མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོང་ཚོས་བཟོད་པའི་གོ་ཁྲབ་གྱོན་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

རིགས་སློབ། རིན་ཆེན།

ང་ཚོའི་བོད་ལ་ཤིན་ཏུ་ནས་དྲག་བསྐྱེད་དཀའ་བའི་ནད་རྙིང་གཅིག་ཡོད་པ་ནི་གནད་དོན་ཆུང་ངུ་ཙམ་གྱིས་ནང་དམེ་རྒྱུན་མ་ཆད་པ་དེ་ཡིན། བོད་ས་ཁྱོན་ཡོངས་སུ་རྩ་ས་རྩོད་གླེང་དང་། རྐུན་ཅག་འཕྲོག་གསུམ། གཉེན་སྒྲིག་སོགས་ཀྱི་དོན་དུ་སྡེ་བ་ཕན་ཚུན་དང་ཕྱོགས་ཁག་ཕན་ཚུན་མི་སྒེར་ཕན་ཚུན་བར་དུ་འཁྲུག་འཛིང་ཤོར་ཏེ་རང་གི་བུ་ཤི་ན་ཕ་རྒན་ཡང་ཤི་ཞིང་རང་གི་ཚ་བོ་ཤི་ན་ཨ་ཁུ་ཡང་ཤི་བའི་གནས་ཚུལ་བྱུང་མྱོང་ཡོད་ལ། ས་ཆ་འགའ་ཞིག་ཏུ་ད་དུང་ཡང་གནས་ཚུལ་དེ་འདྲ་ཪིགས་མུ་མཐུད་དུ་འབྱུང་བཞིན་ཡོད། ལྷག་པར་དུ་ད་ལོ་བོད་ལ་སོང་བའི་ཕ་ཡུལ་ནས་གནས་ཚུལ་གོ་བ་ལྟར་ན་རང་རེའི་ལུང་པ་ཞིག་ཏུ་བོད་རིགས་དཔོན་པོ་ཞིག་གིས་སྒོར་ལ་ངོམས་ཏེ་སྤུན་ཟླ་དྲུག་བདུན་ཙམ་བསད་དེ་སྲོག་ཐོག་གི་ཉེས་པ་ཕོགས་པ་དང་། རང་གི་རྫོང་དུ་མི་བསད་འཕྲོག་བཅོམ་གྱིས་ལས་བྱས་ཏེ་འདུག་ས་མེད་པར་རྫོང་གཞན་དུ་གནས་སྤོ་མཁན་ཡང་མི་ཉུང་བ་ཞིག་ཡོད་རབས་འདུག འདིའི་སྐོར་རྩད་གཅོད་བྱེད་ཚེ་དོན་རྐྱེན་འབྱུང་གཞི་དངོས་ནི་རྒྱ་ནག་གཞུང་གིས་བོད་ལ་ཡར་རྒྱས་གཏོང་ཟེར་བའི་ཁྲོད་དུ་གནད་དོན་མང་པོ་ཞིག་འཕྲད་ཀྱིན་ཡོད་པའི་ནང་གི་གཅིག་ཡིན།

ལར་ནས་ང་ཚོ་བོད་ལ་དགྲ་འདུལ་གཉེན་སྐྱོང་ཞེས་པའི་སྐྱེས་པ་ཕོ་རྣམས་ལ་སློབ་གསོ་ཐེབས་པའི་ཚིག་ཅིག་ཡོད་ལ། གོ་དོན་ནི་རང་ཕྱོགས་སུ་དགྲ་ཚུར་བྱུང་བའམ་ཡང་ན་དགྲ་ཕར་འདུལ་བའི་ཚེ་འདུལ་མ་ཐུབ་པའམ་མ་ཕོད་ཚེ་དེ་ནི་སྐྱེས་པ་ཕོ་ཞིག་ཏུ་སྐྱེས་གོ་མ་ཆོད་པའམ་སྐྱེས་ཀྱང་སྐྱེས་དམན་ཞིག་གི་སྙིང་ལས་མི་འདུག་ཅེས་གྲོང་པ་ཁྱིམ་མཚེས་ཀུན་གྱིས་ཁྱོད་གྲལ་མགོ་ལ་ཡོད་ཚེ་མཇུག་གྲལ་དུ་ཕུད་ཅིང་གྲལ་མཇུག་ཏུ་ཡོད་ན་ཐག་རིང་ཞིག་ལ་རྒྱང་འཕེན་དུ་ བཏང་སྟེ་མཐོང་ཆུང་དང་གཉའ་གནོན་གྱི་བརྙས་བཅོས་བཟེད་དགོས་པ་ནི་དུས་ད་ལྟའང་བོད་རིགས་གང་མང་ཞིག་གི་ཤ་གསེང་རུས་གསེང་དུ་ལུས་དང་གྲིབ་མ་བཞིན་དུ་འཐིམས་ནས་ཡོད་པས། ངས་བསམ་པར་བོད་ལ་ནང་དམེ་དངོས་རྒྱུན་མ་ཆད་པར་འབྱུང་དགོས་དོན་ཡང་ཚིག་འདིའི་ནུས་པས་སློབ་གསོ་མི་ཉུང་བ་ཞིག་ཐེབས་ཡོད་པས་ཀྱང་ལོས་ཡིན་ལ། ཚིག་འདི་མི་ཞིག་གིས་བསྟན་བཅོས་ཤིག་ཏུ་རང་བཟོ་བྱས་ཏེ་བོད་རིགས་མི་མང་ཡོངས་ཀྱི་སེམས་ལ་བག་ཆགས་ཟབ་མོ་བཞག་སྟེ་བཙན་གྱིས་མི་ཆོས་ཀྱི་ཁ་ཕྱོགས་བསྒྱུར་ཡོད་མིན་བཤད་དཀའ་ཡང་། གེ་སར་ཞེས་པའི་ང་རྒྱལ་ཁྱོད་ཕམ་གྱི་ལྷ་སྒྲུང་ངམ་མི་ཆོས་ཀྱི་གཏམ་རྒྱུད་ཁ་རུལ་ཅན་དེ་བོད་རིགས་དམངས་ཁྲོད་དུ་དར་བ་ནས་ཚིག་འདིའི་ནུས་པ་སྔར་བས་སད་ཅིང་འཕེལ་ཏེ་ཏག་ཏག་གདོད་མའི་མི་རིགས་ཀྱི་གཤིས་ཀ་རྩུབ་མོ་འདི་མུ་ནས་མུ་རུ་རྒྱུད་སྤྲོད་དང་རྒྱུན་འཛིན་གྱིས་ལས་ལ་གཞོལ་ཏེ་ད་བར་དུ་དར་རྒྱས་བྱུང་ཡོད་པས། དངོས་གནས་དྲག་བསྐྱེད་ཤིན་ཏུ་འབྱུང་དཀའ་བའི་ནད་རྙིང་ཚབས་ཆེན་གཅིག་རེད། ཡིན་ན་ཡང་། ངས་འདི་ནས་ཚིག་འདིའི་འབྱུང་ཁུངས་དང་གོ་དོན་དངོས་ལ་དཔྱད་དེ་བོད་རིགས་ཕལ་ཆེ་བའི་གཤིས་ཀ་ལ་སྐྱོན་ཡོན་སུན་འབྱིན་རྒྱུ་མིན་པར། དེ་ལས་ལྡོག་སྟེ། ཉེ་ཆར་སུ་ཇཱ་སློབ་གྲཱའི་སློབ་མ་འདས་པོ་དེའི་སྤུན་མཆེད་སྐུ་ཞབས་རྣམས་ཀྱིས་བཟོད་བསྲན་ཆེ་བའི་སྤྱོད་ཚུལ་དེར་རང་ཉིད་ཀྱི་མྱོང་ཚོར་བཤད་རྒྱུ་ཡིན།

མ་གཞི་དེང་གི་སྤྱི་ཚོགས་སུ་རང་ངོས་དང་གཞན་ངོས་གཉིས་ཀ་ནས་གྲྭ་པ་ཞེས་པ་འདི་སྤྱི་ཚོགས་ཀྱི་ཁུར་པོ་ཞིག་ལ་འགྲེལ་བཤད་བརྒྱབ་སྟེ་མང་པོ་ཞིག་གིས་དེ་ལ་དགག་པ་དང་སུན་འབྱིན་བྱེད་ཅིང་། གྲྭ་པ་སྣང་བ་སྐྱིིད་པོ་འགའ་ཞིག་གིས་ཀྱང་དེ་ནི་དངོས་ཡོད་དུ་བསམ་སྟེ་གྲྭ་ཆས་དང་ཚུལ་ཁྲིམས་ཆོས་གོས་སོགས་ཐམས་ཅད་གཅིན་སྐྱག་བཞིན་དུ་དོར་ཏེ་གང་ས་གང་དུ་སྤྱི་ཚོགས་ཀྱི་ཁུར་པོ་གྲཱ་པ་ལས་ཀྱང་ལྕི་བའི་རྡོག་ཁྲེས་ཤིག་ཏུ་འགྱུར་བཞིན་པ་ནི་འགའ་ཞིག་གིས་བློ་ཡིད་དུ་མི་ཤོང་བ་ཞིག་ཡིན་སྲིད་ཀྱང་། ངས་ནི་དེ་ནི་ཆོས་ཉིད་ཅིག་ལས་མ་འདས་སྙམ་སྟེ་བཏང་སྙོམས་རང་གི་གནས་སུ་བཞག་རྐྱང་བྱེད་ཀྱིན་ཡོད་མོད། འོན་ཀྱང་ན་ནིང་འཇིགས་ཤིང་སྐྱི་གཡའ་བའི་ཡུལ་ཤུལ་གྱི་ས་ཡོམ་རྒུད་སྐྱོབ་ཁྲོད་དུ་ནམ་རྒྱུན་གུང་ཁྲན་ཏང་གིས་ང་ཚོའི་དམར་དམག་རྣམས་ནི་མི་མང་གི་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་ཡིན་ཞེས་དབུགས་འགག་འགག་བར་དུ་བཤད་པའི་མི་དེ་དག་ནི་གཞན་དག་རྒུད་པའི་གཡང་ནས་སྐྱོབ་རྒྱུ་ཕར་ཞོག་རང་ཉིད་ཀྱི་སྲོག་འཆོར་བའི་འཇིགས་སྐྲག་གིས་གང་ས་གང་དུ་བྲོས་ཏེ་སྣང་མེད་དུ་ལུས་སྐབས། ཤི་རོ་དང་རྨས་མ་རྣམས་ལ་རང་གི་སྲོག་བཞིན་དུ་གཅེས་ཤིང་ཕོངས་པའི་སྒོ་ནས་ཤི་འཐམས་རོ་འཐམས་ཀྱིས་རྒུད་སྐྱོབ་ཀྱི་བྱ་བ་རྩོམ་མཁན་རྣམས་ནི་དཱངས་གཙང་ལྷད་མེད་ཀྱི་གཞན་དོན་ལྷུན་ལེན་པའི་སྐུ་ཞབས་མགོ་རིལ་ཚོ་ཡིན་པར་མཐོང་དུས་རང་རེའི་བོད་ལ་རང་དོན་ལས་གཞན་དོན་གཙིགས་སུ་བཟུང་བའི་ཁྱད་འཕགས་ཀྱི་སྲོལ་རྒྱུན་ཡོད་པ་འགའ་ཞིག་ལ་དངོས་སུ་ར་འཕྲོད་བྱུང་ཡོད་པ་སྨོས་ཅི་དགོས།

འདི་ནི་ཁོང་ཚོས་ཚེ་འདི་བློས་བཏང་གིས་འབྲོག་དགོན་པའི་ཡུལ་དུ་གནས་བཅས་ཏེ་ཤཀྱཱ་ཐུབ་པའི་མི་ཚེའི་མྱོང་ཚོར་ལ་གོ་བ་ཟབ་མོ་ལོན་ཡོད་པའི་རྟགས་ཡིན་ལ། འདི་ནི་གཞན་གྱིས་འགྲམ་མཆུ་ཤོར་སའི་རིག་གཞུང་འདིའི་གསང་བའི་སྒྱུ་རྩལ་གྱི་མཛེས་ཤིང་སྡུག་པའི་རི་མོ་རྣམས་ང་དང་ངའི་མ་གཏོགས་བསམ་དུ་མེད་པའི་འཛམ་གླིང་མི་མང་ཡོངས་ཀྱི་མིག་མདུན་དུ་མིག་དཔེར་འོས་པའི་འགྲེམ་སྟོན་ཐེངས་གཅིག་བྱས་པའམ་ཡིན། ལྷག་པར་དུ་དེང་སང་གི་འཇིག་རྟེན་འདི་ནི་ཆོས་ལུགས་དང་མི་རིགས་ཁ་ལ་འཁྱེར་ཏེ་གང་ས་གང་དུ་དྲག་སྤྱོད་པའི་དམག་འཁྲུག་གི་གཡུལ་སར་གྱུར་ཡོད་ལ། སྔ་ཕྱི་ཙམ་མ་གཏོགས་ས་ཆ་དང་སྐྱེ་འགྲོ་ཀུན་སྡེབ་གཅིག་ཏུ་ཐལ་བར་བརླག་སྲིད་པའི་འབམ་ཞེས་པའི་མཚོན་ཆ་ཆེས་འཇིགས་སྐྲག་སྐྱེ་ཡུལ་དེའི་དབང་འོག་ཏུ་ལྷུང་སྲིད་པ་ལྷ་དང་བླ་མའི་ལུང་བསྟན་ཡོད་མེད་ཅི་ལྟར་ཡང་ཚོད་དཔག་བྱེད་ཐུབ་པ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཉེ་ཆར་འཛམ་གླིང་གི་ཞི་བདེའི་རྒྱལ་ཁབ་ཏུ་གྲགས་པ་འབར་བའི་ནོ་ཝེ་རུ་མི་གཅིག་གིས་མེ་མདའ་བརྒྱབ་ཏེ་ཉེས་མེད་མི་གྲངས་དྲུག་ཅུ་ཡས་མས་ཤིག་རྐྱེན་ལམ་དུ་བཏང་བ་ང་ཚོས་མཐོང་མེད་ནའང་གོ་ཡོད་པ་རེད། ད་དུང་སྒེར་གྱི་དབང་ཆ་བདག་བཟུང་བྱ་ཕྱིར་ཏུ་མི་སེར་སྟོང་ཕྲག་དུ་མ་ཉིན་རེ་བཞིན་དུ་དམར་གསོད་བྱེད་བཞིན་པ་ཁ་སིང་དེ་རིང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡང་ཡང་བསྟན་དང་སྟོན་བཞིན་འདུག་པ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད།

 འདི་དག་ཐམས་ཅད་མཐར་གཏུགས་ན་ང་དང་ངའི་ཞེས་པའི་འདུ་ཤེས་དྲག་པོ་དེས་བཟི་སྟེ་མགོ་རྨོངས་ཀྱིན་ཡོད་པ་ཐག་བཅད་ནས་བཤད་ཐུབ། དུས་སྐབས་འདི་འདྲ་ཞིག་ལ་གདན་ས་ཆེན་མོ་སེ་རའི་སྐུ་ཞབས་དེ་ཚོས་རང་གི་སྤུན་མཆེད་གཞན་གྱིས་རྐྱེན་ལམ་དུ་བཏང་བ་ལ་ཤིན་ཏུ་ནས་ཡིད་སྐྱོ་ཞིང་གནོང་འགྱོད་དྲག་པོ་ཡོད་པ་ལ་མ་བལྟས་པར་ཆེ་ས་ནས་བཤད་ན་རང་ལས་གཞན་གལ་ཆེ་ཞིང་། ཤི་བ་ལས་གསོན་པོར་འགངས་ཆེན་དུ་མཐོང་སྟེ་སྙིང་རྗེ་ཞིང་ཤ་ཚ་བ་དང་། ཆུང་ས་ནས་བཤད་ན་ཁོང་གཉིས་ཀྱང་རང་གི་གཅུང་པོ་འདས་པོ་དང་འདྲ་བར་རང་ཉིད་ཀྱི་ཤ་ཁྲག་ རུས་གསུམ་དང་འབྲེལ་ཞིང་སློབ་མ་གཞན་དང་འདྲ་བར་མི་རིགས་ཉམས་ཐག་པ་འདིའི་མ་འོངས་པའི་སྲོག་རྩ་དང་། རང་དབང་སླར་གསོ་ཡི་སྒྲོན་མེ། རང་ཡུལ་ཕ་མ་གཉིས་ཀྱི་སྙིང་གི་ཟུང་ཁྲག་དང་གཅེས་པའི་སྲོག་ཡིན་པས། ཁོང་གཉིས་ལ་མི་སྟོང་འཇལ་དུ་བཅུག་པ་དང། རྒྱ་གར་བའི་ཁྲིམས་འོག་ཏུ་བཙིར་བ། སློབ་གྲྭ་ནས་རྩ་དགོངས་ཞུ་རུ་བཅུག་པ་སོགས་ཀྱི་ཐ་ཤུལ་གྱི་སྤྱོད་ངན་མཐའ་དག་རྩ་བ་ནས་སྤངས་ཏེ་ཐ་ན་ཁོང་ཁྲོའི་རྣམ་འགྱུར་ཙམ་ཡང་མ་བསྟན་པ་ནི་དངོས་གནས་སྐུ་ཞབས་ཁོང་ཚོས་བཟོད་པའི་གོ་ཁྲབ་གྱོན་པ་མིན་ན་ཅི་ཞིག་ཡིན།

འདི་ནི་མི་ལོ་གཅིག་སྟོང་ལྷག་གི་གོང་དུ་སྲོང་བཙན་སྒམ་པོས་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་རྒྱ་གར་ནས་ཚུར་བླངས་པའི་རིག་གཞུང་གཏིང་ཟབ་མོ་དེའི་བཟོད་པའི་ཉམས་ལེན་དངོས་དང་། མི་རིགས་འདིའི་ཡ་རབས་གཞུང་དྲང་གི་སྤྱོད་ཚུལ་དངོས་དེ་ཡིན་ལ། ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཨ་མ་ཊི་རཱ་ས་ཡིས “མི་སྒེར་རེས་རང་ཉིད་ཀྱི་སྒོ་འགྲམ་དེ་གཙང་ཕྱག་བྱས་ན་འཛམ་གླིང་ཧྲིལ་པོའི་ཁོར་ཡུག་བག་གཙང་དུ་འགྱུར་གྱིན་རེད”ཅེས་གསུངས་པ་ལྟར། ངས་ཀྱང་མི་སྒེར་རེ་རེས་བཟོད་པའི་གོ་ཁྲབ་རེ་གྱོན་ན་འཛམ་གླིང་འདི་ཞི་བདེའི་ཁོར་ཡུག་ཅིག་ཏུ་འགྱུར་ཐུབ་ཅེས་ཀྱང་སྨོས་སོ། །

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 11

  1. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཧཧ་་་བཟོད་པའི་གོ་ཁྲབ་གྱོན་མཁན་ཚོ་དུག་སྦྲང་གི་མཚོན་གྱིས་འབུགས་རབས་འདུག་

    Reply
  2. དབང་འདུས། says:
    ལོ་ 14 སྔོན།

    ཁ་བདེ་མགོ་བདེ་རང་རེད། དངོས་ཡོད་གནས་ཚུལ་མ་ཤེས་པར་ཁ་མང་ཐག་ཆོད་བརྡར་ག་བྱས།
    ཁྲིམས་མི་དམངས་ཀྱིས་བཟོས་པ་མ་གཏོགས། མི་དམངས་ཁྲིམས་ཀྱིས་བཟོས་མེད། གནས་ཚུལ་ལ་མི་དམངས་ནང་འཁུལ་ ཐག་ཆོད་པ་གཅིག་དང་མ་ཆོད་པ་གཅིག་སྟེ་གཉིས་ཡོད་པ་རེད། ནང་འཁུལ་ལ་ཐག་ཆོད་ཐབས་བྲལ་བ་ཁ་བདེ་མགོ་བདེ་ཁྱེད་རང་ལྟ་བུ་མི་གཉིས་བར་གྱི་གནས་ཚུལ་རིགས་ཁྲིམས་ཐོག་ནས་ཐག་གཅོད་དགོས། གནས་ལུགས་འདི་འདྲ་ཡིན་པ་རེད། གྲོགས་མཆོག་ལགས།
    ད་ནས་ཁ་དང་མགོ་བརྡར་བ་ལས་ཀླད་པ་ཏོག་ཙམ་བརྡར་ཐུབ་ན་སྤྱི་ཚོགས་འཛུགས་སྐྲུན་ཡོང་རྐྱང་རེད། ད་ཡིན་ན། བཀྲིས་བདེ་ལེགས་ཡིན་ཏ།

    Reply
  3. ཁ་བདེ་མགོ་བདེ། says:
    ལོ་ 14 སྔོན།

    ཉེས་ཅན་ལ་གུ་ཡངས་དང་བཟོད་སྒོམ་བྱེད་པ་ནི། དོན་གྱིས་མི་མང་གི་བདེ་འཇགས་ལ་གཏོར་བཤིག་བཏང་བ་རེད།
    ནག་ཉེས་ཡོད་ཚད་བྱམ་སེམས་དང་བཟོད་སྒོམ་ཐེངས་གཅིག་གིས་ཐག་ཆོད་ན་ཁྲིམས་བཟོས་པས་ཅི་བྱེད་དམ

    Reply
  4. ཁ་བ་སྐམ་པོ། says:
    ལོ་ 14 སྔོན།

    ཧ་ཅང་ཐལ་ཆེ་བའི་མྱི་གསོད་ཁྲག་སྦྱོར།།
    ཨ་སྔོན་དབྱིངས་ལྟ་བུར་སྟོང་བར་བསྐྱུར་སོང་།།
    ཡ་རབས་མྱི་ཞིག་གི་ལྟ་བ་ཞིག་དང་།།
    འ་ཅག་གློས་ཡིན་པའི་གཤིས་ཀྱང་མངོན་འདུག།

    ཟ་འཐུང་ཆེད་དུ་ཡང་རྒྱག་རེས་བྱེད་ལ།།
    ཞྭ་གོས་དོན་དུ་ཡང་གཏུབ་རྐྱང་བྱེད་མོད།།
    ས་མཐའི་ཉམ་ཆུང་གི་ཚེ་སྲོག་ཞིག་ལ།།
    ཤ་ཉེ་དེ་ཚོ་ཡང་གཏོང་ཕོད་ཆེ་བ།།

    ལུང་བ་ཆུང་ཆུང་གི་རིགས་རུས་རྩོད་ཞིང་།།
    རི་ལུང་ཐང་གསུམ་གྱི་རྩྭ་ཆུ་རྩོད་ཀྱང་།།
    ཝ་ལེར་ཚེ་སྲོག་གི་གཟུང་ཐག་འདི་ནི།།
    ཛ་དྲག་གྱོད་ཞིག་ཏུ་མི་བརྩི་ཅི་ཡིན།།

    ཚ་བ་ཅུང་ཆེ་བའི་རྒྱ་གར་བྱང་ཕྱོགས།།
    ཙ་རི་བོད་ཡུལ་ལས་རིང་དུ་བསྐལ་ཞིང་།།
    མ་དང་རྒྱང་བྲལ་དུ་གྱུར་བའི་གཞོན་ནུ།།
    བ་མོའི་ལྕི་བ་ལྟར་གཡུག་ན་ཕངས་ཀི།

    ཕ་ལོའི་གཅེས་ཕྲུག་གི་རུས་རྐང་དུམ་བུ།།
    པ་སངས་གངས་རི་དང་གཏན་དུ་བྲལ་ཅིང་།།
    ད་དུང་དམངས་གཙོ་ཡི་སྒྲིག་འཛུག་འདི་ལ།།
    ན་རྒྱུ་ཚ་རྒྱུ་ཞིག་མེད་པ་ཅི་རེད།།

    ཐ་མལ་གཞོན་ནུ་ངའི་གློས་འདང་ཞིག་ལ།།
    ཏ་ཀུ་ལོ་ལོན་གྱི་རྟེན་ས་བཅག་འདུག།།
    ཉ་མོ་འཁྱུག་འཁྱུག་གི་གསར་བུ་བསད་འདུག།།
    ཇ་དང་ཁ་བཏགས་ཞིག་ཕྱིན་རུང་མི་ལེན།།

    ཆ་མེད་རྒྱ་གར་གྱི་ཁྲིམས་ལ་སྦྱར་ཞིང་།།
    ཅི་ལྟར་ཐག་གཅོད་ལ་ཞེ་སྒུག་བྱེད་རྒྱུ།།
    ང་ཡི་འདོད་པ་དང་གནས་ལུགས་ངོ་མ།།
    གང་ནས་བལྟས་ན་ཡང་འདི་རེད་འདོད་ཀི།

    ཁ་ནས་གང་བཤད་དང་ཞེ་བློ་ཟེར་བ།།
    ཀ་དག་གཉུག་གཤིས་ལས་དྲངས་ནས་ཐལ་ལོ།།
    གནའ་ནས་ངན་ལངས་དང་སྐྱག་ལངས་ཤོར་བས།།
    ང་ཚོའི་མི་རིགས་འདིའི་ཁྲིམས་མེད་ལུགས་འདིར།།

    བསྟོད་བའི་མཐེ་བོང་ཞིག་སྒྲེང་རྒྱུ་ཕར་ཞོག།།
    སྐྱོ་བའི་དངན་པ་ཞིག་དབང་མེད་ཤོར་ཐལ།
    ཤི་བོའི་དགེ་རྩར་ཞེས་བསྔོ་རྒྱུ་མེད་ཀྱང་།།
    ཟོལ་མེད་ངག་ཀྱལ་ཞིག་ངག་ནས་ཤོར་སོང་།།

    རང་རིགས་གཞོན་ནུ་འདས་པོ་མཁྱེན་རབ་འོད་ཟེར་ལ་དགེ་རྩར་བཏེགས།

    Reply
  5. གླག་སྨྱོན། says:
    ལོ་ 14 སྔོན།

    ངས་མཐོང་བའི་འབྲོག་དགོན་པ་ནི་། ལེགས་བཤད་གསེར་ཕྲེང་ལས། འདིར་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤི་མཐོ་ལ་བརླིང་པས་ངོས་ཀུན་ནས་བསྐོར་ཅིང་། མ་རིག་པའི་མུན་པ་སྟུག་པོ་ཅན་ལྟ་བ་ངན་པ་སྣ་ཚོགས་པས་འཁྲི་ཤིང་གི་ཐར་བའི་ལམ་བསྒྲིབས་ལ། ཕྲ་རྒྱས་ཀྱི་དུག་གི་ལྗོན་ཤིང་སྡུག་བསྔལ་གྱི་འབྲས་བུ་ཡིད་དུ་མི་འོང་བ་སྟེར་བས་དཀྲིགས་པ། སྲེད་པའི་ཆུ་ཀླུང་གི་འོབས་ཆེན་པོས་ཡོངས་སུ་འཁྱུད་པ་འཁོར་བའི་འབྲོག་དགོན་པ་ཆེན་པོ་ལས་ལུས་ཅན་མཐའ་དག་བསྒྲལ་ཏེ། ཞེས་དང་། གཞན་ཡང་རྗེ་བླ་མའི་ལེགས་བྲིས་མ་ལས། བརྟུལ་ཞུགས་དམན་པའི་འབྲོག་དགོན་འཇིགས་རུང་དང་། ། རྟག་ཆད་མྱ་ངམ་ཐང་ལ་རབ་རྒྱུ་ཞིང་། །ཕན་བདེའི་གྲོང་དང་དགོན་པ་ཀུན་འཇོམས་པའི།། ལྟ་ངན་རྐུན་པོའི་འཇིགས་པ་སྐྱབས་དུ་གསོལ།། ཞེས་པ་ལྟར་ཁས་བླང་ན་སྐྱོན་མི་འདུ་སྙམ། དགོན་པ་ཞེས་པའི་གོ་དོན་ནི་སྔོན་མར་ལུང་དྲངས་ཟིན་ལྟར་ཡིན། གོང་གི་གསེར་པྲེང་གི་ལུང་དེས་ནི་འཁོར་བ་ཁྱད་ཆོས་ལྔ་ལྡན་དུ་དཔེ་དང་དཔེ་ཅན་གཉིས་ཀྱི་སྒོ་ནས་བསྟན་པ་ཕར་ཕྱིན་པ་རྣམས་ལ་ཡོངས་གྲགས་ཡིན། ཁྱོད་ཀྱིས་ཞིབ་ཏུ་ཀློག་རོགས།

    Reply
  6. དབང་འདུས། says:
    ལོ་ 14 སྔོན།

    དགེ་བཤེས་རྣམ་པ་ཚོས་དངོས་གནས་མིག་ལྟོས་བཟང་པོ་ཞེ་དྲག་བསྟོན་གནང་ཤག མི་རྣམ་དཔྱོད་ལྡན་པའི་བྱེད་ལུགས་དེ་ག་རང་རེད།
    འཇིག་རྟེན་ལ་གནས་ཀྱང་འཇིག་རྟེན་གྱི་གནས་ལུགས་མ་ཤེས་པའི་མིའི་བྱེད་སྟངས་དངོས་གནས་དྲང་གནས་ཐབས་སྡུག་ཐབས་སྡུག་རེད་ཤག ལྟོས་དང་བཀྲིས་སྒང་ལ་གནས་ཚུལ་ཐབས་ཆག་ག་འདྲ་ཞིག་འབྱུང་མིན་འདུག མི་ཆོས་མེད་ན་དེ་ལྟར་ཡོང་རྒྱུ་ཆོས་ཉིད་རེད།
    དྲ་གྲོགས་ལྷན་རྒྱས་ཚོས་ཀྱང་རྒྱུན་དུ་མི་ཆོས་ལ་གནས་དགོས་རྒྱུ་ཧ་ཅང་གལ་ཆེ། ཤེས་མ་གཏོགས་གནས་ཚུལ་སྐྱུར་མོ་གཅིག་དང་འཕྲད་དུས་ཁྱེད་རང་གིས་ཀྱང་ག་རེ་བྱེད་འགྲོ་ཡོད་འགྲོ་ཤེས་ཚོད་ཐིག་གི་མ་རེད་ད།

    Reply
  7. འཇམ་ཚུལ། says:
    ལོ་ 14 སྔོན།

    རིགས་སློབ་རིན་ཆེན་ལགས། བསམ་ཚུལ་ལ་རྒྱབ་སྐྱོར་ཡི་རང་ཡོད།
    གླག་སྨྱོན་ལགས། ཁྱོད་ཀྱིས་བཤད་པ་ལྟར་གྱི་འབྲོག་དགོན་པ་ཞེས་པའི་གོ་དོན་ཞིག་གང་དུ་གསལ། ཁོངས་ཤིག་སྟོན་དང་།
    ངས་མཐོང་བའི་༼འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་༽ ལས་འདི་ལྟར་གསུངས་འདུག འབྲོག་དགོན་པ་ནི་གྲོང་ལས་འདོམ་ལྔ་བརྒྱས་ཐག་རིང་བ་ལ་དགོན་པ་དང་། དེ་ལས་ཀྱང་ཐག་རིང་བ་ལ་འབྲོག་དགོན་པ་ཟེར། ཞེས་གསུངས་པ་ཙམ་ལས་ཁྱོད་ཀྱིས་འདོད་པ་ལྟར་འཇིགས་སུ་རུང་བའི་གནས་ཤིག་ཡིན་པའི་འགྲེལ་བཤད་མི་འདུག ཁོངས་མེད་ན་སྐྱོན་བརྗོད་ཀྱི་སྨྲ་བ་ཉུང་ན་མཛེས་སོ།

    Reply
  8. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བོད་ནང་དུ་མི་བསད་དོན་རྐྱེན་གྱི་གནས་ཚུལ་ནི་རྒྱུན་ཆད་མེད་པ་རེད། དགོན་པ་དང་མི་སྐྱའི་སྤྱི་ཚོགས་གཉིས་ཀ་གཅིག་མཚུངས་རེད། ངོ་མ། བོད་ཆོས་ལྡན་གྱི་ཞིང་གི་ནང་ལ་མི་ཆོས་ལོག་གི་བྱ་སྤྱོད་དེ་འདྲ་སྤེལ་བ་ནི་ངོ་མ་གོ་ལྡོག་པའི་གནས་སྟངས་རང་རེད། དེ་ལས་ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ཞེ་དྲག་དྲག་པར་མཐོང་། གཅིག་བྱས་ན། ༸གཙོ་བོ་གོང་ས་མཆོག་གི་དུས་ནས་དུས་སུ་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱའི་ཕན་འབྲས་ཡིན་ཤས་ཆེ།

    Reply
  9. གླག་སྨྱོན། says:
    ལོ་ 14 སྔོན།

    སྤྱིར་ཁྱོད་ཀྱིས་བསམ་ཚུལ་བྲིས་པ་ཧ་ཅང་བཟང་གི འོན་ཀྱང་ཁྱེད་ཀྱིས་འབྲོག་དགོན་པ་ཞེས་པའི་ཐ་སྙེད་འདི་བེད་སྤྱད་གཏོང་སར་ཅུང་ནོར་འདུག འབྲོག་དགོན་པ་ཞེས་པ་ནི་ཧ་ཅང་གནས་འཇིགས་སུ་རུང་བ་སྟེ། སྟག་གཟིག་དམ་དྲད་སོགས་མི་སྲིན་གདུག་པ་ཅན་དག་གི་གནས་ལ་གོ་དགོས། ཁྱོད་ཀྱང་ཁག་མེད་དེ་སྔོན་མ་གདན་སའི་ལྷ་རམ་པ་སྐད་གྲགས་ཅན་ཞིག་གིས་ཀྱང་ཁྱོད་ལྟར་གོ་བ་བླངས་འདུག་པས་སོ། དེ་ཡང་དགོན་པའི་གོ་དོན་ནི། སློབ་དཔོན་སེང་བཟང་གི མདོ་བསྡུད་པའི་འབྲེལ་བ་ལས། གྲོང་ལས་རྒྱང་གྲགས་གཅིག་གི་མཚམས་སུ་ཡོད་པས་ན་དགོན་པའོ། ཞེས་གསུང་བར་ལྟར་ཡིན་ནོ།

    Reply
  10. ཅང་མེད། says:
    ལོ་ 14 སྔོན།

    རིན་ཆེན་ལགས་ཡག་པོ་རེད་བལྟ་རིན་འདུག
    ང་དང་ང་ལྟ་བུའི་གང་ཟག་འགའ་ཞིག་གི་སེམས་ལ་གང་ཤར་དང་ཁ་ལ་ཅི་ཡོང་བཤད་ན་་་་་ཡ་ང་བའི་ང་ཚོའི་སྤྱི་ཚོགས་ལ་ཕན་པ་ལས་གནོད་པའི་ཆེ་འདུག་སམ།

    Reply
  11. སྦྲང་ཆར། says:
    ལོ་ 14 སྔོན།

    རིགས་སློབ། རིན་ཆེན་ཁོང་གསུངས་ལ་ཡི་རང་ཡོད།
    དགེ་འདུན་བཟོད་པའི་རང་བཞིན་ཞེས་པའི་དཔེ་ལྟར་ད་ཐེངས་དགེ་འདུན་པ་དེ་ཚོའི་སྐད་གྲགས་བཞགས་སོང་།
    སྤྱིར་ཚོགས་སྡེ་ཕན་ཚུན་དང་། ལུང་ཚན་ཕན་ཚུན་བར་ལ་ཁ་བཏངས་ན་ཡག་པོ་ཡོད་པ་མ་རེད། ལྷག་པར་ཏུ་ཆོས་ལུགས་ཕན་ཚུན། སྐྱ་སེར་ཕན་ཚུན་བར་ལ་ཁ་བཏང་ན་ཚད་ཞིག་ལ་ཆོས་ལ་གཏན་ནས་དད་པ་མེད་མཁན་ཞིག་ཡིན་ན་མ་གཏོགས་ཁྲེལ་མེད་ལུགས་མེད་ཆགས་འགྲོ་ནི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese