མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཀྱིས་༸གོང་ས་མཆོག་གི་བཀའ་དགོངས་རྡོག་རོལ་བཏང་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

འཇིགས་བྲལ་བསྟན་འཛིན། སྦེལ་ཀོབ། 

གླེང་སློང༌།

འདི་ལོ་ྋགོང་ས་མཆོག་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་གནང་བཞེད་དང༌།  བཙན་བྱོལ་བོད་གཞུང་གི་མཚན་བྱང་ཕྱིར་བསྡུ་བྱེད་འཆར་སོགས་ཀྱི་དབང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་དོན་ཚན་དང་པོའི་ཐོག་ནས་ྋགོང་ས་མཆོག་ལ་གསོལ་འདེབས་ཞུ་ཆེད་དང༌།   བཅའ་ཁྲིམས་བསྐྱར་བཅོས་ཐད་བསམ་ཚུལ་བསྡུ་ལེན་གནང་ཕྱིར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཚོགས་ཤིང༌།   དེ་རྗེས་ྋགོང་ས་མཆོག་གིས་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས་ལ་ྋགོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་མཚན་ཐོག་ནས་མཇལ་ཁ་གནང་བའི་སྐབས་སུ་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་གི་ཚབ་ཏུ་ “གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས”  ་ཡང་ན། “ གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་” བཏགས་པ་ཡིན་ན། བོད་ཆོལ་ཁ་གསུམ་ལ་ཁྱབ་ཐུབ་པ་དང༌།  གཞིས་བྱེས་གཉིས་ཀ་མཚོན་གྱི་ཡོད་སྐོར་སོགས་གསུངས།  ཡིན་ནའང་གྲོས་ཚོགས་ཀྱིས་ྋགོང་ས་མཆོག་ཉིད་ཀྱི་ཞལ་དྲོན་མོ་ནས་གསུངས་པའི་བཀའ་དེ་འགྲིག་མི་འདུག་མདོག་མདོག་བྱས་ཏེ་བཙན་བྱོལ་བོད་གཞུང་གི་མཚན་བྱང་གི་ཚབ་ཏུ་མིང་བྱང་གཞན་མང་པོ་ཞིག་ཡར་ཕུལ་ཏེ་ྋགོང་ས་མཆོག་གི་བཀའ་དགོངས་ལམ་དུ་འགྲོ་བཅུག་མ་སོང༌།  དེ་རྗེས་ཡང་ྋགོང་ས་མཆོག་གིས་བཀའ་ཁྲིའི་དམ་འབུལ་མཛད་སྒོའི་ཉིན་ཡོངས་ཁྱབ་ཐོག་ྋགོང་ས་མཆོག་གིས་ཆབ་སྲིད་དབང་ལུང་བརྒྱུད་སྤྲོད་ཆ་ཚང་གནང་སྟེ་ད་ལྟའི་གནས་སྟངས་འདི་སྲིད་སྐྱོང་རང་ཆགས་ཡོད་ཅེས་ནན་ཏན་གྱིས་གསུངས་པའི་དགོངས་པར་ཡང་ངོས་ལེན་ཞུས་མི་འདུག  འཕེལ་རིམ་འདི་དག་གི་ཐོག་ནས་བསམ་ཚུལ་འགའ་མི་བཤད་ཐབས་མེད་ཆགས་སོང༌། 

 

༡  ྋགོང་ས་མཆོག་གི་ཞལ་གསུངས་དྲོན་མོ་དང་མཚན་རྟགས་ལ་རིན་ཐང་མེད་པ།

 

གོང་དུ་ཞུས་པ་ལྟར་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས་ལ་ ྋགོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་མཚན་ཐོག་ནས་ཡོངས་གྲགས་ཀྱི་མཇལ་ཁ་དང་བཀའ་སློབ་ཐའ་མ་གནང་བ་རེད།  དེ་སྐབས་ྋགོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་ཞེས་པ་དེ་མུ་མཐུད་འཇོག་རྒྱུར་ལོ་རྒྱུས་ཀྱི་འཕེལ་རིམ་དང་གནས་སྟངས་ལ་བརྟེན་ནས་འགན་ཁུར་མི་ཐུབ་པའི་བཀའ་ནན་གནང་སོང༌།  དེ་བཞིན་ྋགོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་ཚིག་འདིས་བོད་ཕྱི་ནང་གཉིས་ཀར་ཁྱབ་མི་ཐུབ་པའི་ཞལ་བཞེས་གཙང་མ་གནང་སོང་བ་མ་ཟད།  ྋགོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་མིང་བྱང་གི་ཚབ་ཏུ་“གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས”  ཡང་ན། “ གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་” བཏགས་པ་ཡིན་ན། བོད་ཆོལ་ཁ་གསུམ་ལ་ཁྱབ་ཐུབ་པ་དང༌།  གཞིས་བྱེས་གཉིས་ཀ་མཚོན་གྱི་ཡོད་སྐོར་སོགས་གསུངས་ཤིང༌།  གངས་ལྗོངས་ཟེར་བའི་ཚིག་འདི་ཡོད་པའི་དེབ་སྐྱེལ་བྱེད་ཐབས་དགོས་པའི་ལམ་སྟོན་ཡང་གནང་སོང༌།  མཚན་བྱང་འདི་ྋགོང་ས་མཆོག་ལ་ཡར་ཞུ་མི་དགོས་པར་མར་གསོལ་བསྩལ་གནང་སོང༌། ཡིན་ནའང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གི་ྋགོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུའི་དོན་ཚན་དང་པོའི་ནང་གསེས་དོན་ཚན་དང་པོར་བོད་མིའི་སྒྲིག་འཛུགས་ཞེས་པ་ཞིག་འཁོད་ཡོད་པ་དང༌།  ྋགོང་ས་མཆོག་ལ་འབུལ་རྒྱུའི་གསོལ་འདེབས་སྙན་ཞུ་གསུམ་གྱི་ནང་བོད་མིའི་སྒྲིག་འཛུགས་བྲིས་གནང་འདུག་ལ།   དོན་ཚན་དང་པོའི་ནང་བོད་མིའི་སྒྲིག་འཛུགས་ཟེར་བའི་ཚིག་ཅིག་བྲིས་ཡོད་པ་དེའི་ཐད་གཞུང་མང་ཚོགས་ཆེན་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཞེས་པ་དེ་གཞུང་ལ་གོ་རྒྱུ་མིན་པར་གཞུང་འབྲེལ་མིན་པའི་བོད་མིའི་སྡེ་ཚན་ཁག་ལ་གོ་དགོས་པར་གསུངས་སོང༌།  དེ་ལྟར་གསལ་བཤད་གནང་དགོས་དོན་གང་ལ་ཐུག་པ་རེད་ཟེར་ན།  བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་དང༌།  དོན་ཚན་དང་པོའི་ནང་བཙན་བྱོལ་བོད་གཞུང་དང་བོད་མི་ཞེས་པའི་ཚིག་བརྗོད་འདི་གཉིས་མིན་པའི་ཚིག་གཞན་གྱིས་ཚིག་འདི་གཉིས་ཀྱི་ཚབ་བྱེད་རྒྱུར་ཚོགས་བཅར་བ་ཚོས་མི་འདོད་པ་ཧ་ཅང་ཆེན་པོ་གནང་གི་ཡོད་པས་རེད།  མདོར་ན་བོད་མིའི་སྒྲིག་འཛུགས་ཅེས་པ་དེ་ྋགོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུའི་ཡིག་ཆའི་ནང་ཆེད་དུ་བཅུག་པ་ཞིག་དང༌།  ཡང་ ྋགོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་གི་ཚབ་ཏུ་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ།  ཡང་ན།  གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ཅེས་ཡར་ཞུ་མི་དགོས་པར་མར་གསོལ་བསྩལ་གནང་བ་དེས་འགྲིག་མི་འདུག་མདོག་མདོག་བྱས་ནས་མཚན་བྱང་གསར་པ་ཉི་ཤུ་རྩ་བཞི་ཡར་ཕུལ་སྟབས་ྋགོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཅེས་འཁོད་པ་དེར་ཆོག་མཆན་མཚན་རྟགས་གནང་བ་རེད།  ཡང་དེ་རྗེས་སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་བསྒྱུར་གྱི་ཡིན་ཟེར་ནས་འུར་རྒྱག་གི་ཡོད་ལ།  སྤྱི་ཚོགས་ནང་དེའི་ཐད་བསམ་ཚུལ་ཡོད་པ་ཤེས་རྗེས་ཡང་བསྒྱུར་གྱི་མིན་ཟེར་གྱི་ཡོད་པ་རེད།  གལ་སྲིད་གཅིག་བསྒྱུར་དགོས་ཀྱི་ཡོད་པ་ཡིན་ན།  ྋགོང་ས་མཆོག་གི་ཞལ་དྲོན་མོ་ནས་གསུངས་པ་ང་ཚོ་ཚང་མའི་ཧ་གོ་དོན་གསལ་བཞིན་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་དང༌།  ཡང་ན་གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ཅེས་པ་གང་རུང་དུ་བསྒྱུར་རོགས།  

 

༢  བཀའ་ཁྲིའི་མིང་སྲིད་སྐྱོང་པ་རུ་མ་བསྒྱུར་ན་བོད་ཀྱི་སྲིད་སྐྱོང་གི་ཁྲིམས་མཐུན་རྒྱུན་ཆད་པ་རེད།

 

བཀའ་ཁྲིའི་དམ་འབུལ་མཛད་སྒོའི་ཉིན་ྋགོང་ས་མཆོག་གིས།  ངོས་ཀྱིས་ལོ་ཡུན་དེའི་རིང་རིམ་པས་ང་ཚོ་དངོས་གནས་མང་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་མཐོང་བ་དང། དེ་འདྲའི་གནས་སྟངས་ཀྱི་འོག་ནས་ང་ཚོ་འདིར་དངོས་གནས་ཕྱི་ནང་སུས་བལྟས་ཀྱང་ཐམས་ཅད་ཀྱི་མཐུན་སྣང་ལ་ང་ཚོ་བཙན་བྱོན་དུ་གནས་ཡོད་ཀྱང་ཁྲིམས་མཐུན་གྱི་མང་གཙོའི་འོས་བསྡུ་བྱས་ནས་འདེམས་ཐོན་བྱུང་བའི་ད་ལྟའི་གནས་སྟངས་འདི་སྲིད་སྐྱོང་རང་ཆགས་ཡོད།  ཅེས་དང༌།  མི་ལོ་དྲུག་ཅུའི་སྔོན་བོད་ཀྱི་སྤྱི་ཚོགས་རྙིང་པའི་འགྲོ་སྟངས་སྲིད་སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་འདི། དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་ནང་འཛམ་གླིང་གང་སར་དབྱར་གྱི་ཆུ་བོ་བཞིན་འཕེལ་རྒྱས་འགྲོ་བའི་མང་གཙོ་ཞེས་པ་འདི་ང་ཚོས་དངོས་གནས་ཁ་ཞེ་གཉིས་མེད་དང་སྤོབས་པའི་ཐོག་ནས་ལག་བསྟར་བྱས་ཏེ། དེ་རིང་འདིར་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ཀྱིས་རྩིས་སྤྲོད་བྱ་རྒྱུ་ཡིན།  ཅེས་གསུངས་ཏེ་ྋགོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་འགན་དབང་རྩིས་སྤྲོད་གནང་བ་འཇིག་རྟེན་ཡོངས་གྲགས་ཆགས་ཡོད།  ཡིན་ནའང་ཟླ་ ༩ ཚེས་ ༡༧ ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་སུ་གསལ་བཤད་ཅིག་གནང་བའི་སྐབས་སུ་བཀའ་བློན་ཁྲི་པ་སྲིད་སྐྱོང་བ་ཞེས་མཚན་བྱང་ལ་བཅོས་བསྒྱུར་གཏོང་རྒྱུའི་སྐོར་ལ། ཐེངས་འདིའི་གྲོས་ཚོགས་ནང་བགྲོ་གླེང་གི་ལས་རིམ་ཙམ་ལས། བཅའ་ཁྲིམས་དངོས་སུ་བསྐྱར་བཅོས་གཏོང་རྒྱུའི་ལས་རིམ་འགྲོ་ཐུབ་མེད་སྐོར་གསུངས་པ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་འདུག་ལ།  ྋགོང་ས་མཆོག་གིས་སྲིད་སྐྱོང་རང་དུ་ངོས་འཛིན་གནང་སྟེ་སྲིད་སྐྱོང་གི་འགན་དབང་རྩིས་སྤྲོད་གནང་ཡུལ་དུ་ངོས་འཛིན་དང་རྩིས་སྤྲོད་གནང་བའི་འཕེལ་རིམ་དེ་ལ་སྲིད་སྐྱོང་མིན་པའི་ཐག་གཅོད་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གནང་ཡོང་དུས།  བྱུང་རིམ་འདིས་གནད་དོན་ཡ་མཚན་ཅན་འགའ་ཤས་མཐོང་བ་ནི།   

དང་པོ།   ད་དུང་ྋགོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་འགན་དབང་ཆ་ཚང་རྩིས་སྤྲོད་གནང་མེད་པ་ཞིག་ཏུ་གོ་བ་ཡིན་ལ།  དེ་ཡང་ྋགོང་ས་མཆོག་གིས།  ངོས་ཀྱིས་རྟག་པར་ཆབ་སྲིད་ཀྱི་དབང་ཆ་འཛིན་ནས་འགན་འཁྱེར་རྒྱུ་འདི་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཀྱིས་བྱས་ན་མི་འགྲིགས་པ་ཤོད་ཀྱི་ཡོད། མི་ལ་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཀྱིས་ཆབ་སྲིད་ཀྱི་འགན་འཁྱེར་ན་ཡག་པོ་མེད། ཐ་དད་དགོས་ཞེས་ཤོད་བཞིན་དུ་ང་རང་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཅིག་གིས་ཆབ་སྲིད་ཀྱི་དབང་ཆ་བཟུང་སྟེ་སྡོད་སྐབས། ཁ་ནས་བཤད་པ་དང་ལག་ལེན་གཉིས་མ་མཚུངས་པ་ལྟ་བུ་ཆགས་ཏེ་སྐབས་རེ་མ་བདེ་བ་ཡོང་གི་འདུག ད་ཆ་རང་ངོས་ཀྱི་སེམས་ནང་ཡིད་ཆེས་ཡོད་པ་མི་ལ་བཤད་པ་དེ་རང་གིས་དངོས་སུ་ལག་བསྟར་བྱས་པ་ཡིན།  ཅེས་བཀའ་ཁྲིའི་དམ་འབུལ་མཛད་སྒོའི་ཉིན་གསུངས་པའི་གནད་ཆེའི་བཀའ་སློབ་འདི་ཞལ་རྫུན་ཡིན་པ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁས་ལེན་དགོས་པ་ཆགས་ཀྱི་ཡོད།  དེ་ཡང་ད་ལན་གྲོས་ཚོགས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྔོན་མ་སྟག་བྲག་གི་སྐབས་སུ་༧གོང་ས་མཆོག་ཞལ་མ་བཞུགས་པའི་སྐབས་སུ་ཆོས་སྲིད་ཀྱི་འགན་ཡོངས་རྫོགས་བཞེས་མཁན་ཞིག་ཆགས་ཡོད་པ་རེད། ད་ལྟའི་དུས་ཚོད་ལ་༧གོང་ས་མཆོག་ཞལ་བཞུགས་བཞིན་པ་ཡིན་སྟབས། སྲིད་སྐྱོང་ཞེས་བཏགས་ན་སྔ་དྲགས་པ་རེད་གསུངས་ཏེ་དགག་བྱ་གནང་སྐོར་གསལ་བ་འདིས་ད་དུང་ྋགོང་ས་མཆོག་བོད་ཀྱི་སྲིད་སྐྱོང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ཡིན་པས་གྲོས་ཚོགས་ཀྱིས་ྋགོང་ས་མཆོག་ཞལ་རྫུན་མཁན་དུ་བསྒྲུབས་འདུག  མ་གཞི་ནས་ྋགོང་ས་མཆོག་སྐུ་འཁྲུངས་པ་ནས་ཞལ་བཞུགས་བཞིན་པ་ཡིན་ཡང༌།  སྲིད་སྐྱོང་ཟེར་བ་དེ་ྋགོང་ས་མཆོག་ཞལ་བཞུགས་མིན་གྱི་གནད་དོན་མིན་པར་ྋགོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་འགན་དབང་མ་བཞེས་ཕྱིན་སྲིད་སྐྱོང་བ་ཡོད་པ་ཞིག་ཡིན་ལ།  སྟག་བྲག་རིན་པོ་ཆེ་མཆོག་ནི་དཔེ་མཚོན་ཐག་ཉེ་ཤོས་དེ་ཡིན།

 གཉིས་པ།  ཡང་ན་གྲོས་ཚོགས་ཀྱི་ཐག་གཅོད་འདིས་ྋགོང་ས་མཆོག་གིས་གཞུང་འབྲེལ་གྱི་ཐོག་ནས་ང་ཚོ་བཙན་བྱོལ་དུ་གནས་ཡོད་ཀྱང་ཁྲིམས་མཐུན་གྱི་མང་གཙོའི་འོས་བསྡུ་བྱས་ནས་འདེམས་ཐོན་བྱུང་བའི་ད་ལྟའི་གནས་སྟངས་འདི་སྲིད་སྐྱོང་རང་ཆགས་ཡོད་པ་དང༌།  དེ་ཡང་བོད་ཀྱི་འགན་དབང་ཆ་ཚང་ཡོད་པའི་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་ཡིན་པ་དང༌།  ྋགོང་ས་མཆོག་ལ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེས་རྩིས་འབུལ་ཞུས་པའི་བོད་ཀྱི་སྲིད་སྐྱོང་གི་འགན་དབང་དེ་ྋགོང་ས་མཆོག་གིས་སྲིད་སྐྱོང་གསར་པར་རྩིས་སྤྲོད་གནང་དུས།   དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་ཀྱི་ཐོག་ནས་ངོས་ལེན་བྱེད་ཀྱི་མིན་ཅེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསུངས་ཀྱི་ཡོད་པར་ངོས་འཛིན་མི་བྱེད་ཐབས་མེད་ཡིན་ཏེ།  ཉེ་དུས་བཀའ་ཁྲིའི་དམ་འབུལ་མ་ཞུས་པར་ྋགོང་ས་མཆོག་ནི་བོད་ཀྱི་སྲིད་སྐྱོང་པ་ཡིན་ལ།  ཁྲིམས་སྒྲིག་དང་སྲིད་བྱུས་སོགས་ལ་མཚན་རྟགས་སྐྱོན་རྒྱུ་ནི་ཁྲིམས་ལུགས་ཀྱི་ཐོག་ནས་ྋགོང་ས་མཆོག་གི་སྲིད་སྐྱོང་གི་འགན་དབང་དེའི་མཚོན་རྟགས་བླ་ན་མེད་པ་དེ་རེད།  དེ་འདྲའི་ྋགོང་ས་མཆོག་གི་མཚན་རྟགས་སྐྱོན་རྒྱུའི་བླ་ན་མེད་པའི་དབང་ཆ་དེ་བཀའ་བློན་ཁྲི་པར་ཡོད་པ་ཁྲིམས་ལུགས་ཀྱི་ཐོག་ནས་གཏན་འབེབས་གནང་མཁན་སྤྱི་འཐུས་རེད།  དེར་བརྟེན་ཁྲིམས་ལུགས་ཀྱི་ཐོག་ནས་བབ་དོན་ལ་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་དེ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ངོས་ནས་དང༌།  ྋགོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་ཕྱོགས་ཀྱི་ཐོག་ནས་བོད་ཀྱི་སྲིད་སྐྱོང་པ་ཆགས་པ་རེད་ལ།  ྋགོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་འགན་དབང་དེ་བཞིན་བོད་ཀྱི་སྲིད་སྐྱོང་པའི་མིང་གནས་ཐོག་རྩིས་སྤྲོད་གནང་དགོས་པ་སྲིད་དབང་རྩིས་སྤྲོད་བྱེད་པའི་ལམ་ལུགས་ཀྱི་ཁྲིམས་མཐུན་དབང་ཆ་བརྒྱུད་སྤྲོད་གནང་ཕྱོགས་ཀྱི་རྩ་དོན་གཙོ་བོ་ཆགས་ཀྱི་ཡོད་པ་བཞིན་གནང་ཡོད་པ་དང༌།   བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་བློན་ཁྲི་པའི་འགན་དབང་དེ་བོད་ཀྱི་སྲིད་སྐྱོང་པ་ལ་ཡར་རྩིས་འབུལ་ཞུས་པ་ཞིག་ཆགས་ཡོད་པ་རེད།  ཡིན་ནའང་ད་ཆ་བཀའ་བློན་ཁྲི་པའི་མིང་དེ་སྲིད་སྐྱོང་པ་རུ་མ་བསྒྱུར་བ་ཡིན་ན་ྋགོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་འགན་དབང་རྩིས་སྤྲོད་གནང་བར་ཁྲིམས་ལུགས་ཀྱི་ནང་དུ་ངོས་ལེན་བྱེད་ཀྱི་མིན་ཟེར་བ་ཆགས་ཀྱི་ཡོད་པས།  ད་ཆ་ྋགོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་འགན་དབང་མུ་མཐུད་བཞེས་པར་བཅའ་ཁྲིམས་ནང་ཆ་རྐྱེན་མེད་སྟབས་ྋགོང་ས་མཆོག་གི་རྗེས་ནས་སྲིད་དབང་བརྒྱུད་འཛིན་གནང་མཁན་གྱི་བོད་ཀྱི་སྲིད་སྐྱོང་པ་རྒྱུན་ཆད་སོང་བར་ངོས་འཛིན་བྱེད་རྒྱུ་མ་གཏོགས་གནས་སྟངས་གང་ཡང་ལྷག་མེད་སྟབས་བོད་ཀྱི་སྲིད་ལུགས་ཀྱི་ཁྲིམས་མཐུན་རང་བཞིན་གྱི་གནས་སྟངས་ང་ཚོའི་མདུན་དུ་ལྷགས་མེད་པ་གསལ་པོ་ཆགས་པ་ཡིན་ལ།   འདི་ནི་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱིས་ཐག་གཅོད་འོག་བོད་ཀྱི་ལོ་རྒྱུས་ཀྱི་ཁྲིམས་མཐུན་རང་བཞིན་རྒྱུན་བཅད་པའི་གནས་སྟངས་ཡ་ང་ཤོས་སུ་ངོས་འཛིན་བྱེད་དགོས་པར་སྣང༌།  དེར་བརྟེན་དཀའ་ངལ་འདི་སེལ་དགོས་ན་ྋགོང་ས་མཆོག་གིས་ཡོངས་བསྒྲགས་གནང་བ་བཞིན་བཅའ་ཁྲིམས་ནང་གི་བཀའ་བློན་ཁྲི་པ་ཟེར་བའི་མིང་ཚིག་དེ་སྲིད་སྐྱོང་པར་བསྒྱུར་རྒྱུ་དེ་རེད།   མདོར་ན་བཀའ་བློན་ཁྲི་པ་ཟེར་བའི་མིང་ཚིག་དེ་སྲིད་སྐྱོང་པ་རུ་མ་བསྒྱུར་བ་ཡིན་ན་གོང་དུ་བཤད་པའི་གནད་དོན་དེ་དག་ལ་བསམ་བློ་རྩ་བ་ནས་མ་བཏང་བར་གྲོས་ཚོགས་ཀྱི་རྭ་བའི་ནང་རང་ཕྱོགས་དང་གཞན་ཕྱོགས།  བཀའ་ཤག་དང་སྤྱི་འཐུས་སོགས་དབྱེ་བའི་འོག་ནས་དབང་ཆ་འཐབ་རྩོད་བྱས་ཏེ་ྋགོང་ས་མཆོག་གི་ཐུགས་རེ་དང༌། བོད་མི་མང་གི་རེ་བ་མཐའ་དག་སྣང་མེད་དུ་བཏང་བའི་སྒོ་ནས་བོད་དང་བོད་མིའི་འཕྲལ་ཕུགས་གཉིས་ཀར་གཞི་འཛིན་ས་མེད་པ་ཞིག་བྱེད་ཀྱི་ཡོད་པའི་ངོས་འཛིན་མི་བྱེད་ཐབས་མེད་རེད།

 

མཐའ་དོན།

 

དེར་བརྟེན་འདི་ལོ་སྤྱི་འཐུས་སྐབས་ ༡༤ པ་དང་ ༡༥ གཉིས་ཀྱི་ངོས་ནས།  དང་པོ།  ྋགོང་ས་མཆོག་ལ་བོད་ཀྱི་སྲིད་སྐྱོང་འགན་དབང་ཡོད་པའི་སྐབས་སུ་བཙན་བྱོལ་བོད་གཞུང་གི་མིང་བྱང་གི་ཚབ་ཏུ་གནང་བའི་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ།  ཡང་ན། གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ཞེས་གསོལ་བསྩལ་གྱིས་བཀའ་ནན་ལམ་སྟོན་གནང་བ་བརྩིས་མེད་རྡོག་རོལ་དང༌།  གཉིས་པ།  ྋགོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཟེར་བར་ཆོག་མཆན་མཚན་རྟགས་གནང་བ་དེ་ཡང་འགྲིག་མི་འདུག་མདོག་མདོག་གི་གཞུང་འབྲེལ་གྲོས་འཆར་དང་གསར་འགོད་གསལ་བསྒྲགས།  གསུམ་པ།  ྋགོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་བོད་ཀྱི་སྲིད་དབང་ཆ་ཚང་རྩིས་སྤྲོད་གནང་བའི་རླབས་ཆེན་གྱི་དགོངས་པ་ལ་ཡང་གྲོས་ཚོགས་ནས་ངོས་ལེན་མེད་པའི་ཐག་གཅོད་འདི་དག་གི་ཐོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོས་ད་ནས་བཟུང་ྋགོང་ས་མཆོག་བཀའ་དང་དགོངས་པ་ཟེར་ནས་གསུང་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ།  ྋགོང་ས་མཆོག་བཀའ་དང་དགོངས་པ་ཇི་བཞིན་ལག་བསྟར་གནང་རྒྱུ་ནི་བོད་གཞིས་བྱེས་གཉིས་ཀྱི་ཚེ་སྲོག་ལ་ཐུག་ཀྱང་འདོར་མི་སྲིད་པ་ཡིན་པས་སྤྱི་འཐུས་འདི་དག་གིས་བོད་གཞིས་བྱེས་གཉིས་ཀྱི་མངོན་འདོད་རེ་བ་གཏན་ནས་ཁས་ལེན་གྱི་མེད་པ་གསལ་པོ་ཆགས་པ་རེད་ལ།  ཁོང་ཚོ་ཡང་སྙིང་སུའི་ཆེད་དུ་རྐུབ་སྟེགས་སྲུང་ཡོད་པ་ཡང་དོགས་པ་ཧ་ཅང་ཆེན་པོ་ཞིག་རེད་བསམ་གྱི་འདུག 

 

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

མཆན། 23

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མཚན་བྱང་ནང་ལ་གལ་ཆེ་ཤོས་ནི། ད་ལྟ་ཡང་རྒྱལ་ཁབ་རང་བཙན་ཡོད་མདོག་མདོག་དང་། ཡང་ན་བོད་རང་བཙན་ལེན་མཁན་ཡིན་མདོག་མིན་པར། བོད་རིགས་ཡོངས་ལ་ཁྱབ་པའི་མིང་ཚིག་ཅིག་དགོས་རྒྱུ་དེ་དོན་གནད་ཆེ་ཤོས་དེ་རེད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “མཚན་བྱང་གསར་པ་ཉི་ཤུ་རྩ་བཞི་ཡར་ཕུལ་སྟབས་ྋགོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཅེས་འཁོད་པ་དེར་ཆོག་མཆན་མཚན་རྟགས་གནང་བ་རེད”སྐད་ཆ་འདི་འཇིགས་བྲལ་རང་གིས་གསུངས་པ་རེད། འདི་ལྟར་བཤད་ན་མཚན་བྱང་ཉེར་བཞིའི་ནང་ལ་བོད་མིའི་སྒྲིག་འཛུགས་ཟེར་བ་ཡང་ཡོད་པ་མི་གོའམ།

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལགས་སུ་ཞུ་རྒྱུ།
    ༡ དོན་དག་འདི་ཚོའི་ཡིག་ཆ་ཚང་མ་ང་ལ་ཡོད། རྡ་སར་འགྲོ་དགོས་དོན་གང་ཡང་མི་འདུག རྩོམ་ཡིག་འདི་ཡང་ཡིག་ཆ་དེ་དག་གི་འཕེལ་རིམ་གཞི་ལ་བཞག་ནས་མདོར་བསྡུས་ཀྱི་ལུགས་སུ་བྲིས་ཡོད།
    ༢ “བོད་མིའི་སྒྲིག་འཛུགས་ཅེས་པ་དེ་ྋགོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུའི་ཡིག་ཆའི་ནང་ཆེད་དུ་བཅུག་པ་ཞིག་དང༌། ཡང་ ྋགོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་གི་ཚབ་ཏུ་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ། ཡང་ན། གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ཅེས་ཡར་ཞུ་མི་དགོས་པར་མར་གསོལ་བསྩལ་གནང་བ་དེས་འགྲིག་མི་འདུག་མདོག་མདོག་བྱས་ནས་མཚན་བྱང་གསར་པ་ཉི་ཤུ་རྩ་བཞི་ཡར་ཕུལ་སྟབས་ྋགོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཅེས་འཁོད་པ་དེར་ཆོག་མཆན་མཚན་རྟགས་གནང་བ་རེད། “ཅེས་གོང་དུ་བྲིས་པ་བཞིན། བོད་མིའི་སྒྲིག་འཛུགས་ཟེར་བ་དེ་བཙན་བྱོལ་བོད་གཞུང་གི་ཚབ་ཏུ་རྒྱལ་ཡོངས་ཚོགས་བཅར་བ་ཚང་མས་བདམས་པ་ལྟ་བུས་གསོལ་འདེབས་སྙན་ཞུར་བེད་སྤྱོད་བཏང་ཙང་། སྐུ་སྒེར་བཀའ་ཡིག་དེར་དང་པོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཅེས་བྲིས་ཡོད་པ་དེ་ཡང་དོན་ཚན་དང་པོའི་ནང་གསེས་དང་པོ་རུ་བོད་མིའི་སྒྲིག་འཛུགས་ཅེས་བྲིས་ཡོད་པ་དེའི་སྔོན་དུ་བཙན་བྱོལ་ཟེར་བའི་ཚིག་དེ་བཅུག་ནས་གནང་བ་ཙམ་རེད། ཡིན་ནའང་༸གོང་ས་མཆོག་གིས་ཚེས་ ༢༥ ཉིན་གྱི་ཚོགས་ཆེན་མཇལ་ཁའི་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བས་བོད་ནང་ལ་ཁྱབ་ཐུབ་ཀྱི་མེད་པའི་བཀའ་གནང་གྲུབ་ཙང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བའི་ཐད་དོགས་འདྲིའི་ཁ་པར་སྐུ་སྒེར་དྲུང་ཆེར་བཏང་སྟབས་བཙན་བྱོལ་བཏོན་ནས་སླར་ཡང་གནང་བ་རེད།

    ༣ བོད་མིའི་སྒྲིག་འཛུགས་ཅེས་པ་དེ་ྋགོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུའི་ཡིག་ཆའི་ནང་ཆེད་དུ་བཅུག་པ་ཞིག་རེད་ཅེས་བཤད་ཡོད་པ་ལས་མིང་བྱང་ཉེར་བཞིའི་ནང་འདུག་ཅེས་གཏན་ནས་བཤད་མེད།

    ༤ བོད་མིའི་སྒྲིག་འཛུགས་ཟེར་བ་གཞི་ལ་བཞག་ནས་བཅའ་ཁྲིམས་བསྐྱར་བཅོས་བྱུང་བ་དེར་མཚན་རྟགས་གནང་ཡོད་པ་རེད་ཟེར་གྱི་ཡོད་པ་ལས་སྐབས་འདིར་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ལ་མཚན་རྟགས་གནང་ཡོད་མེད་བཤད་ཀྱི་མེད།

    དོ་ཁུར་གནང་བར་དགའ་པོ་བྱུང་ཞུ་རྒྱུ་ཡིན།

    Reply
  4. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    དེ་ནས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་སུ་གཏམ་བཤད་གནང་བའི་ནང་དོན་གཅིག་དྲན་གསོ་ཞུ་འདོད་བྱུང་། དེ་ཡང་༸གོང་ས་མཆོག་གི་དགོངས་པ་དང་གྲོས་ཚོགས་ཀྱི་དགོངས་པ་གཉིས་འགལ་བར་སོང་བ་ཡིན་ན་༸གོང་ས་མཆོག་གི་དགོངས་པ་རྒྱུན་འཁྱོངས་བྱེད་རྒྱུ་འདེམས་རྒྱུ་ཡིན་པར་གསུངས་ཡོད་པ་རེད། ཁོང་གི་རྒྱུ་མཚན་དུ་༸གོང་ས་མཆོག་གི་གཞིས་ལུས་མི་མང་གི་ཚབ་བྱེད་ཐུབ་པའི་ཚོད་ཀྱི་ནུས་པ་དེ་གྲོས་ཚོགས་ལ་གཏན་ནས་མེད་པར་གསུངས་ཡོད་པ་རེད། ད་ལྟ་༸གོང་ས་མཆོག་གིས་བོད་ཀྱི་སྲིད་དབང་གི་ཐུགས་འགན་བཞེས་ཡོད་རུང་མེད་རུང་ཁོང་གི་དགོངས་པ་ནི་སྔར་བཞིན་བོད་མི་མང་དང་། ལྷག་པར་གཞིས་ལུས་མི་མང་གི་མངོན་འདོད་ཆགས་ཡོད་པ་རེད། མ་ཟད་ད་ལྟ་ཡང་༸གོང་ས་མཆོག་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོར་༸གོང་ས་མཆོག་ནི་བོད་ཀྱི་མགོན་སྐྱབས་དང་མཚོན་རྟགས་ཡིན་པ་དང་། ༸གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་གསུམ་ཡོད་པ་འདི་དག་དྲན་གསོ་ཞུ་དགོས་པའི་གནས་སྟངས་ཤིག་ཆགས་མེད་པའི་རེ་བ་བྱེད་བཞིན་ཡོད།

    Reply
  5. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་བོད་ཀྱི་སྲིད་དབང་གི་ཐུགས་འགན་བཞེས་བཞིན་པའི་སྐབས་སུ་སྡེ་སྲིད་ཀྱི་མིང་གནས་བེད་སྤྱོད་གནང་གི་ཡོད་པ་རེད། དཔེར་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ལྟ་བུ་རེད། ཡིན་ནའང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་ཟེར་བ་དེ་མི་གཅིག་ལས་གྲུབ་པ་ཞིག་མ་རེད། མ་ཟད་ད་ཆ་སྡེ་སྲིད་ལྷན་ཚོགས་དེ་མི་རབས་རིམ་བརྒྱུད་དུ་༸གོང་ས་མཆོག་གིས་དབུ་ཁྲིད་རྒྱུའི་ཆ་རྐྱེན་དུ་བཙན་བྱོལ་བོད་མིའི་མང་གཙོའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཡོད་པ་ཕྱིར་བསྡུ་གནང་བ་བདེན་པ་རེད། དེར་བརྟེན་སྡེ་སྲིད་དང་སྡེ་སྲིད་ལྷན་ཚོགས་གཉིས་ལ་མི་འདྲ་བའི་ཆ་ཡོད་པ་རེད། ཡིན་ནའང་བོད་ཀྱི་ལོ་རྒྱུས་ཁྲོད་༸གོང་ས་མཆོག་ལས་གཞན་པའི་གང་ཟག་གཞན་ཞིག་གིས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བཞེས་སྐབས་སྐྱེ་བོ་དེ་ལ་སྲིད་སྐྱོང་དང་རྒྱལ་ཚབ་གཉིས་རེས་མོས་སུ་བེད་སྤྱོད་གནང་བ་རེད། ད་ཆ་༸གོང་ས་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་སྲིད་དབང་འཛིན་པའི་སྲོལ་དེ་སྒོ་རྒྱབ་པ་ཡིན་ཙང་རྒྱལ་ཚབ་ཅེས་འབོད་སྲོལ་མེད་པ་ཆགས་ཡོད་ནའང་། ༸གོང་ས་མཆོག་གིས་རྩིས་སྤྲོད་གནང་བའི་བོད་ཀྱི་ཆེས་མཐོའི་ཆབ་སྲིད་དབང་འཛིན་པ་སྟེ་སྲིད་འཛིན་ནམ་སྲིད་སྐྱོང་ཞིག་སྔར་ནས་འབོད་སྲོལ་ཡོད་པ་དེ་བོད་ཀྱི་ཆབ་སྲིད་ཀྱི་ཁྲིམས་མཐུན་རྒྱུན་འཛིན་བྱེད་ཆེད་དགོས་པ་དེ་༸གོང་ས་མཆོག་དང་། བོད་མི་མང་གི་མངོན་འདོད་ཡིན་མིན་ལ་དོགས་པ་གང་ཡང་མེད་པ་ཞིག་རེད། ཁྲིམས་སྒྲིག་དང་སྲིད་བྱུས་སོགས་ལ་མཚན་རྟགས་སྐྱོན་རྒྱུའི་ཁྲིམས་ལུགས་ཀྱི་ཐོག་གི་ྋགོང་ས་མཆོག་གི་སྲིད་སྐྱོང་གི་འགན་དབང་གི་མཚོན་རྟགས་བླ་ན་མེད་པ་ཡིན་པ་དེ་བཀའ་བློན་ཁྲི་པར་ཡོད་པ་ཁྲིམས་ལུགས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་སྟབས་བཀའ་བློན་ཁྲི་པའི་མིང་གནས་དེ་སྲིད་སྐྱོང་པ་རུ་བསྒྱུར་ན་ད་གཟོད་མིང་དོན་མཚུངས་པ་ཞིག་ཆགས་ཀྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་བཀའ་ཁྲི་ཅེས་ལབ་དུས་སུའི་བཀའ་བློན་ཡིན་པ་དེ་ལ་ཁུངས་ལུང་མེད་པ་ཞིག་ཆགས་པ་རེད། དེ་བཞིན་སྲིད་སྐྱོང་དུ་བསྒྱུར་བ་ཡིན་ན་ཁོང་གི་བློན་པོ་ཚོ་ལ་བཀའ་བློན་ཅེས་འབོད་བདེ་པོ་ཆགས་པ་རེད། དེ་མིན་བཀའ་ཁྲི་དང་བཀའ་བློན་ཚང་མ་སུའི་བློན་པོ་རེད་ཟེར་ན་ལན་མེད་པ་ཆགས་པ་རེད་ལ། ཞིབ་ཏུ་བསམ་ན་འགོ་མེད་པའི་སྒྲིག་འཛུགས་ཤིག་ཆགས་པ་རེད། དེ་བས་༸གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་བ་བཞིན་སྲིད་སྐྱོང་གི་ཆ་རྐྱེན་ངེས་པར་བཟོ་དགོས་པ་རེད། དེ་ད་ལྟ་མེད་ཙང་བཟོ་དགོས་པ་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་བཙན་བྱོལ་མི་མང་གི་མངོན་འདོད་དང་། ལྷག་པར་ ༸གོང་ས་མཆོག་གི་ཐུགས་རེ་ཡིན་ཙང་གཞིས་ལུས་མི་མང་གི་མངོན་འདོད་རེད། དེ་གྲོས་ཚོགས་ཀྱིས་ངོས་ལེན་མ་གནང་བར་སོང་། མདོར་ན་གཞིས་བྱེས་གཉིས་ཀྱི་བོད་མིའི་མངོན་འདོད་རྡོག་རོལ་བཏང་བ་རེད། རྡོག་རོལ་བཏང་བ་དེ་དངོས་ཡོད་ཡིན་ཙང་རྡོག་རོལ་བཏང་སོང་ལབ་ན་དམའ་འབེབས་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད།

    Reply
  6. གསར་བརྗེ་སྐྱབས། says:
    ལོ་ 14 སྔོན།

    ནགས་ཕྲན་པ་ལགས་སུ།

    ༡༽གང་ཉིད་ཀྱིས་སྡེ་སྲིད་དང་སྲིད་སྐྱོང་གཉིས་ཁག་ཁག་ཡིན་པ་གསུང་གི་འདུག འཇིགས་བྲལ་གྱིས་སྲིད་སྐྱོང་ལ་ད་དུང་ཁྲིམས་མཐུན་གྱི་རྒྱུན་ཞིག་ཡོད་པར་དགོངས་ཀྱིན་འདུག དེ་ག་ནང་བཞིན་རྣམ་པ་གཉིས་ཀས་སྲིད་སྐྱོང་གསུངས་སྐབས་སྟག་བྲག་རིན་པ་ཆེས་སྐུ་མདུན་ལ་སྲིད་དབང་ཡར་ཕུལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་ཚོ་གླེང་ཡོང་གི་འདུག བཅའ་ཁྲིམས་རྙིང་བའི་ནང་གི་སྡེ་སྲིད་ལྷན་ཚོགས་ཀྱི་ལེའུ་ཚན་དེ་དག་ག་རེ་རེད། དེའི་ལོ་རྒྱུས་རྒྱབ་ལྗོངས་དང་རྒྱུན་གང་ལ་བཅོལ་ནས་བཟོས་པ་རེད། ཟམ་གདོང་རིན་པོ་ཆེས་ཀྱང་བཀའ་ཁྲིའི་ཚབ་ལ་སྲིད་སྐྱོང་འོས་ཚུལ་གསུངས་སྐབས་སྟག་བྲག་གིས་སྐུ་དབང་ཡར་ཕུལ་བ་དང་། ད་ལྟ་སྐུ་མདུན་ནས་མར་གནང་བ་ཡིན་ཚུལ་བརྗོད་ན་ལོ་རྒྱུས་སོགས་གང་ནས་བལྟས་ཀྱང་ལན་པོ་ཡོད་ཚུལ་གསུངས་པ་རེད། སོང་ཙང་སྲིད་སྐྱོང་ཞེས་པ་འདི་བཅའ་ཁྲིམས་ལས་སྡེ་སྲིད་ལྷན་ཚོགས་ཀྱི་ལེའུ་ཚན་ནང་བྱུང་མ་མྱོང་བའི་འབྲུ་དོན་ཞིག་རེད་དམ།

    ༢༽སྲིད་སྐྱོང་ཞེས་པ་འདི་བཅའ་ཁྲིམས་ནང་གསར་སྣོན་དང་འདི་མི་འགྲིག་པའི་བསམ་ཚུལ་ངས་ཕུལ་མེད། ངས་བསམ་ཚུལ་དེ་གྲོས་ཚོགས་ཀྱིས་གསར་སྣོན་མ་བྱས་ན་དེ་ག་རང་འགྲོ་དགོས་པ་ལས་མི་སྒེར་རེ་ཟུང་གིས་བསམ་ཚུལ་གཡག་སྣ་ཁུ་ཚུར་བྱས་ན་འགྲིག་གི་མི་འདུག་ཟེར་བ་དེ་ཡིན། ང་ཚོས་གང་ཟག་ལས་ཁྲིམས་བཀུར་དགོས་པ་དང་། ང་ཚོ་གང་ཟག་གི་དབང་བསྒྱུར་ལས་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་དགོས་པ་རེད་ཅེས་པ་ཙམ་རེད།

    ༣༽དམ་འབུལ་སྐབས་སྐུ་མདུན་དང་བཀའ་ཤག་གཉིས་ཀས་སྲིད་སྐྱོང་ཞེས་བེད་སྤྱོད་གནང་བ་དེར་གནས་ལུགས་རྒྱ་མཚན་མི་འདུག་ཟེར་གི་མེད། གནས་ལུགས་རྒྱ་མཚན་དེ་དག་གྲོས་ཚོགས་ལ་ཕུལ། གྲོས་ཚོགས་ནས་བགྲོ་གླེང་གནང་། གཏན་འབེབ་གནང། དེ་ནས་ད་གཟོད་བེད་སྤྱོད་གནང་ན་འོས་མཐུན་དང་འགྲོ་ལུགས་འདུག་སྟངས་རེད། གྲོས་ཚོགས་མ་བརྒྱུད་པའི་སྔོན་ལ་རང་འདོད་ལྟར་གཞུང་འབྲེལ་ཡིག་ཆའི་ནང་བེད་སྤྱོད་བྱས་པ་དེ་༼ བཅའ་ཁྲིམས་ཀྱི་འབྲུ་དོན་༽དང་འགལ་བའམ། བཅའ་ཁྲིམས་ལ་གུས་བརྩི་མ་ཞུས་པའི་གནང་སྟངས་ཤིག་ཆགས་ཡོད་པ་རེད་ཅེས་ཞུས་པ་ཡིན། ཁྲིམས་ལུགས་ནང་དབུ་ཁྲིད་དང་ཆེས་མཐོའི་དབང་འཛིན་སུ་ཡིན་རུང་། བཅའ་ཁྲིམས་གྱི་འབྲུ་དོན་དང་འགལ་བའི་བྱ་སྤྱོད་སྤེལ་རྒྱའི་དབང་ཚད་གང་ཡང་ཡོད་པ་མ་རེད། ངས་གང་ཞུས་པ་དེ་འདི་ཙམ་ཡིན།

    དུས་ཚོད་བྲེལ་བ་ཆེ་སྒང་ཡིན། རྗེས་སུ་མུ་མཐུད་གླེང་མོལ་བྱས་ཆོག

    Reply
  7. གསར་བརྗེ་སྐྱབས། says:
    ལོ་ 14 སྔོན།

    འཇིགས་བྲལ་ལགས་སུ།

    ༡༽ངས་ཁ་སང་གི་བསམ་ཚུལ་ནང་། བོད་པའི་དམངས་གཙོའམ་བཙན་བྱོལ་དམངས་གཙོ་འདི་དེ་སྔ་ཁྲིམས་གྱི་དབང་བསྒྱུར་ལས་གང་ཟག་གི་དབང་བསྒྱུར་ཤུགས་ཆེ་བ་ཡོད་ཅེས་བཤད་ཡོད་པ་ལས། སྐུ་མདུན་གྱི་མི་ལོ་དྲུག་ཅུ་ནང་བོད་མིའི་ཐོག་དབང་ཆ་གཅིག་སྡུད་རིང་ལུགས་གནང་སོང་ཅེས་ཞུས་མེད། ཁྲིམས་ལས་གང་ཟག་ཤུགས་ཆེ་བ་ཡོད་པ་དང་དབང་ཆ་གཅིག་སྡུད་རིང་ལུགས་གཉིས་དོན་གཅིག་ཏུ་ཐུགས་བསམ་བཞེས་པ་དེར་སྐུ་ཉིད་ཤེས་ཡོན་པ་ཞིག་དང་། གསར་འགོད་པ་ཞིག དེ་བཞིན་རང་ནུས་གང་ཐུབ་ཀྱིས་སྲིད་དོན་དབྱེ་ཞིབ་པ་ཅིག་ཡིན་ཁུལ་གྱི་དཔྱད་བརྗོད་སྤེལ་བཞིན་པ་བཅས་ཀྱི་ངོས་ནས་བློ་ཕམ་བྱུང་། ཐ་ན་སྐུ་ཉིད་ལ་ཁ་སང་གི་བསམ་ཚུལ་དེ་ཕུལ་བར་འགྱོད་སེམས་ཀྱང་སྐྱེས་བྱུང་།

    ༢༽བོད་པའི་དམངས་གཙོ་འདི་གང་ཟག་གི་དབང་བསྒྱུར་ཆེ་བ་ཡོད་ཚུལ་ངའི་བསམ་ཚུལ་ཙམ་མ་རེད། འདི་དངོས་ཡོད་གནས་སྟངས་རེད། ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྲིད་དོན་དབྱེ་ཞིབ་པ་ཚོས་ཀྱང་དེ་སྔ་འདིའི་སྒང་ནས་སྐྱོན་བརྗོད་གནང་ཡོད་ལ། དེ་བཞིན་ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ཚོགས་གཙོ་ཐེངས་གཉིས་གནང་རྗེས་ཀྱི་བཟོད་གསོལ་རིང་མོ་ཀྱང་གཙོ་བོ་དོན་གནད་འདིའི་སྒང་ནས་ཞུས་ཡོད། བཅའ་ཁྲིམས་རྙིང་བའི་ནང་གི་དམིགས་བསལ་སྐུ་དབང་ཆེན་པོ་དགུ་བོས་ཀྱང་ཁྲིམས་དང་གང་ཟག་གཉིས་ལས་གང་ཤུགས་ཆེ་བ་ཟུར་བལྟས་ལེབ་མཐོང་དུ་ཡོད།

    ༣༽བཀའ་ཁྲི་སྲིད་སྐྱོང་དུ་མ་བསྒྱུར་ན་བོད་ཀྱི་སྲིད་སྐྱོང་གི་ཁྲིམས་མཐུན་རྒྱུན་ཆད་པ་རེད་ཅེས་པ་འདི། གང་ཉིད་ཀྱིས་གྲོས་ཚོགས་ཀྱིས་རྒྱལ་བའི་གསུང་རྡོག་རོལ་དུ་བཏངས་སོང་ཅེས་པའི་རྒྱུ་མཚན་ལྟེ་བ་དེ་རེད། ཐུགས་བསམ་བཞེས་དང་། ཁྲིམས་ཐོག་ནས་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་སྐོར་གྱི་ལེའུ་ཚན་གང་ཡོད་ཕྱིར་བསྡུའམ། ལེའུ་དེ་དག་བཅའ་ཁྲིམས་ལས་མེད་པར་བཟོས་རྗེས་ད་དུང་༼ སྲིད་སྐྱོང་ལ་ཁྲིམས་མཐུན་གྱི་རྒྱུན་ ༽ ཞིག་ཡོད་དམ། ཡོད་ན་བོད་མིའི་ཁྲིམས་ལུགས་གང་ན་འདུག དེའི་བརྗོད་པ་གང་དག་རེད། མཛུབ་སྟོན་གནང་རོགས།

    ༤༽གང་ཉིད་ཀྱིས་༼ རྡོག་རོལ ༽ཞེས་པའི་ཚིག་འདི་སྤྱོད་གནང་འདུག འདིས་སྒང་ནས་གང་ཉིད་ཀྱིས་སྐུ་མདུན་ལ་བླ་ན་མེད་པའི་དད་གུས་ཞུས་པ་ཞིག་མཚོན་ནའང་། དེ་དང་ལྷན་དུ་གྲོས་ཚོགས་ལ་སྔ་ན་མེད་པའི་མཐོང་ཆུང་ཁྱད་གསོད་ཅིག་གནང་ཡོད་པ་རེད། དམངས་གཙོའི་སྤྱི་ཚོགས་ནང་གྲོས་ཚོགས་ལ་མཐོང་ཆུང་ཁྱད་གསོད་གནང་མཁན་དེ་བཅའ་ཁྲིམས་ལ་མི་བརྩི་མཁན་དང་གཅིག་མཚུངས་རེད། འདིའི་མན་གྱི་མིང་ཚིག་སྡུག་པ་དེ་ཚོ་ངས་འདི་ནས་མི་འབྲི་བར་བྱ། གང་ཉིད་ཀྱིས་བསམ་བཞེས་ཐུབ་པའི་རེ་བ་ཡོད་ལ། མ་གཞི་གང་ཉིད་ཀྱིས་ཡང་བསྒྱུར་གྲོས་ཚོགས་ཀྱི་གལ་ཆེ་རང་བཞིན་དང་། དེའི་དབང་ནུས་ཁྱབ་གསུམ་སོགས་ལ་ངེས་ཤེས་གསལ་བོ་ཞིག་ཐོབ་ཐུབ་པའི་རེ་བའང་ཡོད།

    Reply
  8. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་གསར་བརྗེ་སྐྱབས་ལགས་སུ་ཞུ་རྒྱུར།
    ༡༽ བཅའ་ཁྲིམས་ཀྱི་བརྗོད་པ་ངོ་མའམ་འབྲུ་དོན་ངོ་མ་དེ་༼ བཀའ་བློན་ཁྲི་བ་༽ཞེས་པ་འདི་རེད།
    སྲིད་སྐྱོང་ཞེས་པ་དེ་སྔོན་བཅའ་ཁྲིམས་ནང་མེད་པ་རེད། དེའི་རྒྱུ་མཚན་ནི་མི་རབས་རིམ་བརྒྱུད་དུ་༸གོང་ས་མཆོག་གིས་དབུ་ཁྲིད་རྒྱུའི་སྡེ་སྲིད་ཀྱི་ཆ་རྐྱེན་ཅན་གྱི་མང་གཙོའི་སྒྲོམ་གཞི་རེད། དེར་བརྟེན་སྡེ་སྲིད་ཕྱིར་བསྡུ་གནང་བ་བདེན་པ་རེད། ཡིན་ནའང་བོད་ཀྱི་སྲིད་སྐྱོང་སྟག་བྲག་གིས་༸གོང་ས་མཆོག་ལ་ཕུལ་བའི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་ཡུལ་ཞིག་དགོས་པ་དེ་ཡང་དོན་དངོས་རེད་ལ། ྋགོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་འགན་དབང་དེ་བཞིན་བོད་ཀྱི་སྲིད་སྐྱོང་པའི་མིང་གནས་ཐོག་རྩིས་སྤྲོད་གནང་དགོས་པ་སྲིད་དབང་རྩིས་སྤྲོད་བྱེད་པའི་ལམ་ལུགས་ཀྱི་ཁྲིམས་མཐུན་དབང་ཆ་བརྒྱུད་སྤྲོད་གནང་ཕྱོགས་ཀྱི་རྩ་དོན་གཙོ་བོ་ཆགས་ཀྱི་ཡོད་པ་བཞིན་གནང་བ་རེད། འདི་ངོས་ལེན་ཞུ་མིན་ནི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་མིན་གྱི་གནད་དོན་ཞིག་དང་། ད་ཆ་བཀའ་བློན་ཁྲི་པའི་མིང་དེ་སྲིད་སྐྱོང་པ་རུ་མ་བསྒྱུར་བ་ཡིན་ན་ྋགོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་འགན་དབང་རྩིས་སྤྲོད་གནང་བ་ཁྲིམས་ལུགས་ཀྱི་ནང་དུ་ངོས་ལེན་བྱེད་ཀྱི་མིན་ཟེར་བ་ཆགས་ཀྱི་ཡོད་པས། ད་ཆ་ྋགོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་འགན་དབང་མུ་མཐུད་བཞེས་པར་བཅའ་ཁྲིམས་ནང་ཆ་རྐྱེན་མེད་སྟབས་ྋགོང་ས་མཆོག་གི་རྗེས་ནས་སྲིད་དབང་བརྒྱུད་འཛིན་གནང་མཁན་གྱི་བོད་ཀྱི་སྲིད་སྐྱོང་པ་རྒྱུན་ཆད་སོང་བར་ངོས་འཛིན་བྱེད་རྒྱུ་མ་གཏོགས་གནས་སྟངས་གང་ཡང་ལྷག་མེད་པ་ཆགས་ཀྱི་ཡོད་སྟབས་བཀའ་ཁྲིའི་མིང་དེ་སྲིད་སྐྱོང་པར་བསྒྱུར་དགོས་ཀྱི་འདུག་ཟེར་གྱི་ཡོད་རེད། དེར་བརྟེན་བཅའ་ཁྲིམས་ཀྱི་བརྗོད་པ་དེ་བཀའ་བློན་ཁྲི་པ་ཞེས་པ་འདི་མ་རེད་ཟེར་གྱི་མེད་པར་དེ་བསྒྱུར་དགོས་ཀྱི་འདུག་ཟེར་གྱི་ཡོད་རེད་ལ། དེ་མིན་གོང་བཀོད་ཀྱི་དཀའ་ངལ་ཡོང་གི་འདུག་ཟེར་གྱི་ཡོད་རེད།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་ཐོག་སྒྲའི་བསམ་ཚུལ་ལ་ལན་མདོར་བསྡུས་རེ་ཞུ་གི་ཡོད།

    ཐོག་སྒྲ་ལགས། “གཞུང་གི་མིང་བརྗེ་འགྱུར་སྐབས་༸གོང་ས་མཆོག་གིས་་་་གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་སམ་གང་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་་་་ཞེས་བཏགས་ན་འོས་འཚམས་རེད་གསུངས་ཀྱང་གྲོས་ཚོགས་དང་ཟམ་གདོང་གིས་༸གོང་ས་མཆོག་གི་བཀའ་ལ་བརྩི་མེད་ཀྱི་དབུས་བོད་མིའི་སྒྲིག་འཛུགས་ཤེས་བཏགས་”པ་ཁས་བླངས་འདུག དེ་ལ་ངའི་ངོས་ནས་བློ་ཕམ་ཡོད་པའི་བསམ་ཚུལ་རིམ་པར་བཤད་པ་ཡིན་ལ། གནད་དོན་འདིའི་ཐད་སྤྱི་ཚོགས་ནང་གླེང་སློང་བྱས་ཡོད་ལ། བོད་མིའི་སྒྲིག་འཛུགས་ཅེས་པར་༸གོང་ས་མཆོག་གིས་མཚན་རྟགས་གནང་ཚར་བའི་རྒྱུ་མཚན་གྱིས་དེ་ཡང་བསྐྱར་བསྒྱུར་མི་དགོས་པའི་གནད་དོན་ཡང་གླེང་ཡོད། གཤམ་གྱི་དྲ་འབྲེལ་ནས་གནས་ཚུལ་དེ་གཟིགས་རོགས་ཞུ།
    http://www.tibetexpress.net/bo/home/2010-02-04-05-35-27/6285-2011-08-13-12-23-18
    དེ་ནས་གུས་པས་གོང་གི་རྩོམ་ཡིག་དང་དྲ་འབྲེལ་དེ་གཉིས་ནང་གང་བཤད་ཡོད་པ་གསལ་པོ་ཤེས་ཐུབ་པའི་རེ་བ་ཡོད།

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    གསར་བརྗེ་སྐྱབས་ལགས་ཀྱིས་བརྗོད་པ་མདོར་བསྡུས་ན་དོན་གཅིག་རང་ལས་མེད་པ་སྟེ་༸གོང་ས་མཆོག་གིས་མི་ལོ་དྲུག་བཅུའི་རིང་བོད་མིའི་ཐོག་སྲིད་དབང་གཅིག་སྡུད་རིང་ལུགས་གནང་སོང་ཟེར་བ་ལས་གོ་ཐུབ་ཀྱི་མི་འདུག
    ཚིག་བརྗོད་ཀྱི་ངར་ཕྱོགས་ལ་བལྟས་ན་གྲོས་ཚོགས་ནང་གི་གསུང་སྐད་དང་འདྲ་བ་ཧཧཧཧ།

    Reply
  11. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 14 སྔོན།

    སྐུ་ཞབས་འཇིགས་བྲལ་ལགས་ཀྱིས་དུས་ཐོག་ཏུ་དགོངས་ཚུལ་གསུངས་པར་ཡག་པོ་བྱུང་འདུག ཁྱེད་ཀྱིས་བསམ་ཚུལ་ཆ་ཚང་ལ་ངས་རྒྱབ་སྐྱོར་བྱེད་ཐུབ་མིན་གཉིས་མཐོང་གི་འདུག འོན་ཀྱང་། ད་རིང་ངས་འདིར་མཐུན་ཕྱོགས་སུ་སྐད་ཆ་ཞིག་བཤད་འདོད་བྱུང་། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པར་བཀའ་བློན་ཁྲི་བ་ཞེས་པ་སྲིད་སྐྱོང་པ་རུ་མ་བསྒྱུར་བར་བློ་ཕམ་བྱུང་། འདི་ནི་བྱུང་རབས་ལོ་རྒྱུས་དང་། ཁྲིམས་དོན། དངོས་ཡོད་གནས་ཚུལ་བཅས་ཀྱི་ཐོག་ནས་སྲིད་སྐྱོང་པར་སྲིང་སྐྱོར་པ་ཞེས་པའི་མིང་འདི་ཐོབ་དགོས་པ་ཞིག་རེད། གཤམ་དུ་དྲྭ་མཛའ་འགའ་རེས་སྲིད་སྐྱོང་ཅེས་པ་བཅའ་ཁྲིམས་ཀྱི་བརྗོད་ཚིག་ནང་མེད་པ་བཟོས་ཚར་བ་རེད་གསུང་འདུག་པ་ནི་བཅའ་ཁྲིམས་ལ་རྒྱུས་མེད་པའི་གཏམ་ཁོ་ན་ཙམ་རེད། གང་གིས་ཟེར་ན། བཅའ་ཁྲིམས་ནང་སྡེ་སྲིད་ཀྱི་གནས་བབ་མེད་པ་བཟོས་པ་བདེན་པ་རེད་མོད། སྲིད་སྐྱོང་མེད་པ་བཟོས་མ་བཟོས་ཀྱི་གནས་བབ་གཏན་ནས་ཡོད་པ་མ་རེད། མ་གཞི་ནས་སྲིད་སྐྱོང་དང་སྡེ་སྲིད་གཉིས་ཀྱི་ངོ་བོ་ཡང་འདྲ་ཡི་མ་རེད་ལ། སྲིད་སྐྱོང་ཅེས་པ་ད་སྔོན་བཅའ་ཁྲིམས་ནང་འཁོད་ཡོད་པ་མ་རེད། དེ་མེད་ཙང་ད་བཀོད་དགོས་འདུག་ཅེས་གླེང་བཞིན་པ་རེད། དེ་གཅིག་རེད། གཉིས་པ་ནི་བཀའ་ཤག་གིས་གློ་བུར་དུ་སྲིད་སྐྱོང་ཅེས་པ་བེད་སྤྱོད་གནང་བ་ཡིན་པར་འདོད་པའི་བསམ་ཚུལ་འདུག་པ་ནི་ཆབ་སྲིད་ཀྱི་འཕེལ་རིམ་དང་། ༸གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་བའི་ཕྱོགས་ཡོངས་ཀྱི་དོན་དངོས་མ་ཤེས་པས་རེད། རྒྱུ་མཚན་ནི། ང་ཚོས་དང་པོ་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་བཞེས་བཞིན་པའི་སྐབས་འབུམ་རམས་པ་བློ་བཟང་སེང་གེ་ལ་བཀའ་བློན་ཁྲི་བར་འོས་འདེམས་བྱུང་བ་བདེན་པ་རེད་མོད། འདེམས་ཐོན་བྱུང་བའི་བཀའ་ཁྲི་དེ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་གིས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་ནས་བརྒྱུད་སྤྲོད་བྱུང་བའི་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་རྫོགས་པ་རྩིས་སྤྲོད་གནང་བ་དང་། བཀའ་ཁྲི་གསར་པའི་ཁྲི་སྟོན་གྱི་ཉིན་ནས་སྲིད་སྐྱོང་པར་གྱུར་པ་རེད། དེའི་སྟབས་ཀྱིས། ལོ་རྒྱུས་དང་ཆབ་སྲིད་འཕེལ་རིམ་གྱི་བརྒྱུད་རིམ་ཁྲོད་ནས་བྱུང་བའི་བཀའ་ཤག་གི་འགན་དབང་ཡང་བཀའ་བློན་ཁྲི་བ་ལས་ཐོག་པས་ཡར་སྲིད་སྐྱོང་ལ་རྩིས་སྤྲོད་གནང་དགོས་པའི་གནད་དོན་ཆགས་པ་རེད་ལ། བཀའ་ཤག་རྙིང་པས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་ཡོད་མཁན་གྱི་སྐྱེས་བུ་དེར་སྲིད་སྐྱོང་པ་ཅེས་དང་། སྐྱེས་བུ་དེའི་འགན་ཁུར་གྱི་དབང་ཆ་ལ་སྲིད་སྐྱོང་འགན་དབང་ཅེས་འབོད་དགོས་པའི་བརྒྱུད་རིམ་ཆགས་པ་རེད། གནས་ལུགས་འདི་དག་གི་ཐོག་ནས་བཀའ་བློན་ཁྲི་པ་ཅེས་མིང་དེ་སྲིད་སྐྱོང་པར་བསྒྱུར་རྒྱུ་ནི་དོན་དངོས་དང་འཚམས་པ་ཞིག་ཏུ་གྱུར་ཡོད་པ་རེད། དེ་མིན་སྲིད་སྐྱོང་ཅེས་མིང་བེད་སྤྱོད་ན་” འདི་དོན་མར་༼ བཅའ་ཁྲིམས་རིན་པོ་ཆེ་༽ ལ་བརྩི་བཀུར་མ་ཞུས་པའི་གནང་སྟངས་ཤིག་ཆགས་ཡོད།”པ་ཡིན་ན། ༸གོང་ས་མཆོག་གིས་ཀྱང་སྲིད་དབང་རྩིས་སྤྲོད་སྐབས་སྲིད་སྐྱོང་ཅེས་པ་ཤུགས་ཆེན་པོས་བེད་སྤྱོད་གནང་ཡོད་པ་རེད། སོང་ཙང་། བསལ་བློ་འདི་འདྲ་གཏོང་བ་ནི་ཡ་མཚན་པ་ཞིག་ཀྱང་རེད་འདོད།

    Reply
  12. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ༡ རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་གྲུབ་དོན་སྙན་ཐོ་༧གོང་ས་མཆོག་གི་མདུན་ཅོག་སྟེང་བཞག་པ་ཁ་མ་ཕྱེས་གོང་། ༼ གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས་༽་གསུངས་བ་བདེན་པ་རེད། མཚན་འདི་ཁོང་གི་ཐམས་ཅད་མཁྱེན་པའི་ཐུགས་ནས་བརྡོལ་བའི་གསོལ་རས་རིན་ཐང་བྲལ་བ་ཞིག་ཡིན། དེའི་རྗེས་གྲོས་ཚོགས་ནས་མཚན་གཞན་རྣམས་དང་མཉམ་དུ་༧གོང་ས་མཆོག་ལ་མཚན་གསོལ་སྙན་ཞུ་བསྐྱར་འབུལ་ཞུས་པ་བདེན་པ་རེད། འདིར་གསལ་ཁ་བཤད་དགོས་པ་ཞིག་ནི། རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་རྒྱ་ཆའི་དགུ་བཅུ་གོ་དགུས་༼ བོད་མིའི་སྒྲིག་འཛུགས་༽ལ་འདོད་པ་མེད་པ་༧གོང་ས་མཆོག་ལ་ཕུལ་བའི་སྙན་ཞུར་བྲིས་མི་འདུག བཙན་བྱོལ་བོད་གཞུང་གི་མང་གཙོ་ཟེར་བའི་མང་འདི་མང་པོ་དང་གྲལ་གྱི་མཐའ་ན་གནས་པའི་མི་མང་གཙོ་འདོན་བྱེད་པའི་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་ཡིན་ན། སྐབས་དེར་གང་ལ་མང་པོས་སྤྱི་མོས་བྱས་པའི་ཐག་གཅོད་དེར་མི་རེ་འགས་མཐོང་ཆུང་བཏང་བ་མ་ཟད། མི་རེ་འགའི་རྣམ་དཔྱོད་དང་གཟིགས་རྒྱང་ལ་གཞན་གྱིས་དོ་མེད་པའི་རྣམ་པ་གསལ་སྟོན་གྱིས་མཚན་བྱང་བརྗེ་བསྒྱུར་འདི་ནག་ཁུངས་ནང་གི་ཚོང་ཁོ་ན་ཆགས་ཡོད། གཞན་ཚོགས་བཅར་བ་ཡོངས་རྫོགས་འུ་ཐུག་ནས་གལ་སྲིད་ཡིན་གཅིག་མིན་གཅིག་བརྗེ་དགོས་ན་༧གོང་ས་མཆོག་ལ་མཚན་ཞུ་རྒྱུ་དང་ཁོང་གིས་གང་བཏགས་ལ་སྤྱི་མོས་གནང་ཡང་དེའང་ཐོན་དགོས་སར་ཐོན་མེད།

    ༢ སྲིད་སྐྱོང་པ་༧གོང་ས་མཆོག་སྐུ་བཞུགས་དུས་སྔ་དྲགས་ཟེར་བ་དང་། བཀའ་ཁྲིའི་མིང་ཐོག་ནས་འོས་བླུགས་པ་མ་གཏོགས་སྲིད་སྐྱོང་པའི་མིང་ཐོག་ནས་འོས་བླུགས་མེད་ཟེར་མཁན་སྐབས་ ༡༥ པའི་སྤྱི་འཐུས་རྣམ་པ་ཚོ་རེད། ཁྲིམས་མཐུན་སྲིད་སྐྱོང་པས་སྲིད་སྐྱོང་བ་གཞན་ཞིག་ཁྲིམས་མཐུན་དུ་བསྒྱུར་བ་རྩིས་མེད་བཀའ་འགལ་བྱས་པ་འཇིགས་བྲལ་ལགས་ཀྱིས་གསུངས་པ་དོན་ལ་གནས་པ་གཅིག་བྱས། གཉིས་ནས་མི་མང་གིས་སྲིད་སྐྱོང་པ་ཡིན་པར་ངོས་འཛིན་གྱིས་འོས་ལྡུགས་དགོས་ན་སྐུ་ཞབས་བློ་སེང་སྲིད་སྐྱོང་དུ་མི་འདེམས་པའི་ཐེ་ཚོམ་གཟས་ནས་བཏོད་པ་ནི་སྤྱི་འཐུས་རེ་འགའ་དམིགས་ཡུལ་གཞན་ཞིག་ཡོད་སྲིད་ཁར། ༧གོང་ས་མཆོག་བར་ལྡིང་དུ་ལྷག་ཏུ་འཇུག་པ་དང་ཁོང་གི་བཀའ་མོལ་རྣམས་དོན་ཐོག་ཏུ་འཁྱོལ་རྒྱུར་སྣང་ཆུང་བྱས་པ། བཀའ་ཁྲི་བློ་སེང་ལ་སྲིད་སྐྱོང་གི་གནས་ཚད་མེད་པར་ངོས་འཛིན་བྱས་པ་གསལ་བོ་རེད་ལ། འདི་ནི་སྐབས་བཅོ་ལྔ་པའི་སྤྱི་ལྷན་གྱིས་ལོ་རྒྱུས་ལ་ཐོག་མར་བྲིས་པའི་ནག་ཉེས་དང་པོ་དེ་རེད། རྒྱ་ཆེའི་བོད་མི་མང་གིས་འདིར་དོ་སྣང་མ་བྱས་པར་རྗེས་འདེད་གཏོང་མཁན་མེད་ཀྱང་། རྒྱ་ནག་གཞུང་གིས་གནང་སྟངས་འདི་ཕྱི་གསལ་ནང་གསལ་མིན་པ་དང་། འགོ་རྔ་མི་མཐུན་པར་མཐོང་སྟེ་ཁོངས་དགོད་ཀྱིས་བཙན་བྱོལ་སྒྲིག་འཛུགས་ལ་སྐྱོན་སྣ་དགུ་བརྩེགས་འགེལ་སྲིད་ལ། སྤྱི་ལྷན་གྱིས་གནང་སྟངས་འདིས། སྐུ་ཞབས་བློ་སེང་གི་རེ་བའི་ཁེངས་པའི་བོད་རྒྱ་འབྲེལ་མོལ་གྱི་ལས་འཆར་མང་པོར་ལམ་དུ་མི་ལྷོངས་རྒྱུའི་ལས་གསོགས་རྒྱུ་ནི་སྔོན་དཔག་ཐུབ་པ་ཞིག་རེད། དེ་བས། སྤྱི་ལྷན་སྐབས ༡༥ པས་རིག་པ་སྒྲིམ་དགོས་ཚོད་གདའ།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    འཇིགས་བྲལ་ལགས། དོན་དག་འདི་ཚོར་ཡིག་ཆ་ངོ་མ་ཡོད། ཁྱེད་རང་ཡང་རྡ་སར་ཐག་ཉེ་བས་ཡིག་ཆ་ངོ་མར་གཟིགས་ན་བཟང། གསུང་བཤད་དང་བཀའ་ཡིག ཡར་ཞུའི་ཡིག་ཆ་ཚང་མ་གཤིབ་བསྡུར་གྱིས་དངོས་ཡོད་རང་བཤད་ན་བཟང། སྐྱོན་བརྗོད་པར་ངས་ཅང་ལབ་གི་མེད། “མཚན་བྱང་གསར་པ་ཉི་ཤུ་རྩ་བཞི་ཡར་ཕུལ་སྟབས་ྋགོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཅེས་འཁོད་པ་དེར་ཆོག་མཆན་མཚན་རྟགས་གནང་བ་རེད”ཟེར་བ་འདི་བདེན་པ་མ་རེད། མཚན་རྟགས་གནང་ས་དེ”བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”་ཅེས་པ་དེ་རེད། བོད་གཞུང་གི་ཚབ་ལ་བོད་མིའི་སྒྲིག་འཛུགས་ཟེར་བ་དེ་སྐུ་སྒེར་ཡིག་ཚང་བརྒྱུད་དེ་གནང་བའི་བཀའ་ཡིག་ནང་ལ་ཡོད་པ་རེད།
    ང་ཚོ་ཐག་ཉེ་ནས་བསྡད་དེ་ད་དུང་དངོས་ཐོག་བདེན་འཚོལ་མི་བྱེད་པར་རྣ་ཐོས་དང་བསམ་ཚུལ་ཙམ་ལ་ཨ་འཐས་བྱེད་པ་འདི་ཞན་ཆ་ཞིག་རེད། ལྷག་པར་དཔྱད་བརྗོད་པ་ཞིག་ལ་མཚོན་ན་དེ་ནི་སྐྱོན་ཆའམ་ནོར་འཁྲུལ་ཆེ་ཤོས་ཤིག་ཡིན།
    ཀུན་སློང་བཟང་ན་ཡང་གཏམ་དོན་མ་མཐུན་ན་རང་ལ་བསམ་བཞིན་དུ་དཀྲུག་ཤིང་བཟོ་མཁན་རེད་ལབ་གི་རེད། བདེན་པ་ངོ་མ་ཞིག་སྐྱོང་འདོད་ན་ཞིབ་འཇུག་ཡག་པོ་ཞིག་གནང་དགོས། ཤ་ཚ་བའི་སྐད་ཆ་ཡིན། ངས་འདི་ལ་ཡང་བསྐྱར་ནན་བཤད་བྱེད་དོན་ནི་འཆལ་གཏམ་ཆགས་སོང་ན་མི་བཟང་སྙམ་པ་ཙམ་ཡིན།

    Reply
  14. གསར་བརྗེ་སྐྱབས། says:
    ལོ་ 14 སྔོན།

    འཇིགས་བྲལ་ལགས་ཀྱིས་ཁ་ཐུག་གི་གནས་ཚུལ་ལ་དགོངས་ཚུལ་ཕེབས་པར་ཐུགས་རྗེ་ཆེ་ཞུ། བོད་པའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་སྐབས་གསར་གནས་ཙམ་ལས་དེ་ལ་དབྱེ་ཞིབ་དང་དཔྱད་ཞིབ་སོགས་དུས་ཐོག་ཏུ་ཐོན་རྒྱུ་ཁག་པོ་འདུག གོང་གི་རྩོམ་ཡིག་འདིའི་སྟེང་རིན་ཐང་གཅིག་རང་གཅིག་ཡོད་པ་ནི་དགོངས་ཚུལ་དུས་ཐོག་ཏུ་སྤེལ་བ་དེ་རེད། སོང་ཙང་འཇིགས་བྲལ་ལགས་ལ་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    ང་རང་སྒེར་ངོས་ནས་བཀའ་བློན་ཁྲི་བ་དང་བཀའ་བློན་སོགས་ལས་སྲིད་སྐྱོང་དང་སྲིད་འཛིན། ཡང་ན་སྲིད་བློན་སོགས་ལ་འདོད་མོས་ཡོད་མཁན་གྲས་ཡིན། ཡིན་ནའང་ད་ཐེངས་ངས་གྲོས་ཚོགས་ཀྱིས་ཐག་གཅོད་གང་གནང་བ་དེར་རྒྱབ་སྐྱོར་གཙང་མ་ཞུ་གི་ཡིན། རྒྱུ་མཚན་འོག་གི་འདི་དག་ཡིན།

    ༡༽བོད་པའི་དམངས་གཙོའམ་བཙན་བྱོལ་དམངས་གཙོ་འདི་ད་བར་དུ་ཁྲིམས་ཀྱི་དབང་བསྒྱུར་ལས་གང་ཟག་གི་དབང་བསྒྱུར་ཤུགས་ཆེ་བ་ཡོད། འདི་དམངས་གཙོའི་འཕེལ་རིམ་མ་རྫོགས་པའི་ཆ་དེ་ཡིན། ཆ་འདི་ཡོངས་སུ་རྫོགས་ཕྱིར་སྐུ་མདུན་དབུ་ཁྲིད་ནས་རྩ་དགོངས་ལ་ཕེབས་པ་རེད། རྩ་དགོངས་ལ་ཕེབས་ཁར་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་སྐོར་གྱི་དོན་ཚན་དེ་ཕྱིར་བསྡུ་བྱས་ན་ལེགས་པའི་དགོངས་ཚུལ་ཕེབས་ལྟར་གྲོས་ཚོགས་ནས་ཕྱིར་བསྡུ་གནང་ཚར་བ་རེད། ད་ལྟའི་བཅའ་ཁྲིམས་ཀྱི་བརྗོད་པའམ་འབྲུ་དོན་ནང་༼ སྡེ་སྲིད་དང་སྲིད་སྐྱོང་༽ཞེས་པའི་ཐ་སྙད་མེད་པར་བཟོས་ཚར་བ་རེད། བཅའ་ཁྲིམས་ཀྱི་བརྗོད་པ་ངོ་མའམ་འབྲུ་དོན་ངོ་མ་དེ་༼ བཀའ་བློན་ཁྲི་བ་༽ཞེས་པ་འདི་རེད།

    ༢༽བཅའ་ཁྲིམས་ནང་བཀའ་བློན་ཁྲི་བ་ཞེས་བཀོད་ཡོད་པ་ལྟར་འོས་བསྡུ་ཡང་བཀའ་བློན་ཁྲིའི་འོས་བསྡུ་བྱས་པ་རེད། འོས་ཐོབ་ནས་དམ་འབུལ་མཛད་སྒོའི་སྟེང་སྐུ་མདུན་དང་བཀའ་ཤག་རྙིང་བ་གཉིས་ཀས་གཞུང་འབྲེལ་གསུང་བཤད་ནང་གློ་བུར་ཐོད་རྒྱག་གིས་༼ སྲིད་སྐྱོང་༽ཞེས་པ་འདི་བེད་སྤྱོད་གནང་བ་རེད། བཅའ་ཁྲིམས་ཀྱི་བརྗོད་པ་ལ་ཁྲིམས་ཐོག་ནས་འགྱུར་བ་མ་བཏང་བའི་སྔ་རོལ་ཏུ་སྲིད་སྐྱོང་ཞེས་ཐད་ཀར་བེད་སྤྱོད་གནང་བ་རེད། འདི་ཁྲིམས་ཀྱི་བརྗོད་པ་མ་རེད། འདི་དོན་མར་༼ བཅའ་ཁྲིམས་རིན་པོ་ཆེ་༽ ལ་བརྩི་བཀུར་མ་ཞུས་པའི་གནང་སྟངས་ཤིག་ཆགས་ཡོད།

    ༣༽བཀའ་ཤག་རྙིང་བའི་སྐབས་ལ་བཅའ་ཁྲིམས་ཀྱི་བརྗོད་པ་ལ་རང་ངོས་ནས་བཟོ་བཅོས་བྱས་པའམ། རང་འདོད་ཀྱིས་བེད་སྤྱོད་མི་ཆོག་པའི་བཀའ་རྒྱ་ཕེབས་པའང་གང་མང་ཡོད། ཆོལ་ཁ་གསུམ་ཞེས་པ་འདི་དེ་ནང་གི་གཅིག་ཡིན། བཅའ་ཁྲིམས་ཀྱི་བརྗོད་པའི་ནང་ཚིག་འདི་གང་མང་ཡོད། དམིགས་བསལ་གྲོས་ཚོགས་ཀྱི་གྲུབ་ཆ་དང་འོས་བསྡུའི་དོན་ཚན་ཁག་གི་སྐབས་ཚིག་འདི་གཅིག་མིན་གཉིས་མིན་དུ་བྱུང་ཡོད། ཡིན་ནའང་བཀའ་ཤག་རྙིང་བས་ཚིག་འདི་བེད་སྤྱོད་མི་གཏོང་བའི་འབོད་སྐུལ་དང་བཀའ་རྒྱ་ཕེབས་པ་ཚང་མས་མཁྱེན་གསལ་རེད།

    ༤༽སྐུ་མདུན་དབུ་ཁྲིད་ནས་རྩ་དགོངས་ལ་མ་ཕེབས་པའི་སྔོན་ལ་ང་ཚོས་གྲོས་ཚོགས་ཀྱིས་ཁོང་གི་གསུང་བརྩིས་མ་སོང་ཞེས་སྐད་རྒྱབ་ན་འགྲིག་གི་ཡོད་པ་རེད། སྐབས་དེ་དུས་སྐུ་མདུན་ལ་ཁྲིམས་ཐོག་ནས་དམིགས་བསལ་གྱི་སྐུ་དབང་ཆེན་པོ་དགུ་ཡོད་པ་རེད། དེ་ནང་དགོས་གལ་བྱུང་ན་གྲོས་ཚོགས་ཕྱིར་བསྡུ་གནང་ན་ཆོག་པའི་སྐུ་དབང་ཡོད་པ་རེད། ད་ལྟ་དེ་ལྟར་མ་རེད། གྲོས་ཚོགས་འདི་ཁྲིམས་ལུགས་དབང་བསྒྱུར་ཐད་སྐུ་དབང་ཆེ་ཤོས་ཀྱི་གོང་བུ་དེ་ཆགས་ཡོད་པ་རེད། ཁྲིམས་སྒྲིགས་གང་དང་དེའི་བརྗོད་པ་སོགས་ལ་འགྱུར་བ་གཏོང་དང་མི་གཏོང་ཀྱི་དབང་ཚད་ཆེ་ཤོས་ཡང་འདི་ལ་ཡོད་པ་རེད། འདིའི་ཐག་གཅོད་ལ་བརྩི་བཀུར་དང་ལེན་ཞུ་ཐུབ་མིན་དེ་གཞུང་དང་སྤྱི་ཚོགས་ཁྲིམས་ཀྱི་དབང་བསྒྱུར་གྱི་འོག་ལ་འགྲོ་ཐུབ་མིན་གྱི་གནད་འགག་ལྟེ་བ་ཆགས་ཡོད་པ་རེད།

    ༥༽སྐུ་མདུན་གྱིས་ཚིག་གཅིག་གསུངས་པ་དང་གྲོས་ཚོགས་ཀྱིས་ལམ་སེང་འགྱུར་བ་གཏོང་དགོས་ན་དེ་ལ་ཁྲིམས་ཀྱི་དབང་བསྒྱུར་ཟེར་གི་མ་རེད། གང་ཟག་གི་དབང་བསྒྱུར་ཟེར་གི་རེད། དེ་ལ་བཀའ་གསུང་ཅི་སྒྲུབ་ཟེར་གི་རེད་མ་གཏོགས། དམངས་གཙོའི་སྦྱང་བཤད་ཟེར་གི་མ་རེད། ཕྱོགས་གཞན་ནས་བཤད་ན་གྲོས་ཚོགས་སྐུ་མདུན་གྱི་གཟུགས་བརྙན་མ་རེད་ལ། གྲོས་ཚོགས་མཐོང་སར་བཤམས་པའི་སྐུ་ཐང་འདྲ་བོ་མ་རེད།

    དེ་རིང་འདི་ཙམ་ཡིན། རིམ་པས་གླེང་ཆོག

    Reply
  15. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    འཇིགས་བྲལ་ལགས་་་ཁམས་བཟང་་ཞུ་རྒྱུ་ལས་ཅང་མེད་་་་སྒེར་གཅོད་པ་ཚོ་ལ་སྐད་ཆ་ག་ཚོད་བཤད་ནའང་གོ་གི་མ་རེད། བོད་ཀྱི་མ་འོང་པ་་་ཚར་སོང་།  རྗེས་སུ་མཇལ་ཡོང་་་་

    Reply
  16. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    ྋགོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་གི་ཚབ་ཏུ་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ། ཡང་ན། གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ཅེས་ཡར་ཞུ་མི་དགོས་པར་མར་གསོལ་བསྩལ་གནང་བ་དེས་འགྲིག་མི་འདུག་མདོག་མདོག་བྱས་ནས་མཚན་བྱང་གསར་པ་ཉི་ཤུ་རྩ་བཞི་ཡར་ཕུལ་སྟབས་ྋགོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཅེས་འཁོད་པ་དེར་ཆོག་མཆན་མཚན་རྟགས་གནང་བ་རེད། ཡང་དེ་རྗེས་སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་བསྒྱུར་གྱི་ཡིན་ཟེར་ནས་འུར་རྒྱག་གི་ཡོད་ལ། སྤྱི་ཚོགས་ནང་དེའི་ཐད་བསམ་ཚུལ་ཡོད་པ་ཤེས་རྗེས་ཡང་བསྒྱུར་གྱི་མིན་ཟེར་གྱི་ཡོད་པ་རེད། གལ་སྲིད་གཅིག་བསྒྱུར་དགོས་ཀྱི་ཡོད་པ་ཡིན་ན། ྋགོང་ས་མཆོག་གི་ཞལ་དྲོན་མོ་ནས་གསུངས་པ་ང་ཚོ་ཚང་མའི་ཧ་གོ་དོན་གསལ་བཞིན་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་དང༌། ཡང་ན་གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ཅེས་པ་གང་རུང་དུ་བསྒྱུར་རོགས། ཅེས་པོ་བྱས་ནས་བྲིས་ཡོད་པ་འདི་ཡག་པོ་ཞིག་ཀློག་རོགས། ལན་དེས་མ་འཐུས་པ་འདུག་ན་གསུངས་དང་བཤད་ཆོག་གི་རེད།

    Reply
  17. ཐོག་སྒྲ། says:
    ལོ་ 14 སྔོན།

    གྲོགས་པོ་འཇིག་བྲལ་ལགས་ད་ལྟ་སྡུག་སྐད་ཤོར་དོན་ཅི་ཡིན་ནམ།
    གཞུང་གི་མིང་བརྗེ་འགྱུར་སྐབས་༸གོང་ས་མཆོག་གིས་་་་གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་སམ་གང་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་་་་ཞེས་བཏགས་ན་འོས་འཚམས་རེད་གསུངས་ཀྱང་གྲོས་ཚོགས་དང་ཟམ་གདོང་གིས་༸གོང་ས་མཆོག་གི་བཀའ་ལ་བརྩི་མེད་ཀྱི་དབུས་བོད་མིའི་སྒྲིག་འཛུགས་ཤེས་བཏགས་དུས་ཁྱེད་ཀྱི་རྣམ་ཤེས་རྐུབ་ཀྱི་འཛུལ་བའམ་ཡང་ན་ཁྱེད་ཀྱི་ཤེས་པ་འཆོལ་སོང་ངམ།
    རྗེ་ས་པཎ་གྱིས། ཁྱི་རྒན་ཀུ་ཅོ་སྒྲོག་པ་ནི།། རྒྱུ་མཚན་མེད་པར་གཞན་ལ་རྒྱུག།

    Reply
  18. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    གནས་ཚང་ལགས་ལ་གསལ་འདེབས་ཞུ་རྒྱུ་ཞིག་ལ་སྤེན་པ་ཚེ་རིང་ཚོགས་གཙོར་འདེམས་ཐོན་བྱུང་བ་དེ་མདོ་སྨད་གཅིག་བུ་མ་རེད སྤྱི་འཐུས་བཞི་བཅུ་ཞེ་བདུན་གྱིས་གདམས་པ་རེད། དེས་ནང་དུ་མདོ་སྨད་པ་སྤྱི་འཐུས་བཅུ་ལས་མེད་ལ། སྤྱི་འཐུས་ཚོགས་གཙོ་ལ་ཉུང་མཐར་ཡང་བརྒྱ་ཆའི་ལྔ་བཅུ་ཡན་གྱི་འོས་ཤོག་དགོས་པས་དོན་མེད་རྙོག་གཏམ་ལ་གཟབ་གཟབ་གནང་རོགས།

    Reply
  19. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    རྩོམ་ཡིག་འདིའི་མཐའ་བསྡོམས་དེ་བཀོད་མི་འདུག
    འགོད་ཐབས་ཡོད་ཚེ་གཤམ་གསལ་ལྟར་ཡིན།

    མཐའ་དོན།
    དེར་བརྟེན་འདི་ལོ་སྤྱི་འཐུས་སྐབས་ ༡༤ པ་དང་ ༡༥ གཉིས་ཀྱི་ངོས་ནས། དང་པོ། ༸གོང་ས་མཆོག་ལ་བོད་ཀྱི་སྲིད་སྐྱོང་འགན་དབང་ཡོད་པའི་སྐབས་སུ་བཙན་བྱོལ་བོད་གཞུང་གི་མིང་བྱང་གི་ཚབ་ཏུ་གནང་བའི་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ། ཡང་ན། གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ཞེས་གསོལ་བསྩལ་གྱིས་བཀའ་ནན་ལམ་སྟོན་གནང་བ་བརྩིས་མེད་རྡོག་རོལ་དང་། གཉིས་པ། ༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཟེར་བར་ཆོག་མཆན་མཚན་རྟགས་གནང་བ་དེ་ཡང་འགྲིག་མི་འདུག་མདོག་མདོག་གི་གཞུང་འབྲེལ་གྲོས་འཆར་དང་གསར་འགོད་གསལ་བསྒྲགས། གསུམ་པ། ༸གོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་བོད་ཀྱི་སྲིད་དབང་ཆ་ཚང་རྩིས་སྤྲོད་གནང་བའི་རླབས་ཆེན་གྱི་དགོངས་པ་ལ་ཡང་གྲོས་ཚོགས་ནས་ངོས་ལེན་མེད་པའི་ཐག་གཅོད་འདི་དག་གི་ཐོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོས་ད་ནས་བཟུང་༸གོང་ས་མཆོག་བཀའ་དང་དགོངས་པ་ཟེར་ནས་གསུང་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། ༸གོང་ས་མཆོག་བཀའ་དང་དགོངས་པ་ཇི་བཞིན་ལག་བསྟར་གནང་རྒྱུ་ནི་བོད་གཞིས་བྱེས་གཉིས་ཀྱི་ཚེ་སྲོག་ལ་ཐུག་ཀྱང་འདོར་མི་སྲིད་པ་ཡིན་པས་སྤྱི་འཐུས་འདི་དག་གིས་བོད་གཞིས་བྱེས་གཉིས་ཀྱི་མངོན་འདོད་རེ་བ་གཏན་ནས་ཁས་ལེན་གྱི་མེད་པ་གསལ་པོ་ཆགས་པ་རེད་ལ། ཁོང་ཚོ་ཡང་སྙིང་སུའི་ཆེད་དུ་རྐུབ་སྟེགས་སྲུང་ཡོད་པ་ཡང་དོགས་པ་ཧ་ཅང་ཆེན་པོ་ཞིག་རེད་བསམ་གྱི་འདུག

    Reply
  20. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    བསམ་ཚུལ་འདིའི་འདྲ་བཤུས། བཀའ་ཤག སྤྱི་འཐུས། ཆེས་མཐོའི་ཁྲིམས་ཞིབ་ཁང་། སྐུ་སྒེར་ཡིག་ཚང་། སྤྱི་འཐུས་རྣམ་པ་ཚང་མ། དྲ་རྒྱ་ཁག་བཅས་ལ་མྱུར་འཕྲིན་གྱི་ལམ་ནས་དུས་གཅིག་ཏུ་ཕུལ་ཡོད་ལ། དྲ་གྲོགས་རྣམ་པ་ཚོས་ངོས་ནས་གནད་དོན་འདིའི་ཐད་བསམ་ཚུལ་གང་ཡོད་ངེས་པར་གསུངས་དགོས་པ་རེད་སྙམ་གྱི་ཡོད།

    Reply
  21. གནས་ཚང་། says:
    ལོ་ 14 སྔོན།

    ངས་ན་ནིང་ནས་བཤད་མྱོང་། སྤེན་པ་ཚེ་རིང་འདི་ཚོགས་འགོ་ཐོན་མི་ཐུབ་མཁན་ཞིག་ཡིན་ཞེས་བཤད་ན། ཨ་མདོ་ཚོ་མང་པོ་ཞིག་གིས་འདེམས་སོང་། ད་ལྟ་གང་འདྲ་འདུག

    Reply
  22. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ཁྱེད་ཀྱི་རྩོམ་ཡིག་འདི་དངོས་གནས་ཧ་ཅང་ལེགས་པ་ཞིག་བྲིས་གནང་འདུག
    ཞིབ་ཏུ་བཀླགས་པ་ཡིན། ཁྱད་པར་སྲིད་སྐྱོང་ཞེས་པའི་ཚིག་འདི་ཚིག་དོན་གཉིས་ཀྱི་ཆ་ནས་ལེགས་པ་ཡོད་པ་དང་གོང་ས་མཆོག་གིས་ཐོག་པར་ཆེད་དུ་སྤྱད་གནང་བ་ཡིན་ཙང་བོད་པ་ཚོས་བདག་པོ་ཞིག་བརྒྱབ་ན་སྙམ་པ་ཙམ་བྱུང་། གང་ལྟར་བློ་ཕམ་བྱུང་།

    Reply
  23. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གསལ་བཤད་ཅིག
    ༸གོང་ས་མཆོག་གིས་གངས་ལྗོངས་མང་གཙོའི་ལྷན་ཁང་ལྟ་བུ་བཏགས་ན་ཞེས་གསུངས་སོང་ང་དེ་མ་ཐག་ད་ག་ལེར་གཟབ་གཟབ་གནང་དགོས་རེད་ད་ཞེས་ཐག་བཅད་མ་སོང། ཕྱི་ཉིན་གྲོས་ཚོགས་ཐོག་ལ་བཀའ་ཡིག་ཕེབས་པའི་ནང་ལ་བོད་མིའི་སྒྲིག་འཛུགས་ཞེས་བྲིས་འདུག གཞུང་ཐམ་མམ་རྒྱལ་རྟགས་ངོས་ཀྱི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཚབ་ལ་མཚན་བྱང་ཁག་ཅིག་གདམ་ངར་ཕུལ་བ་བའི་ནང་ནས་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པར་མཚན་རྟགས་བཀོད་འདུག
    ཁྱེད་རང་དྲང་བདེན་སྐྱོང་མཁན་ཞིག་ལ་ངོས་འཛིན་གྱིན་ཡོད། དེ་བས་དོབ་དངོས་རང་གསལ་རྟོགས་ཆེད་དུ་བཤད་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese