མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་ཕམ་ཆེ་ཤོས་དེ་བཀའ་ཤག་གིས་བདག་པོ་བརྒྱབ་མ་སོང་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ཨ་རིའི་སློབ་ཡོན་ཁོངས་སུ་བོད་པའི་སློབ་མ་ ༡༨ ལ་སློབ་ཡོན་རག་ཡོད་ཀྱང་། ལྡི་ལི་ཨ་རིའི་གཞུང་ཚབ་ཀྱིས་སློབ་མ་ ༨ ལས་ཐོངས་མཆན་སྤྲད་མེད་པ་དང་། དེ་ནི་ལོ་སྔོན་མ་དག་ལ་སློབ་ཕྲུག་མང་པོ་ཞིག་ཕྱིར་མ་ལོག་སྟབས། ཨ་རིའི་གཞུང་ཚབ་ཀྱིས་བོད་པའི་སློབ་ཡོན་ལས་གཞིའི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པ་ཞིག་ཡིན་འདུག  

    ད་ལོ་ཨ་རིའི་སློབ་ཡོན་འོག་བོད་པའི་སློབ་ཕྲུག་ ༡༨ ཙམ་ཨ་རིའི་མཐོ་སློབ་ཁག་ནང་སློབ་གཉེར་དུ་བསྐྱོད་རྒྱུའི་གོ་སྐབས་རག་ཡོད་ཀྱང་། དེའི་ཁྲོད་ཀྱི་སློབ་ཕྲུག་ ༡༠ ཉེ་ལམ་ཕྱི་ཟླ་ ༧ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨ་རིའི་གཞུང་ཚབ་ནས་ཐོངས་མཆན་སྤྲད་མི་འདུག གཞན་སློབ་ཕྲུག་ ༨ ཙམ་ལ་ཐོངས་མཆན་རག་སྟེ་ཟླ་སྔོན་མའི་ཟླ་མཇུག་ཏུ་ཨ་རིར་ཕྱིན་ཡོད་འདུག འདིའི་ཐད་ཨ་རི་བོད་ཀྱི་ཐེབས་རྩ་ཁང་གིས་དེ་ནི་སློབ་ཕྲུག་སྒེར་སོ་སོས་ཨ་རིའི་གཞུང་ཚབ་ནས་ཞིབ་བཤེར་བཀའ་འདྲི་གནང་སྐབས། ལན་རྒྱག་སྟངས་གནད་ལ་འཁེལ་དང་མ་འཁེལ་གྱི་ཐད་ནས་ཐོངས་མཆན་རག་མིན་ཐག་གཅོད་བྱུང་ཞིག་ཡིན་ཚུལ་བརྗོད་ཡོད་འདུག

 

    ཉེ་ལམ་འདི་ལོའི་སློབ་ཡོན་རག་མཁན་དག་ཨ་རིའི་གཞུང་ཚབ་ཏུ་ཐོངས་མཆན་ཞུ་རྒྱུ་གྲ་སྒྲིག་གནང་བཞིན་ཡོད་སྐབས། ཐོག་མར་ཨ་རིའི་བོད་ཀྱི་ཐེབས་རྩ་ཚོགས་པས་ཨ་རིའི་གཞུང་གིས་སློབ་ཡོན་རོགས་དངུལ་ཉུང་དུ་བཏང་ཡོད་ཚུལ་བརྗོད་དེ་སློབ་ཡོན་རག་ཡོད་པ་ ༡༨ ལས་རྩེ་བཏོགས་ཀྱིས་སློབ་མ་ ༡༢ ལྡི་ལི་ཨ་རིའི་གཞུང་ཚབ་ལ་བཏང་སྟེ། ལྷག་མ་ ༦ དེ་ལོ་རྗེས་མར་གཏོང་རྒྱུ་བྱས་ཡོད་འདུག་ཀྱང་། སྐབས་དེར་ཨ་རིའི་གཞུང་ཚབ་ནས་སློབ་ཕྲུག་ ༡༢  ལས་སློབ་མ་ལྔ་ལ་མ་གཏོགས་ཐོངས་མཆན་སྤྲད་མེད་པ་དང་། རྗེས་སུ་བོད་ཀྱི་ཐེབས་རྩས་ཨ་རིའི་གཞུང་གིས་སློབ་ཡོན་ཆ་ཚང་སྤྲད་སོང་ཞེས་སློབ་ཕྲུག་གཞན་དྲུག་པོར་ཡང་ཐོངས་མཆན་ཞུ་རུ་བཏང་ཡོད་འདུག་ལ། ཁོང་ཚོའི་ཁྲོད་ཀྱི་སློབ་ཕྲུག་གསུམ་ལ་ཐོངས་མཆན་རག་སྟེ་སྔ་ཕྱི་ཁྱོན་བསྡོམས་སློབ་མ་ ༨ ལ་ཐོངས་མཆན་རག་ཡོད། ཐོངས་མཆན་མ་རག་པ་དག་གིས་ཐབས་ཤེས་ཡང་ཡང་བྱས་ཀྱང་གྲུབ་འབྲས་འཐོན་མེད་པ་དང་། གནད་དོན་དེའི་ཐད་བོད་ཁྱིམ་སློབ་ཡོན་འགན་འཛིན་དང་ཨ་རིའི་སློབ་ཡོན་གྱི་སློབ་ཕྲུག་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས། “སྔོན་མ་ང་རང་ཨ་རིའི་སློབ་ཡོན་ཁོངས་སུ་འགྲོ་སྐབས་ཧ་ཅང་ལྷོད་ལྷོད་རེད། ཨ་རིའི་གཞུང་ཚབ་ལའང་འགྲོ་དགོས་པ་མ་རེད། ”ཅེས་བརྗོད་བྱུང་།

 

    གནད་དོན་དེའི་ཐད་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་གཞུང་ཚབ་ལ་འབྲེལ་པ་བྱས་པར། གཞུང་ཚབ་ཀྱིས་ ༢༠༠༩ ལོར་སློབ་ཡོན་ཁོངས་སུ་ཕྱིན་ཏེ་ ༢༠༡༠ ལོར་སློབ་སྦྱོང་གི་དུས་ཡུན་རྫོགས་ཏེ་ཕྱིར་ལོག་བྱ་དགོས་པའི་སློབ་ཕྲུག་ ༤ ཕྱིར་ལོག་བྱས་མེད་པ་དང་། དེ་དག་ཕྱིར་ལོག་བྱུང་མཚམས་ད་ལོའི་ཐོངས་མཆན་མ་རག་པ་ཚོར་བསམ་བློ་གཏོང་གི་ཡིན་ཚུལ་བརྗོད་ཡོད་པར་བརྟེན། བོད་ཀྱི་ཐེབས་རྩ་ཚོགས་པས་སློབ་ཕྲུག་དེ་དག་སྐོར་ལ་ཞིབ་འཇུག་བྱས་པ་ལྟར་ན། ཁོང་ཚོའི་ཁྲོད་ཀྱི་མི་གཉིས་སྐྱབས་བཅོལ་ནང་འཛུལ་ཟིན་པ་དང་། གཅིག་གིས་ད་ལྟ་སྐྱབས་བཅོས་ཞུ་བཞིན་ཡོད་འདུག གཞན་མི་གཅིག་གར་སོང་ཤེས་རྟོགས་མ་ཐུབ་པས་སློབ་ཕྲུག་དེ་དག་ཕྱིར་ལོག་བྱ་རྒྱུ་མིན་པ་ཁ་གསལ་བྱུང་ཡོད་འདུག དེའི་ཐད་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས། “མི་གསུམ་ཨ་རིར་ཡོད་པ་ཤེས་བཞིན་དུ་ཕྱིར་ལོག་བྱ་ཐུབ་ཀྱི་མི་འདུག་ཟེར་བ་དེ་བོད་ཀྱི་ཐེབས་རྩ་ཚོགས་པའི་འཐུས་ཤོར་རེད། ཁོང་ཚོ་ཕྱིར་ལོག་བྱ་རྒྱུར་ལམ་ཁ་རྩ་བ་ཉིད་ནས་མེད་པ་དེ་འདྲ་མ་རེད”ཟེར།

 

    ཐེངས་འདིར་ཨ་རིར་ཐོངས་མཆན་མ་རག་མཁན་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས་བརྗོད་དོན། “ ལོ་གསུམ་ཙམ་རིང་དཀའ་ལས་བརྒྱབ་མཐར་གཞུང་ཚབ་ནས་སྐར་ཆ་འགའ་ཤས་ནང་རེ་བ་ཚང་མ་མེད་པ་བཟོས་ཡོང་དུས་བློ་ཕམ་ཆེན་པོ་བྱུང་སོང་། གནད་དོན་འདི་གཞུང་ཚབ་ཁང་གིས་བོད་མིར་བསམ་ནག་བྱས་པ་དེ་འདྲ་རེད་དྲན་གྱི་མེད། དེ་ནི་ད་སྔ་སློབ་ཡོན་ཐོབ་མཁན་མང་པོ་ཞིག་ཨ་རིར་གཏན་སྡོད་བྱས་པ་དང་བོད་ཀྱི་ཐེབས་རྩ་ཚོགས་པས་ཁོང་ཚོ་ཕྱིར་ལོག་བྱ་རྒྱུར་ནུས་པ་འདོན་མ་ཐུབ་པས་རེད། བློ་ཕམ་ཆེ་ཤོས་དེ་བཀའ་ཤག་གིས་བདག་པོ་བརྒྱབ་མ་སོང་བསམ་ཡོད། ཕྱོགས་གཅིག་ནས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཁྱད་ལས་པ་ཁྲི་གཅིག་ཐོན་ཐབས་བྱ་རྒྱུ་དང་། ཁྱད་ལས་སློབ་སྦྱོང་ཆེད་བུ་ལོན་གཡར་རྒྱུའི་འཆར་གཞི་ཡོད་གསུང་གི་ཡོད་པ་རེད། འོན་ཀྱང་། དོན་དངོས་ཐོག་སོ་སོའི་མདུན་དུ་ཡོད་པ་དེ་ལ་ཡང་བདག་པོ་རྒྱག་གི་མི་འདུག”ཅེས་བརྗོད་བྱུང་།

 

    ༢༠༡༡ ལོར་སློབ་མཐར་ཕྱིན་ཏེ་ཕྱིར་ལོག་དགོས་པའི་སློབ་ཕྲུག་ ༡༦ ཡོད་ཅིང་། དེའི་ཁྲོད་ཀྱི་སློབ་ཕྲུག་ ༢ ལ་སོ་སོ་སྒེར་ངོས་ནས་མུ་མཐུད་ཨ་རིའི་ནང་འབུམ་རམས་པའི་སློབ་སྦྱོང་གི་གོ་སྐབས་རག་ཡོད་སྟབས། བོད་ཀྱི་ཐེབས་རྩ་ཚོགས་པས་ཁོང་གཉིས་ལ་དུས་ཚོད་འཕར་འགྱང་གི་ཆོག་མཆན་སྤྲད་ཡོད་པ་དང་། གཞན་སློབ་ཕྲུག་ ༡༤ ད་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་ ༣༡ གོང་ཕྱིར་ལོག་བྱ་དགོས་པ་ལས་ ༧ ཕྱིར་ལོག་བྱུང་ཡོད་པ་དང་། སློབ་ཕྲུག་ ༧ དུས་ཐོག་ཕྱིར་ལོག་བྱས་མེད་པའི་གནས་ཚུལ་བྱུང་འདུག་ལ། བོད་ཀྱི་ཐེབས་རྩ་ཚོགས་པས་ཨ་རིའི་ནང་སྲིད་བདེ་སྲུང་ལས་ཁུངས་ (Internal home security) ལ་མི་བདུན་ཕྱིར་ལོག་བྱས་མེད་ཚུལ་སྙན་སེང་ཡང་ཞུས་ཡོད་འདུག

    ཨ་རིའི་སློབ་ཡོན་ཁོངས་སུ་བསྐྱོད་དེ་ཕྱིར་ལོག་བྱེད་ཀྱི་མེད་པའི་གནད་དོན་ཐད། ཨ་རིའི་སློབ་ཡོན་ཐོབ་མཁན་སློབ་ཟུར་ཚོགས་པའི་ཚོགས་གཙོ་ཟུར་པ་དང་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ལམ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་བརྗོད་དོན།  “ ཨ་རིའི་སློབ་ཡོན་འདི་ནི་བོད་མི་སྐྱབས་བཅོལ་པ་ཚོར་རག་བཞིན་པའི་སློབ་ཡོན་ནང་གི་རྩ་ཆེ་ཤོས་དང་ཕན་ཐོག་ཆེ་ཤོས་ཤིག་ཡིན་སྟབས། བཙན་བྱོལ་སྤྱི་ཚོགས་དང་འབྱུང་འགྱུར་བོད་ཕྲུག་ཚོའི་ཆེད་བསམ་བློ་བཏང་སྟེ། སློབ་མཐར་ཕྱིན་རྗེས་དུས་ཐོག་ཕྱིར་ལོག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སོ་སོ་ཨ་རིེར་ཐར་པའི་ཆེད་དུ་སློབ་ཡོན་ལས་གཞིའི་ལམ་ཁ་འདི་བེད་སྤྱོད་བྱས་ཏེ། ཕྱིར་མ་ལོག་པ་ཡིན་ན་རིམ་བཞིན་སློབ་ཡོན་རྩ་ཆེན་པོ་འདི་རྩ་མེད་ཆགས་སྲིད་པ་རེད ”  ཅེས་བརྗོད་བྱུང་།

 

    ཨ་རིའི་སློབ་ཡོན་ཁོངས་སུ་སློབ་ཕྲུག་འདེམས་སྒྲུག་བྱ་ཕྱོགས་ལ་སྔོན་མ་དང་མ་འདྲ་བའི་འགྱུར་བ་ཞིག་བཏང་ཡོད་པ་ནི། དེ་སྔོན་ཨ་རིའི་སློབ་ཡོན་འཐོབ་རྒྱུར་བོད་ཀྱི་རྒྱལ་རབས་ཆོས་འབྱུང་དང་བརྡ་སྤྲོད། སྤྱི་ཤེས་སོགས་བོད་ཡིག་ཐོག་ཚུད་རྒྱུགས་གཏོང་དགོས་ཀྱི་ཡོད་ཀྱང་། ད་ཆར་ཚུད་རྒྱུགས་དེ་བོད་ཡིག་ཐོག་བཏང་ན་སྐར་མ་ ༣ དམིགས་བསལ་སྤྲོད་ཀྱི་ཡོད་པ་ཙམ་ལས། ཚུད་རྒྱུགས་དེ་བོད་དབྱིན་གང་རུང་ཐོག་འབྲི་ཆོག་པ་བཟོས་ཡོད་འདུག

    ཨ་རིའི་སློབ་ཡོན་ལས་གཞིའི་ཁོངས་སུ་ལོ་གཉིས་ཅན་ ( Degree program)ཟེར་བའི་སྡེ་ཚན་དང་། ལོ་གཅིག་ཅན་ ( non-degree program) ཟེར་བའི་སྡེ་ཚན་ཞིག་བཅས་རིགས་གཉིས་ཡོད་པ་དང་། ལོ་གཉིས་ཅན་གྱི་སྡེ་ཚན་དེ་ལ་ཉེ་བའི་གཙུག་ལག་རབ་འབྱམས་པ་ ( BA) ཞེས་པའི་སྟེང་མཐོ་སློབ་ཚད་ལྡན་ཞིག་ནས་ལོ་གཅིག་གི་ཆེད་སྦྱོང་དང་། དབྱིན་ཡིག་གི་ཚད་གཞི་ཊོ་ཧྥལ་ ( TOEFL)  ཡིག་ཚད་ཀྱི་བརྒྱ་ཆ་ ༩༥ ལོངས་དགོས་ཀྱི་ཡོད་འདུག ལོ་གཅིག་ཅན་གྱི་སྡེ་ཚན་དེར་བོད་པའི་སྤྱི་ཚོགས་ནང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་གང་རུང་ནས་ལོ་ལྔའི་རིང་ལས་ཀ་བྱས་པའི་ཉམས་མྱོང་དང་བདེན་དཔང་ཡིག་ཆའི་སྟེང་། དབྱིན་ཡིག་གི་ཚད་གཞི་ཊོ་ཧྥལ་ ( TOEFL )ཡིག་ཚད་ཀྱི་བརྒྱ་ཆ་ ༨༥ ལོངས་དགོས་ཀྱི་ཡོད་འདུག  

 

    ཨ་རིའི་སློབ་ཡོན་ཁོངས་སུ་ཚུད་མཁན་ཚོའི་སློབ་ཡོན་དང་གནམ་གྲུའི་གླ་ཆ་སོགས་འགྲོ་གྲོན་ཆ་ཚང་ལས་བརྒྱ་ཆ་ ༧༠ ཨ་རིའི་གཞུང་དང་། བརྒྱ་ཆ་ ༣༠ ཨ་རི་བོད་ཀྱི་ཐེབས་རྩ་ཁང་གིས་སྤྲོད་ཀྱི་ཡོད་འདུག ཐོངས་མཆན་རག་པའི་སློབ་ཕྲུག་རྣམས་ཨ་རིར་འབྱོར་འཕྲལ་བོད་ཀྱི་ཐེབས་རྩ་ཚོགས་པའི་གན་རྒྱའི་ཡིག་ཆ་ཞིག་ལ་མིང་རྟགས་འགོད་དགོས་ཤིང་། གན་རྒྱ་དེའི་ནང་། སློབ་སྦྱོང་གི་དུས་ཡུན་རྫོགས་རྗེས་ཕྱིར་ལོག་མ་བྱས་ཚེ་བོད་ཀྱི་ཐེབས་རྩས་ཉེས་ཆད་གང་བཅད་ངོས་ལེན་ཞུ་དགོས་པ་དང་། སློབ་ཡོན་ཆ་ཚང་ཕྱིར་སློག་བྱ་རྒྱུ། ཨ་རིའི་ནང་སྲིད་བདེ་སྲུང་ལས་ཁུངས་ལ་རྩིས་སྤྲོད་བྱ་རྒྱུ་སོགས་ཡིན་འདུག་ལ། ད་ལོ་ནས་སློབ་ཕྲུག་ཚོ་ཕྱིར་ལོག་བྱ་ཆེད་དང་བླངས་དཔྱ་ཁྲལ་ལག་དེབ་ཀྱང་བོད་ཀྱི་ཐེབས་རྩ་ཚོགས་པར་གཏའ་མར་འཇོག་དགོས་པ་བཅས་བཟོས་ཡོད་འདུག

 

    ཨ་རིའི་སློབ་ཡོན་འདི་ ༡༩༨༨ ལོར་མགོ་འཛུགས་བྱས་ཤིང་། ལས་གཞི་འདིའི་ལས་འགན་གཙོ་བོ་ཨ་རི་བོད་ཀྱི་ཐེབས་རྩ་(The Tibet Fund, New York) ཁང་གིས་འགན་འཁུར་འོག བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་ལོ་ལྟར་སློབ་ཡོན་གསལ་བསྒྲགས་དང་སློབ་མ་འདེམས་སྒྲུག་སོགས་གནང་གི་ཡོད་པ་དང་། ༢༠༡༠ ལོ་ནས་བཀའ་ཤག་གི་ཐག་གཅོད་ལྟར་ལས་གཞི་ཆ་ཚང་ཨ་རིའི་བོད་ཀྱི་ཐེབས་རྩར་རྩིས་སྤྲོད་བྱས་རྗེས། ཨ་རིའི་བོད་ཀྱི་ཐེབས་རྩས་ངྷ་སྟེང་བོད་ཁྱིམ་དང་སམ་བྷོ་ཊ། མཚན་ཉིད་བཅས་ཀྱི་ཤེས་ཡོན་འགན་འཛིན་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ་སློབ་ཕྲུག་འདེམས་སྒྲུག་བྱེད་བཞིན་ཡོད་འདུག

    ཨ་རིའི་སློབ་ཡོན་ཐོག་མར་མགོ་བཙུགས་པ་ནས་ ༢༠༠༩ པར་དུ་སློབ་ཡོན་རག་མཁན་ཚོར་ཐོངས་མཆན་མ་སྤྲད་པ་བྱུང་མྱོང་མེད་ཅིང་། ༢༠༠༩ ལོར་སློབ་ཕྲུག་ ༡ ལ་ཐོངས་མཆན་རག་མེད་པ་དང་། ༢༠༡༠ ལོར་སློབ་ཕྲུག་ ༤ ལ་ཐོངས་མཆན་རག་མི་འདུག དེ་བཞིན་འདི་ལོར་སློབ་ཕྲུག་ ༡༠ ལ་ཐོངས་མཆན་སྤྲད་མེད་པའི་གནས་ཚུལ་བྱུང་ཡོད།

 

གསར་འགོད་པ། བནྡེ་སྐྱབས།

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས ༽

འབྲེལ་ཡོད་གསར་འགྱུར།

Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

༢༠༢༥/༡༡/༠༤
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༢༥/༡༡/༠༣
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

༢༠༢༥/༡༡/༠༣

མཆན། 10

  1. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །རྐང་གསུམ་དྲྭ་གྲོགས་ལགས། བདུད་ལྷས་སྦྱིན་གྱིས་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པར་རྐྱོན་དུ་མཐོང་བཞིན་ཁྱེད་རང་གིས་ཀྱང་བཀའ་ཁྲིར་རྐྱོན་དུ་མཐོང་གྱི་ཡོད་འདུག ཐོམ་ཞྭ་དེ་དང་ངན་མཐོང་གི་མིག་ཤེལ་རྣམས་ཕར་འཕུད་ནས་བཟང་ཕྱོགས་ཀྱི་དགོང་པ་བཞེས་དགོས་པ་དང་། ཡག་སྡུག་ལ་མ་ལྟོས་པས་བློ་སེང་ནི་བྱེས་འབྱོར་བོད་མི་བརྒྱ་ཆ་ ༥༥ ནས་ཡིད་ཆེས་བློས་འགེལ་ཐོག་འདེམ་འཐོན་བྱུང་བས་ཁྱེད་རང་དགའ་ན་ཡང་འདྲ་མི་དགའ་ན་ཡང་འདྲ། དཔེ་ལྟར། གླང་ཆེན་མདུན་བསྐྱོད་བྱེད་པ་དང་། ཁྱི་རྒན་རྒྱབ་ཏུ་ཨབ་པ་འདྲ། སོང་ཙང་རང་གི་རྐང་པར་རང་གིས་རྟ་གྲི་མ་རྒྱག བསམ་ཚུལ་ཡིན།

    Reply
  2. རྐང་གསུམ། says:
    ལོ་ 14 སྔོན།

    དྲ་གྲོགས་གནས་ཚང་གིས་སྐད་ཆ་འདི་འདྲ་ཞིག་བཤད་འདུག་གནད་དོན་འདི་ཟམ་གདོང་བཀའ་ཤག་གིས་ཤུལ་དུ་བཞག་པའི་བློ་སེང་ལ་ཐབས་ཤེས་མེད་པའི་དོན་དག་ཅིག་རེད་ཟེར་གྱི་འདུག
    དྲང་མོ་བཤད་ན་གནད་དོན་འདི་དེ་འདྲ་ཞིག་མ་རེད། གནད་དོན་འདི་བློ་སེང་སྟོང་གཏམ་བཤད་རྒྱུར་དགའ་བའི་མཚོན་རྟགས་ཤིག་ཡིན་པ་མ་ཟད། བློ་སེང་གིས་མ་འཇོན་པའི་གནད་དོན་ཞིག་ཀྱང་རེད།

    Reply
  3. ཟུངས་ཁྲག says:
    ལོ་ 14 སྔོན།

    མི་སྒེར་སོ་སོའི་དགོས་འདུན་མ་འགྲུབ་དུས་གཞན་མགོར་བཙན་འདེད་བྱེད་པ་བོད་པ་ཚང་གི་གཤིས་སུ་གྲུབ་འདུག་ཧ་ཧ་ཧ་དགེ་རྒན་ཟེར་བ་ལས་དགོས་འདུན་སྒྲུབ་མཁན་ཟེར་ན་ཡག་པོ་རེད་ད།

    Reply
  4. བློ་བཟང་བསྟན་པའི་རྒྱལ་མཚན། says:
    ལོ་ 14 སྔོན།

    ངས་སྔ་མོའི་བོད་ཀྱི་གཏམ་དཔེ་ཞིག་འདྲན་བྱུང་།
    ”རང་གིས་མ་འཇོན་རོགས་ལ་འཁོན། བསོད་ནམས་མེད་པ་འཚེ་ལ་འཁོན། ”

    Reply
  5. བསྟན་འཛིན་རྣམ་དག says:
    ལོ་ 14 སྔོན།

    དཀའ་ར྄ྙོག་འདིའི་རིགས་ངེས་པར་དུ་སེལ་དགོས་པ་ཞིག་རེད

    Reply
  6. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་འཇམ་དབྱངས་ལགས་ལོ་གསུམ་ཙམ་རིང་དཀའ་ལས་བརྒྱབ་པ་དེ་ཨ་རི་འགྲོ་རྒྱུ་ཁོ་ནའི་ཆད་དུ་ཡིན་ན་ཐབས་སྐྱོ་བོ་ཞེ་པོ་རེད་ ཁོང་ལ་ཨ་རི་མཐོང་ཆེན་མ་རག་པ་ཡག་པོ་བྱུང་འདུག བོད་ཁྱིམ་དགེ་རྒན་ཞིག་ལ་བསམ་བློ་དེ་ལས་མེད་ན་ཧ་ཅང་ངོ་ཚ་དགོས་པ་ཞིག་རེད་ ད་དུང་བཀའ་ཤག་ལ་སྐྱོན་འཛུག་འདྲ་བྱེད། གྲོགས་པོ་ཚོ་མི་འདིའི་སྐད་ཆ་ལ་གཅིག་ལྟོས་དང་།།

    Reply
  7. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས་ཧ་ཅང་ཐབས་སྐྱོ་པོའི་བཀའ་མོལ་ཞིག་གནང་འདུག ཨ་རིར་སློབ་སྦྱོང་ལ་ཡོང་མཁན་སློབ་ཕྲུག་མ་ཝིང་དེ་ཚོས་རང་གི་ཁས་ལེན་དམ་བཅའ་རྣམས་རྩིས་མེད་ཀྱི་སྡིག་པ་མིག་རྩུམ་བྱས་པར་བཀའ་ཤག་ལ་འགན་འཁུར་རྩ་བ་ནས་མེད་པར་དོན་མེད་ཡ་ལ་ཀྲིས་ན་སྒྲིག་གི་མ་རེད། སློབ་ཕྲུག་དེ་ཚོས་ལས་རྒྱུ་འབྲས་དང་ཚེ་འདི་ཕྱི་མ་རྩིས་ན་ཨ་རི་ས་རྒྱ་ཆེན་པོ་འདིའི་ནང་གར་ཡོད་རྩད་གཅོད་དང་བཙན་བཀའ་བཏང་ན་ཁྲིམས་རྒལ་ཡིན་པས་ཐབས་ཤེས་ཡོད་མ་རེད། དེར་བརྟེན་མ་འོངས་པར་ཡང་བསམ་བློ་ཐེབས་ཅག་འདི་འདྲ་མི་གཏོང་བར་བཟང་ཕྱོགས་ཀྱི་བསམ་བློ་བཏང་ན་རླུང་རྟའང་འགྲོ་ལ་བསམ་དོན་ཡང་སྒྲུབ་ངེས་རེད་མ་གཏོགས་གོང་གི་བཀའ་འདྲ་བོ་གསུངས་བཞུགས་ན་ལམ་འགྲོ་ཡང་འགྲོ་གི་མ་རེད་ལ་སྡིག་པའི་རྒྱུ་རེད། དེ་རྩིས་དགོང་པ་བཞེས་དགོས།

    Reply
  8. བསོད་འོད says:
    ལོ་ 14 སྔོན།

    རྒྱ་གར་དུ་ཕྱི་ལོག་མ་བྱས་མཁན་སློབ་ཕྲུག་དེ་དག་དང་པོ་ཉིད་ནས་ཁོ་རང་ཚོ་ཨ་རིར་གཏན་སྡོད་བྱེད་རྒྱུ་གྲ་སྒྲིག་ཆ་ཚང་བྱས་ཟིན་ཡོད་རེད། ཨ་རིའི་ནང་སྤྱི་སྒེར་གྱི་ཁྲིམས་རྩོད་པ་ཁྲི་སྟོང་མང་པོ་ཡོད་སྟབས་ཁྲིམས་རྩོད་པ་གང་རུང་ཞིག་ལ་འབྲེལ་བ་བྱས་ནས་ཁོ་རང་ཨ་རི་དུ་སྐྱབས་བཅོལ་ཞུ་སྙན་ཞིག་ཁྲིམས་རྩོད་ཞིག་གིས་བདག་པོ་རྒྱག་ཟིན་ན་དེ་ནས་འགྲིག་ཚར་བ་རེད། སྐབས་དེར་ཨ་རིས་གཞུང་གིས་ཀྱང་ཕྱིར་འབུད་བྱེད་རྒྱུར་ལས་སླ་བོ་ཡོད་མ་རེད། ཁྲིམས་ཀྱི་བརྒྱུད་རིམ་ཆ་ཚང་འགྲིམས་ནས་ཐག་བཅད་རྒྱུ་ལས་བོད་ཀྱི་ཐེབས་རྩའམ་བོད་གཞུང་སོགས་ནས་གནོད་ཤུགས་སྤྲོད་ནའང་གྲུབ་འབྲས་ཡོང་ཁག་པོ་རེད། ད་དུང་དེ་ལས་ཟློག་ཏེ་སྐྱབས་བཅོལ་ཞུ་མཁན་ཁོ་རང་ལ་སྐྱབས་བཅོལ་བའི་ཁྲིམས་ལུགས་ཀྱི་སྟེང་ནས་སྲུང་སྐྱབས་ཐོབ་པའི་གོ་སྐབས་ཀྱང་ཡོད་རེད། ངས་དཔེ་མཚོན་ཞིག་ཞུས་ན། ལོ་ཤས་གོང་དེར་རྒྱ་གར་ལྷོ་ཕྱོགས་རྦེཀོབ་གཞིས་ཆགས་ནས་སྒེར་གཉེར་་ཚོགས་པ་ཞིག་ནས་༼ མིང་བརྗོད་ཀྱི་མིང ༽ བོད་གཞས་གཏོང་མཁན་ཁག་གཅིག་ཨ་རི་དང་ཁེ་ན་ཌ་ནང་བསྐོར་སྐྱོད་བྱས་ཡོད། སྐབས་དེར་ཁེ་ན་ཌ་ཁྲོ་རོན་ཀྲོ་ནང་རྟེན་གཞི་བྱས་པའི་བོད་རིགས་ཚོགས་པ་ཞིག་ནས་འགྲོན་འབོད་ཀྱིས་འདི་གར་འབྱོར་སོང་། ཁྲབ་སྟོན་པའི་གྲས་ནས་མི་གཉིས་འདི་འདིར་ག་སྐྱབས་བཅོལ་ཞུས་ནས་ཕྱི་ལོགས་མ་བྱས་པ་རྟེན་འགོན་བདག་ཚོགས་པ་དེས་དོ་བདག་གཉིས་ན་ཡི་གེ་ཞིག་སྤྲོད་འདུག ཡི་གེའི་དེའི་ནང་དོན་ཚན་ཁག་གཅིག་བཀོད་ཡོད་པའི་ནང་འགྲོན་བདག་ཚོགས་པ་འདི་ཁེ་ན་ཌའི་གཞུང་ལ་ཁྲིམས་མཐུན་དེབ་བསྐྱེལ་ཡོད་པའི་ཆོགས་པ་ཞིག་ཡིན་པ་ར་སྥྲོད་དང་། གལ་སྲིད་དོ་བདག་གཉིས་བཟང་སྤྱོད་ཀྱིས་རྒྱ་གར་དུ་ཕྱི་ལོག་མ་བྱས་ཚེ་འབྲེལ་ཡོད་ཁྲིམས་ཁང་ཁག་ལ་ཞུ་གཏུབ་ཀྱིས་ཕྱིར་འབུད་བྱེད་རྒྱུ་ཡིན་པའི་མཐའ་ཚིག་སྤྲོད་འདུག
    ཡིན་ན་ཡང་མ་བསམ་ས་ནས་ཡིག་ཆ་དེ་ཁོ་རང་གཉིས་སྐྱབས་བཅོལ་ཞུ་རྒྱུའི་མཐུན་རྐྱེན་དུ་གྱུར་ནས་ཉིན་མོ་དེ་ནས་བཟུང་ཁོ་རང་གཉིས་སྐྱབས་བཅོལ་བའི་ཁྲིམས་ལུགས་ཀྱིས་སྲུང་སྐྱབས་བྱེད་ཡུལ་ཁོངས་སུ་འཚུད་ནས་དཀའ་ངལ་གང་ཡང་མེད་པར་ཁྲིམས་ལུགས་ཀྱི་བརྒྱུད་རིམ་ཚོ་མ་བདེ་བླག་ངང་འགྲུབ་ནས་ད་ལྟའི་འཆར་ཡུལ་མི་ཆགས་ཟིན་པ་རེད།

    Reply
  9. རྩ་ཐང་གི་བྱམས་བརྩེ says:
    ལོ་ 14 སྔོན།

    དངོས་གནས་མི་རེ་ཟུར་གྱི་ལམ་བཀག་གི་ཡོད་པ་རེད།
    དཔེ་ན་ཆབ་སྲིད་བཙོན་པ་རྫུན་མ་ཚོས་དངོས་གནས་དེ་ཚོས་ལམ་བཀག་གི་ཡོག་པ་རེད།
    ཚོགས་པའི་ངོས་ནས་ཕྱི་རྒྱལ་དུ་ཞབས་བྲོ་རྒྱག་བགཏོང་ནས་ཚུར་མ་ལོག་པ་རྗེས་མ་ལམ་ཁ་མེད་པ་བཟོ་གིས་ཡོད་པ་རེད།
    དེ་གཙོ་བོ་ནི་བཙན་བྱོལ་སྤྱི་ཚོགས་ནང་མི་ཁ་ཤས་བསམ་བློའི་ཆུ་ཚད་དམའ་གྲ་བའི་སྐྱོན་ཡང་ན་རང་གཤིས་ཚ་བ་ཞིག་མ་རེད་དམ།
    ཕྱི་རྒྱལ་ལ་འགྲོ་ཡ་རག་སོང་གཞན་སུ་ལའང་བསམ་བློ་བཏང་གི་མ་རེད།
    རྒྱུ་མཚན་དེ་འདྲའི་ཡིན་ཙམ་རྗེས་མ་སློབ་སྦྱོང་བྱེད་འགྲོ་མཁན་ཡིན་ནའང་འདྲ་དེ་མིན་གཞན་དག་ཡིན་ནའང་འདྲ་གྱོང་གུད་རག་གི་ཡོག་རེད།

    Reply
  10. གནས་ཚང་། says:
    ལོ་ 14 སྔོན།

    གནད་དོན་འདི་ཟམ་གདོང་བཀའ་ཤག་གིས་ཤུལ་དུ་བཞག་པའི་བློ་སེང་ལ་ཐབས་ཤེས་མེད་པའི་དོན་དག་ཅིག་རེད། རབ་བྱུང་ན་བཀའ་བསྟན་ཡིག་བསྒྱུར་ཁང་དུ་སོང་ནས་རིན་པོ་ཆེར་ཕྱག་རོགས་ཞུས་ན་ཡག་ཤོས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese