན་དང་གཞན་ཁ་ཤས་འཁུར་ན་འགྲིག་གི་རེད། ངས་སྐད་ཆ་བཤད་རོགས་བྱེད་ཆོག་ཟེར། ངས་རང་ཉིད་ལ་འཁོ་བའི་ཚིག་མཛོད་གཅིག་མ་གཏོགས་ཅི་ཡང་ཕྱིར་ནང་དུ་འཇུག་རྒྱུའི་སྤོབས་པའི་འདང་མ་སོང་། སྤྱི་རྒྱ་འཇོག་མཁན་གྱི་བུད་མེད་མཛེས་མ་ལོ་ཆུང་དེ་གཉིས་ཀྱིས་ད་དུང་ཁྱེད་རང་གི་ཅ་ལག་སྤྱི་རྒྱ་ལས་བརྒལ་འདུག་ཟེར་སྐབས། ཕོ་གསར་དེ་ཡིས་འགྲིག་གི་རེད། གཏོང་རོགས་གནོང་ཞེས་བཤད་མ་ཐག བུད་མེད་ན་ཆུང་མ་དེ་གཉིས་ཀྱིས་ང་རང་གི་ཅ་དངོས་དང་ང་རང་སྤྱི་རྒྱ་འཇོག་ས་ནས་ཡར་བཏང་སོང་། ངས་ཕོ་གསར་དེ་ལ་བཀའ་དྲིན་ཆེ་ཞུས་དུས། ཁོང་གིས་མགོ་གཡུགས་ཙམ་བྱས་ནས་བུད་སོང་།

གློག་ཀླད་ནང་ནས་གནམ་གྲུའི་འཛིན་བྱང་དང་ཐོ་འགོད་བྱས་དུས་ཀྱི་དུས་ཚོད་སོགས་ཡོད་པའི་ཤོག་བུ་ལེབ་ལེབ་གཉིས་ངའི་ལག་དུ་ཡོད་པ་དེ། ང་རང་གི་སྔུན་དུ་ཡོད་པའི་གནམ་གྲུའི་འཛིན་བྱང་ལེན་ས་དེ་ལ་བསྟན་དུས། ང་ལ་གནམ་གྲུའི་འཛིན་བྱང་སྤྲད་སོང་། དེ་ནས་སྒོ་སྲུང་དམ་དྲག་ཆེ་ས་དང་སྐད་ཆ་འདྲ་མིན་འདྲི་སའི་ས་མཚམས་དེར་འབྱོར་གྲབས་ཡོད་དུས། མི་རེ་ནས་རང་རང་གི་ལོ་རྒྱུས་དང་གང་དུ་འགྲོ་མིན། ག་རེ་བྱེད་ཀྱི་ཡོད་མེད། སྐྱེ་ཚེས་དང་ལག་དེབ་ཨང་སོགས་ཁ་སྐོང་བྱེད་དགོས་པའི་ཤོག་བུ་ཞིག་འདུག ང་རང་ལ་དབྱིན་ཡིག་གི་ཤེས་ཚད་མེད་དུས་ཁ་སྐོང་བྱེད་པ་ལ་དཀའ་ངལ་འདུག དེ་ནས་མི་ཞིག་ལ་རོགས་པ་བྱེད་རོགས་བྱེད་དུ་བཅུགས། ཁོས་ཀྱང་མི་ཤེས་ས་ཁ་ཤས་ཤིག་འདུག་ཟེར་ཞོར་དུ་མང་ཤོས་ཤིག་ཁ་སྐོང་བྱས་སོང་།

ང་རང་གིས་ཤོག་ལེབ་དེ་འཁུར་ནས་མི་རེ་རེ་བྱས་ནས་ཐམ་ཁ་རྒྱགས་སའི་སྐད་ཆ་འདྲི་མཁན་གྱི་མི་དེ་ཡི་སར་སླེབས་དུས། ཁོ་རང་གིས་ང་རང་ལ་ཁྱེད་རང་ག་རེ་བྱེད་དུ་འགྲོ་བཞིན་ཡོད་དམ། རྒྱལ་ཁབ་དེས་ན་སུ་ཡོད་མེད། ཕར་སོང་ན་ཕྱིར་ཡོང་གི་ཡིན་མིན་སོགས་འདྲ་མིན་དྲིས། མི་གཞན་དག་ལ་སྐད་ཆ་མང་བོ་ཞིག་འདྲི་རྒྱུ་མི་འདུག་ལ། ཐམ་ག་ཡང་མགྱོགས་པོ་ཞིག་བརྒྱབས་དེ་གཏོང་གི་འདུག ཁོས་ང་རང་གི་ལག་དེབ་ནི་སྐྱབས་བཅོལ་བའི་ལག་དེབ་ཡིན་པ་བལྟས་ཙམ་གྱིས་ཤེས་ཀྱི་ཡོད་དུས། ང་ལ་འདི་ག་རེ་རེད་ཅེས་ཟུར་ཟ་དང་ཁྱེད་རང་གི་དགའ་རོགས་གང་དུ་ཡོད། ཁྲིད་ནས་ཤོག ང་ཚོས་འདི་ཤེས་ཀྱི་མི་འདུག་སོགས་ཟེགས་འདྲི་སྣ་ཚོགས་ཤིག་བྱས་་པའི་མཐར། ང་རང་ཁ་རོག་གེར་འཛུམ་རེ་སྟོན་ཞོར་དུ། ཁོ་རང་གིས་ག་རེ་བཤད་འདོད་པ་དག་བཤད་དུ་བཅུགས་ནས་མི་བསྡོད་ཐབས་མེད་རེད། སྟངས་ལེགས་པ་ཞིག་ལ་རང་ཉིད་ཀྱི་རྒྱ་གར་སྐད་ཤེས་པ་དེ་དག་གིས་དངོས་ནས་ཕན་ཡག་པོ་ཐོག་སོང་།

ཐ་མ་དེར་ཁོ་རང་གིས་འདོད་ལ་མི་འདོད་ཀྱི་རྣམ་འགྱུར་ཞིག་སྟོན་ཞོར་དུ། ང་རང་ལ་ཐོངས་ཆེན་སྤྲད་ཡོད་པ་ཡིན་དུས། ཁོ་རང་གིས་ཐམ་ག་མི་རྒྱགས་ཐབས་མེད་ཆགས་ཡོད་པ་རེད། ཁོ་རང་གིས་ཐམ་ག་མགྱོགས་པོ་མི་རྒྱགས་དོན་ངས་ཤེས་ཀྱི་ཡོད་ཀྱང་། ང་ལ་ཁོ་རང་སྟེར་རྒྱུའི་སྒོར་མོ་དངོས་ནས་མེད་ཀི ང་རང་གི་ལག་དུ་ཡོད་པའི་ཧིན་སྒོར་ལྔ་བརྒྱ་ཅན་གཅིག་ཡིན། དེ་ང་རང་གིས་ཁོ་ལ་སྟེར་འདོད་མ་བྱུང་། ཁོ་རང་གིས་ཁྱེད་ཀྱི་ཐོངས་ཆེན་ཟླ་གཅིག་མ་གཏོགས་མེད་ཀི དེ་སེམས་སུ་བཟུང་ཞེས་བཤད་ནས་ཐམ་ག་བརྒྱབས་དེ་ང་རང་གི་ལག་དེབ་སེར་པོ་ངའི་ཕྱོགས་སུ་གཡུགས་སོང་།

སྐབས་འདི་འདྲ་ཞིག་ལ་ངས་ཁ་སང་ཞོགས་པ་བོད་ནང་གི་ཨ་མར་ཁ་པར་གཏོང་བའི་སྐད་ཆ་དེ་དག་ལ་བསམ་བློ་འཁོར་སོང་། ཨ་མ་ངུ་ཞོར་དུ། ཁྱེད་རང་གང་དུ་སོང་ན་ཡང་བར་ཆད་མི་ཡོང་བའི་སྐྱབས་འཇུག་ཞུ་ཆོག་ལ། ཁྱེད་ཀྱིས་ཕྱི་རྒྱལ་ནས་ལས་ཀ་དཀའ་ལས་ཁག་པོ་བྱས་ནས་དངུལ་ཁོ་ན་བསམ་བློ་གཏོང་མི་དགོས། གཙོ་བོ་རང་གི་གཟུགས་པོའི་བདེ་ཐང་ཡོང་ན་དེ་ལས་འགྲིག་གི་རེད་ཅེས་གསུངས་པ་དེར་དྲན་ཞོར་དུ། ལུས་པོ་བསྔོག་གཤེར་བྱེད་དུ་བཅུགས་པ་ཡིན།

དེ་ལྟར་ད་ནི་གནམ་ཐང་ནས་གནམ་གྲུ་སླེབས་པར་སྒུག་རྒྱུ་ལས་གཞན་གང་ཡང་མེད་ཀི དོན་དག་ཚང་མ་ལེགས་པོ་འགྲུབ་སོང་བ་རེད། ད་ནི་གནམ་ཐང་གཞན་དག་ནས་ག་རེ་བྱུང་མིན་མི་ཤེས་ཀྱང་། རྒྱ་གར་གྱི་གནམ་ཐང་ནས་བདེ་ལེགས་ཐར་བ་འདྲ་བོ་རེད་འདུག་སྙམ་ནས་གནམ་ཐང་དེ་ཡི་ཅ་དངོས་དག་ལ་བལྟ་རྒྱུ་ལས་ཉོ་བྱེད་ཀྱི་སྒོར་མོ་རང་གི་ཨམ་ཕྲག་དུ་མི་འདུག

ང་རང་ཐེངས་དང་བོ་ཕྱི་རྒྱལ་ཞིག་དུ་འགྲོ་བཞིན་ཡོད་ལ། ང་རང་དེ་རུ་འགྲོ་བ་ཡང་སྒོར་མོ་གཅིག་བུའི་ཆེད་དུ་ཡིན་ནམ་ཞེས་རང་ལ་དྲི་བ་ཞིག་བཏང་། གནམ་གྲུའི་ནང་དུ་ཆུ་ཚོད་ལྔ་བའི་སྟེང་དུ་འཛུལ་བཅུགས་སོང་། གནམ་གྲུའི་ནང་དུ་འཛུལ་མ་ཐག གནམ་གྲུའི་ནང་གི་ཞབས་ཞུ་མ་མཛེས་མ་དེ་དག་གིས་མཛུབ་སྟོན་འོག ང་རང་གི་འདུག་སྟེགས་སྒེའུ་ཁུངས་འཁྲིས་སུ་འཁེལ་ཡོད་པ་མཐོང་མ་ཐག་དངོས་ནས་དགའ་བྱུང་། རང་གི་རྒྱབ་ཁུག་ནང་ནས་༧ཏྰ་ལའི་བླ་མ། ང་ཡི་བུ་ཞེས་པའི་དབྱིན་དེབ་དེ་དང་དེབ་ཁ་ཤས་ཤིག་ཕྱི་རུ་བཏོན་ནས། ཅ་ལག་འཇོག་སའི་ནང་དུ་བཞག་རྗེས། རང་གི་འདུག་ས་ནས་ཕྱི་རོལ་གྱི་རྒྱ་གར་རྒྱལ་ས་ལྡི་ལུ་གྲོང་ཁྱེར་གྱི་གློག་འོད་ལ་བརྟེན་ནས་རྒྱང་བལྟ་བྱས་དུས། སྨུག་རྒྱུ་ལྟ་བུ་ཞིག་འཐིབ་ནས་འདུག་པའི་ཡག་པོ་ཞིག་མཐོང་གི་མི་འདུག སྐར་མ་ཉི་ཤུའི་རྗེས་སུ་གནམ་གྲུ་འཕུར་འགོ་འཛུགས་ངེས་རེད། ངའི་འཁྲིས་ཀྱི་རྐུབ་སྟེགས་སྟེང་དུ་བསྡོད་མཁན་ནི་ཁ་ཆེ་ཞིག་རེད། མི་རིགས་རྒྱ་གར་བ་རེད། གནམ་གྲུ་འདིའི་ནང་དུ་སྐུ་མགྲོན་ཉིས་བརྒྱ་ལས་བརྒལ་བ་ཡོད་ཚོད་འདུག རྒྱ་གར་གྱི་གནམ་ཐང་ནས་གནམ་གྲུ་ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ལ་འཕུར་སོང་། ༨།༩།༠༨ཤུལ་རྗེས་གསུབ་དུ་མེད་པའི་དྲན་ཤིང་གི་གནས་འདི། བཞག་ནས་རྒྱང་རིང་རྒྱལ་ཁབ་རྒྱུས་མེད་ཀྱི་ཡུལ་ལ། བསྐྱོད་རྒྱུའི་ལམ་ལ་ཞུགས་པའི་གངས་ཕྲུག་གི་སེམས་པ། ནམ་ཡང་མཛད་དུ་མེད་པའི་ཤེས་པ་ལ་འཐིམ་ཡོད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༥ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༩ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese