མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་ཕྱག་རོཊ་བཀའ་བློན་ ༦ ལ་སྤྱི་མོས་ཐོབ་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཕྱག་རོགས་བཀའ་བློན་ ༦ གསར་དུ་བསྐོ་བཞག་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ དང་སྐར་མ་ ༤༠ ཐོག་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་ལ། ཉིན་དང་པོའི་ཚོགས་འདུ་དབུ་འཛུགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་གཙོའི་གཏམ་བཤད་གནང་གྲུབ་རྗེས་ཀྱི་ཆུ་ཚོད་ ༡༡ སྟེང་། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མི་བཅའ་ཁྲིམས་གཞིར་བཟུང་ཕྱག་རོགས་བཀའ་བློན་དྲུག་མིང་འདོན་གནང་སོང་། ཐེངས་འདིར་བཀའ་ཁྲི་མཆོག་གིས་མིང་འདོན་གནང་བའི་བཀའ་བློན་དག་ནི། དེ་སྔའི་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། དེ་སྔའི་དཔལ་འབྱོར་བཀའ་ཟུར་ཚེ་རིང་དོན་འགྲུབ་མཆོག བཀའ་ཟུར་པདྨ་ཆོས་འབྱོར་མཆོག དེ་སྔའི་སྤྱི་འཐུས་ཚོགས་གཞོན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག སྐབས་བཅོ་ལྔ་པའི་བྱང་ཨ་རིའི་སྤྱི་འཐུས་བདེ་སྐྱིད་ཆོས་དབྱངས་ལགས། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་ཕྱི་ལུགས་སྨན་པ་ཚེ་རིང་དབང་ཕྱུག་ལགས་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་གནང་སོང་།

 

ཐེངས་འདིར་བཀའ་ཁྲི་མཆོག་གིས་གསལ་བསྒྲགས་གནང་བའི་བཀའ་བློན་གྱི་འོས་མིའི་ལོ་རྒྱུས་ནང་བཀོད་པ་ལྟར་ན།

བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ཕྱི་ལོ་ ༡༩༥༦ ལོར་སྐུ་འཁྲུངས་ཤིང་། མཐོ་སློབ་(B.A)ཐོན་རྗེས་ ༡༩༧༧ ནས་གཞུང་ཞབས་ཞུས་ཏེ་ ༡༩༩༣ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ཕྱག་ལས་གནང་མུས་ཐོག  ༢༠༠༧ ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་འོས་ཐོན་གྱིས་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས་ཡོད། 

 

བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ཕྱི་ལོ་ ༡༩༦༠ ལོར་སྐུ་འཁྲུངས་ཤིང་། སློབ་སྦྱོང་ (M Com)ཐོན་རྗེས་ ༡༩༨༤ ནས་གཞུང་ཞབས་ཞུས་ཏེ་ ༢༠༠༠ ནས་དྲུང་ཆེའི་གནས་རིམ་ཐོག་ཤེས་རིག་དང་ནང་སྲིད་དྲུང་ཆེ་གནང་། ༢༠༠༧ ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་འོས་ཐོན་གྱིས་དཔལ་འབྱོར་བཀའ་བློན་གྱི་མཛད་འགན་བཞེས་ཡོད།

 

བཀའ་བློན་པདྨ་ཆོས་འབྱོར་མཆོག་ཕྱི་ལོ་ ༡༩༤༥ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་རྗེས། ༡༩༦༤ ནས་ ༡༩༨༤ བར་ཅན་དྷི་གྷར་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཨེ་ཤ་ཡའི་རིག་གནས་སྡེ་ཚན་ནང་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་ལོ་རྒྱུས་ཀྱི་སློབ་ཁྲིད་གནང་། ༡༩༧༢ ལོར་ཅན་དྷི་གྷར་ས་གནས་གཞོན་ནུ་གསར་འཛུགས་ཀྱིས་སྐབས་བཞི་རིང་ས་གནས་གཙོ་དང་། ༡༩༧༤ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས། ༡༩༩༢ དང་ ༡༩༩༦ ལོར་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན། ༡༩༩༧ ནས་ ༢༠༠༡ བར་སྐབས་བཅུ་གཅིག་པའི་བཀའ་ཤག་ཏུ་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཅས་བཞེས་ཡོད། 

 

བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ལོ་ ༡༩༦༤ ལོར་སྐུ་འཁྲུངས་ཤིང་།  ༡༩༨༤ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བུད་མེད་སྡེ་ཙན་གྱི་འགན་འཁུར་བ་བསྐོ་བཞག་དང་། ༡༩༨༦ ལོར་བོད་ཀྱི་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་པར་འོས་འདེམས་ཐོག་རིག་གཞུང་འགན་འཛིན། ༡༩༨༩ ལོར་བསྐྱར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས་ཀྱིས་དྲིལ་བསྒྲགས་འགན་འཛིན་དང་དེའི་རྗེས་སུ་ཟུང་འབྲེལ་དྲུང་ཆེའི་མཚན་གནས་བཞེས། ཕྱི་ལོ་ ༡༩༩༡  ༡༩༩༦  ༢༠༠༡  ༢༠༠༦ བཅས་བསྟུད་མར་སྐབས་བཞིའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན་གྱིས་ཐེངས་ ༣ རིང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོན་གྱི་མཛད་འགན་བཅས་བཞེས་ཡོད།

 

བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕྱི་ལོ་ ༡༩༦༦ ལོར་སྐུ་འཁྲུངས་ཤིང་།  ༡༩༧༡ ལོར་རྒྱ་གར་ནས་ཁེ་ན་ཌར་གཞིས་སྤོས་གནང་། དེར་དབུས་ཨེ་ཤ་ཡ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་རིག་གནས་ཐོག་ (M.A)ཐོན་རྗེས། ༡༩༩༠ ལོར་བོད་མི་ཨ་རིར་(Connecticut, USA) གཞིས་སྤོས་ཀྱི་ལས་གཞིར་ཞབས་ཞུ་གནང་། ༡༩༩༩ ནས་ ༢༠༠༣ བར་ཨ་རི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་འཆར་འོག་བོད་ནང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིའི་འགན་འཁུར་བ་དང་། (Pepperidge Farm Inc.) དང་(Canada World Youth)་ཞེས་པའི་སྒྲིག་འཛུགས་ཁག་ནང་མི་མང་འབྲེལ་མཐུད་པ། ད་ལྟའི་ཆར་མོན་ཀྲེ་ཡོལ་མཐོ་རིམ་སློབ་གྲྭ་ཆེན་མོའི་ཁེ་སྒོར་ས་ཡ་ ༢༠༠༠ ལྷག་གི་སྨན་ཁང་གསར་རྒྱག་གི་ལས་གཞི་རྒྱ་ཆེ་ཞིག་འགྲོ་བཞིན་ཡོད་པ་དེའི་འབྲེལ་མཐུད་པའི་མཚན་གནས་བཅས་བཞེས་མུས་ཡིན།

 

བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཕྱི་ལོ་ ༡༩༧༤ ལོར་སྐུ་འཁྲུངས་ཤིང་། ༡༩༩༣ ལོར་གཞི་རིམ་སློབ་ཐོན་རྗེས་ ༡༩༩༤ ལོར་ཤེས་རིག་ལས་ཁུངས་ཀྱི་སྨན་སློབ་ཁོངས་སུ་འདེམས་ཐོན་བྱུང་སྟེ་པོ་ལེན་ཊའི་རྒྱལ་ས་ཝར་སོར་དམིགས་བསལ་སྨན་གྱི་མཐོ་སློབ་ཁང་དུ་སྨན་པའི་སློབ་སྦྱོང་དང་། ཟབ་སྦྱོང་། ཉམས་མྱོང་བཅས་མཐར་ཕྱིན་ནས་ ༢༠༠༣ ལོར་ཆེ་བསྟོད་ལག་འཁྱེར་ཐོབ།  སློབ་སྦྱོང་མཐར་སོན་རྗེས་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་ ༢༠༠༣ ནས་༢༠༠༨ བར་འཕྲོད་བསྟེན་ཁྱབ་ཁོངས་ཨོ་རི་ས་ཕུན་ཚོགས་གླིང་སྨན་བླ་སྨན་ཁང་གི་སྨན་པ་དང་། ༢༠༠༨ ནས་ ༢༠༠༩ བར་རྡོ་རྗེ་གླིང་སྐྱབས་བཅོལ་བོད་མིའི་རང་སྐྱོབས་སྨན་ཁང་གི་འགན་འཛིན་དང་སྨན་པ་གཅིག་ལྕོགས། ༢༠༠༩ ནས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྨན་པའི་ལས་འགན་བཅས་ཞུ་མུས་ཡིན། ཅེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 76

  1. ཤེས་རབ་འབྱུང་གནས། says:
    ལོ་ 14 སྔོན།

    བདེན་གི   བློ་སེང་ཐོག་མར་བཀའ་ཁྲིའི་འོས་མིར་ལངས་དུས་ནས་དེ་རིང་བར་རྫུན་རྐྱང་རྐྱང་བཤད་ནས་ཡོང་བ་རེད།   
    དེ་རིང་ཡང་རྫུན་སྐུབ་གཅིག་བརྡོལ་བ་རེད།   བཀའ་བློན་ལས་རོགས་རྣམས་ཀྱི་ནང་གསར་འབྱོར་བ་མི་འདུག་ཀ   བཀའ་བློན་ལས་རོགས་རྣམས་ཀྱི་ཁྲོད་གསར་འབྱོར་ཡོད་མེད་འདི་སྤྱིར་བཏང་གནད་དོན་ཞིག་མིན་མོད།   འདི་ཁོ་རང་གི་ཁས་ལེན་རེད།  དམ་བཅའ་རེད།   ལས་ཀ་མགོ་བཙུགས་མ་ཐག་རྫུན་གྱི་རྔ་མ་འདོམས་གང་སྐྱེས་ཡོད་པ་མང་ཚོགས་ལ་བསྟན་པ་རེད།   རྫུན་རྐྱང་རྐྱང་བཤད་ནས་བོད་དོན་ཅི་ལྟར་སྒྲུབ་རྒྱུ་ཡིན་ནམ།   ཐ་ན་ལོ་ལྔ་ལ་ཡང་བཀའ་ཁྲིའི་སྐུབ་སྟེགས་ཐོག་སྡོད་ཐུབ་བམ།

    Reply
  2. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །ཅོག་རི་ཉི་མ་ལགས། ད་ང་ཚོ་རྩོད་པ་མི་རྒྱབ། ཆུ་དཀྲོག་ནས་མར་མི་འཐོན་པ་དང་རྫབ་དོང་གྲུས་ན་དྲི་མ་ཁ་རྒྱུ་ལས་སྤྱི་སྒེར་གཉིས་ཕན་རྒྱུ་གང་ཡང་མིན་འདུག དེ་བས་རང་རང་གནས་ལ་བཞུགས་པར་ཞུ།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ངག་དབང་ནོར་བུ་ལགས། ང་ལྟ་བུའི་རྫབ་དུང་དང་བཙོན་འོག་ཏུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་བསམ་ཚུལ་བཅས་ན་་་་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་འདི་མེད་པ་ཆགས་པ་ཡིན་ན་་་་བོད་ཕྱི་ནང་གཉིས་ཀྱི་ཚབ་བྱེད་མི་ཐུབ་ལ་་་ཆིག་སྒྲིལ་ཟེར་བ་ཡོང་མི་སྲིད་པ་རེད་བསམ་བཞིན་ཡོད་ལགས།

    ཉིན་གཉིས་རྗེས་སུ་ཧ་གོ་ཡོང་གི་རེད། ཤི་བའི་རྣམ་ཤེས་འཁོར་ས་དང་གསོན་པོའི་སེམས་ཀྱི་བརྟེན་གཞི་གྱུར་པའི་བཙན་བྱོལ་བོད་གཞུང་གི་མཚན་བྱང་དང་རྒྱལ་རྟགས་བཅས་ག་རེ་ཆགས་ཡོང་མིན་གསལ་ཡོང་གི་རེད་སྙམ་མོ།

    ནུས་པ་ཡོད་པའི་མིང་ཚིག་དང་རྒྱལ་རྟགས་རྩ་མེད་བཟོ་ཨེ་ཐུབ་བལྟ་ཡི་ཡོད་པ་ནི་བོད་མི་རིགས་ཀྱི་ལས་དབང་ཐུར་ལ་འཁོར་འགྲོ་གི་ཡོད་པའི་རྟགས་རེད་ཚིག་ཐག་བཅད་ནས་ཞུ་རྒྱུ་ཡིན་ལགས།

    Reply
  4. ལུང་རྟོགས། says:
    ལོ་ 14 སྔོན།

    ཕྱག་རོག་བཀའ་བློན་རྣམས་ལ་འཚམ་འདྲི་ཞུ། སྤྱི་འཐུས་ཚཽགས་གཞོན་ཟུར་པ་རྒྱ་རི་སྒྲོལ་མ་ལགས་བཀའ་བློན་ནང་ལ་གདམས་པ་དགའ་སོང། སུས་ཅི་ཞིག་བཤད་ཀྱང་བོད་དོན་ཐོག་ལ་ངུ་ཐུབ་མཁན་དང་དགོད་ཐུབ་མཁན་ནི་མོ་རང་ཡིན། སྤྱི་འཐུས་རྣམས་པས་རྒྱབ་སྐྱོར་གནང་སྟངས་དེ་ཡང་རྣམ་པ་བཟང་པོ་ཞྀག་རེད། བཀའ་སྤྱི་གཉིས་བློ་མཐུན་དགོས་རྒྱུ་ནི་བྱ་བ་ལམ་ལ་འགྲོ་བའི་གཞི་རྩ་རེད། བོད་རྒྱལ་ལོ།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ངག་དབང་ནོར་བུ་ལགས་་་་ཁྱེད་ཀྱིས་ང་ཅོ་རི་ད་བར་རྫབ་དུང་ནང་དུ་ག་རེ་བྱས་ནས་བསྡད་པ་ཡིན་ནམ་་་ཞེས་གསུངས་ཀྱི་ཡོད་རེད། ང་་་ད་བར་དུ་ཟབ་གདོན་བླ་མས་སྒྲིག་འཛུགས་ཀྱི་རྫབ་དུང་ནང་དུ་བོད་གཞུང་ཞེས་པའི་མཚན་བྱང་དང་བོད་ཀྱི་རྒྱལ་དར་བོད་ཀྱི་སྐད་ཡིག་གསུམ་གྱི་མཉམ་བསྡད་སྡོད་པ་ཡིན་ད།

    དཀའ་ལས་བྱུང་ངམ་་་ཞེས་ཀྱང་མི་དྲི་བ་འདི་འདྲ་ག་རེ་རེད་དམ། མ་ཟད་རྫབ་དུང་ནང་དུ་ཚེ་སྲོག་འདྲ་ཐད་ཆག་ཞིག་ཡོད་པ་འདི་ཡང་ནམ་ཤོར་ཆ་མེད་ཡིན་ད། རྗེས་སུ་མཁྱེན་ཡོང་གི་རེད།

    Reply
  6. དབྱངས་འཛོམས། says:
    ལོ་ 14 སྔོན།

    བློ་བཟང་སེང་གེ་ཟེར་བའི་བཀའ་ཁྲིའི་མིང་འཛིན་པ་དེས་རྫུན་བཤད་སོང་།
    དེ་སྔོན་ཁོ་རང་བཀའ་ཁྲིའི་འོས་མིར་ལངས་དུས་ལས་རོགས་བཀའ་བློན་དག་ཆོལ་ཁ་གསུམ་གྱི་མི་བདམས་རྒྱུ་དང་། དེ་ཡང་གསར་འབྱོར་བ་འགའ་བདམས་ཀྱི་ཡིན་ཟེར་ནས་རྒྱང་བསྒྲགས་འབོད་བསྒྲགས་བྱས་སོང་སྟེ། དེ་རིང་ལས་ཀ་དངོས་སུ་འཇུག་དུས་གསར་འབྱོར་བ་ཞིག་མིག་གི་མཐོང་བར་དཀོན་བས། འོ་ན་གསར་འབྱོར་བ་བཀའ་བློན་འཇོན་པའི་མི་ཞིག་མེད་དམ། ཡང་ན་གསར་འབྱོར་བར་མཐོང་ཆུང་དང་ཁྱད་གསོ་བྱས་པ་ཡིན་གསལ་བཤད་དགོས། གཟུར་གནས་དྲ་གྲོགས་རྣམ་པས་འདིའི་ཐད་གྲོས་གླིང་ཞིག་འོང་བར་ཞུ།།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    གྲོགས་་་ཨ་ཕོ་མཐུ་ཆེན་ལགས་་་་རེད་་་བདེན་བདེན་འདྲ་པོ་རེད། བོད་ཀྱི་རྒྱལ་དར་མིག་ལ་སྡང་བའི་སྐུ་ངོ་འབྲོང་ཆུང་ལགས་བློ་སེང་གིས་བཀའ་བློན་སྐོས་ཀྱི་ཡིན་ཞེས་ཀུན་གླེང་ལེན་ཚན་ནང་དུ་གསུངས་པ་ནས་བཟུང་བློ་སེང་ལགས་སུ་རྒྱབ་སྐྱོར་བྱེད་ཀྱི་མིན་ཞེས་དགག་ཡིག་ཆར་པ་འབབ་འབབ་བཟོས་པ་ཡིན།

    ཁྱེད་ཀྱིས་ཀྱང་མཁྱེན་ཡོད་ཆ་ཡིན། གཉིས་ནས་ང་ཅོ་རི་ཤི་སྲོག་ལ་ཐུག་ཀྱང་བོད་གཞུང་གི་མཚན་བྱང་དང་རྒྱལ་དར་ལ་མི་དགའ་བའི་མི་རྣམས་སུ་ངོ་རྒོལ་མུ་མཐུད་ནས་བྱ་བརྩིས་ཡོད། འགྱོད་པ་སྤུ་ཙམ་མེད།ལགས་་་་ཐུགས་རྗེ་ཆེ། བསླབ་བྱ་གནང་བར།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ངག་དབང་ནོར་བུ་ལགས་་་་ཐུགས་ལྷད་ཙམ་བཞུགས་དང་། བཀའ་ཟུར་ཟམ་གདོང་བླ་མས་སྒྲིག་འཛུགས་ཀྱིས་དབུ་ཁྲིད་པའི་སྤྱི་འཐུས་སྐབས་༡༤་་་༡༥་ཚང་མར་ལྐུགས་རེད་ཟེར་བཞིན་མེད།

    ༡་་་་་མདོ་བསྡུས་ནས་བཤད་ན་་་་་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་ག་པ་ཡོད་དམ།
    ༢་་་་་བདེ་སྲུང་ལས་ཁུངས་ཀྱིས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དུས་རྟག་ཏུ་ཚོགས་སྤྱི་ཁག་གི་མ་འཛུགས་ཞེས་བཀའ་རྒྱ་གཏང་མྱངས་ཡོད་པ་ཤེས་མ་སོང་ངམ།
    ༣་་་་་་བོད་རྒྱལ་རྟགས་ག་པ་ཡོད་དམ།
    གནད་དོན་འདི་དག་གི་ཐོག་ཏུ་ལན་གསལ་པོ་གསུང་ཐུབ་ཀྱི་མེད་ན་སྐད་སྦམ་པོ་བརྒྱབས་ཀྱང་ཕན་ཐོགས་ཀྱི་མ་རེད་ད།
    གཉིས་ནས་ཁྱེད་ཀྱིས་ང་ཅོ་རི་བཀའ་བློན་བསྐོས་པ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ལས་ཅང་མེད། ཧཧཧཧཧཧཧཧཧཧཧ

    Reply
  9. སྣང་གསལ། says:
    ལོ་ 14 སྔོན།

    དང་པོ་བཀའ་བློན་རྣམས་པར་བཀྲ་ཤིས་བདེ་ལེགས་
    དོན་འགྲུབ་བཀྲིས་་་ཁྱེད་ཀྱིས་ཚོད་དཔག་་་ཡག་པོ་གནང་འདུག།།

    Reply
  10. གྲགས་བསོད་ says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་འདེམས་སྟངས་འཐད་ཁ་བཤད་དང་ལག་ལེན་མཐུན་གྱི་མི་འདུག་ལ། བདམས་པ་དེའི་ནང་ལ་ང་ལ་འདོད་པ་ཡོད་པའི་མི་གཅིག་ཀྱང་མི་འདུག རྒྱུ་མཚན་དེའི་ཕྱིར་ངའི་དེ་རིང་བཀྲ་ཤིས་བདེ་ལེགས་ཞུ་ཐུབ་མ་སོང་ཡིན་ཡང་སླད་ཕྱི་རྒྱབ་སྐྱོར་བྱེད་རུང་དང་མི་རུང་ལས་ཕྱོགས་ལ་བལྟ་ཆོག།

    Reply
  11. གྲགས་བསོད་ says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་འདེམས་སྟངས་འཐད་ཁ་བཤད་དང་ལག་ལེན་མཐུན་གྱི་མི་འདུག་ལ། བདམས་པ་དེའི་ནང་ལ་ང་ལ་འདོད་པ་ཡོད་པའི་མི་གཅིག་ཀྱང་མི་འདུག རྒྱུ་མཚན་དེའི་ཕྱིར་ངའི་དེ་རིང་བཀྲ་ཤིས་བདེ་ལེགས་ཞུ་ཐུབ་མ་སོང་ཡིན་ཡང་སླད་ཕྱི་རྒྱབ་སྐྱོར་བྱེད་རུང་དང་མི་རུང་ལས་ཕྱོགས་ལ་བལྟ་ཆོག།

    Reply
  12. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    གྲོགས་ཅོ་རི་དང་གནས་ཚང་ལགས། ཁྱེད་གཉིས་གཙོས་ད་དུང་གཤམ་དུ་མཆན་བུ་འགོད་མཁན་དྲྭ་གྲོགས་འགའ་ཤས་ཤིག་གིས་བློ་སེང་བཀའ་ཁྲིའི་འོས་དམིགས་ནང་ཞུགས་པ་ནས་རྒྱལ་ཁ་ལོན་པའི་བར་དུ་ན་གཞོན་ཤེས་ཡོན་ཅན་དང་། གསར་གཏོད་མཁན།་དུས་དང་མཐུན་པའི་བུ་སོགས་ཆོ་ལོ་དུ་མ་ཞིག་ཕུལ་སོང་བས་ད་བློ་ཕམ་དང་གྱོད་ཀྱང་རྦད་དེ་ཕྱིས་སོང་བ་རེད་ལགས་ཞུ། ད་ང་ཚོས་རེ་བ་བཟང་ས་ནས་རྒྱབ་ནས་བཀའ་ཁྲི་དང་ཁོང་གིས་བདམས་པའི་ཕྱག་རོགས་རྣམས་ལ་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ལས་ལྷག་མེད། བསམ་ཚུལ་ཙམ་ལས་གཞན་དམིགས་ཡུལ་གང་ཡང་མེད།

    Reply
  13. བྱིལ་ཕོ། says:
    ལོ་ 14 སྔོན།

    རྒྱ་རི་སྒྲོལ་མ་བཀའ་བློན་འདེམས་མཐོན་བྱུང་བ་བཀྲ་ཤིས་བདེ་ལེགས་ཞུ། མཇོན་ཐང་ཡོད། རྣམ་པ་ཡོད། ལྷག་བསམ་ཡོད། སྙིང་ནས་དགའ་གླུ་ལེན།

    Reply
  14. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །ཅོ་རི་ཉི་མ་ཁྱེད་རང་གིས་སྐྱོན་པའི་མཆན་འདི་ལ་བལྟས་ན་ “བོད་ཀྱི་རྒྱལ་དར་དུས་རྟག་ཏུ་ཚོགས་སྤྱི་ཁག་གི་མ་འཛུགས་ཞེས་བཀའ་རྒྱ་གཏང་མཁན་གྱི་བཀའ་བློན་འབྲོང་ཆུང་ལགས་་་་བསྐྱར་དུ་བཀའ་བློན་བསྐོས་བཞག་བྱས་པ་བློ་ཕམ་དང་སེམས་སྐྱོ་ཡོད། ཡིན་ནའང་བོད་མི་དཀྱུས་མ་བ་ཚོས་ངོས་ནས་དགག་བྱ་དང་རྒྱབ་སྐྱོར་གྱི་དབང་ཆ་གང་མེད་པ་འདི་ནི་མང་གཙོ་མཚན་ཉིད་མ་ཚང་བའི་རྟགས་ཤིག་ཀྱང་རེད། བོད་རྒྱལ་ཁབ་ཀྱི་རྒྱལ་དར་དེར་ག་འདྲ་བྱེད་ནས་མར་ཕབ་ཡོང་བལྟ་ཆོག སྤྱིའི་ཆ་ནས་བཀའ་བློན་སྡོམ་སྟངས་སུ་བརྒྱ་ཆ་60འདོད་པ་མེད་པ་རྐྱང་སྡོམས་འདུག་བློ་ཕམ་བྱུང་། ཁ་བཤད་དང་ལག་ལེན་མ་མཐུན་པར་ཡག་པོ་མ་རེད།” ཁྱེད་རང་མ་གཏོགས་བཞུགས་སྒར་དྷ་རམ་ས་ལར་བཞུགས་པའི་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོངས་རིན་པོ་ཆེའི་དབུས་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པ་དང་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ་ཚང་མ་ལྐུག་པ་གང་ཡང་མི་ཤེས་མཁན་འདྲ་བོར་མངོན་གྱི་འདུག ཁྱེད་རང་མཁྱེན་ཡོན་ཅན་པ་འདི་འདྲ་ཞིག་ད་བར་རྫབ་དོང་ནང་ལ་ག་རེ་གནང་གིན་བཞུགས་པ། བཀའ་བློན་གཅིག་མ་ཚང་བ་དེ་ཁྱེད་རང་ཕེབས་ན་ག་འདྲ་འདུག ཧཧཧཧཧཧ༎༎

    Reply
  15. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ཧཧཧཧཧ་་གྲཱ་ཡི་སྐུ་ཚབ་བཀའ་བློན་ཞིག་འདེབས་གི་ཡིན་ཟེར་བ་དངོས་བདེན་རེད་མི་འདུག།
    ཡིན་ན་འགྲིག་གི་འདུག་རྩོད་པ་མ་རྒྱབ་སྐུ་ཞབས་ཚོ་བདེ་མོ་བཞུགས

    Reply
  16. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    ཁ་བའི་བུ་ལགས། ཁྱོད་ཀྱིས་མགོ་འཚོས་ནས་འདྲི་བཞིན་ཡོད་དམ། ཡང་ན། ངོ་མ་མགོ་མ་འཚོས་པར་འདྲི་བཞིན་ཡོད། ངས་ཁྱེད་ལ་ལན་རྒྱག་ཤེས་མ་སོང་།

    Reply
  17. ཁ་བའི་བུ། says:
    ལོ་ 14 སྔོན།

    དུས་བབ་ཚང་ལགས།
    སྐབས་བཅུ་བཞི་པའི་བཀའ་ཁྲི་དེ་སུ་རེད་དམ།ད་དུང་སྐབས་བཞི་པ་ནས་བཅུ་བཞི་བར་གྱི་བཀའ་ཁྲི་རྣམས་ཀྱི་མཚན་གཞུང་ཞིག་འདིར་བཀོད་རོགས།

    ངོ་མ་དུས་བབ་ཚང་གིས་ཞབས་འདྲེན་ཞུ་ཡི་འདུག།

    Reply
  18. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    རྒྱ་རི་སྒྲོལ་མ་ལགས་བཀའ་བློན་དུ་འདེམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ། བོད་མི་གསར་འབྱོར་བ་དག་ལ་སླར་ཡང་རྒྱབ་སྐྱོར་བྱེད་མཁན་ཡོད་རེད།

    Reply
  19. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    བཀའ་བློན་ལས་རོགས་དྲུག་འདེམས་ཐོན་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ། མང་ཆེ་བ་གཞོན་སྐྱེས་ཆགས་འདུག་པས་རྒན་པོ་མགོ་མཁྲེགས་ཚོ་དང་བསྡུར་ན་ཕྱོགས་གང་ཅིའི་ཐད་ནས་ཕན་ཚུན་འདྲིས་བདེ་བོ་དང་བཀའ་མོལ་གནང་བདེ་བོ་ཡོང་གི་རེད་བསམ་གི། དེ་འགྲིག་འདུག ད་འགྲིག་གི་མེད་ས་གཅིག་མཐོང་ཡོང་གི་འདུག དེ་ཚང་མས་མ་ཎི་ལྟར་འདྲེན་བཞིན་པའི་བོད་སྐད་བོད་ཡིག་རེད། བཀའ་ཤག་གིས་གྲོས་ཚོགས་སུ་ཕུལ་བའི་བཀའ་བློན་ལས་རོགས་དྲུག་པོའི་ལོ་རྒྱུས་སྙིང་བསྡུས་ནང་ཡིག་ནོར་གང་འཚམ་ཞིག་སླེབས་འདུག སྤྱིར་མི་སྒེར་ཞིག་གི་ཞུ་སྙན་ཡིན་ཚེ་ཡིག་ནོར་རེ་འགའ་འབྱུང་སྲིད་པ་ཞིག་རེད། ཡིན་ནའང་། བཀའ་ཤག་གི་ཡིག་ཆ་དེ་དག་བོད་མི་སྤྱི་བའི་གཞུང་ཞིག་གི་ཡིག་ཆ་ཡིན་སྟབས་སྣང་མེད་གཏོང་ཉན་གི་མ་རེད། སྒེར་དྲུང་རྣམས་ཀྱིས་ཀྱང་འགན་འཁུར་དགོས་པ་རེད། ད་དུང་མུ་མཐུད་ནས་གཞུང་འབྲེལ་ཡིག་ཆ་དག་གི་ནང་འདི་ལྟར་ཡིག་ནོར་མུ་མཐུད་ཤོར་བསྡད་པ་ཡིན་ན། ང་ཚོས་ཁ་གཏོང་སའི་རྒྱ་གཞུང་ལའང་ལྕེ་རྣོན་པོ་ཞིག་སྤྲོད་སྲིད་པ་རེད།
    གཉིས་པ་དེ་བཀའ་ཁྲི་མཆོག་གིས་ཁ་གསལ་སྨྲར་དག་གི་སྒོ་ནས་རང་གི་སྐད་ཡིག་ཤར་མར་ཀློག་ཐུབ་ཀྱི་མེད་པའི་དཀའ་ངལ་དེ་རེད། སྤྱིར་བཙན་བྱོལ་ནང་བོད་ཡིག་གི་འཛིན་རིམ་བཅུ་གཉིས་ཐོན་མཁན་བོད་པ་གཙང་མ་ཞིག་ལ་མཚོན་ནས་བཤད་ན། དུས་རྒྱུན་བོད་ཡིག་ལ་དོ་སྣང་ཅུང་ཙམ་གནང་བ་ཡིན་ན་ལྟ་ཀློག་ལ་དཀའ་ངལ་འཕྲད་མི་སྲིད་པ་ཞིག་རེད། འདིའི་ཐད་ནས་བཀའ་ཁྲི་མཆོག་གིས་དུས་རྒྱུན་མི་སྒེར་རང་གི་ངོས་ཐད་ནས་སོ་སོའི་སྐད་ཡིག་ལ་དོ་སྣང་དེ་ཙམ་གནང་གི་མེད་པའི་མཚོན་དོན་ཞིག་རེད། སྤྱིར་གནད་དོན་ཆེན་པོ་མ་རེད་དེ། ཡིན་ནའང་། བོད་མིའི་ཆེས་མཐོའི་དབུ་ཁྲིད་ཆགས་ཀྱི་ཡོད་པའི་ཆ་ནས་སོ་སོའི་སྐད་ཡིག་ཀློག་སྐབས་གནས་ཚད་སྐྱོ་བོ་ཡོད་པ་དེ། ཕྱིའི་མི་ཡིས་མཐོང་ན་མཛེས་པོ་མེད་པའི་རྣམ་པ་ཞིག་རང་བཞིན་གྱིས་ཡོང་གི་རེད་ལ། རང་མི་རྣམས་ཀྱང་དོགས་མི་བདེ་བ་དང་གདོང་ཚ་བེར་བེར་གྱི་ཚོར་སྣང་ཤིག་རང་བཞིན་གྱིས་སྐྱེ་སྲིད་པ་རེད། ད་དུང་རྒྱ་ཕྱོགས་ནས་ཀྱང་གཞིས་ལས་བོད་མི་ཚོར་ཟུར་ཟའི་ཚིག་མདའ་འཕེན་བཞིན་འཕྱ་ལས་འདྲ་བརྒྱབ་མི་ཡོང་བའི་ངེས་པ་ཡོད་པ་མ་རེད། དེར་བརྟེན། བཀའ་ཁྲི་མཆོག་གིས་ཤེས་ཡོན་གཙུག་སུ་འཛིན་རྒྱུ་ཡིན་པ་སྤོབས་པས་བསྒྲགས་པ་ཇི་བཞིན། སོ་སོའི་སྐད་ཡིག་དེ་སོ་སོ་རང་སྟེང་ནས་ཀྱང་ཤེས་ཡོན་ཞིག་ལ་བརྩིས་ཏེ་དུས་རྒྱུན་ཅུང་ཙམ་གཙུག་འཛིན་གནང་རྒྱུ་དང་། རྗེས་ཕྱོགས་མཛད་སྒོ་གང་རུང་དུ་སོ་སོའི་བོད་ཡིག་གློག་སྐབས་རང་གཞན་གཉིས་ཀ་དོགས་མི་བདེ་བ་འབྱུང་མི་དགོས་པ་ཞིག་ཡོང་བར་སྙིང་ནས་རེ་བ་ཞུ། མཐར་བཀའ་ཤག་སྐབས་བཅུ་བཞི་པའི་ལས་དོན་ཡོངས་རྫོགས་ལམ་ལྷུང་ལྷུན་འགྲུབ་བྱུང་སྟེ་སྤོབས་པའི་ཀློག་ཆོག་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་དབུ་འབྱེད་གནང་ཐུབ་པའི་སྨོན་འདུན་ཡོད།

    Reply
  20. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    སྲིད་སྐྱོང་གསར་བ་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཕྱོགས་ཞེན་དང་འཐེན་འཁྱེར་སྣ་ཚོགས་ཀྱིས་མི་དགའ་མཁན་དང་དཀྲུགས་ཤིང་ལ་གོམས་པའི་སྐད་ཆ་ཉན་མི་བདེ་བ་གང་རུང་། བཀའ་བློན་རྣམ་པར་རྐྱེན་ངན་བར་ཆད་ཀྱི་རླུང་བུ་ལྡང་ཡང་རི་བོ་བཞིན་གཡོ་འགུལ་མེད་པར་མ་འོངས་པའི་ལོ་རྒྱས་སུ་དོན་དང་ལྡན་པ་ཞིག་དགོད་ཐུབ་པར་སྨོན།

    Reply
  21. ཤག་སྒང་པ། says:
    ལོ་ 14 སྔོན།

    བཀྲིས་རྟེན་འབྲེལ་ཞུ།

    Reply
  22. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    བདམས་ཐོན་བཀའ་བློན་རྣམ་པ་ལྷན་ཁང་ཁག་ཏུ་བཀོད་སྒྲིག་ཞུ་ཕྱོགས་ཐད། ངས་འདི་ལྟར་ཚོད་དཔག་བྱ་རྒྱུ་ཡིན།

    བཀའ་ཁྲི་བློ་བཟང་སེང་གེ ( ཤེས་རིག )
    འབྲུང་ཆུང་དངོས་གྲུབ། ( བདེ་སྲུང་། )
    ཚེ་རིང་དོན་གྲུབ། ( དཔལ་འབྱོར། ) །
    པདྨ་མ་ཆོས་འབྱོར། ( ཆོས་རིག )
    རྒྱ་རི་སྒྲོལ་མ། ( ནང་སྲིད། )
    བདེ་སྐྱིད་ཆོས་དབྱངས། ( ཕྱི་དྲིལ། )
    ཚེ་རིང་དབང་ཕྱག ( འཕྲོད་བསྟེན )

    Reply
  23. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    ཤ་དང་རུས་པ་བོད་ལ་གཏོགས་པ་དང་།།
    ཉིན་མོ་འདི་ནས་བོད་མི་གཞིས་བྱེས་གཉིས།།
    ལྷན་འཛོམ་ཆེད་དུ་ཕྱག་ལས་གནང་བའི་ཐད།།
    ཆིག་སྒྲིལ་དམ་གཙང་སྒོ་ནས་བརྩོན་པར་སྨོན།།

    Reply
  24. སངྒེ ། says:
    ལོ་ 14 སྔོན།

    འདི་ནི་བློ་སེང་ཁ་བཤད་དོན་ཐོག་ཏུ་མ་བབས་པ་ཐེངས་གཉིས་པ་དེ་ཡིན་པ་ཁོ་ལ་འོས་འཕེན་མཁན་ཚོས་གསལ་བོར་ཤེས་དགོས། རྒན་གཞོན། གསར་རྙིང་། ཆོས་རྒྱུད་བཞི། ཆོལ་ཁ་གསུམ། གནའ་དེང་གི་ཤེས་ཡོན། འདི་དག་གིས་ཁོའི་འོས་རེ་རེ་བྱས་ཏེ་ཉོས་པའམ་ཡང་ན་འོས་འཕེན་མཁན་དག་བསླུས་པ་རེད། ཡར་འཇོག་ཚར་རྗེས་བཏང་འཛིན་བྱ་རྒྱུའང་མང་གཙོའི་ཆ་ཤས་གལ་ཆེན་རེད།

    Reply
  25. སྨྱུག་མདའ། says:
    ལོ་ 14 སྔོན།

    ཡག་རྕོག་མི་ཤེས་ཚང་མ་ཆ་རྒྱུས་མེད་གང་ལྟར་མི་གཞི་དྲང་ཐལ་དུ་གནས་རྒྱུ་གལ་ཆེ་བར་སྨོན་ཟེར་བ་དེ་ཡིན།

    Reply
  26. ཁ་བའི་བུ། says:
    ལོ་ 14 སྔོན།

    བཀའ་བློན་ལས་རོགས་རྣམས་འདེམས་མཐོན་བྱུང་བར་མཚམསམ་འདྲི་ཡོད་པ་མ་ཟད་གཏམ་བཟང་ཞིག་ཀྱང་རེད་བསམ། འོན་ཀྱང་བཀའ་ཁྲིས་འདེམས་པའི་བཀའ་རོགས་རྣམས་པར་གྲོས་ཚོགས་ནས་ཀ་ཀོར་མེད་པར་སྐར་མ་ཁ་ཤས་ནང་ཐག་ཆོད་བྱུང་བ་དེར་ངོ་མ་དྭོགས་པ་ཞིག་དང་གསང་བ་ཞིག་ཡོད་པ་མིན་འགྲོ།

    Reply
  27. ཟུངས་ཁྲག says:
    ལོ་ 14 སྔོན།

    ཆོས་ལུགས་ཀྱི་ཤ་ཞེན་མེ་ལྟར་འབར་བའི་གངས་སྤྲེལ་ཚ་ལགས་ཁྱེད་ཀྱིས་ཆོས་རྒྱུད་ཁག་གི་སྐུ་ཚབ་བཀའ་བློན་མེད་པས་བློ་ཕམ་བྱུང་བ་དེ་ནད་ཅིག་རེད་མ་གཏོགས་དྲང་ཐད་ཀྱི་བསམ་བློ་མ་རེད་གད་སྙིགས་ལྟ་བུའི་ཆོས་རྒྱུད་སྐུ་ཚབ་ཚོ་ད་ལྟའི་དུས་རབས་འདིར་གད་སྙིགས་བཞིན་གཙང་ཕྱགས་བྱས་ན་ཡག་ཤེས་རེད། བྱེས་ཙང་དཔལ་ལྡན་སྲིད་སྐྱོང་བ་མཆོག་གི་བསམ་བློ་འགྲིག་འདུག་ཧ་ཧ་ཧ་ཧ་།

    Reply
  28. གྲྭ་རྒོད says:
    ལོ་ 14 སྔོན།

    བཀའ་བློན་སྐོ་བཞག་གནང་བ་ཡག་པོ་རེད། ཤེས་ཡོན་ཅན་དགོས་ངེས་ཡིན་པ་མཁྱེན་དགོས། ནང་དུ་ཨ་མདོ་ཡོད་མེད་དེ་གཙོ་བོ་མིན་ང་ཚོ་ལ་དགོས་པ་དེ་བོད་སྤྱིའི་ལས་དོན་ཐད་ཕྱག་ལས་གནང་མཁན་ཡག་པོ་དགོས། རང་གི་རང་ལ་དཀའ་ངལ་མ་བཟོ་རོགས། རྩ་བའི་ཆ་ནས་གཞུང་དང་མི་མང་སུ་ཡིན་ནའང་མདོ་སྟོད་སྨད་དང་དབུས་གཙང་ཞེས་བའི་མིང་དེ་གསུམ་བེད་སྤྱོད་མ་གནང་ན་བཟང་།འདིའི་ང་ཚོའི་ནང་དཀའ་ངལ་སྦྲད་པ་མང་མེད་ན་ཉུང་མེད།

    Reply
  29. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཅོ་རི་ཉི་མ་ལགས། ཆུ་ཚོད་ ༡༠།༤༠ སྟེང་གྲོས་ཚོགས་མགོ་བཙུགས་སོང་། ཚོགས་གཙོའི་གཏམ་བཤད་དང་འདས་པོ་དམ་པ་ཁག་ཅིག་ལ་གཞུང་འབྲེལ་མྱ་ངན་ཞུས་སོང་། དེའི་རྗེས་སྐར་མ་ ༡༥ བར་གསེང་བཏང་སོང་། ཆུ་ཚོད་ ༡༡ སྟེང་ཕྱིར་ཚོགས་མ་ཐག་བཀའ་ཁྲི་མཆོག་གིས་བཀའ་བློན་གྱི་འོས་མི་རེ་རེ་བཞིན་མིང་འདོན་དང་། ལོ་རྒྱུས་སྙིང་བསྡུས་གྲོས་ཚོགས་སུ་སྙན་སྒྲོན་ཞུས་སོང་། འོས་མི་རེ་རེའི་མིང་དང་ལོ་རྒྱུས་སྙན་གསེང་ཞུས་རྗེས། ཚོགས་གཙོ་མཆོག་གིས་དགག་བྱ་ཡོད་མེད་ཀྱི་དྲི་བ་བཏང་སོང་། སྤྱི་འཐུས་ཚང་མ་མགོ་སྒུར་སྒུར་དང་ཁུ་སིམ་སིམ་རེད། མི་གཅིག་གིས་ཀྱང་དགག་བྱ་ཡོད་པའི་ལག་པ་བརྐྱངས་མ་སོང་། ལག་པ་རྐྱོང་མཁན་མ་བྱུང་ཚེ་སྤྱི་མོས་ཡིན་པར་ཐག་གཅོད་གནང་གི་ཡོད་པ་རེད། འདི་ལ་བགྲོ་གླེང་དེ་འདྲ་གནང་སྲོལ་མེད་པ་འདྲ།
    གལ་སྲིད་སྤྱི་འཐུས་ཤིག་གིས་ལག་པ་བརྐྱངས་ཏེ་དགག་པ་བརྒྱབ་པ་ཡིན་ན། སྤྱི་འཐུས་དེས་རྒྱུ་མཚན་ཅིའི་ཕྱིར་དགག་པ་རྒྱག་གི་ཡོད་མེདའགྲེལ་བཤད་བསྐྱོན་དགོས། དེ་ལ་བཀའ་ཁྲི་མཆོག་གིས་གསལ་བཤད་ཅིག་གནང་རྗེས། གསང་པའི་འོས་ཤོག་ལྡུག་དགོས་པ་རེད། འོས་གྲངས་བཞིན་སྤྱི་འཐུས་ངོ་ཡོད་ཀྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བས་རྒྱབ་སྐྱོར་ཐོབ་པ་ཡིན་ན། བཀའ་བློན་དུ་གཏན་འཁེལ་ཟིན་པ་རེད། འོས་གྲངས་བརྒྱ་ཆ་ ༥༠ ལས་ཟེགས་ན། བཀའ་བློན་ཁྲི་པ་མཆོག་གིས་བཀའ་བློན་གྱི་འོས་མི་གཞན་ཞིག་བཙལ་ཏེ་གྲོས་ཚོགས་ལ་སྔར་ལྟར་སྙན་གསེང་ཞུ་དགོས། བགྲོད་ལམ་གཅིག་མཚུངས་རེད།

    Reply
  30. ཐོག་སྒྲ། says:
    ལོ་ 14 སྔོན།

    བཀའ་ཁྲི་ལགས་ཁྱེད་ཀྱིས་སྔོན་འགྲོའི་འོས་བསྡུ་སྐབས་ཟློས་གར་ཚོགས་ཁང་ནང་དུ་ང་བཀའ་ཁྲིའི་འོས་ཐོབ་ན་བཀའ་ཤག་ནང་ལ་གསར་འབྱོར་ཡོད་པ། ཆོས་ལུགས་ཁག་གི་མཐུན་མི་ཡོད་པ་ཞིག་བཟོ་གི་ཡིན་ཞེས་བརྗོད་སོང་། ད་ལྟ་ལག་བསྟར་སྐབས་སུ་དེ་ཚོ་རྩ་བ་ནས་མཐོང་རྒྱུ་མིན་འདུག ཁྱེད་ཀྱི་ཁ་སྟོང་ནང་གི་ལྕེ་སྟོང་དེ་ལག་ལེན་མཐུན་གྱི་མི་འདུག གསར་འབྱོར་གྱི་བཀའ་བློན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  31. བསྟན་འཇམ། says:
    ལོ་ 14 སྔོན།

    དཀའ་བློན་བསྐོས་བཞག་བྱས་པ་རྟེན་འབྲེལ་ཞུ ། སྤྱིར་ན་སྐད་ཆ་འདི་བཤད་འདོད་མ་བྱུང་དགོས་དབང་གིས་མ་བཤད་ཐབས་མེད་བྱུང་ཐལ ། པདྨ་ཆོས་འབྱོར་བཀའ་བློན་ལ་བསྐོས་བཞག་བྱས་པ་གཏན་ནས་འགྲིག་མི་འདུག པདྨ་ཆོས་འབྱོེར་སྡེ་སྲུང་བཀའ་བློན་བསྡད་སྐབས་གདན་ས་ནས་རྒྱུགས་ཚད་མ་ལོན་པའི་ཉེས་ཆད་ཀྱི་སྲོལ་དུ་བཞག་པའི་མ་ཆེན་དང་གད་སྙིགས་གཙང་དོར་བྱེད་མཁན་སེ་རའི་གྲྭ་བ་སྐོར་ཞིག་སྡེ་སྲུང་ནང་དུ་འཐེན་པ་རེད ། དེ་ནས་བཟུང་སྡེ་སྲུང་བཀའ་བློན་པདྨ་ཆོས་འབྱོར་གྱི་ཕྱི་ཡི་པགས་པ་ནང་གི་རུས་པའི་ཁ་གང་དུ་ཕྱོགས་པ་སྤྱི་ཚོགས་ཀྱི་གླེང་ཉོག་ཅིག་ཏུ་གྱུར་བ་རེད །

    Reply
  32. བྱ་གཞུང་དཔལ་རྡོར། says:
    ལོ་ 14 སྔོན།

    བཀའ་བློན་ཕྱག་རོགས་རྣམས་འདེམས་ཐོན་བྱུང་བར་མཚམས་འདྲི་ཞུ་རྒྱུ་ཡིན། དེ་མཉམ་ཏུ་ཚོད་དཔག་གི་བསམ་ཚུལ་ཞིག་ཞུ་འདོད་བྱུང། བཀའ་བློན་རྣམས་ལྷན་ཁང་གང་དང་གང་དུ་ཕྱག་ལས་གནང་གི་རེད་དམ། ངས་བལྟས་ན། བདེ་སྲུང་དང་དཔལ་འབྱོར་རང་འཇགས་ཡིན་པ་ཐག་ཆོད་པ་རེད། དེ་ནང་བཞིན་རྒྱ་རི་སྒྲོལ་མ་དང་ཚེ་རིང་དབང་ཕྱུག་གཉིས་ནང་སྲིད་དང་འཕྲོད་བསྟེན་བཀའ་བློན་དང་། པད་མ་ཆོས་འབྱོར་ཆོས་དོན་བཀའ་བློན། བདེ་སྐྱིད་ཆོས་དབྱིངས་ཕྱི་འབྲེལ་བཀའ་བློན་དང་བློ་བཟང་སེང་གེ་ཤེས་རིག་བཀའ་བློན་བྱེད་ཀྱི་རེད་སྙམ། ཁྱེད་ཚོས་བལྟས་ན་འདི་འདྲ་མ་རེད་དམ།

    Reply
  33. ངག་དབང་རབ་རྒྱས། says:
    ལོ་ 14 སྔོན།

    དཔལ་ལྡན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་བཀའ་བློན་གྱི་མི་འགྲོ་འོས་མི་ཚང་མར་གྲོས་ཚོགས་ནས་རྒྱབ་སྐྱོར་ཐུབ་པ་མ་ཟད་བཀའ་བློན་གསར་པ་ཚང་མར་བཀྲིས་བདེ་ལེགས་གྲངས་མེད་ཞུ་འོ།་ཡིན་འང་ཁོང་རྣམ་པ་ནང་ལ་ཤེས་རིག་དང་དྲིལ་བསྒྲགས་བཀའ་བློན་ལ་འོས་པའི་མི་སྣ་མི་འདུག་

    Reply
  34. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ངས་བལྟས་ན་བོད་ཡིག་ཡག་ཤེས་མཁན་ཞིག་ཡོད་ས་མ་རེད། བཀའ་བློན་འདི་དག་གིས་ནང་དུ།

    Reply
  35. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཀུར་འོས་བཀྲ་ཤིས་དོན་འགྲུབ་ལགས་་་་བཀའ་བློན་འདི་དག་གྲོས་འཚོགས་ནང་དུ་སྤྱི་འཐུས་ཚོས་འོས་བསྡུ་བྱས་སོང་ངམ། བཅའ་ཁྲིམས་རྙིང་པར་གཞིར་བཟུང་གིས་བསྐོས་པ་རེད་དམ། བསྐོས་སྟངས་སྐོར་དུ་གསལ་ཙམ་ཡོད་ན་ཕན་ཐོགས་ཆེན་པོ་འདུག་ཞུ་རྒྱུ་ཡིན།

    བཀྲས་མཐོང་ལགས་མི་དམངས་༡༨༠༠༠གིས་རྒྱབ་སྐྱོར་ཡོད་པའི་མི་ཞིག་རེད། འདི་འདྲ་མི་རྣམས་མ་བསྐོས་པར་ངོ་མ་ཡག་པོ་མ་རེད། ཆིག་སྒྲིལ་གྱིས་ཆ་ནས་ཡིན་ནའང་འདྲ། མདོ་སྨད་པ་ཚང་མི་ཉུང་ཡང་ཤེས་ཡོན་ཅན་མང་བས་དགག་པ་རྒྱག་མཁན་གྲལ་སྒྲིག་ཡོད་ཚོད་རེད། རྙོག་དྲ་གསར་པ་འགོ་འཛུགས་སོང་།

    གསར་འབྱོར་བ་བཀའ་བློན་བསྐོས་ཀྱི་ཡིན་གསུངས་པར་་་་་་ཧཧཧཧཧཧཧ བག་སྤྲོ་ལགས

    Reply
  36. གནས་ཚང་། says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད། ཡིན་ནའང་། སྐད་ཆ་དྲང་པོ་ཡིན། རྒྱ་ནག་ལ་ཉམས་མྱོང་གི་ཆ་ནས་རྒྱུས་ཡོད་མཁན་གཅིག་ཀྱང་མི་འདུག ད་དུང་ཨ་མདོར་ངོས་ལེན་ཡོད་པའི་མི་སྣའང་མི་འདུག་པས། རྙོག་དྲ་གསར་བ་ཞིག་གི་འགོ་འཛུགས་བྱེད་སྲིད་པ་ཞིག་རེད། སྐུ་ངོ་བཀའ་ཁྲིས་དགོངས་པ་ཡག་པོ་བཞེས་རན་འདུག་སྙམ།

    Reply
  37. སྟག་ཕྲུག says:
    ལོ་ 14 སྔོན།

    དུས་བབ་དྲ་ཁང་གི་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གནས་འཕྲིན་མྱུར་མོ་བཏང་སོང།
    དེ་དང་ཆབ་ཅིག་འདེམས་ཐོན་བཀའ་བློན་རྣམ་པར་འཚམས་འདྲི་དང་བྱ་བ་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  38. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཀུར་འོས་དུས་བབ་རྩོམ་སྒྲིག་འགན་འཛིན་པ་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་གསལ་བཤད་གནང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    བོད་ཀྱི་རྒྱལ་དར་དུས་རྟག་ཏུ་ཚོགས་སྤྱི་ཁག་གི་མ་འཛུགས་ཞེས་བཀའ་རྒྱ་གཏང་མཁན་གྱི་བཀའ་བློན་འབྲོང་ཆུང་ལགས་་་་བསྐྱར་དུ་བཀའ་བློན་བསྐོས་བཞག་བྱས་པ་བློ་ཕམ་དང་སེམས་སྐྱོ་ཡོད། ཡིན་ནའང་བོད་མི་དཀྱུས་མ་བ་ཚོས་ངོས་ནས་དགག་བྱ་དང་རྒྱབ་སྐྱོར་གྱི་དབང་ཆ་གང་མེད་པ་འདི་ནི་མང་གཙོ་མཚན་ཉིད་མ་ཚང་བའི་རྟགས་ཤིག་ཀྱང་རེད།

    བོད་རྒྱལ་ཁབ་ཀྱི་རྒྱལ་དར་དེར་ག་འདྲ་བྱེད་ནས་མར་ཕབ་ཡོང་བལྟ་ཆོག སྤྱིའི་ཆ་ནས་བཀའ་བློན་སྡོམ་སྟངས་སུ་བརྒྱ་ཆ་60འདོད་པ་མེད་པ་རྐྱང་སྡོམས་འདུག་བློ་ཕམ་བྱུང་། ཁ་བཤད་དང་ལག་ལེན་མ་མཐུན་པར་ཡག་པོ་མ་རེད།

    Reply
  39. འཇམ་དབྱངས། says:
    ལོ་ 14 སྔོན།

    བོད་ཀྱི་སྲིད་སྐྱོང་མཆོག་གིས་ཕྱག་རོགས་བཀའ་བློན་རྣམས་ཏག་ཏག་རན་ཞིང་འཚམ་པ་ཞིག་བསྐོས་སོང་། བཀའ་ཤག་གསར་པའི་ཕྱག་ལས་རྣམས་ཡིད་བཞིན་འགྲུབ་སྟེ། གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུའོ།།

    Reply
  40. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    ཆོས་བརྒྱུད་ཁག་གི་སྐུ་ཚབ་ཅིག་མེད་པ་ཅུང་ཙམ་བློ་ཕམ་བྱུང་། གང་ཡིན་ཟེར་ན་སྔོན་མ་བཀའ་ཁྲིས་ཆོལ་ཁ་དང་ཆོས་ལུགས་ཀག་གིག་སྐུ་ཚབ་ངེས་པར་ཡོད་པ་དང་བྱེད་རྒྱུ་ཡིན་གསུང་ཡོད། ངེས་པར་དགོས་ཡ་ཞིག་ལ་ཆོས་རིག་བཀའ་བློན་གྲྭ་བ་ཞིག་ངེས་པར་དགོས་ཡ་རེད། དེར་བསམ་གཞིགས་དགོས་གལ་ཆེ།

    Reply
  41. དམ་སྲི་འབྱུང་པོ། says:
    ལོ་ 14 སྔོན།

    ངས་བཀའ་བློན་གང་འདྲ་བསྐོས་ཡོང་སྙོམ་ནས་ད་ལྟའི་བར་ཏུ་ཁུ་བྱུག་གི་གནམ་ཆུ་སྒུག་པ་གཞིན་བསྡད་པ་ཡིན། ཡིན་ན་ཡང་བདེ་སྐྱིད་ཆོས་དབྱིངས་མ་གཏོགས་མོས་མཐུན་རྩ་བ་ཉིད་ནས་མེད་དགོངས་པ་མ་འཚོ་རོགས།

    Reply
  42. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཅོ་རི་ཉི་མ་ལགས། འདི་ལ་བཀའ་བློན་གཅིག་ཚང་ཡོད་མེད་ཀྱི་སྐད་ཆ་ཡོད་རྒྱུ་མ་རེད་དྲན་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༢༢ ནང་བཀོད་པ་ལྟར་ན ” འོས་ཐོན་ཐོག་བསྐོ་བཞག་དམ་འབུལ་ཟིན་པའི་བཀའ་བློན་ཁྲི་པ་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཅི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་ ” ཅེས་བཀོད་འདུག དབུས་བོད་མིའི་སྒྲིག་འཛུགས་ནང་བཀའ་བློན་ལྷན་ཁང་བདུན་ཡོད་པ་ལྟར། ཐེངས་འདིར་བཀའ་བློན་དྲུག་བདམས་ཟིན་པ་དང་། བཀའ་བློན་ཁྲི་པ་རང་ཉིད་ཀྱིས་ལྷན་ཁང་གང་རུང་ཞིག་གི་འགན་བཞེས་པ་ཡིན་ན། ལྷན་ཁང་བདུན་ལ་བཀའ་བློན་བདུན་ཏག་ཏག་ཆགས་ཡོད་པ་རེད། བཀའ་ཤག་སྐབས་བཅུ་གསུམ་པར་མཚོན་ན་ཡང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་བློན་ཁྲི་པ་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་ཀྱི་འགན་བཞེས་པ་རེད།
    འདི་ཙམ་མ་གཏོགས་གསལ་བཤད་ཞུ་ཐུབ་མ་སོང་།

    Reply
  43. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 14 སྔོན།

    དུས’བབས’གསར’ཁང’ནས’འདི’འདིྲའི’གནས’གསར’བ’སེྤལ’ཐུབ’པ’རང’རེ’གསར’འགྱུར’བལྟ’གོླག’བེྱད’ངན’ཡོངས’ནས’ཐུགས’རེྗ’ཆེ’ཞུ’། ད’དུང’གནས’ཚུལ’དེ’ལས’མང’བ’སེྤལ’ཐུབ’ན’དགེ’མཚན’ཆེ’བ’མངོན’།དེ’རིང’རང’རེའི’གཞུང’གི’བཀའ’བོླན’འདོན’ཐོན’བེྱད’དུས’སིྤ’མོས’བྱུང’ཡ’དེ’ཡི’རྒྱ’ནག’གཞུང’ལ’ལན’གསལ’པོ’ཞིག’བརྒྱབ’ཡོད’རེད’བསམ’འདུག’། གང’ཡིན’ཟེར’ན’འོས’བླུག’སྐབས’ནང’ཁུལ’ལ’མི’འཐུན’བཀའ’རོྙགས’ཡོད’རེད’ཟེར’བ’དེ’དེ’ལྟར’མ’ཡིན’གསལ’པོ’བཟོས’ཟིན’པ’ཏེད’གི’། ཐུགས’རེྗ’ཆེ’།

    Reply
  44. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཡག་པོ་བྱུང་སོང་་་་བོད་གཞུང་བརྙན་འཕྲིན་ལས་ཐད་གཏོང་གནང་བ་མཐོང་སོང་་་་་བཀའ་བློན་ཚོས་བཀའ་བློན་གྱི་ལས་ཀ་དོན་ཐོག་ཏུ་འབྱོར་བ་ཞིག་བྱེད་ཐུབ་རྒྱུའི་རེ་བ་དང་སྨོན་འདུན་ཞུ་གི་ཡོད།

    Reply
  45. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཀའ་བློན་གཅིག་མ་ཚང་བས་རྒྱུ་མཚན་གང་ཡིན་ནམ། ཤེས་མཁན་སུ་ཡོད་ན་གསུང་རོགས།

    Reply
  46. རིག་འཛིན། says:
    ལོ་ 14 སྔོན།

    དུས་བབ་ཀྱི་གནས་ཚུལ་དུས་ཐོག་ཏུ་སྤེལ་བར་ཐུགས་རྗེ་ཆེ། ད་དུང་ཞིབ་ཁྲ་སྤེལ་བར་སྒུག་ནས་བསྡད་ཡོད། རབ་འབྱུང་ན་བཀའ་བློན་རེ་རེའི་སྐུ་པར་ཡང་སྤེལ་ཐུབ་ན་ཡག་ཐོག་ཡག་བརྩེགས་རེད།

    Reply
  47. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ཨོ་ལགས་སོ། སྲིད་སྐྱོང་མཆོག་གིས་ཕྱག་རོགས་བཀའ་བློན་དྲུག་པོར་སྤྱི་འཐུས་ནས་སྤྱི་མོས་བྱུང་བ་ལེགས་སོ། ཡིན་ནའང་གཅིག་ཚང་མེད་པ་འདྲ་བས་བཀའ་ཁྲི་རང་གིས་གཅིག་ལྕོག་གནང་རྒྱུ་མིན་འགྲོ མི་རིང་བར་གནས་ཚུལ་རྒྱས་པ་ཡོང་ན་གཞི་ནས་བློ་བདེ་བོ་ཞིག་ཡོང་ས་རེད། དུས་བབས་ཚང་ལ་ཐུགས་རྗེ་ཆེ་ཞུའོ།

    Reply
  48. tsering tashi says:
    ལོ་ 14 སྔོན།

    ཁོ་བས་གསར་འབྱོར་གྱི་བཀའ་བློན་བསྐོ་ཞིག་རྒྱུ་ཡིན་ཞེས་ཟློས་གར་ཚོགས་ནང་དུ་བཤད་པ་མ་རེད་དམ།

    Reply
  49. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས་ཐུགས་རྗེ། དུས་ཐོག་གསར་འགྱུར་བཏང་བ་དངོས་ནས་བཟང་གི དེ་བཞིན་བཀའ་བློན་ཕྱག་རོགས་ལ་སྤྱི་མོས་ཐོབ་སོང་བ་ཡང་བོད་མི་ཆིག་སྒྲིལ་གྱི་ནུས་པ་མཚོན་ཡོད་ལ་བློ་སེང་གི་འཛིན་སྐྱོང་ལ་གནོད་སྐྱོན་མེད་པར་བྱ་ལས་ལམ་འགྲོ་ཡོང་བར་སྨོན་།

    Reply
  50. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 14 སྔོན།

    དུས’བབས’གསར’ཁང’ལ’ཆད’།
    དེ’རིང’ང’ཚོའི’ཡུན’རིང’ཞིག’ལ’ག’འདྲ’ཡོད’ན’སུ’ཡིན’ན’བསམ’ནས’རེ’སྒུག’བྱས’པའི’གནས’ཚུལ’དེ’འགོྱག’པོ’འདི’འདྲ’གཏང’བ’དེ’ལ’ཐུགས’རེྗས’ཆེ’ཞུ’ཡ’དང’རེྗས’མ’དཀའ’བོླན’རྣམས’པའི’སྐུ’དཔར’དང’མཉམ’དུ’བཏང’ཐུབ’ན’དགེ’མཚན’ཆེ’བ’མངོན’།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese