མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨོན་ལམ་ཚོགས་རྒྱུར་དགའ་བའི་ང་ཚོ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

གཅེན་པོ།


ང་ཚོ་སྨོན་ལམ་ལ་དགའ། དེ་ནི་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་རེ་བ་ཞིག་རེད། དེར་བརྟེན་མིའི་རིགས་ཚང་མར་སྨོན་ལམ་འདེབས་པའི་ལམ་སྲོལ་ཡོད། དོན་དངོས་ཐོག་རང་རེ་བོད་མི་ལ་ཡང་དེ་ལྟར་ཡོད་པ་ལ་ཧ་ལས་རྒྱུ་ཅི་ཡོད་སྙམ་ན། གནའ་གཏམ་ལ། བོད་རེ་བའི་བདག་པོ། ཞེས་གྲགས་པས། རང་རེ་ནི་འབྲས་བུ་ལ་རེ་བ་ལས་རྒྱུ་ལ་དོ་སྣང་མེད་པའི་རིགས་ཤིག་རེད། ནང་ཆོས་གཞུང་དུ་སྨོན་ལམ་གྱི་སྐོར་རྒྱ་ཆེན་པོ་གསུངས་ཡོད་ལ། སྨོན་ལམ་གྱི་རིགས་ཀྱང་སངས་རྒྱས་བྱང་སེམས་རྣམས་ཀྱིས་མཛད་པ་བཀའ་བསྟན་གཞུང་ན་མང་ལ། བོད་ཀྱི་བླ་མ་ཆོས་མཛད་པའང་བགྲང་གིས་མི་ལང་། དགོན་པ་ཁག་གི་འདོན་ཆོས་ནང་དུའང་གལ་ཆེར་གྱུར་ཡོད་ལ། ཁྱིམ་པ་ཚོས་ཀྱང་གལ་ཆེར་བརྩིས་ནས་རྟག་ཏུ་འདོན་གྱིན་ཡོད། དེ་ལ་ཅུང་ཟད་དཔྱད་ན་ཐོག་མར་འདོན་པ་པོ་ཚོས་བསམ་པ་རྣམ་དག་གིས་འདོན་གྱི་ཡོད་ནའང་། རིམ་པས་འདོན་པ་ཙམ་གྱིས་འགྲིག་པའི་ལྟ་བ་ཆགས་ཡོད་ལ། ཕྱིས་སུ་ཆོས་སྒོར་ཞུགས་པ་ཚོས་ངེས་པར་དུ་བློ་ལ་སྐྱོར་དགོས་ཤིང་མ་སྐྱོར་ན་མི་འགྲིག་པས་རིམ་པས་ཁྲལ་དུ་གྱུར་ཏེ། གྲྭ་ཚང་ཁག་གི་ཁ་གཏམ་ལ་འདོན་ཁ་ཁྲལ་ཞེས་བརྗོད་ཀྱི་ཡོད། དེའི་ཐོག་ནས་ཁའི་སྨོན་ལམ་དུ་གྱུར་ཟིན་པ་མཚོན་ཡོད།


སངས་རྒྱས་ཀྱིས་སྨོན་ལམ་གདབ་དགོས་པར་གསུངས་ཡོད་ཀྱང་། སྨོན་ལམ་གདབ་པའམ་འདོན་པ་ཁོ་ནས་འགྲིག་ཅེས་གང་དུ་ཡང་མ་གསུངས། སྨོན་པ་དེ་མངོན་དུ་འགྱུར་ཆེད་དེ་འགྲུབ་པའི་ལམ་དུ་ཞུགས་དགོས་པ་བསྟན་ཡོད། འོན་ཀྱང་ང་ཚོས་འདོན་ཐུབ་པ་གཅིག་པུས་འགྲིག་པར་རློམ། བླ་གྲྭ་ཚོས་མང་ཚོགས་ལ་སྨོན་ལམ་ཡག་པོ་རྒྱོབ་ཁོ་ན་གསུངས། མང་ཚོགས་ཀྱིས་བླ་གྲྭ་ཚོ་ལ་འདི་ཕྱིའི་རེ་བ་བཅོལ། བླ་གྲྭ་ཚོས་ཀྱང་བསླབ་སྡོམ་དང་ཉམས་ལེན་ལ་དོ་སྣང་མི་བྱེད་པར་མིའི་མདུན་དུ་འདྲ་ཆགས་པོས་སྨོན་ལམ་ཁོ་ན་འདོན། སྨོན་པའི་དོན་ལ་སློབ་མཁན་མི་སུ་གང་ཡང་མེད། དེས་ན་རྗེ་བཙུན་མི་ལས། བསླབ་སྡོམ་ཚུལ་བཞིན་མི་བསྲུང་བར།། གྱུར་ཤིག་གི་སྨོན་ལམ་མ་རེ་མཛོད། ཅེས་གསུངས་པ་ཐུགས་བདེན། བོད་འདིར་སྔོན་ཆོས་འཁོར་གྲགས་ཆེན་འགའ་ཤས་ཚོགས་མྱོང་ལ། རྗེ་ཙོང་ཁ་པ་ལ་བརྟེན་ནས་ལྷ་སར་སྨོན་ལམ་ཆེན་མོ་ཞེས་པ་དེ་ཚུགས་པ་རེད། ཐོག་མར་སྦྱིན་བདག་སོགས་མ་བསྐུལ་དང་བླང་ཡིན་རུང་། ཕྱིས་སུ་སྨོན་ལམ་གྱི་འགྲོ་གྲོན་གཏོང་སྒོ་ཁྲལ་འུལ་དུ་གྱུར་ཡོད། དེ་ནི་གནའ་གཏམ་ལ། བསྐལ་བ་བཟང་པོའི་ཇ་འདྲེན་དེ། །དུས་ཚོས་ངན་པའི་ཁྲལ་དུ་གྱུར། །ཞེས་པ་ལྟར་རེད།


ད་ལྟ་ཡང་བོད་མི་ཆེ་ཕྲ་རྣམས་སྨོན་ལམ་འཚོགས་རྒྱུ་དེ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོར་རྩི་བཞིན་འདུག དཔེར་ན། ལུམ་བཱི་ནིར་བཀའ་བརྒྱུད་སྨོན་ལམ་ཆེན་མོ། རྡོ་རྗེ་གདན་དུ་རྙིང་མའི་སྨོན་ཆེ་མོ། ཝ་རཱ་ན་སིར་ས་སྐྱའི་སྨོན་ལམ་ཆེན་མོ། དགེ་ལྡན་སྨོན་ལམ་ཆེན་མོ། ཇོ་ནང་སྨོན་ལམ་ཆེན་མོ་སོགས་མིང་ཆེན་པོའི་རུ་དར་ཅན་མང་པོ་ཐབས་བརྒྱ་ཇུས་སྟོང་གིས་ལོ་ལྟར་འཚོགས་ཀྱི་ཡོད། ཞི་བདེའི་མར་མེའི་སྨོན་ལམ་སོགས་གང་སར་སྨོན་ལམ་འཚོགས་རྒྱུར་བྲེལ་ཡོད། དེར་བརྟག་དཔྱད་བྱས་ན་ཚོགས་མི་གྲྭ་བཙུན་རྣམས་སྨོན་ལམ་གྱི་སྐབས་སུ་ཟ་སྡོད་ཐམས་ཅད་སྦྱིན་བདག་གིས་གོ་སྒྲིག་ཡོད་པ་དང་། མི་མང་པོ་ངོ་ཤེས་པ་དང་འགྱེད་མང་པོ་ཡོད་པ་རེད་ཟེར་ནས་འགྲོ་བཞིན་འདུག ཚོགས་མི་གྲྭ་བཙུན་དེ་རྣམས་ནི་སྐུ་འགྱེད་ཀྱི་ཆེད་དུ་རེད་ལ། སྦྱིན་བདག་ནི་སྨོན་ལམ་དེ་དང་དེ་ཡི་སྦྱིན་བདག་རེད་ཅེས་པའི་མིང་གྲགས་ཀྱི་ཆེད་དུ་རེད། གཙོ་གཉེར་བ་ནི་ཆོས་ལུགས་དེ་དང་དེའི་སྨོན་ལམ་ཚུགས་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས། དམིགས་ཡུལ་དངོས་ནི་རང་གི་གྲུབ་མཐའི་མིང་གི་སྟོབས་ཤུགས་ངོམ་རྒྱུའི་ཆེད་དུ་རེད། རྨོངས་པ་ཚོས་ད་དུང་འདི་དག་ལ་ནང་ཆོས་སུ་བརྩི་བ་འདི་སྙིང་རེ་རྗེ།


དེ་བཞིན་བོད་མདོ་ཁམས་ཁུལ་དུ་ཞི་བདེའི་སྨོན་ལམ་ཆེ་མོ་དང་། གངས་ཅན་དགེ་ཟླའི་སྨོན་ལམ་ཆེ་མོ། སྐྱའི་སྨོན་ལམ་ཆེ་མོ། གངས་ཅན་ཕན་བདེའི་སྨོན་ལམ་ཆེ་མོ་སོགས་མིང་རྫིག་པོ་བཏགས་པ་མང་པོ་འཚོགས་ཀྱི་འདུག དེ་དག་ལ་དོན་ངོ་མའི་ཐོག་ནས་བརྟག་ཅིང་དཔྱད་པ་ཡིན་ན། དེ་ཡི་དམིགས་ཡུལ་ནི་གྲུབ་མཐའ་སོ་སོའི་སྟོབས་དང་མཚན་སྙན་སྒྲོག་ཆེད་རེད། མིང་དེ་ལ་བརྟེན་ནས་མང་ཚོགས་ལས་ཞལ་འདེབས་བསྡུ་བ་དང་། འཚོགས་རའི་གནས་ཚུལ་འཁོད་པའི་འོད་སྡེར་བཀྲམས་ཏེ་རང་ཉིད་ཀྱི་གཟི་བརྗིད་གཞན་གྱིས་ཤེས་ཐབས་བྱེད་ཀྱི་ཡོད། འདི་ནི་ཆོས་པ་ངོ་མའི་སྤང་བྱ་འཇིག་རྟེན་ཆོས་བརྒྱད་རྐྱང་རྐྱང་རེད། བོད་ཀྱི་འཕྲལ་ཕུགས་ལ་བསམ་བློ་གཏོང་ཐུབ་མཁན་གྱི་མི་བུ་གཟུར་གནས་སུ་གང་ཡང་མེད། དེ་དང་དེ་འདྲའི་འདུ་ལོང་དག་ལ་བརྟེན་ནས་མིང་དང་ཡོང་འབབ་ཡོང་རྒྱུ་སོགས་མདོར་ན་རང་ཉིད་ཀྱི་ཁེ་ཕན་དང་སྙན་གྲགས་ཀྱི་ཆེད་དུ་རེད། ཀྱེ་མ་སངས་རྒྱས་ཀྱི་བསྟན་པ་དེ་འདུ་ལོང་ཁོ་ན་ལ་རེ། བསྟན་འགྲོའི་བྱ་བ་དེ་སྨོན་ལམ་ཁོ་ན་ལ་རེ། བོད་མི་རིགས་ཀྱི་ཕུགས་བསམ་དེ་སྨོན་ལམ་ཁོ་ན་ལ་རེ། རང་གཞན་འདི་ཕྱིའི་ལས་དོན་དེ་གསོལ་འདེབས་ཁོ་ན་ལ་རེ། དེ་ནི་དོན་དངོས་ལ་ཁ་གཏད་གཅོག་པ་དང་འགལ་བའི་བྱ་བ་ཐབས་སྐྱོ་བོ་ཞིག་རེད། དེ་ནི་འབྲུག་པ་ཀུན་ལེགས་ཀྱིས “དེ་ཀ་བྱས་པས་འདི་ཀ་བྱུང” ཞེས་པ་ལྟར་རེད།


ང་ཚོས་བསམ་མནོ་ལེགས་པར་ཐོངས་དང་། ང་ཚོས་སངས་རྒྱས་ཀྱི་བསྟན་པ་དེ་གྲྭ་བཙུན་ཚོས་སྨོན་ལམ་འདོན་རྒྱུ་ཁོ་ནར་བསྒྱུར་བ་འདི་སྔར་སྲོལ་ཡིན་ནའང་། དུས་བསྟུན་གྱིས་ཡར་རྒྱས་གཏོང་དགོས་ཀྱི་འདུག སྨོན་ལམ་འཚོགས་པ་སོགས་སྙན་གྲགས་འཚོལ་བའི་ཆོས་བརྒྱད་ཀྱི་འགྲན་རྩོད་ཆེད་དུ་དཔལ་འབྱོར་འཕྲོ་བརླག་མི་གཏོང་བར། བྱ་བཞག་དོན་ལྡན་ཞིག་གི་ཆེད་དུ་གཏོང་རྒྱུ་གལ་གནད་རེད། བོད་མི་རིགས་ཀྱི་བླ་སྲོག་དང་བོད་རྒྱུད་ནང་བསྟན་གྱི་ཚེ་སྲོག་ནི་བོད་ཀྱི་སྐད་ཡིག་སློབ་གསོ་ཡིན་པས། བོད་སྐད་ཡིག་གི་སྦྱོང་བརྡར་དང་རིག་གནས་སློབ་གྲྭ སློབ་དེབ། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་དང་། གསོ་རིག་སློབ་གསོ་དང་སློབ་དེབ། འགྲིམ་འགྲུལ་བདེ་སྲུང་སོགས་དེང་རབས་འཚོ་བའི་ཉེར་མཁོ་དང་། རྒྱུན་སྲོལ་སློབ་གསོའི་ལག་རྩལ་ཁག ཆབ་སྲིད། དཔལ་འབྱོར། ཁྲིམས་ལུགས་སོགས་བོད་མི་རིགས་འདི་ཉིད་མི་གྲལ་དུ་ཚུད་པའི་བྱ་ཐབས་ཁག་ལ་འབད་པ་ཡིན་ན། དེ་ནི་སངས་རྒྱས་ཀྱི་དགོངས་པ་དང་མཐུན་ཞིང་། ད་ལྟའི་བོད་ཀྱི་གནས་བབ་དངོས་དང་མཐུན་པས། ཕན་ཐོགས་དཔེ་མེད་འབྱུང་རྒྱུར་ཐེ་ཚོམ་མེད། ང་ཚོས་སྨོན་ལམ་ཁོ་ན་ལ་མགོ་མ་འཁོར་བར་རང་ནུས་ཅི་ཡོད་ཀྱི་ལག་བསྟར་བྱས་ན་མི་ལེགས་སམ། །  །། 

 

རྩོམ་པ་པོའི་ཟིན་བྲིས་ལས་འདྲེན་བཀོད་བྱས།

 

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

མཆན། 11

  1. གཅེན་པོ། says:
    ལོ་ 14 སྔོན།

    སྟག་ཕྲུག་ལགས་དཔལ་ལྡན་བཀའ་བརྒྱུད་པ་དང་། དཔལ་ས་སྐྱ་བ་རྣམ་གཉིས་ཀྱིས་འདས་ཟིན་པའི་ལོ་རྒྱུས་ནང་ས་མཆོག་དེ་གཉིས་ལ་སྨོན་ལམ་ཚོགས་ཡོད་མེད་ཀྱི་བཀའ་ལན་གསལ་པོ་ཞིག་གནང་རོགས།

    Reply
  2. གཅེན་པོ། says:
    ལོ་ 14 སྔོན།

    སྨར་ཀླུང་ལགས། བོད་རེ་བ་ཅན་ཞེས་པའི་དེབ་འདི་ནི་གཙོ་བོ་མི་རིགས་ཤིག་དང་མི་རིགས་དེའི་སྐད་ཡིག་གཅེས་འཛིན་དང་མི་རིགས་དེ་ཉིད་དར་རྒྱས་ཆེད་དུ་བརྩམས་པའི་ཆེད་དེབ་ཞིག་ཏུ་སེམས། ཁྱེད་རང་གིས་འདི་གཟིགས་དང་།

    ང་ཚོས་བསམ་མནོ་ལེགས་པར་ཐོངས་དང་། ང་ཚོས་སངས་རྒྱས་ཀྱི་བསྟན་པ་དེ་གྲྭ་བཙུན་ཚོས་སྨོན་ལམ་འདོན་རྒྱུ་ཁོ་ནར་བསྒྱུར་བ་འདི་སྔར་སྲོལ་ཡིན་ནའང་། དུས་བསྟུན་གྱིས་ཡར་རྒྱས་གཏོང་དགོས་ཀྱི་འདུག སྨོན་ལམ་འཚོགས་པ་སོགས་སྙན་གྲགས་འཚོལ་བའི་ཆོས་བརྒྱད་ཀྱི་འགྲན་རྩོད་ཆེད་དུ་དཔལ་འབྱོར་འཕྲོ་བརླག་མི་གཏོང་བར། བྱ་བཞག་དོན་ལྡན་ཞིག་གི་ཆེད་དུ་གཏོང་རྒྱུ་གལ་གནད་རེད། བོད་མི་རིགས་ཀྱི་བླ་སྲོག་དང་བོད་རྒྱུད་ནང་བསྟན་གྱི་ཚེ་སྲོག་ནི་བོད་ཀྱི་སྐད་ཡིག་སློབ་གསོ་ཡིན་པས། བོད་སྐད་ཡིག་གི་སྦྱོང་བརྡར་དང་རིག་གནས་སློབ་གྲྭ སློབ་དེབ། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་དང་། གསོ་རིག་སློབ་གསོ་དང་སློབ་དེབ། འགྲིམ་འགྲུལ་བདེ་སྲུང་སོགས་དེང་རབས་འཚོ་བའི་ཉེར་མཁོ་དང་། རྒྱུན་སྲོལ་སློབ་གསོའི་ལག་རྩལ་ཁག ཆབ་སྲིད། དཔལ་འབྱོར། ཁྲིམས་ལུགས་སོགས་བོད་མི་རིགས་འདི་ཉིད་མི་གྲལ་དུ་ཚུད་པའི་བྱ་ཐབས་ཁག་ལ་འབད་པ་ཡིན་ན། དེ་ནི་སངས་རྒྱས་ཀྱི་དགོངས་པ་དང་མཐུན་ཞིང་། ད་ལྟའི་བོད་ཀྱི་གནས་བབ་དངོས་དང་མཐུན་པས། ཕན་ཐོགས་དཔེ་མེད་འབྱུང་རྒྱུར་ཐེ་ཚོམ་མེད། ང་ཚོས་སྨོན་ལམ་ཁོ་ན་ལ་མགོ་མ་འཁོར་བར་རང་ནུས་ཅི་ཡོད་ཀྱི་ལག་བསྟར་བྱས་ན་མི་ལེགས་སམ། ། །།

    Reply
  3. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    གཅེན་པོ་ལགས་སུ་ཁྱོད་ཀྱི་བསྐྱར་བཤད་འདི་དེ་ལས་ཛ་དྲག་ཆེ་བའི་བསྐུལ་མ་ཞིག་མི་འདུག་གམ། ཁྱོད་ཀྱིས། (བླ་གྲྭ་ཚོས་ཀྱང་བསླབ་སྡོམ་དང་ཉམས་ལེན་ལ་དོ་སྣང་མི་བྱེད་པར་མིའི་མདུན་དུ་འདྲ་ཆགས་པོས་སྨོན་ལམ་ཁོ་ན་འདོན། སྨོན་པའི་དོན་ལ་སློབ་མཁན་མི་སུ་གང་ཡང་མེད།)ཟེར་བ་འདི་ལ་ཁྱོད་ཀྱི་རིག་པ་ནང་དུ་ཁུག་ལ་ཡག་པོ་ཞིག་དཔྱོད་དང་། ངས་མང་པོ་ཞུ་གི་མིན། དགོས་པ་ཡང་དེ་ཙམ་མི་འདུག ཁྱོད་དང་ངེད་རང་གཉིས་ཀྱི་འཁོས་ལ་ལྟོས་ཚེ/ མི་སྐྱོན་གཅིག་པུ་བལྟ་རྟོག་བྱེད་དགོས་པའི་རྒྱུད་ལོག་ལྟས་ལྷད་ཚར་བ་ཞིག་ལས་རྗེས་སུ་ཡི་རང་བའི་ཡན་ལག་ནི་རྦད་དེ་བརླག་ཚར་འདུག མ་གོ་བ་ལ་ཆོས་མ་བཤད། མ་ཉན་པ་ལ་གཏམ་མ་བཤད་ཟེར་བ་འཇིག་རྟེན་གྱི་དཔེ་བཞིན་ཁྱོད་རང་གང་འདོད་པ་དེ་དེ་བཞིན་དུ་བྱོས་ཤིག རྒྱུད་བསྐུལ་འདི་ཚོས་གཞིས་བྱེས་བོད་མི་སྐྱ་སེར་ཡོང་ལ་ཕན་ཐོག་ཞིག་ཡོང་བའི་བསམ་བློ་འདུག་ན་ངོས་ལ་བསམ་འཆར་གང་ཡང་མེད། མ་གཞི་གནས་མཆོག་རྡོ་རྗེ་གདན་སོགས་འཕགས་ཡུལ་གྱི་གནས་ཆེན་ཁག་དང་དེ་བཞིན་བོད་གངས་ཅན་གྱི་ལྗོངས་སུ་ཡང་ཆོས་བརྒྱུད་རང་ས་རང་སའི་ཁྱབ་ཁོངས་སུ་སྨོན་ལམ་ཆེན་མོ་འཚོགས་པའི་སྐབས་སུ་རྟགས་དང་མཚན་མ་མི་ཀུན་གྱི་མཐོང་ཆོས་སུ་གྱུར་པ་མང་པོ་ཞིག་ཡོང་པའི་སྐད་ཆ་དེ་ཚོ་རྫུན་མ་དང་ཁྲལ་སོད་མ་བསླབ་པའི་ལག་རྗེས་རེད་ཞེས་ལབ་དགོས་ན་ངས་སྔར་གོང་དུ་སྨོས་པ་བཞིན་འདི་ཕྱི་ཀུན་ཏུ་དགེ་བའི་ཚོགས་བསོག་བརླབ་པོ་ཆེ་གཞན་གྱི་དངོས་སུ་བྱེད་ཐུབ་པ་ལ། དོན་རྡོག་ཏིལ་གྱི་འབྲུ་མ་ཙམ་མེད་པར་མི་ལ་ལོག་ལྟའི་བསྐུལ་མ་འདེབས་དགོས་པའི་བློ་ཁོག་ཆེན་པོ་ཞིག་སྐྱེ་ཡོང་བ་འདི་ངོ་མ་ངོ་མཚར། སྒོར་མོ་གཅིག་སྨོན་ལམ་དང་ཚོགས་གསོག་ལ་གཏོང་རྒྱུ་དང་ཕར་ཙམ་ཞོག དད་ལྡན་པ་གཏོང་ཕོད་ཅན་གྱི་གཏོང་བ་ལ་ཡང་དོན་མེད་ཁོ་ན་ཉིད་དུ་བསམ་ནས་འཇུར་གེག་ཆེན་པོའི་སེམས་ཁུར་དེ་ཙམ་གཏན་ནས་བྱེད་མི་དགོས་པར་སེམས། སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང། །ཀུན་ཏུ་བཟང་པོ་བརྒྱན་པའི་གཞུང་གྲུབ་ནས། །ངན་སོང་གནས་རྣམས་མ་ལུས་སྟོང་པར་ཤོག ཞེས་པ་ལ་ཁྱོད་རང་ནས་ཀྱང་འདི་ལ་ཐུགས་བསམ་ཡག་པོ་ཞིག་བཞེས་ནས་ཁུ་སིམ་མེར་བཞུགས་སྡོད་ན་མི་དགའམ། འབྲི་གུང་སྐྱབས་པ་རིན་པོ་ཆེས། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱི་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་ཆར་རྒྱུན་མི་འབབ་པས། །འཇུག་བསྔོ་བ་འདི་ལ་ནན་ཏན་མཛོད། གསུང་པ་འདི་དགོས་པ་དང་རྒྱུ་མཚན་ཆེན་པོ་ཞིག་ཡོད་ནས་གསུང་པ་ཡིན་གྱི། དེ་འདྲ་མ་ཡིན་པར་ (རྗེ་ཙོང་ཁ་པ་ལ་བརྟེན་ནས་ལྷ་སར་སྨོན་ལམ་ཆེན་མོ་ཞེས་པ་དེ་ཚུགས་པ་རེད། ཐོག་མར་སྦྱིན་བདག་སོགས་མ་བསྐུལ་དང་བླང་ཡིན་རུང་། ཕྱིས་སུ་སྨོན་ལམ་གྱི་འགྲོ་གྲོན་གཏོང་སྒོ་ཁྲལ་འུལ་དུ་གྱུར་ཡོད། དེ་ནི་གནའ་གཏམ་ལ། བསྐལ་བ་བཟང་པོའི་ཇ་འདྲེན་དེ། །དུས་ཚོས་ངན་པའི་ཁྲལ་དུ་གྱུར།) ལབ་པ་འདི་དག་ནི་ཞྭ་དཔེ་ལྷམ་བསྐོར་ལས་དེང་གི་དུས་ཀྱི་སྨོན་ལམ་ནི་དེ་དང་མི་འདྲ་བའི་ལས་ཀའི་འདུ་འགོད་བླ་གྲྭ་རྣམས་ཀྱི་ཐུགས་བཞད། དཔལ་འབྱོར་གྱི་འདུ་འགོད་བྱེད་སྟང་སོ་སོ་ཡིན་པ་ཤེས་པར་གྱིས་ཤིག

    Reply
  4. གཅེན་པོ། says:
    ལོ་ 14 སྔོན།

    སྨར་ཀླུང་དཔའ་ལ་ལགས་སྔོན་ལ་འདི་ལ་ཐུགས་བསམ་ཡག་པོ་ཞིག་བཞེད་ནས་གསུངས་པར་ཞུ།

    ནང་ཆོས་གཞུང་དུ་སྨོན་ལམ་གྱི་སྐོར་རྒྱ་ཆེན་པོ་གསུངས་ཡོད་ལ། སྨོན་ལམ་གྱི་རིགས་ཀྱང་སངས་རྒྱས་བྱང་སེམས་རྣམས་ཀྱིས་མཛད་པ་བཀའ་བསྟན་གཞུང་ན་མང་ལ། བོད་ཀྱི་བླ་མ་ཆོས་མཛད་པའང་བགྲང་གིས་མི་ལང་། དགོན་པ་ཁག་གི་འདོན་ཆོས་ནང་དུའང་གལ་ཆེར་གྱུར་ཡོད་ལ། ཁྱིམ་པ་ཚོས་ཀྱང་གལ་ཆེར་བརྩིས་ནས་རྟག་ཏུ་འདོན་གྱིན་ཡོད། དེ་ལ་ཅུང་ཟད་དཔྱད་ན་ཐོག་མར་འདོན་པ་པོ་ཚོས་བསམ་པ་རྣམ་དག་གིས་འདོན་གྱི་ཡོད་ནའང་། རིམ་པས་འདོན་པ་ཙམ་གྱིས་འགྲིག་པའི་ལྟ་བ་ཆགས་ཡོད་ལ། ཕྱིས་སུ་ཆོས་སྒོར་ཞུགས་པ་ཚོས་ངེས་པར་དུ་བློ་ལ་སྐྱོར་དགོས་ཤིང་མ་སྐྱོར་ན་མི་འགྲིག་པས་རིམ་པས་ཁྲལ་དུ་གྱུར་ཏེ། གྲྭ་ཚང་ཁག་གི་ཁ་གཏམ་ལ་འདོན་ཁ་ཁྲལ་ཞེས་བརྗོད་ཀྱི་ཡོད། དེའི་ཐོག་ནས་ཁའི་སྨོན་ལམ་དུ་གྱུར་ཟིན་པ་མཚོན་ཡོད།

    སངས་རྒྱས་ཀྱིས་སྨོན་ལམ་གདབ་དགོས་པར་གསུངས་ཡོད་ཀྱང་། སྨོན་ལམ་གདབ་པའམ་འདོན་པ་ཁོ་ནས་འགྲིག་ཅེས་གང་དུ་ཡང་མ་གསུངས། སྨོན་པ་དེ་མངོན་དུ་འགྱུར་ཆེད་དེ་འགྲུབ་པའི་ལམ་དུ་ཞུགས་དགོས་པ་བསྟན་ཡོད། འོན་ཀྱང་ང་ཚོས་འདོན་ཐུབ་པ་གཅིག་པུས་འགྲིག་པར་རློམ། བླ་གྲྭ་ཚོས་མང་ཚོགས་ལ་སྨོན་ལམ་ཡག་པོ་རྒྱོབ་ཁོ་ན་གསུངས། མང་ཚོགས་ཀྱིས་བླ་གྲྭ་ཚོ་ལ་འདི་ཕྱིའི་རེ་བ་བཅོལ། བླ་གྲྭ་ཚོས་ཀྱང་བསླབ་སྡོམ་དང་ཉམས་ལེན་ལ་དོ་སྣང་མི་བྱེད་པར་མིའི་མདུན་དུ་འདྲ་ཆགས་པོས་སྨོན་ལམ་ཁོ་ན་འདོན། སྨོན་པའི་དོན་ལ་སློབ་མཁན་མི་སུ་གང་ཡང་མེད། དེས་ན་རྗེ་བཙུན་མི་ལས། བསླབ་སྡོམ་ཚུལ་བཞིན་མི་བསྲུང་བར།། གྱུར་ཤིག་གི་སྨོན་ལམ་མ་རེ་མཛོད། ཅེས་གསུངས་པ་ཐུགས་བདེན། བོད་འདིར་སྔོན་ཆོས་འཁོར་གྲགས་ཆེན་འགའ་ཤས་ཚོགས་མྱོང་ལ། རྗེ་ཙོང་ཁ་པ་ལ་བརྟེན་ནས་ལྷ་སར་སྨོན་ལམ་ཆེན་མོ་ཞེས་པ་དེ་ཚུགས་པ་རེད། ཐོག་མར་སྦྱིན་བདག་སོགས་མ་བསྐུལ་དང་བླང་ཡིན་རུང་། ཕྱིས་སུ་སྨོན་ལམ་གྱི་འགྲོ་གྲོན་གཏོང་སྒོ་ཁྲལ་འུལ་དུ་གྱུར་ཡོད། དེ་ནི་གནའ་གཏམ་ལ། བསྐལ་བ་བཟང་པོའི་ཇ་འདྲེན་དེ། །དུས་ཚོས་ངན་པའི་ཁྲལ་དུ་གྱུར། །ཞེས་པ་ལྟར་རེད།

    Reply
  5. སྟག་ཕྲུག says:
    ལོ་ 14 སྔོན།

    གཅེན་པོ་ལགས། སྨོན་ལམ་ཚོགས་སའི་ས་ཕྱོགས་དེ་ཚོ་དེ་ག་རང་མ་རེད། ༸དཔལ་ལྡན་ས་སྐྱ་པའི་སྨོན་ལམ་ཆེན་མོ་ལུམྦྷི་ནིར་ཚོགས་ཀྱི་ཡོད་པ་མ་ཟད། ཉེ་སྔོན་ཞིག་ཏུ་༸དཔལ་ས་སྐྱ་པའི་གནད་ཡོད་མི་སྣ་དག་གི་ཚོགས་འདུ་ཞིག་ཏུ་སྨོན་ལམ་རྡོ་རྗེ་གདན་དུ་ཚོགས་རྒྱུའི་གྲོས་གཞི་ཞིག་བཏོན་ཡོད་འདུག་ཀྱང་གྲོས་འཆམ་བྱུང་མེད་པ་རེད། འགྲོ་མགོན་༸བཀའ་བརྒྱུད་པའི་སྨོན་ལམ་ཡང་༸དཔལ་རྒྱལ་དབང་ཀརྨ་པའི་ཡང་སྤྲུལ་གཉིས་ཀས་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་བཞིིན་ཡོད་དོ།།

    Reply
  6. གཅེན་པོ། says:
    ལོ་ 14 སྔོན།

    ཧ་ཧ་སྟག་ཕྲུག་ལགས་དེ་རིང་གཞི་ནས་མཐོན་བྱུང་། སྨོན་ལམ་ཚོགས་སའི་ས་ཕྱོགས་དེ་དག་དེ་ག་རང་ཡིན་པ་འདུག སྔོན་ལ་ཁྱེད་རང་གིས་ཉམས་ཞིབ་ཞིག་གནང་ནས་དེ་ནས་གསུངས་ཀྱང་ཕྱིས་དྲག་གི་མ་རེད། འདི་ནི་ངའི་བསམ་ཚུལ་ཞིག་ལས་བོད་རེ་བ་ཅན་གྱི་བསམ་ཚུལ་མ་རེད།

    Reply
  7. སྟག་ཕྲུག says:
    ལོ་ 14 སྔོན།

    གཅེན་པོ་ལགས་ཀྱི་བསམ་ཚུལ་ལ་བསམ་གཞིག་བྱ་དགོས་པ་འདུག་ལ། འོལ་ཚོད་དང་ནོར་བ་ཡང་འདུག སྨོན་ལམ་དུ་འགྲོ་མཁན་གྱི་གྲྭ་བཙུན་གྱི་ནང་བསམ་པའི་ཀུན་སློང་རྣམ་དག་མ་ཡིན་པར་བཤད་པ་ནི་འོལ་ཚོད་རང་རེད། ལུམ་བཱི་ནིར་བཀའ་བརྒྱུད་སྨོན་ལམ་ཆེན་མོ། ཝ་རཱ་ན་སིར་ས་སྐྱའི་སྨོན་ལམ་ཆེན་མོ། ཞེས་པ་ནི་ནོར་བ་རེད། བཀའ་བརྒྱུད་སྨོན་ལམ་ཆེན་མོ་རྡོ་རྗེ་གདན་དུ་ཚོགས་ཀྱི་ཡོད་ལ་ས་སྐྱའི་སྨོན་ལམ་ཆེན་མོ་ལུམྦྷི་ནིར་ཚོགས་ཀྱི་ཡོད། བསམ་ཚུལ་འདོན་པའི་རང་དབང་ཚང་མར་འདྲ་མཉམ་ཡོད་ཀྱང་ལག་ཏུ་སྨྱུ་གུ་ཐོག་པ་ཞིག་གི་ངོས་ནས་རང་ཉིད་སྤྱི་ཚོགས་ཀྱི་མདུན་དུ་འགྲེང་བསྡད་ཡོད་པའི་འདུ་ཤེས་དེ་མ་བརྗེད་པར་སྤྱི་ཚོགས་དང་དོན་དངོས་ཀྱི་འགན་འཁུར་ཡོད་ཙམ་བྱས་ན་རང་གཞན་ཚང་མར་ཕན་པ་ཆེ་བའི་བསྐུལ་མ་བྱ་འདོད་བྱུང་ངོ།།

    Reply
  8. གཅེན་པོ། says:
    ལོ་ 14 སྔོན།

    འདི་ནི་མཁས་དབང་འབྲི་གུང་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་བརྩམས་གནང་བའི་བོད་རེ་བ་ཅན་ནང་གི་ལེ་མཚན་ཞིག་རེད། ངས་བོད་རེ་བ་ཅན་དེ་ཟིན་བྲིས་ནང་དུ་མུ་འགོད་བྱེད་བཞིན་ཡིན་ན་ཡང་འདིར་དྲངས་དུས་བོད་རེ་བ་ཅན་ཞེས་པ་དེ་བཀོད་མི་འདུག ངའི་ཟིན་བྲིས་ནང་དུ་བོད་རེ་བ་ཅན་ཞེས་བྲིས་ཡོད་ལ་མ་ཟས་ཨང་གྲངས་ཡང་བྲིས་ཡོད།

    Reply
  9. འབྲོང་ངུར་དཀོན་མཆོག་བུ་ཆུང་། says:
    ལོ་ 14 སྔོན།

    ༼སྨོན་ལམ་ཚོགས་རྒྱུ་ལ་དགའ་བའི་ང་ཚོ་༽ཞེས་པ་འདི་ངོ་མ་ཡག་པོ་བྲིས་འདུག་མཁས་དབང་ཞིག་གིས་གསུང་རང་རེད་བཞག

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྨོན་ལམ་སྐོར་ལ་རེ་བ་ཞིག

    སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་དགོས་ན་སྔོན་འགྲོའི་རྒྱུ་ཞིག་ལོས་ཡིན། རྣམ་པར་དག་མིན་ནི་སྨོན་ལམ་འདེབས་པ་པོ་སོ་སོར་རག་ལས་ཡོད། གོ་སྒྲིག་ཞུ་མཁན་ལ་རག་ལས་མེད།
    འོན་ཀྱང་སྨོན་ལམ་འདོན་པའི་བར་དང་མཚམས་སུ། དགེ་བའི་བཤེསགཉེན་་རྣམ་པས་སྨོན་ལམ་གང་དག་གི་ཚིག་དོན་གསལ་འགྲེལ་དང། ཐེག་པ་གསུམ་གྱི་ལམ་གྱི་རིམ་པ་ཉམས་སུ་ལེན་སྟངས་བཅས་ཀྱི་སྐོར་ལ་གོ་བདེ་གནད་འདུས་ཀྱི་ཆོས་སྦྱིན་གནང་རྒྱུ་ནི་ཧ་ཅང་གལ་ཆེ་སྙམ།
    རྒྱུ་མཚན་ནི་སྨོན་པ་མཆོག་གི་ལམ་གང་ཡིན་པ་དང་དེར་ཇི་ལྟར་བགྲོད་དགོས་ཚུལ་སོགས་མི་ཤེས་པར་རྨོངས་དད་དམ་མུན་སྒོམ་གྱི་ངང་ན་འུར་
    དོན་བྱེད་པ་ཧ་ཅང་མངས། སྨྲ་ཤེས་དོན་གོའི་མིས་ནེ་ཙོའི་མ་ཎི་བགྲང་ན་སྐལ་བ་བཟང་པོ་ཞིག་ག་ལ་ཡིན། དེ་དག་ཅི་མི་སྙམ་པར་བཞག་ན་ནི་དགེ་བའི་བཤེས་ཀྱི་ཚུལ་ཡང་ཅི་འདྲར་འགྱུར།
    དོན་འདི་སྨོན་ལམ་ཚོགས་མཁན་ཐམས་ཅད་ལ་ཞུ་གིན་ཡོད་ལ། གོ་སྒྲིག་ཚོགས་ཆུང་རྣམ་པས་ངེས་པར་ཐུགས་བསམ་བཞེས་རོགས།

    Reply
  11. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    སྤྱིར་སྨོན་པ་དང་འཇུག་པ་ཞེས་ནང་གཞུང་དག་གི་ནང་དུ་གསུངས་པ་ལ་གཞིག་ན། དང་པོ་སྨོན་པ་ཞིག་མེད་ན་རྗེས་ཀྱི་འཇུག་པ་ནི་འབྱུང་ཐུབ་ཀྱི་མེད་ལ། སྨོན་པ་དེ་མི་འགྱུར་བ་འཇུག་པ་ལ་དངོས་སུ་ཁེལ་དགོས་པ་ཡིན་སྟབས། སྟོན་པ་སངས་རྒྱས་ཀྱི་མཛད་པ་བསྐྱང་སའི་གནས་མཆོག་ཁྱད་པར་ཅན་འདི་ཚོ་ལ་སྨོན་ལམ་ལོ་ལྟར་འཚོག་པ་འདིའི་གྲུབ་འབྲས་ཆེན་པོ་ཡོད་པ་ནི་མིག་མཐོང་ལག་ཟིན་ལ་འདི་བསྐོར་མ་མཐོང་བ་དག་གི་བསམ་ཚུལ་སྤེལ་བ་རྣམས་ལ་ཅུང་ཙམ་གླེང་ཉན་སྤྲོ། ཅན་པོ་ལགས་ཀྱིས་ཟིན་བྲིས་དངོས་གནས་ཡག་པོ་འདུག་ཀྱང་། ཐལ་ཆ་ཤིན་ཏུ་ཆེ་དྲག་འདུག་སྙམས། གང་ཡིན་ཞུ་ན། ངེང་གི་དུས་སུ་རང་རེ་བོད་གངས་ཅན་པའི་ཆོས་བརྒྱུད་འདི་ནི་འཛམ་གླིང་གོ་ལ་ཧྲིལ་པོའི་ནང་ནང་པའི་ཆོས་བརྒྱུད་ཀྱི་སྒང་ལ་ལྷང་ངེར་བུད་པ་འདི་ནི་སྨོན་ལམ་གྱི་ཚོགས་བསགས་དང་བདེན་པའི་དངོས་སྟོབས་ལས་བྱུང་བ་ཞིག་ལས་སྟེས་དབང་གི་བྱུང་བ་ཞིག་གཏན་ནས་མ་རེད་སྙམས། བོད་ཀྱི་ཆོས་བརྒྱུད་ཡོད་དོ་ཅོག་གི་རང་ས་རང་སའི་སྨོན་ལམ་འཚོག་པའི་སྐབས་སུ་དགེ་འདུན་པའི་ཞལ་ལག་གི་འགྲོ་སོང་ཅུང་ཙམ་བཏང་བ་དེ་ཚོ་ཆོས་བརྒྱུད་དེས་འགྲོ་བ་ཡོང་ལ་སྨན་པའི་འདུ་ཤེས་མེད་པར་སྐད་གྲགས་ཅིག་པུའི་དོན་དང་། བསམ་རྒྱུ་དྲན་རྒྱུ་མེད་པར་ཁྲལ་སོད་དང་། འདོན་རྟ་གཅིག་པུའི་ཁ་གཡང་ཁོ་ན་ཡིན་པར་སེམས་པ་ནི་ཁྱོད་རང་ཉིད་ཀྱི་མཐོང་ཚུལ་འདི་གསར་འགོད་ཀྱི་ནང་དུ་སྤེལ་ཐུབ་པའི་སྙིང་སྟོབས་ནི་ངོ་མ་ཡ་མཚན་ཆེ། བདུད་ལྷས་སྦྱིན་སྣང་བ་མ་དག་ན། ལྷ་ཐུབ་པ་སྐྱོན་གྱི་རང་བཞིན་ཟེར་བ་བཞིན། སྔོན་དམར་མེས་མའོ་རྩེ་ཏུང་གི་བསམ་བློ་དང་ཁྱོད་ཀྱི་དོན་ངོ་མའི་དྲན་པ་གཉིས་བཤད་བཟོ་ཡག་སྡུག་ཙམ་ལས། ཁྱད་པར་དེ་ཙམ་མེད་པར་སེམས། ཁྱོད་ཀྱིས། (ཚོགས་མི་གྲྭ་བཙུན་དེ་རྣམས་ནི་སྐུ་འགྱེད་ཀྱི་ཆེད་དུ་རེད་ལ། སྦྱིན་བདག་ནི་སྨོན་ལམ་དེ་དང་དེ་ཡི་སྦྱིན་བདག་རེད་ཅེས་པའི་མིང་གྲགས་ཀྱི་ཆེད་དུ་རེད།) ད་དུང་། (དམིགས་ཡུལ་དངོས་ནི་རང་གི་གྲུབ་མཐའི་མིང་གི་སྟོབས་ཤུགས་ངོམ་རྒྱུའི་ཆེད་དུ་རེད། རྨོངས་པ་ཚོས་ད་དུང་འདི་དག་ལ་ནང་ཆོས་སུ་བརྩི་བ་འདི་སྙིང་རེ་རྗེ།)ཞེས་པ་སོགས་ནི། མའོས་ཀྱང་བོད་ཀྱི་དགོན་པ་ནང་དུ་བླ་མའི་རོ་ལ་གསེར་གདུང་དང་། འདུ་ཁང་གི་ཡང་སྟེང་དུ་གསེར་ཡབ། གསེར་སྐུ། གསེར་ཏོག གསེར་དངུལ་གྱི་མཆོད་ཆས་འདི་ཚོ་མི་སེར་བཤུ་ཞོག་ཁོ་ན་དང་མགོ་བསྐོར། མཐའ་ན་ལས་ཀ་གཅིག་ཀྱང་བྱ་མི་དགོས་པའི་བོད་བླ་རྒྱག་པ། སྤྲུལ་སྐུ་རྒྱག་པ། དགོན་པ་རྫིགས་པོ་འདི་ཚོ་ནི་དོན་མེད་ཀྱི་ཆེ་མཐོང་དང་མི་མང་ལ་ཕན་པའི་བྱ་བ་གཏན་ནས་མ་རེད། དོན་མེད་ཀྱི་བརྩི་བསྐུར་དང་རྨོང་དད་འཇིགས་བསྐུལ་ཁོ་ན་རེད་ཞེས་སྔོན་མར་མི་མང་གསར་རྗེ་ནང་ཟེར་སྲོལ་ཡོད་རེད་པ་མཁྱེན་གསལ་ལ་ཁྱེད་ཀྱི་ཐུགས་འཆར་དང་སྒོ་ཀུན་ནས་འདྲ་པོ་འདུག ཚོགས་ངོ་མ་བསགས་པ་དེང་གི་ཆོས་བརྒྱུད་རྣམས་ཀྱི་སྨོན་ལམ་ཆེན་མོའི་འགྲོ་སོང་ནི་ཆེན་པོ་གཏན་ནས་མ་རེད་སྙམས། དེང་སང་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྱི་འགྲོ་རྒྱུག་ལ་བལྟ་ན། དང་པོ་སྨོན་ལམ་གྱི་འགྲོ་སོང་ཙམ་ལྟ་ཞོག བོད་ཀྱི་དགོན་པ་ཆེ་ཤོས་ཞིག་གི་ཕྱི་ནང་ཡོངས་ཀྱི་འགྲོ་སོང་དང་། དམག་གི་སྦྱང་རྩལ་བྱེད་སའི་གནམ་གྲུ་གཅིག་དང་ཆ་བསྡུར་ན། བརྒྱ་ཆ་གཅིག་ཀྱང་ཟིན་གྱི་མེད། དེ་འདྲ་ཡིན་དུས་སྨོན་ལམ་གྱི་སྐབས་སུ་འགྲོ་གྲོན་ནི་དེ་ནང་གི་གྲངས་ཆུང་ཞིག་ཀྱང་ཟིན་གྱི་མེད་པ་དེ་འདྲ་འགྲོ་གྲོན་ཞིག་གི་སྟོན་པ་བཀའ་དྲིན་ཅན་ཞི་བའི་དད་དཔོན་ཆེན་པོ་གང་གི་གསུང་དྲི་མ་མེད་པ་གནས་ཁྱད་པར་ཅན་དེ་ཚོར་འདོན་ཀློག་བྱེད་ཐུབ་པ་ནི་ཆེས་ངོ་མཚར་ཆེ་བ་དང་། ཆེས་དོན་སྙིང་ལྡན་པ་ཞིག་ཅིའི་ཕྱིར་མིན། སྨོན་ལམ་ནི་བོད་ཀྱི་བླ་མས་བཟོས་པ་མ་ཡིན་པར། ནང་པའི་སྟོན་པ་འདི་ཉིད་ཀྱིས་ཀྱང་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ནས་སྙིགས་མའི་མགོན་དུ་ད་ལྟའི་སངས་རྒྱས་སུ་ཕེབས་པར་གསུངས་ཡོད་པ་དང་། དང་པོ་ཐར་པ་ལ་འཇུག་པའི་སྒོ་ངོ་མ་དེ་སྨོན་ལམ་ལས་ལོགས་སུ་གྱུར་པའི་ཐབས་གཉིས་པ་ཞིག་རྩ་བ་ཉིད་ནས་མེད། སེམས་ཅན་ལ་མོས་པ་སྣ་ཚོགས་ཞིག་ཡོད་པ་ཡིན་ཙང་། ཁ་ཤས་པད་ཤག་གི་དོན་དུ་ཕེབས་པ་ཡིན་ན་ཡང་ཉི་མ་རྟག་པར་དངུལ་གཅིག་པུ་མི་བསམ་པར་མཚམས་མཚམས་སུ་ཡང་དག་པའི་སྨོན་ལམ་འདེབས་ཀྱི་མེད་པ་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་སྙམས། སྨོན་ལམ་འདི་དེ་འདྲ་དགོས་པ་དང་རྒྱུ་མཚན་ཆེན་པོ་ཞིག་གི་སྐོང་འཚོགས་བྱེད་པ་ལ་འདི་ཕྱི་ཀུན་ཏུ་དོན་ཆེན་པོ་སྒྲུབ་པའི་ལམ་ཁ་མཐོང་ཐོས་དད་གསུམ་གྱིས་སྒོ་ནས་སུས་སྦྱིན་བདག་བྱེད་ཐུབ་པ་ལ་ཡི་རང་མེད་པར། མིང་དང་སྐད་གྲགས་བླུན་དད་ཁོ་ནས་གལ་སྲིད་སྒྲུབ་པ་ཡིན་པར་བསམ་ན། སྐད་གྲགས་དང་མིང་སྒྲུབ་སའི་སྟེགས་དེ་ནང་པ་སངས་རྒྱས་པ་ཕྱི་མ་དོན་དུ་གཉེར་བ་པོའི་ནང་དུ་གཏན་ནས་མེད་པར་སེམས། གྲགས་པ་གལ་སྲིད་སྒྲུབ་བསམ་ན་དེང་གི་དུས་སུ་དར་སྲོལ་ཆེ་ལ་མི་ཀུན་དགའ་མོས་བྱེད་ས། རྐང་རྩེད་པོ་ལུ། རྡོ་འབེན་དབྱུག་རྩེད་སོགས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་ཡོད་པ་ཤེས་ཤེས་གསལ་གསལ་དེ་ཚོ་ཡིན་པ་ལས་འདི་དང་འབྲེལ་བ་དེ་ཙམ་མེད་པར་སེམས། བོད་ཀྱི་སྲོག་ངོ་མ་ཤེས་ཡོན་དག་ནི་དེང་གི་དུས་སུ་དགོན་པ་ཁོ་ན་ལས། ཡོན་ཏན་ལ་ཕུ་ཐག་ཆོད་པ་གཞན་དུ་མེད་པ་གསལ་ཐིང་ཐིང་འདི་དག་ནི། སེར་མོ་བ་རྣམས་ཀྱི་སྡུག་དཀའ་ལས་ངལ་བ་འགྲོ་སོང་བཏང་ནས་བྱུང་བ་ཞིག་ལས་ཟ་ཉལ་ཁོ་ནས་མི་འབྱུང་བ་ཀུན་གྱིས་མཁྱེན་གསལ་ལ་གུས་པས་རྒྱས་བཤད་བྱེད་ཉན་མི་སྤྲོ། ཁྱོད་ཀྱིས། (ཀྱེ་མ་སངས་རྒྱས་ཀྱི་བསྟན་པ་དེ་འདུ་ལོང་ཁོ་ན་ལ་རེ། བསྟན་འགྲོའི་བྱ་བ་དེ་སྨོན་ལམ་ཁོ་ན་ལ་རེ། བོད་མི་རིགས་ཀྱི་ཕུགས་བསམ་དེ་སྨོན་ལམ་ཁོ་ན་ལ་རེ། རང་གཞན་འདི་ཕྱིའི་ལས་དོན་དེ་གསོལ་འདེབས་ཁོ་ན་ལ་རེ། དེ་ནི་དོན་དངོས་ལ་ཁ་གཏད་གཅོག་པ་དང་འགལ་བའི་བྱ་བ་ཐབས་སྐྱོ་བོ་ཞིག་རེད།) ཞེས་པ་འདི་ཚོ་ནི་མི་འདོད་པའི་ཞེ་འཁོན་སྐྱུར་མོ་ཁོག་ཏུ་ཉར་ནས་སེར་མོ་བ་ཡོངས་ལ་སྙད་བཙུག་པའི་ཚིག་ཁོ་ན་ཞིག་ཏུ་འདུག་པས། སེར་མོ་བས་བོད་དོན་བསམ་པ་བཞིན་བྱོས་དང་། མཐའ་དོན་ཁྱོད་ཀྱིས་སྨོན་ལམ་ལ་ཁ་གཡར་ནས་འགྲོ་གྲོན་ཚང་མ་ཕྲོ་བརླག་བསམ་པའི་ཞེ་འདོད་དེ་འདྲ་མི་འདོན་པར། བསམ་ཚུལ་དང་གནས་ཚུལ་སྤེལ་སྐབས་སུ་སྐྱ་སེར་བོད་མི་ཡོད་དོ་ཅོག་ཞེ་མི་ཁྲེལ་བར་རང་གཞན་ཕན་ཚུན་དཀྲུག་ཤིང་གི་རྒྱུ་མི་འགྲོ་བ་ཞིག་དགོས་ཀྱི་དྲན་ཚད་བཀོད་ཆེ་ན་བོད་མིའི་སྤྱི་ཚོགས་ལ་མི་ཕན་ཁར། ༧གོང་ས་ཡིད་བཞིན་ནོར་བུ་གཙོས་པའི་རིས་མེད་བསྟན་པ་འཛིན་པའི་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ཐུགས་ཁྲེལ་བ་མ་ཚད་རང་ངན་སོང་མུ་མཐའ་མེད་པའི་གནས་སུ། དོན་མེད་པར། མི་ཨི་དགའ། རང་གཅེར་རྒྱུག་བྱེད་པའི་སྡིག་ཆེན་པོ་གསོག་པ་ཡིན་པས་འདི་རིགས་ལ་དོག་མི་བཅུག་པར་ཀུན་གྱིས་ཡི་རང་དང་གཟབ་རོག་གནང་ཞེས་འབོད་བསྐུལ་ཞུ་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese